བྱང་ངོས་ནང་སོ་དར་རྒྱས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017 |
བྱང་ངོས་ནང་སོ་དར་རྒྱས།
- བྱམས་པ་འཕྲིན་ལས།
བྱང་ངོས་ནང་སོ་དར་རྒྱས་ཞེས་པའི་འཁྲུངས་ཡུལ་དང་། རྣམ་ཐར་སོགས་ཞིབ་ཕྲ་མ་རྙེད་ཀྱང་ཕྱི་རྒྱུད་མཇུག་ཏུ། དཔལ་ལྡན་ཟུར་མཁར་བ་དང་། བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བསྟན་འཛིན་རྒྱལ་པོའི་བརྒྱུད་འཛིན་པ་དཔོན་ཚང་ནང་སོ་དར་རྒྱས་ཞེས་གསལ་བས་གནང་བ་རིགས་ཀྱི་སྨན་པའི་བརྒྱུད་པ་དྲི་མ་མེད་པ་དང་། ཕྱག་ལེན་གཙོ་བོ་ཟུར་ལུགས་ཡིན་པར་གྲགས།
མཁས་དབང་དེས་རྒྱལ་བ་ལྔ་པ་ཆེན་པོའི་སྐུའི་བླ་སྨན་གནང་བ་དང་། ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བོད་ཀྱི་གསོ་རིག་སློབ་གྲྭའི་སློབ་དཔོན་གྱི་ཐུགས་འགན་བཞེས་མྱོང་ཡོད། ལྷག་པར་འཇམ་མགོན་པཎྜིཏ་མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་ཕྱི་རྒྱུད་བེེ་སྔོན་ཤོག་གྲངས་ ༤༦ ན་ ༡ ནང་། སྔ་སོར་བྱང་ངོས་ནས་སོགས་བཤད་པ་ས་བཅད་ཅེས་གསུང་ངག་ཐོར་རེ་བ་ལས། རྒྱུད་དང་འགྲེལ་པར་སྤྲད་དེ་བྲིས་ཆ་ངོ་སྤྲོད་པའི་མཛུབ་ཚུགས་ཀྱི་ལག་འཁྲིད་ཇི་བཞིན་མཛད་སྲོལ་མ་བྱུང་ཞེས་གསུངས་པར་གཞིགས་ན། ལྔ་པ་ཆེན་པོས་བྱང་ངོས་ནང་སོ་དར་རྒྱས་ཀྱི་དྲུང་ནས་གསོ་རིག་གི་བཤད་པ་དང་ས་བཅད་སོགས་གསན་བཞེས་གནང་ཚོད་འདུག དེ་ལ་བརྟེན་ནས་སྡེ་སྲིད་རིན་པོ་ཆེའི་གསུང་ལས་རྒྱལ་བ་ལྔ་པ་ཆེན་པོ་ཚུར་མཐོང་གི་ངོར་རྒྱུད་ཆུང་གསུམ་ཐུགས་འཛིན་དང་། བཤད་པ་ས་བཅད། རྡེལ་འགྲེམས་ཕྱག་ལེན། སྨན་གྱི་ངོ་སྤྲོད་རགས་པ་གསན་ཚུལ་ལས་ཕྲ་ཞིབ་མི་མཁྱེན་པའི་ཚུལ་དང་། བཀའ་འབུམ་གྱི་རིགས་མ་བསྩལ་ཞིང་། དེ་དག་གི་དབང་གིས་བྱང་ངོས་ནས་ནང་སོ་དར་རྒྱས་ཀྱིས་གྲ་ཐང་རྒྱུད་བཞི་འདི་ག་ཁྱད་དུ་འཕགས་ཚུལ་ཞུས་པ་སྣང་ངོ་དང་བསྟུན་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ (སྤྱི་ལོ་ 1662) ལོར་གྲ་ཐང་སོར་བཞག་གིས་པར་དུ་བརྐོ་བར་གནང་བ་དང་པར་བྱང་སོགས་བསྩལ་ཞེས་གསལ་བ་ལྟར།
དང་པོ་རྕ་རྒྱུད་ཀྱི་པར་བྱང་ལ། སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་མི་ཡི་གཟུགས་བསྒྱུར་པ། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏཱ་ལ་ནས་སྤེལ། །ཞེས་པ་དང་།
གཉིས་པ་བཤད་རྒྱུད་ཀྱི་པར་བྱང་དུ། དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པས། །བརྩོན་པའི་ལྕགས་ཀྱི་རི་བོ་ཡོངས་བསྒྲིལ་བས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་ཐོན། །གང་དེའི་རྨད་བྱུང་ཟིལ་མངར་རོ་བརྒྱའི་བཅུད། །སྐལ་ལྡན་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི། །ཞེས་དང་།
གསུམ་པ་མན་རྒྱུད་ཀྱི་པར་བྱང་ལ། ཚེ་ཡི་རིག་བྱེད་དྲན་དབང་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷན་ཅིག་མི་ཡི་ལུས་སུ་སྒྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏཱ་ལ་ནས་ཕྱེ། །ཞེས་དང་།
བཞི་པ་ཕྱི་རྒྱུད་ཀྱི་མཇུག་ཏུ། བོད་ཡུལ་ཚེ་ཡི་རིག་བྱེད་མཐོ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མིང་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛ་ཧྣུས། །སླར་སྐྱུགས་གསོ་རིག་གངྒཱ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་གྲང་། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། །གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྔོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་བསྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེ་ཞུས་ཆེན་གྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲིབ་མི་མཉམ་རྣོན་པོའི་ཚེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེངས་གསོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་འཛིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིངས་པའི། །རིང་པོར་འཚོ་བའི་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །ཅེས་སོགས་བསྩལ་ནས་གསོ་རིག་རྒྱུད་བཞི་འཆད་ཉན་ཡར་ཟླའི་དཔལ་ལ་འགྲན་པ་ཞིག་བྱུང་།
དེ་རྗེས་རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ལོ་པར་ཕུད་ཀྱི་ཐོག་ནས་སྡེ་སྲིད་རིན་པོ་ཆེས་རྒྱུད་ཆུང་གསུམ་ཐུགས་འཛིན་གནང་སྐབས་ཐུགས་རྟོག་ཇི་སྙེད་ཅིག་ཤར་བ་རྗེ་བླ་མ་ཉིད་ཀྱིས་ཇོ་ནང་ཀུན་མཁྱེན་ལ་བཀའ་བཀྱོན་གནང་བའི་ཞོར་དུ་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ། ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་གྱི་བབས་ཀྱིས་ངོས་འཛིན་མི་འདྲ་བ་དང་། ལག་ལེན་གྱི་ཁྱད་པར་སྟོད་སྨད་ལུགས་ཕྲན་བུ་ལས་གཞུང་དོན་དུ་རིམ་པར་སྔ་མའི་ལམ་ལ་ཕྱི་མ་བསྟེན་པས་མི་འདྲ་བ་མི་འདུག་ཚུལ་དང་། གྲ་ཐང་རྒྱུད་འདི་ལ་ཡང་བཅོས་བསྒྱུར་གྱིས་ས་བཅད་འཁྲུགས་པ་ཚིག་ཆད་པ་སོགས་ཧ་ཅང་ཚབས་ཆེ་བས། ཁུངས་དེ་ཙམ་གྱི་ཆོད་པར་མི་སེམས་ཤིང་། ད་ལམ་གྱི་པར་བྱང་བཀའ་རྩོམ་འདི་ཡང་ཅུང་ཟད་ཐལ་ལུས་བྱུང་ཚུལ་སོགས་ཞིབ་པར་སྙན་དུ་ཕུལ་བས་དགྱེས་པའི་ཚུལ་དང་བཅས་ཏེ་བྱང་ངོས་ནས་སོགས་དེ་བཞིན་གསུངས་པས་དེ་ག་སོར་བཞག་ཏུ་བགྱིས་ནའང་། ད་ལམ་ཁྱེད་ཀྱིས་ཇི་ལྟར་ཟེར་བ་བཞིན་བལྟས་ན་བདེན་འདུག་པ་སླར་བཅད་བརྡར་ཐུབ་ན་གྱིས་ཤིག་ཅེས་བཀའི་གནང་བ་ཐོབ་པ་ལྟར་སྡེ་སྲིད་དགུང་ལོ་སུམ་ཅུ་སོ་བརྒྱད་རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ལོར་(2) ཞུས་དག་ལེགས་པར་མཛད་ནས་པར་བརྐོས་དང་། ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། ཞེས་པའི་པར་བྱང་སྨོན་ཚིག་བསྩལ་བ་དང་། ད་ལྟའི་བར་རྒྱུད་འདི་དར་ཁྱབ་ཤིན་ཏུ་ཆེ། འོན་ཀྱང་བཤད་མ་ཐག་པའི་གྲ་ཐང་སོར་བཞག་གི་རྒྱུད་བཞིར་ཚིག་ཆད་པ་སོགས་ཡོད་ཚུལ་དང་། པར་བྱང་བཀའ་རྩོམ་ཐལ་ལུས་བྱུང་བའི་སྐོར་ཞུ་གནང་མཛད་པ་དེས། རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་རྗེ་དང་། བྱང་ངོས་ནང་སོ་དར་རྒྱས་ཀྱི་ལྷག་བསམ་བཟང་པོར་ནག་ནོག་དྲི་ཡིས་སྦགས་པ་ཅི་ལ་ཡིན། དེ་མིན་བྱང་ངོས་ནང་སོ་དར་རྒྱས་རྒྱུད་ངེས་ཤིང་བརྟན་ཆ་ཆེ་བའི་ཁྱད་ཆོས་དང་འགྲེལ་པའི་རིགས་ལ་གཞིགས་པ་མ་ཆུག་པའམ་མན་ངག་ཟུར་གྱི་རིགས་ལ་ཐུགས་འཇོག་ཆུང་ཞིང་ཕྱག་ལེན་མི་མཛད་པ་ཞིག་ཏུ་མཐོང་ཞེས་སྡེ་སྲིད་ཀྱིས་གསུངས་པ་ནི་ལེགས་བཤད་ལས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ། །ཞེས་དང་། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། གོ་ཡི་བླུན་པོས་དེ་ལྟར་མིན། །ཞེས་པ་ལྟར་ལས་ཁོ་བོ་ལྟ་བུས་འདི་ལྟར་ཡིན་ཞེས་བརྗོད་པ་རོ་འཛིན་གྱི་ཡུལ་ལས་འགོངས་པ་བཅས་བྱང་ངོས་ནང་སོ་དར་རྒྱས་ཀྱི་བྱུང་བ་བརྗོད་པ་དེ་ལྟར་དང་། མཐར་སྐུ་ཚེ་ཇི་ཙམ་བཞུགས་མིན་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མ་ཡུམ་སྔ་ཕྱིར་བསྙུན་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལན་ཁ་ཤས་བསྙུན་སྐབས་ཞལ་མཇལ་ཞིང་། བྱང་ངོས་ནང་སོ་དར་རྒྱས་དེ་དུས་ན་ཚོད་ཇེ་མཐོར་གྱུར་ཞེས་གསུངས་འདུག་པས་སྐུ་ན་སྨིན་པོའི་བར་འཚོ་ཞིང་གཞེས་པ་འདྲ། དུ་ཀུ་ལའི་གོས་བཟང་གླེགས་བམ་གསུམ་པའི་ནང་མེ་སྦྲུལ་(སྤྱི་ལོ་ 1677) ཟླ་བ་བཅུ་གཉིས་ཙམ་ལ་བྱང་ངོས་ནང་སོ་དར་རྒྱས་སྐུ་གཤེགས་ཞེས་གསལ།།
མཆན་བུ།
(1) སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་གྲ་ཐང་རྒྱུད་བཞིར་ཞུས་དག་ལེགས་བཅོས་མཛད་དེ། པོ་ཏཱ་ལར་པར་དུ་བསྐྲུན། དེ་ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་དག་ལེགས་བཅོས་མཛད་པའི་པོ་ཏཱ་ལའི་<<རྒྱུད་བཞི >> འདི་དག། ཤིན་ཏུ་ཁུངས་དག་ཡིན་པར་བརྟེན་རྒྱ་ཁྱབ་ཏུ་བེད་སྤྱོད་ཐོག་རིམ་གྱིས་སྐུ་འབུམ་དང་། སྡེ་དགེ པེ་ཅིང་ཟུང་ཅུའུ་སི་སོགས་ལ་ལྷ་སའི་པོ་ཏཱ་ལའི་<<རྒྱུད་བཞི་>> ཡང་བསྐྱར་པར་དུ་བརྐོས་ནས་ཁྱབ་སྤེལ་ཆེན་པོ་བྱུང་།
(2) རབ་བྱུང་བཅུ་གཉིས་པའི་ལྕགས་རྟ་ནི་ (སྤྱི་ལོ་ 1690 ) ཡིན་ནོ།།
- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།
མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:49 PM
<< སྔ་མ།