སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མཁན་ཆེན་མཁྱེན་བརྩེ་ནོར་བུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2018
གསོ་རིག་མཁས་དབང་རིམ་བྱོན། >>


མཁན་ཆེན་མཁྱེན་བརྩེ་ནོར་བུ།

- བྱམས་པ་འཕྲིན་ལས།

 

ཨོ་རྒྱན་སྨིན་གྲོལ་གླིང་གི་མཁནརབས་བརྒྱད་པ་མཁན་ཆེན་མཁྱེན་བརྩེ་ནོར་བུ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ (སྤྱི་ལོ་ ༡༩༠༥) ལོར་ཡབ་སྨིན་གྲོལ་གླིང་གི་ཁྲི་རབས་བཅུ་པ་ཁྲི་ཆེན་ཀུན་དགའ་བསྟན་འཛིན་དང་ཡུམ་མ་ཡུམ་སྐུ་ཞབས་ (མཚན་དངོས་མ་ཤེས་) གཉིས་ཀྱི་སྲས་སུ་བླ་བྲང་བཀྲ་ཤིས་སྣང་བར་སྐུ་འཁྲུངས། མཚན་དུ་ཐུབ་བསྟན་རྣམ་གྲོལ་ཞེས་གསོལ། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་དམ་པའི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་མཐར་ཕྱིན་པར་སྦྱངས་པ་མཛད། དེ་རྗེས་ཁམས་ཉག་རོང་དང་གོ་འཇོ་སོགས་གང་སར་ཕེབས་ཏེ་སློབ་གཉེར་གནང་བ་དང་ཉིད་ཀྱི་ཨ་ཁུ་དམ་པ་འཇམ་དཔལ་བདེ་བའི་ཉི་མའམ་ཨ་བདེ་རིན་པོ་ཆེའི་སྐུ་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད། ཨ་ཁུ་དམ་པ་དེ་ཉིད་སྨན་དཔྱད་ལ་ཤིན་ཏུ་མཁས་པས་དེའི་སྐུ་མདུན་ནས་སྨན་དཔྱད་ཀྱི་གཞུང་ལག་ལེན་དང་བཅས་པར་དཔྱིས་ཕྱིན་པར་སྦྱངས་པ་མཛད། དེ་མིན་ཁམས་གཞི་ཆེན་རབ་འབྱམས་པ་སྐུ་ཐོག་དྲུག་པའི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་གཙོ་བོར་གྱུར་པའི་ཆོས་བཀའ་མང་པོའི་དབང་ལུང་ཁྲིད་གསུམ་གྱིས་ཐུགས་རྒྱུད་གཏམས་པར་མཛད། དེ་མིན་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་རིས་མེད་ཀུན་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད་དེ་མཁས་པའི་གོ་ས་ཆེན་པོར་ཕེབས་ཏེ་དགུང་ལོ་ཉི་ཤུ་སྐོར་ནས་སྨིན་གྲོལ་གླིང་གི་མཁན་པོའི་འཁུར་བཞེས་དེ་དམངས་གཙོའི་བཅོས་སྒྱུར་བར་བཞུགས།

དེའི་རིང་ཡང་བླ་མ་དུ་མའི་སྐུ་མདུན་ནས་རིས་མེད་ཆོས་བཀའ་མང་པོ་གསན་བཞེས་མཛད་པ་མ་ཟད་དགོན་པའི་གྲྭ་དམངས་ལ་ཉིན་ལྟར་དབང་ལུང་ཁྲིད་གསུམ་གནང་བ་མ་ཟད་སྔ་དགོང་དང་ཉིན་དགུང་སོགས་བར་གསེང་ཡོད་ཚད་ལ་སྒྲ་ལན་ཝར། སྨན་གཞུང་ནང་རིག་སོགས་ཀྱི་སློབ་ཚན་ཐེངས་བཞི་ཙམ་ཁྲིད་མཛད་དེ་དོན་གཉེར་ཅན་མང་པོ་རྗེས་སུ་བཟུང་བ་སོགས་སྨིན་གླིང་རང་ལུགས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་སྤེལ་རླབས་པོ་ཆེ་མཛད་པ་མ་ཟད། དགེ་འདུན་དུ་མར་དྲི་མ་མེད་པའི་སྲོལ་རྒྱུན་འབོགས་པ་སོགས་སྨིན་གྲོལ་གླིང་དུ་དམ་པའི་ཆོས་ཀྱི་ཁྲིམས་སྲོལ་གཙང་ཞིང་གར་ཐིག་དབྱངས་གསུམ་གྱི་ཆོས་གང་དང་དབང་ལུང་ཁྲིད་གསུམ་གྱི་སྔར་སྲོལ་བཟང་པོ་སྔར་བས་དར་སྤེལ་ཆེ་བར་མཛད་པ་དང་། ཞོར་དུ་ཡར་ཀླུང་ཁུལ་དང་གྲ་ཕྱི་ནང་ཁམས་ཕྱོགས་སོགས་ཀྱི་ནད་པ་དུ་མར་སྨན་བཅོས་མཛད་དེ་ཕན་བདེའི་ལང་ཚོ་གསར་པ་སྟེར་བར་མཛད་པ་དང་། དབྱར་དུས་སོགས་སུ་དམ་པ་ཉིད་སྨན་འཐུར་ཕེབས་ཏེ་རྒྱུན་སྨན་ཕལ་ཆེ་བ་ཉིད་རང་ནས་བཟོ་སྦྱོར་མཛད་ཀྱི་ཡོད། དམ་པ་འདིའི་ཞལ་སློབ་ལ་རྡོ་བྲག་རིག་འཛིན་ཆེན་མོ་དང་། ལྕོག་གྲ་ངག་དབང་བསྟན་འཛིན། ལྷོ་བྲག་ལྷ་ལུང་གསུང་སྦྲུལ། བྱང་རྡོ་སྐྱ་སྤྲུལ་སྐུ། སྨིན་གླིང་ཁྲི་ཆེན་ཀུན་བཟང་རྣམ་རྒྱལ། གདུང་སྲས་འཇམ་དཔལ་ཆོས་གྲགས། རྗེས་བཙུན་ཆོས་དབང་ལྷ་མོ། གཙང་ཡུལ་བསྟན་པའི་སྒྲོན་མེ། དགེ་སློང་བསྟན་འཛིན་ཉི་མ་སོགས་ཀྱིས་མཚོན་མདོ་སྔགས་རབ་འབྱམས་པ་མང་པོ་གསོ་སྐྱོང་མཛད་པ་མ་ཟད་ཕྱོགས་ཁག་ནས་སློབ་གཉེར་ལ་ཕེབས་མཁན་གྲངས་མང་པོར་སོ་སོའི་འདོད་འདུན་བཞིན་དབང་ལུང་ཁྲིད་གསུམ་གྱིས་བློ་ཡིད་ཚིམ་པར་མཛད་པ་ཡང་མང་དུ་ཡོད། སྨན་སློབ་ཀྱི་གྲས་སུ་གཉལ་པའི་དགེ་སློང་ལྷག་པ་འགྲུབ་སྦྱོར་དང་། སྨན་གཉེར་ཡོན་ཏན་དཔལ་བཟང་སོགས་སྨན་པ་དུ་མ་གསོ་སྐྱོང་མཛད་ཀྱང་ཁོང་གཉིས་ཙམ་མ་གཏོགས་དུས་དབང་གིས་སྨན་དཔྱད་ལག་ལེན་བྱེད་མཁན་མ་བྱུང་བར་མངོན། དམ་པ་ཉིད་ནས་མཛད་པའི་ཕྱག་རྩོམ་མང་དུ་ཡོད་ཀྱང་ཕལ་ཆེ་བ་ “རིག་གསར་” སྐབས་སུ་བོར་བརླག་ཏུ་སོང་ཡོད། དེ་རྗེས་དམངས་གཙོའི་བཅོས་བསྒྱུར་སྐབས་བཀག་ཉར་ལ་ཚུད་ཀྱང་ཟླ་བ་གཉིས་ཙམ་ནས་དག་སེལ་བྱུང་རྗེས་མུ་མཐུད་དེ་སྨན་པའི་ཕྱག་ལས་གནང་བ་དང་སྦྲགས་ལྷོ་ཁའི་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་ཏེ་ནང་སར་ཐེངས་གསུམ་ཙམ་ཚོགས་འདུ་དང་གཟིགས་སྐོར་དུ་ཕེབས། དེ་རྗེས་ལྷ་ས་སྨན་རྩིས་ཁང་གི་མཁས་དབང་བྱམས་པ་འཕྲིན་ལས་ཡོན་ཀྲང་མཆོག་ནས་ཚན་རིག་ཞིབ་འཇུག་ཆེད་དུ་ཁོང་ཆེད་མངགས་གདན་ཞུ་གནང་བ་དང་སྦྲགས་ང་ཕོད་ཨུ་ཡོན་ཀྲང་སྐུ་གཞོན་པ་མཆོག་ནས་ཆོག་མཆན་གནང་བ་ལྟར་ཁོང་བོད་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པར་བསྐོ་བཞག་གནང་། དེ་ནས་ “རིག་གསར་” སྐབས་སུ་ལྷ་སར་དུས་རབས་ཀྱི་འགྱུར་བས་མ་ཉེས་ཁ་གཡོག་བྱུང་སྟེ་ལོ་ཤས་ངལ་རྩོལ་ནང་དུ་ཞུགས་དགོས་བྱུང་བ་དང་ཐ་མར་སྟེང་སྐྱོན་བཞེས་ཏེ་བསྙུན་གཞི་ལྕི་བོ་ཕོག་རྗེས་སླར་སྨིན་གྲོལ་གླིང་དུ་ཕྱིར་ཕེབས་ཏེ་ཆིབས་ར་གསར་པར་བཞུགས་རྗེས་དགུང་ལོ་རེ་བརྒྱད་ལ་ཕེབས་དུས་སྤྱི་ལོ་ ༡༩༦༨ ལོར་དགོངས་པ་མྱ་ངན་ལས་འདས།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 04.07.2018 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།