བྷ་ར་དྷ་ཛ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.02.2014 |
བྷ་ར་དྷ་ཛ།
- བྱམས་པ་འཕྲིན་ལས།
བྷ་ར་དྷ་ཛ་(བྷརདྭཇ)ནི། རྒྱ་གར་འཕགས་པའི་ཡུལ་གྱི་སྨན་པ་མཁས་པ་དེའི་མཚན་ཡིན་ཞིང་། བྷ་ར་དྷ་ཛ་བོད་དུ་གདན་དྲངས་སྐབས་པུར་རྒྱལ་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཡར་རྒྱས་ཆེས་ཆེར་ཕྱིན་ཏེ། མིང་ཚིག་ཐམས་ཅད་ཡི་གེར་གདབ་ཏུ་རུང་བར་གྱུར་ཟིན་པས་གསོ་རིག་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་མ་ལག་འཕེལ་རྒྱས་འགྲོ་བའི་སྐབས་རེད། དེའི་དུས་སུ་སྲོང་བཙན་སྒམ་པོས་མི་རིགས་ཀྱི་གསོ་དཔྱད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཕྱིར་རྒྱ་གར་ནས་བྷ་ར་དྷ་ཛ་གདན་ཞུས་དང་འབྲེལ་ཕྱི་ཕྱོགས་ཀྱི་གསོ་རིག་ཉིང་ཁུ་བསྡུ་ལེན་བྱེད་རྒྱུར་ཐུགས་དགོངས་བླ་ན་མེད་པ་བཞེས་ཡོད་པ་རེད། དཔེར་ན་བྷ་ར་དྷ་ཛས་བསྒྱུར་པའི་འཕགས་ཡུལ་གྱི་སྨན་གཞུང་ཁྱད་དུ་འཕགས་པ་《འབུ་ཤག་མ་བུ་ཆེ་ཆུང་》དང་《སྦྱོར་བ་མར་གསར་》ཞེས་པ་གཉིས་དང་། ད་དུང་《མི་འཇིགས་པའི་མཚོན་ཆ་》ཞེས་པའི་སྨན་དཔྱད་ཀྱི་གཞུང་གསར་པ་བམ་པོ་བདུན་གྱི་བདག་ཉིད་ཅན་ཧན་ཙང་ཧད་དང་། བྷ་ར་དྷ་ཛ། ག་ལེས་ནོས་གསུམ་གྱིས་བརྩམས་ཏེ་ཕུལ་བས་སྲོང་བཙན་གྱིས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལེས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་། །ཧན་ཝན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས། །ཞེས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད་པ་ལས། རྒྱ་གར་གྱི་ལུགས་ནི་བྷ་ར་དྷ་ཛས་དར་སྤེལ་གནང་། དེ་ནས་རྒྱལ་པོས་བྱ་དགའ་དཔག་མེད་གནང་རྗེས་རང་གི་ཡུལ་དུ་ཕེབས་པར་གྲགས། རྒྱུ་མཚན་དེ་ལ་བརྟེན་བོད་ཀྱི་གསོ་རིག་ལོ་རྒྱུས་ནང་བྷ་ར་དྷ་ཛའི་མཛད་རྗེས་བཀོད་པ་མང་པོ་ཡོད་གཤིས། དེ་དག་གིས་བྷ་ར་དྷ་ཛ་ནི་འཕགས་ཡུལ་གསོ་དཔྱད་བོད་ལ་སྤེལ་མཁན་གཙོ་བོ་ཡིན་པ་གསལ་བཤད་གང་ལེགས་བྱས་འདུག།
འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:12 PM
<< སྔ་མ།