སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ།

- བྱམས་པ་འཕྲིན་ལས།
 

            བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ནི། ཀོང་པོ་ཆབ་དཀར་དགོན་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་སྨན་པ་སློབ་མཁན་གྲྭ་རྒྱུན་ཁོངས་སུ་ཕེབས་པ་ཞིག་རེད། ཁོང་གིས་རིག་པར་དོན་གཉེར་གྱིས་སློབ་སྦྱོང་དང་བརྩོན་གྲུས་གནང་བར་བརྟེན་རིང་པོར་མ་ཐོགས་པར་སྔོན་སྦྱངས་ལས་སྨོན་བཟང་པོའི་མཐུ་ལས་མཁྱེན་དཔྱོད་ཕུན་སུམ་ཚོགས་ཤིང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་དང་། དེ་མོ་རྒྱལ་ཐོག་སྐབས་སྐུའི་བླ་སྨན་གཉིས་ཡོད་པ་ལས་བགྲེས་པ་བློ་གསལ་བཟང་པོ་དང་། སྐུ་གཞོན་པ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་མཆོག་གིས་གནང་ངོ་།
 

            རྒྱལ་དབང་མཆོག་དང་། དེ་མོ་རྒྱལ་ཐོག་རྣམ་གཉིས་ཀྱིས་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་ཤིན་ཏུ་ཆེན་པོ་གནང་བ་དང་། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོའི་ལྷག་བསམ་བཟང་པོར་བརྟེན་ནས་གསོ་རིག་《རྒྱུད་བཞི།》དང་འགྲེལ་པ་《བེེ་སྔོན།》 《མན་ངག་ལྷན་ཐབས།》 དེའི་《ལྡེའུ་མིག》 དེ་མིན་《གཡུ་ཐོག་བེ་བུམ།》དང་། 《གཡུ་ཐོག་སྙིང་ཐིག་གི་ཆོ་ག》 《སྨན་སྒྲུབ།》 《སྦྱིན་བསྲེག》 《དབང་ཆོག་བདུད་རྩིའི་ཆུ་རྒྱུན།》 གཞན་ཡང་དྷརྨ་སེང་གེའི་གསུང་རྩོམ་《མདངས་བསྐངས་འོད་ཀྱི་དྲྭ་བ།》དང་། ཆོས་སྐྱོང་གི་《གསོལ་ཁ་མྱུར་མགྱོགས་གློག་གི་སྤུ་གྲི།》 《དམ་ཅན་སྡེ་དགུའི་མངོན་རྟོགས།》 ཐ་ན་སི་ཏུའི་སུམ་རྟགས་རྩ་འགྲེལ་བཅས་པ་པར་བརྐོས་མཛད་དེ་པར་ཤིང་རྣམས་ལྕགས་རི་གྲྭ་ཚང་གི་པར་ཁང་དུ་ཡིག་འཇོག་གནང་།
 

            བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་མཆོག་གིས་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་ཡོང་ཕྱིར་《རྒྱུད་བཞི་》སོགས་པར་བརྐོས་ཞུས་དག་མཛད་པར་མ་ཟད། གསོ་རིག་བསྟན་པའི་རྩ་བ་འཆད་ཉན་ལ་ཐུག་པར་དགོངས་ཏེ་སློབ་དཔོན་གོང་མའི་གདམས་ངག་རྣམས་ཞལ་ནས་ཞལ་དང་། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་དེ་བརྒྱུད་འཛིན་པ་གསོ་སྐྱོང་ཡོང་ཐབས་མཛད་ཀྱང་། སྐབས་དེའི་ལྕགས་རིའི་སྨན་སློབ་སྐལ་བ་དམན་པ་ཉུང་ཤས་ཀྱིས། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བཀའ་འཁྲིད་མི་ཞུ་བའི་ཁར་མངོན་སུམ་འཛེམ་མེད་ཀྱིས་ད་ལམ་སློབ་འཁྲིད་གནང་མཁན་རྒྱ་གར་གྱི་པཎ་ཆེན་ནམ། བལ་ཡུལ་གྱི་པཎ་ཆུང་ཡིན་ན་མ་གཏོགས་རང་དང་རང་མཉམ་གྱི་རྩ་ནས་སློབ་འཁྲིད་ཞུ་དགོས་མེད་ཅེས་བཤད་ནས་སྤྱོད་ལོག་གིས་སློབ་སྦྱོང་ཡག་པོ་མི་བྱེད་པའི་སྐོར་སྐབས་དེར་དེ་ལྟར་བཤད་མྱོང་ཡོད་པའི་མར་ར་ལགས་ཞེས་པ་རྗེས་སུ་སྐྱ་བབས་ནས་ལྷ་སར་བཞུགས་པ་དེ་གཏོར་བཟོ་དཀར་རྒྱན་ཧ་ཅང་མཁས་པས་ལོ་གསར་སྐབས་ལྕགས་རིར་མཆོད་བཞེངས་ལ་ཕེབས་སྐབས་སུ་གོང་གསལ་གནས་ཚུལ་རྣམས་མཁས་དབང་ཐུབ་བསྟན་ཚེ་རིང་སོགས་ལ་བློ་འགྱོད་ཆེན་པོ་ཡོད་ལུགས་བཤད་བྱུང་ཞེས་གསུངས་ཤིང་། དེ་དུས་མར་ར་ལགས་ཞེས་པ་བགྲང་བྱ་བདུན་ཅུ་ཙམ་ལ་ཕེབས་ཡོད་བཟོ་འདུག རྗེས་སུ་བཀྲས་ཁང་སྤྱི་ཁྱབ་མཁན་པོས་རྒྱལ་བའི་བླ་སྨན་གནང་སྐབས་ལྕགས་རི་གྲྭ་ཚང་ནས་ཀུན་སྤྱོད་ངན་པའི་རིགས་མི་གྲངས་སུམ་ཅུ་ཙམ་ཕྱིར་འབུད་གཏོང་རྒྱུ་དང་། སྐྱ་རྩ་རང་བདག་ཅེས་པའི་གཏན་འབེབས་དང་འབྲེལ་གྲྭ་ཚབ་གསར་སྐོང་གནང་བའི་མཇུག་ཤོས་མཁས་དབང་མཁྱེན་རབ་ནོར་བུ་ཡིན་པར་གྲགས།
 

            སྔོན་ཆད་ལོར་ལྟར་དབྱར་ཁ་བོད་ཟླ་དྲུག་པའི་ནང་སྨན་སྒྲུབ་ཉིན་གསུམ་ཙམ་འཆར་ཅན་ཚུགས་ཀྱི་ཡོད་པ་དང་། བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ཞལ་བཞུགས་སྐབས་སྨན་སྒྲུབ་ཉིན་བདུན་ཚོགས་ཏེ་ཚེས་བརྒྱད་ལ་སྟ་གོན། ཚེས་བཅོ་ལྔར་གྲོལ་རྒྱུ། རྗེས་སུ་གཏོང་སྒོ་ཇེ་མང་དུ་སོང་སྟེ་བོད་ཟླ་ལྔ་པའི་ཚེས་ཉེར་དགུ་ལ་སྟ་གོན་དང་། ཚེས་སུམ་ཅུ་ནས་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་བར་སྨན་སྒྲུབ་ཟླ་ཕྱེད་ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཡོད། དེ་མོ་རྒྱལ་ཐོག་སྐབས་སྨན་སྒྲུབ་ཀྱི་ཡོ་བྱད་ཐོག་མའི་འཆར་གཞི་ལྟར་ན། ཀ་ལི་དང་།  བུམ་པ། ལྷུང་བཟེད་སོགས་དངུལ་གྱིས་བཟོ་རྒྱུ་ཡིན་རུང་། ཡིག་ཚང་ལས་ཁུངས་ནས་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོར་མ་འདོད་པའི་རྣམ་འགྱུར་གྱིས་ཀཱ་ལི་སོགས་ཟངས་ལ་དཀར་གཡའ་བཏང་ནས་བརྫུས་བཟོ་བྱས་ཤིང་། ཕྱོགས་མཚུངས་སྦྱིན་བསྲེག་དབང་ཆས་ཀྱང་སློབ་དཔོན་དང་། དབུ་མཛད་གཉིས་ལ་སྤྱན་ལྡན་སྤུས་ལེགས་གཉིས་ཡོད་པ་སྤྱན་བསྟར་ཞུས་ཏེ། དེ་མིན་ཚང་མ་གཅིག་མཚུངས་ཡིན་ཚུལ་བྱས་ཀྱང་དོན་དུ་ཡ་ཤེར་ཐེབས་ཆག་གིས་བཟོས་ནས་འགྲིག་ཐབས་བྱས་པ་སོགས་འགལ་རྐྱེན་སྣ་ཚོགས་བྱུང་འདུག འོན་ཀྱང་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོས་གསོ་རིག་བསྟན་པའི་སྲི་ཞུར་དགོངས་ཏེ་མུ་མཐུད་ལྕགས་རི་གྲྭ་ཚང་འདི་ཉིད་སྐྱེ་འགྲོའི་གསོས་སུ་སྨིན་པར་ཐུགས་ནུས་ཡོངས་རྫོགས་བཏོན་པའི་ཁར། རྩ་བའི་བླ་མ་སྐྱབས་རྗེ་དྷརྨ་སེང་གེ་གྲིབ་ཚེ་ཆོག་གླིང་དུ་ཞིང་ལ་ཕེབས་པའི་སྐུ་གདུང་གི་ཐུགས་ལྗགས་སྤྱན་གསུམ་ཚེ་ཆོག་གླིང་དགོན་པ་དང་རྩོད་གླེང་ཡོད་བཞིན་དུ་དེ་མོ་རྒྱལ་ཐོག་ལ་ཞུས་ཏེ་ལྕགས་རི་གྲྭ་ཚང་དུ་གདན་དྲངས་ནས་གཡུ་ཐོག་གསར་བཞེངས་ཀྱི་གཟུངས་བཞུགས་སུ་འབུལ་གནང་མཛད།
 

            སྔོན་ཆད་དེ་མོ་རྒྱལ་ཐོག་སྐབས་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་མཚན་ཤུགས་ཆེན་པོ་ཡོད་པར་སྐུ་དྲག་ཚོ་མ་དགའ་བ་དང་། རྗེས་སུ་དེ་མོར་དབུ་ཉེས་བྱུང་སྐབས་རྒྱུད་བཞི་པར་བྱང་ལ་ཨུ་རྒྱན་པདྨའི་སྐུ་བརྐོས་པ་འོས་སུ་མ་མཆིས་པ་ཡིན་ཚུལ་ཁག་འདོགས་ཀྱིས་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ཁྲིམས་ལ་སྦྱར་བ་དང་། ཞོལ་རྡོ་རིང་མདུན་དུ་མགུལ་ལ་སྒོ་གཡོགས་ནས་བཞག་དུས་ལྕགས་རིའི་གྲྭ་པ་ཉུང་ཤས་ཀྱིས་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོར་ཁ་ལུད་གཡུགས་པ་སོགས་མ་རབས་ཀྱི་བྱེད་སྟངས་ངན་པ་བྱས་ཚུལ་ཡོན་ཀྲང་དམ་པས་བཀའ་འཁྲིད་གནང་སྐབས་ཐུགས་ཧ་ཅང་སྐྱོ་པོས་དྲན་གསོ་གནང་བ་ཁོ་བོས་ཐོས་མྱོང་།
 

            མཐར་འབྲུག་ཡུལ་ལ་རྒྱང་འབུད་བཏང་རྗེས་སུའང་ལྕགས་རིར་དད་ཞེན་ཆེ་བས་སྨན་སྒྲུབ་ཀྱི་མཆོས་རྫས་ཀ་རིང་བཞི་ལ་ཀ་འཕན་བཞི་དང་། རྒྱལ་མཚན་གསུམ། ཕྱེ་ཕུར་གསུམ། གདུང་ཁེབས་གཉིས། མཐོང་སྐོར་ལ་ལྕེ་འཛར་ཆ་ཚང་བཅས་འབུལ་གནང་མཛད་འདུག
 

            རྗེས་སུ་བླ་མ་འཇིགས་མེད་འཕྲིན་ལས་མཆོག་ནས་ལྕགས་རིར་གསུང་ཆོས་གནང་སྐབས་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོའི་སྲས་སྲོས་གཉིས་ཀྱང་གསུང་ཆོས་ཞུ་བར་ཕེབས་ཚུལ་མཁས་དབང་ཐུབ་བསྟན་ཚེ་རིང་མཆོག་ནས་གསུངས་བྱུང་བས་དེ་ལ་གཞིགས་ན་རྗེས་སུ་ཁྱིམ་ཐབ་བཞེས་དགོས་བྱུང་བ་འདྲ། མདོར་ན་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་འཚོ་བྱེད་གྲས་ནས་གསོ་རིག་འཆད་ཉན་དང་། སྨན་གཞུང་སོགས་པར་བརྐོས་མཛད་དེ་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱེད་མཁན་ནི་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ཁོ་ན་ཡིན་ནོ།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 13.11.2017 ཉིན། 10:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།