སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་རྩིས་རིག་པ་ལས་གསུངས་པའི་སེམས་ངལ་ལམ་ཡིད་ཞུམ་གྱི་རྒྱུ་རྐྱེན་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.11.2018
ཆེད་རྩོམ། >>


བོད་རྩིས་རིག་པ་ལས་གསུངས་པའི་སེམས་ངལ་ལམ་ཡིད་ཞུམ་གྱི་རྒྱུ་རྐྱེན་སྐོར།  

- རྩིས་རམས་པ་ཀུན་དགའ་དོན་གྲུབ།

            ཨ་སྭསྟི།

            རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་བསྡུས་པའི་སྐུ།།

            གུར་གུམ་མདངས་ལྡན་མཚན་དཔེ་རབ་རྒྱས་ཤིང་།།

            ཤེས་རབ་རལ་གྲིས་རྨོངས་མུན་དྲྭ་བ་གཅོད།།

            གླེགས་བམ་འཛིན་པས་བློ་གྲོས་བསྩལ་ཏུ་གསོལ།།

གླེང་དོན་དངོས། ༡། སྤྱིར་སེམས་ངལ་གྱི་གནས་སྟངས་དེ་ནི་འཇིག་རྟེན་དུ་མིའི་འགྲོ་བ་ཐོག་མར་བྱུང་ཞིང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡར་རྒྱས་ཕྱིན་པ་ནས་བཟུང་ཡོད་པར་སྨྲ་ན་ཆོག གནའ་རབས་ཀྱི་མིའི་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་ལམ་དང་གོམས་གཤིས་འཚོ་བ་སྐྱེལ་སྟངས་སོགས་དང་། དེང་སང་གི་མིའི་སྤྱི་ཚོགས་བར་ཁྱད་པར་ཆེན་པོ་གྱུར་ཡོད། དེང་སང་གི་འཛམ་གླིང་ནང་གནའ་སྔ་མོ་དང་མི་འདྲ་བར་བཟོ་ལས་ཡར་རྒྱས་ཕྱིན་པར་བརྟེན་དངོས་པོ་སྣ་ཚོགས་གསར་སྐྲུན་དང་དཔལ་འབྱོར་ཐོན་སྐྱེད་སོགས་གསར་གཏོད་མང་པོ་བྱས་ཡོད་པའི་འཁོར་ཡུག་ནང་དུ་རང་རྒྱལ་གཞན་ཕམ་གྱི་འགྲན་སེམས་ཤིན་ཏུ་ཆེ་བ་མཐོང་ཆོས་སུ་ཡོད་པ་དང་། གཞན་ཡང་བློ་སྣ་རེ་དོགས་ཀྱིས་བཅིངས་ཤིང་གནས་སྟངས་གང་ལའང་སྒྲོ་སྐུར་གྱིས་ལྷད་པས་གང་ཟག་ཕན་ཚུན་བར་དང་། ལྷག་པར་དུ་སྤྱི་ཚོགས་ནང་བྱམས་བརྩེའི་ཚོར་བ་ཇེ་ཞན་དུ་སོང་བའི་དབང་གིས་སེམས་ངལ་གྱི་ནད་གཞི་ཕོག་པའི་གཞི་གྲུབ་ཡོད། ད་ལྟའི་ཆར་སེམས་ངལ་གྱི་དཀའ་ངལ་དེ་འཛམ་གླིང་ཡོངས་སུ་ཁྱབ་པའི་དངོས་ཡོད་དཀའ་ངལ་ཞིག་ཏུ་གྱུར་ཡོད།

དཀའ་ཚེགས་ལྡན་པའི་གནས་སྟངས་གང་རུང་ཞིག་འཕྲད་པ་དེ་ལ་ཚུལ་བཞིན་གདོང་ལེན་བྱས་མ་ཐུབ་པའི་གནས་སྐབས་དེ་ནས་སེམས་ངལ་ཐོག་མར་བྱུང་བའི་འགོ་འཛུགས་པ་ཡིན་མོད། དེར་འཕྲལ་མར་ཡང་དག་པའི་གཉེན་པོ་བསྟེན་ཤེས་པ་དགོས་ཀྱང་། དེ་ལྟར་མ་ཐུབ་པར་བརྟེན་སེམས་ངལ་ཕོག་པ་དང་། གལ་ཏེ་གནས་སྟངས་དེ་རྒྱུན་མཐུད་པ་ཡིན་ན་རིམ་པས་མིའི་ནད་གཞི་སྔོན་འགོག་གི་ནུས་མཐུ་སོགས་ཉམས་ནས་ནད་གཞི་གང་ཡང་ཕོག་སླ་བར་གྱུར་བ་དང་། དེའི་རྐྱེན་པས་ཐད་ཀར་མིའི་འཕྲོད་བསྟེན་ལ་དོ་ཕོག་འགྲོ་བ་ཡིན། ནམ་ཞིག་སེམས་ངལ་གྱི་དཀའ་སྡུག་དེ་བཟོད་གླགས་མེད་པར་གྱུར་བའི་གནས་སྐབས་སུ་ནད་པ་མང་པོ་ཞིག་གིས་རང་ཤི་རྒྱག་པའི་ཐབས་ལམ་ཡ་ང་བ་དེ་འདེམས་པ་ཡིན། དེ་ཡང་ལོ་རེར་འཛམ་གླིང་ཡོངས་སུ་སེམས་ངལ་ཡོད་པའི་ནད་པ་ས་ཡ་བརྒལ་བས་རང་སྲོག་གཅོད་བཞིན་པ་དེ་གནས་ཚུལ་ཇི་ཙམ་ཛ་དྲག་པོ་ཡིན་པ་རྟོགས་ཐུབ། གཞན་ཡང་ནད་པ་མང་པོ་ཞིག་གིས་གནས་སྐབས་རིང་སེམས་ངལ་གྱི་གནས་སྟངས་ལས་གྲོལ་ཐབས་སུ་བཟི་སྨན་དང་ཆང་རག་སོགས་ལ་ལོངས་སུ་སྤྱོད་པ་དང་། དེ་ལ་དུས་ཐོག་ཚོད་འཛིན་བྱེད་མ་ཐུབ་པས་རང་གི་འཕྲོད་བསྟེན་ལ་གནོད་པ་དང་། གཅེས་པའི་ཚེ་སྲོག་ཤོར་བ་དེང་གི་དུས་སུ་མཐོང་མུས་ཡིན།

༢༽ བོད་རྩིས་རིག་པའི་ངོ་སྤྲོད་དང་ལག་ལེན། བོད་རྩིས་རིག་པ་ནི། དཀར་ནག་དབྱངས་རྩིས་རིག་པ་གསུམ་གཅིག་ཏུ་བསྡུས་པའི་རྩིས་རིག་པ་ཞིག་ཡིན། དེ་ཡང་བོད་དུ་འགྲོ་བ་མིའི་སྤྱི་ཚོགས་ཐོག་མར་ཆགས་པ་ནས་བཟུང་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་རང་རེའི་མེས་པོ་དམ་པ་རྣམས་ཀྱི་ཉིན་རེའི་འཚོ་ཐབས་ནང་ཕྱིི་སྣོད་འཇིག་རྟེན་གྱི་ཁམས་དང་རང་བྱུང་འཁོར་ཡུག་སོགས་ཀྱི་འགྱུར་ལྡོག་གི་འགྲོས་སོགས་ལ་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་མི་རབས་དུ་མའི་ལེགས་བཤད་ཀྱི་རྨང་གཞི་སྲ་བརྟན་གནས་པའི་ཐོག་དུས་ཕྱིས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་སོགས་ནས་རྩིས་ཀྱི་རིག་པ་བླངས་ནས་གོང་བུ་གཅིག་ཏུ་འདྲིལ་བ་དེ་ལ་བོད་རྩིས་རིག་པ་ཞེས་ཟེར་བ་ཡིན།


དེ་ནས་རིམ་པས་བོད་རྩིས་རིག་པ་འཕེལ་རྒྱས་ཕྱིན་པ་འདིས། བོད་མང་ཚོགས་ལ་ལེགས་ཉེས་བླང་དོར་གྱི་ཐབས་ལམ་འཕྱུག་མེད་བསྟན་པའི་སྒོ་ནས་ད་བར་ཕན་པ་རྒྱ་ཆེར་བྱུང་ཡོད་ལ་དུས་ད་ལྟའང་ལྷོད་མེད་སྒྲུབ་བཞིན་པ་མ་ཟད། བོད་རྩིས་རིག་པ་ནི་ཡོངས་གྲགས་སུ་ཤེས་བྱ་ཀུན་གྱི་ལྡེ་མིག་ཟེར་བ་ལྟར་བོད་མི་རིགས་ཀྱི་ཉིན་རེའི་འཚོ་བའི་བྱེད་སྒོ་ཁག་དང་ལྷག་པར་འབྲེལ་འདྲིས་ཆེ་བར་གནས་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་བཅུ་པོ་རྣམས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་གང་ཞིག་བོད་རྩིས་རིག་པ་ནི་རིག་གནས་གཞན་ཚང་མ་དང་འབྲེལ་བ་ཡོད་ལ། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བ་ཆེན་པོ་ཡོད། བོད་རྩིས་རིག་པ་རྐྱང་པའི་ཐོག་ནས་སྤྱིར་ཡུལ་ལུང་སོ་སོར་ནམ་དུས་འཕོ་འགྱུར་གྱི་མཚམས་དང་། ཆར་ཆུ་མང་ཉུང་། ལོ་འཁོར་མོའི་ནང་འབྱུང་བའི་གནོད་འཚེ་ཇི་འབྱུང་སོགས་ལུང་སྟོན་ཐུབ་པ་མ་ཟད་། བྱེ་བྲག་ཏུ་གང་ཟག་གཅིག་གི་མི་ཚེའི་ནང་བདེ་སྡུག་གི་གནས་ཚུལ་ཇི་ཡོང་དང་། བར་ཆད་རྣམས་ལ་ཟློག་རིམ་སོགས་མ་ནོར་བ་སྟོན་ཐུབ་པའི་ཁྱད་ཆོས་དུ་མ་ཡོད། དཔེར་ན་བོད་རྩིས་རིག་པ་ནས་མི་གཅིག་གི་མི་ཚེའི་བདེ་སྡུག་རྟོགས་ཆེད་ཚེ་རབས་ལས་རྩིས། ལོ་གཅིག་ཀེག་རྩིས། ཕོ་མོ་འཇིག་རྟེན་མཐུན་སྦྱོར་རྩིས། ནད་རྩིས། གཤིན་རྩིས། རྒྱ་ནག་གླང་རྩིས་སོགས་ལག་ལེན་མཐའ་ཡས་པ་གནང་བའི་སྒོ་ནས་གང་ཟག་སོ་སོ་དང་དེ་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་ཞབས་འདེགས་བླ་མེད་གནང་མུས་ཡིན།

༣༽ བོད་རྩིས་རིག་པའི་སྒོ་ནས་སེམས་ངལ་ལམ་ཡིད་ཞུམ་གྱི་རྒྱུ་རྐྱེན་སྐོར་སྙིང་བསྡུས་གླེང་བ། དང་པོ་རྩ་བའི་རྒྱུ་རྐྱེན་ནི། སྤྱིར་སེམས་ངལ་གྱི་རྒྱུ་གཙོ་བོའམ་རིང་རྒྱུ་ནི་བདག་འཛིན་མ་རིག་པ་ཞེས་པ་དེ་ཡིན་པ་བོད་རྩིས་རིག་པ་ཙམ་དུ་མ་ཟད། བོད་ཀྱི་གསོ་བ་རིག་པ་དང་། ནང་པ་སངས་རྒྱས་པའི་ཆོས་ནས་ཀྱང་གཅིག་མཚུངས་གསུངས་བཞིན་ཡོད། བོད་རྩིས་རིག་པ་ལས་སེམས་ངལ་གྱི་རྒྱུ་གཙོ་བོ་བདག་འཛིན་མ་རིག་པ་དེ་ཡིན་པ་དང་། དེའང་གཙོ་བོ་འབྱུང་བའི་རང་བཞིན་ལ་རྨོངས་པའི་མ་རིག་དབང་གིས་ཡིན་པར་གསུངས་ཡོད། དེ་ཡང་ཟླ་ཟེར་ལས། བརྟག་ན་དབེན་ཕྱིར་མ་གྲུབ་སྟེ། །ཞེས་འབྱུང་བའི་ངོ་བོ་ནི་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་ཡིན་པ་བཤད་ཡོད། དེ་བཞིན་དུས་འཁོར་བསྡུས་རྒྱུད་ལས། ས་ཡིས་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་པ་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཡང་འབྱུང་རྩིས་ཟླ་ཟེར་ལས། སྣང་སྲིད་འབྱུང་བ་ལྔར་སྣང་ཡང་། །ཀུན་ཀྱང་ནམ་མཁའི་རང་བཞིན་ཏེ། །མཐའ་དབུས་མེད་ཅིང་འདུས་མ་བྱས། །ཞེས་སྣང་སྲིད་ཀྱི་ཆོས་ཐམས་ཅད་འབྱུང་བར་སྣང་ཡང་དོན་དམ་པར་རང་དབང་གིས་གྲུབ་པ་གཅིག་ཀྱང་མེད་པ་ནམ་མཁའི་རང་བཞིན་ལྟར་ཡིན་པ་གསུངས་ཡོད།

འོན་ཀྱང་ངེད་ཅག་འཇིག་རྟེན་པ་རྣམས་འབྱུང་བའི་རང་བཞིན་དེ་རྒྱུ་རྐྱེན་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པ་དང་བདེན་པ་རང་ཚུགས་སུ་གནས་པར་འཁྲུལ་བ་དང་། ཇི་ལྟ་ཇི་སྙེད་ཀྱི་དངོས་པོའི་གནས་ལུགས་ལ་རབ་ཏུ་རྨོངས་པའི་ལྟ་བ་ཕྱིན་ཅི་ལོག་འཛིན་པ་ལས་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་སློང་ནས་མངོན་པར་འདུ་བྱེད་པའི་ལས་དགེ་སྡིག་སྣ་ཚོགས་བསགས་པ་ཡིན། དེ་ལྟར་མ་རིག་པ་ལས་ཉོན་མོངས་དུག་གསུམ་འབྱུང་བ་དང་། དེ་ལས་སྒོ་གསུམ་གྱི་ལས་དགེ་སྡིག་ལུང་མ་བསྟན་རྒྱུན་མཐུད་ནས་གསོག་པས་འཁོར་བའི་རྒྱུ་ཟོ་ཆུན་གྱི་འཁོར་ལོ་འཁོར་བ་ལྟར་ཁམས་གསུམ་གྱི་དུས་ཡུན་ཤིན་ཏུ་རིང་བར་གནས་པ་ཡིན། ནམ་ཞིག་རིག་པ་ཡེ་ཤེས་ཀྱིས་འཁོར་བའི་རྒྱུ་མ་རིག་དགྲ་བོ་ཆེ་དེ་དྲུངས་ནས་མ་བཅོམ་བར་དུ་སེམས་ངལ་སོགས་ནད་ཀྱི་རྣམ་པ་དཔག་ཏུ་མེད་པ་དེ་དག་ནམ་ཡང་འབྱུང་སྲིད་པའི་གནས་སྟངས་དུས་རྟག་ཏུ་གནས་ཡོད། དགེ་སྡིག་གི་ལས་གང་ཞིག་གི་རྒྱུ་ལ་འབྲས་བུ་སྨིན་པ་ནི་རྒྱུ་དེ་དང་མཐུན་པའི་རྐྱེན་ཞིག་དང་འཕྲད་དགོས་ལ་གལ་ཏེ་རྐྱེན་དེ་ལྟར་མ་འཕྲད་པ་ཡིན་ན་འབྲས་བུ་སྦྱིན་མི་ཐུབ་པ་རྩིས་གཞུང་དུ་གསལ་ཡོད། དེས་ན་རྩིས་ཀྱིས་ལམ་ནས་མི་དགེ་བའི་རྒྱུ་དེ་དག་ལས་འབྲས་བུ་ངན་པ་དེ་གནས་སྐབས་རིང་དངོས་སུ་མི་སྨིན་པའི་ཆེད་རྐྱེན་ངན་བཟློག་པའི་ཐབས་སུ་གཙུག་ལག་རྩིས་ཀྱི་རིག་པ་སྤེལ་ཡོད། དཔེར་ན་རྒྱུ་ཨ་རུ་རའི་ས་བོན་ལྟ་བུ་ལ་མཐུན་རྐྱེན་ཆུ་ལུད་དང་། ས་ཞིང་གནས་བབས། ཉི་མའི་དྲོད་སོགས་དང་མ་འཕྲད་ཚེ་འབྲས་བུ་ཨ་རུའི་ཤིང་འབྲས་མི་སྐྱེ་བ་བཞིན་ཡིན།

གཉིས་པ་འཕྲལ་གྱི་རྒྱུ་རྐྱེན་ནི། དེས་ན་རྩིས་གཞུང་ནང་དུ་སེམས་ངལ་སོགས་ཀྱི་སློང་རྐྱེན་སྐོར་མང་དུ་གསུངས་ཡོད་པ་ལས་འགའ་ཞིག་འདིར་བརྗོད་པ་ལ། དེ་ཡང་གཙོ་བོ་ལོ་ཟླ་ཞག་དུས་དང་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་གཟའ་སྐར་སྤར་སྨེ་ས་བདག་སོགས་ཡིན་པ་དང་། དེ་ཙམ་དུ་མ་ཟད་དེ་དག་གི་གནས་ལུགས་སམ་འཁོར་ཚུལ་དང་། རྟེན་འབྲེལ་གྱི་ནུས་པ་སོགས་མ་ཤེས་པའི་དབང་གིས་སྡུག་བསྔལ་སྤྱི་དང་། ཁྱད་པར་སེམས་ངལ་འབྱུང་བའི་རྐྱེན་བྱེད་ཀྱི་ཡོད། དཔེར་ན། ཐོག་མར་ཕྲུ་གུ་བཙས་མ་ཐག་པ་དེའི་མི་ཚེ་ནང་སེམས་ངལ་འཕྲད་མིན་རགས་རྩིས་ཐུབ་ཚུལ་ནི། ཕྲུ་གུ་གང་ཞིག་གཟའ་སྐར་འཕྲོད་སྦྲོར་ངན་པ་ལ་སྐྱེས་ཚེ་འབྱུང་འགྱུར་མི་ཚེའི་ནང་རྒྱུན་དུ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། ལྷག་པར་སེམས་ངལ་གྱི་ཉེན་ཁ་ཧ་ཅང་ཆེ་བ་ཡོད། དེ་ཡང་སྟག་སྤྲེལ་ཕག་སྦྲུལ་ཞེས་ལོ་རྟགས་རྭ་བ་བཞི་གང་རུང་དང་། སྨེ་བ་གཉིས་ནག སྐྱེ་ཉིན་སྐབས་དབྱངས་འཆར་ཁྱིམ་དང་པོ་ལུས་སམ། སྐྱེ་བའི་སར་ཁྱིམ་ལུག་དང་། ཟླ་བ་དགྲ་རུ་ཤར་བ། དེ་མ་ཟད་གཟའ་དགུའི་དང་པོ་གཟའ་ཀེ་ཏུ་དེ་ཁེལ་བ་ཡིན་ན་ཕྲུ་གུ་དེའི་མ་འོངས་པར་མི་ཚེའི་ནང་དཀའ་ངལ་དང་སེམས་ངལ་གྱིས་མནར་རྒྱུ་ཡིན་པ་ཕལ་ཆེར་ངེས་པ་ཡིན། གཞན་ཡང་ཕྲུ་གུ་དེའི་ཕ་མའི་རིགས་རུས་ཆ་ནས་ཤུགས་རྐྱེན་ཐེབས་པའམ་ཁྱད་པར་ཆེན་པོ་གྱུར་པ་ཡོད་དེ། མིའི་རིགས་རྒྱུད་འགའ་ལ་དམིགས་བསལ་དུ་སེམས་ངལ་དང་རླུང་ཤས་ཆེ་བ་ཡོད་པ་ནི་བོད་རྩིས་རིག་པ་ཙམ་དུ་མ་ཟད་དེང་རབས་ཚན་རིག་པ་དག་གིས་ཀྱང་བརྗོད་བཞིན་ཡོད། དེའང་སྨེ་བའི་བཤད་པའི་ནང་དུ་མི་རྒྱུད་དང་སེམས་ངལ་འབྲེལ་བ་ཡོད་པ་མང་པོ་ཐོན་ཀྱི་ཡོད་པ་དཔེར་ན། རྩིས་གཞུང་ལས། མི་རྒྱུད་ས་ན་སྨྱོ་འབོག་དང་། །ལྕེབ་གྲི་མ་མོའི་ནད་ཀྱི་འཕུང་། །ཞེས་གསུངས་པ་བཞིན། གུས་པས་རྩིས་རྒྱག་སྐབས་མི་འགའ་ཞིག་ཟས་སྤྱོད་སོགས་ཚུལ་བཞིན་བསྟེན་པ་དང་། ལུས་ལའང་ནད་གཞི་གང་ཡང་མེད་པའི་སྟེང་རྒྱུ་རྐྱེན་དམིགས་བསལ་སྟོན་རྒྱུ་མེད་པར་སེམས་མ་སྐྱིད་པ་མང་པོ་ཡོད་བསྡད་པ་དང་། མང་པོ་ཞིག་ལ་ཕ་མ་དང་རིགས་རྒྱུད་ནང་སེམས་ངལ་གྱི་དཀའ་ངལ་ཡོད་པ་ཤེས་རྟོགས་བྱུང་།

ཡང་ཕྲུ་གུ་སྐྱེས་ནས་རིམ་བཞིན་ལོ་ཟླ་ཞག་དུས་ས་བདག་འབྱུང་བའི་གནས་ཕྱོགས་སོགས་ཀྱིས་རྒྱུན་དུ་དཀའ་ངལ་སྤྲད་པ་དང་། བྱེ་བྲག་སེམས་ངལ་གྱི་རྐྱེན་བྱེད་ཚུལ་ནི། དེ་ལ་དངོས་དང་ཞར་བྱུང་སྒོ་ནས་སེམས་ངལ་གྱི་རྐྱེན་བྱེད་པ་གཉིས་ཡོད། དང་པོ་དངོས་སུ་སེམས་ངལ་གྱི་རྐྱེན་བྱེད་པ་ནི། རང་གི་བླ་ཉམས་ན་སེམས་འཕྱོ་བ་དང་ཞུམ་པའི་རྐྱེན་བྱེད་ཀྱི་ཡོད། ས་བདག་གདུག་པ་ཅན་ལ་ཕོག་ཐུག་འབྱུང་ཚེ་ལུས་ལ་ནད་ཕོག་པ་དང་སེམས་མ་སྐྱིད་པ་བྱེད། གཟའ་བདུན་མོ་དཔེ་ལས། གཉན་ནི་ཤིང་གཉན་བཅད་པའི་ལན། །ཞེས་གསུངས། གཞན་ཡང་ས་བདག་ཡན་ཀྭོང་ལྟ་བུར་མཚོན་ན། རྩིས་གཞུང་ལས། དྲང་སྲོང་ཡན་ཀྭོང་འཆར་བའི་ཉིན། །ལས་དང་བྱ་བ་ཅི་ཡང་འཛེམ། །མ་འཛེམ་འཚེ་བ་ཅི་མང་འབྱུང་། །ཞེས་དྲང་སོང་ཡན་ཀྭོང་འཆར་ཉིན་ལས་གཞི་གང་ཡང་རྩོམ་ན་ལུས་སེམས་ལ་གནོད་འཚེ་འབྱུང་ཚུལ་གསུངས་པ་ཡིན། དེ་ཙམ་དུ་མ་ཟད་འབྱུང་བ་འཁྲུག་པའི་གནས་ཕྱོགས་ཏེ། རླུང་འཚུབ་ཆེ་བ་དང་རང་བཞིན་གྱི་ཉི་འོད་སོགས་མེད་པའི་གནས་སོགས་ལ་ཡུན་རིང་བསྡད་པས་སེམས་ལ་ཕོག་ཐུག་འབྱུང་ནས་སེམས་མི་བདེ་བ་མང་པོ་ཡོད་པར་གསུངས་པ་བཞིན། གུས་རང་ཕྱི་གླིང་ཡུལ་གྲུ་མང་པོའི་ནང་ཕྱིན་ནས་རྩིས་བརྒྱབ་པའི་ཉམས་མྱོང་ལ་གཞིགས་ན་འཛམ་གླིང་བྱང་སྣེའི་ཉེ་འགྲམ་རྒྱ་མཚོའི་རླུང་གྲང་ངར་ལྡན་པ་ཡུན་རིང་ཕོག་པ་དང་། ཉི་མའི་འོད་ཟེར་ཉུང་བའི་རྐྱེན་གྱིས་སེམས་མི་བདེ་བའི་གང་ཟག་ཤིན་ཏུ་མང་པོ་ཡོད་པ་མཐོང་བྱུང་།

ཞར་བྱུང་དུ་སེམས་ངལ་གྱི་རྐྱེན་བྱེད་པ་ནི། གང་ཞིག་གི་སྲོག་གི་འབྱུང་བ་ཉམས་པས་སྲོག་ལ་ཉེན་ཁ་འཕྲད་པ་དང་། ལུས་ཀྱི་འབྱུང་བ་རྒུད་པས་ལུས་ལ་ནད་ཀྱིས་མནར་བ་དང་། དབང་ཐང་འབྱུང་བ་གུད་ཚེ་རྒྱུ་ནོར་དང་སྙན་གྲགས་ཉམས་པ། ཀླུང་རྟ་ཉམས་ཚེ་ལམ་འགྲོ་ཞན་པས་ཚོང་དང་ལས་ཀ་ཤོར་བ་སོགས་འབྱུང་། གཞན་ཡང་དགུ་མིག་དང་དུར་མིག་ནང་ཚུད་ན་ནད་སོགས་བར་ཆད་མང་བ་བཅས་གོང་གི་རྒྱུ་རྐྱེན་དེ་དག་གིས་ཞར་བྱུང་དུ་སེམས་ངལ་བྱུང་བ་ཡིན། དེ་ལྟར་དངོས་ཤུགས་གཉིས་ནས་སེམས་ངལ་གྱི་རྒྱུ་རྐྱེན་བྱེད་ཚུལ་མདོར་བསྡུས་ཙམ་འཆད་པ་དེ་གས་འཐུས་པར་བྱེད་ཅིང་ད་དུང་ཡང་སྤྲོས་པ་དོན་དུ་གཉེར་བ་རྣམས་ལ་ནི་རྩིས་གཞུང་ཁོ་ནས་ངོམས་པར་བྱས་ན་དེར་ཕྱོགས་པར་འཚལ།  

བོད་རྩིས་རིག་པའི་ལམ་ནས་སེམས་ངལ་མེད་པ་བཟོ་བར་ཐོག་མར་འཁོར་བའི་ཆག་སྒོ་མཐའ་དག་གི་གཞི་རྩ་རྒྱུ་མ་རིག་པ་དེ་ཡིན་པ་ཤེས་དགོས། དེ་ནས་མ་རིག་པ་དེ་སྤོང་བའི་ཐབས་སུ་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་པར་བྱེད་ནས་རིམ་པས་བླ་མེད་བྱང་ཆུབ་མངོན་དུ་འགྱུར་བས་སེམས་ངལ་རང་ཤུགས་ཀྱིས་མེད་པར་གྱུར་བ་ཡིན། གཞན་ཡང་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ལམ་སེམས་ངལ་སོགས་མ་སྨིན་པའི་ཆེད་དུ་རྐྱེན་ངན་པ་དང་འཕྲད་དུ་མ་འཇུག་བར་འགོག་ཐབས་བྱེད་དགོས་པ་ཡིན། གལ་ཏེ་རྐྱེན་དང་འཕྲད་ནས་འབྲས་བུ་ངན་པ་སེམས་ངལ་སོགས་བྱུང་ཚེ་དེ་དག་ལ་བཅོས་ཐབས་བྱེེད་དགོས་པ་གསུངས་ཡོད།

མཇུག་སྡོམ། སྤྱིར་སེམས་ནད་ལ་དེང་རབས་ཕྱི་ལུགས་ཐོག་ནས་བཅོས་ཀ་སོགས་བྱེད་བཞིན་ཡོད་ཀྱང་ཁོ་ཅག་ལ་ནད་གཞི་འདི་རྩ་བ་ནས་སེང་དྲག་ཐུབ་པའི་བཅོས་ཐབས་མེད་པར་སྣང་། དེ་ནི་རྩ་བའི་རྒྱུ་རྐྱེན་ངོ་མ་འཕྲོད་པའི་དབང་གིས་ཡིན་པ་གསལ་པོ་རེད། ཕྱི་ལུགས་ཀྱི་སྨན་པ་ཚོས་སེམས་ངལ་བཅོས་ཐབས་སུ་གཙོ་བོ་སེམས་གཡེང་བ་བསྟེན་པའམ་ཡང་ན་དྲན་པ་ཉམས་པའི་སྨན་ལ་བསྟེན་ནས་གནས་སྐབས་ཀྱི་ནད་རྟགས་འཇོམས་པར་བརྩོན་བཞིན་ཡོད། དེས་ནད་གཞི་རྩ་བ་ནས་གཅོད་མི་ཐུབ། བོད་ཀྱི་སྨན་རྩིས་རིག་པ་ལ་བསྟེན་ནས་གནས་སྐབས་འབྱུང་བ་ཆ་སྙོམས་པའི་ཟས་སྤྱོད་སོགས་སྤང་བླང་ཚུལ་བཞིན་དུ་བྱས་ནས་ལུས་སེམས་བདེར་གནས་ཐུབ་པ་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་ཉམས་ལེན་ལ་བསྟེན་ནས་མཐར་མ་རིག་འཁྲུལ་སྣང་གི་བློ་མཐའ་དག་སེལ་བའི་སྒོ་ནས་སེམས་ངལ་གྱི་རྒྱུ་རྩ་བ་ནས་མེད་པ་བཟོ་ཐུབ། མཐའ་དོན་དུ་བོད་ཀྱི་ཁ་དཔེ་རུ། བར་ཆད་མེད་ན་དངོས་གྲུབ་མེད་ཟེར་བ་ལྟར་སྐབས་འགར་སེམས་ངལ་སོགས་མི་སྡུག་པ་དང་འཕྲད་པ་ལ་སོགས་པའི་སྡུག་བསྔལ་དག་གིས་འཁོར་བའི་གནས་ལས་ཡིད་འབྱུང་ནས་ཡང་དག་ལམ་དུ་འཇུག་པའི་རྐྱེན་བྱེད་སྲིད་ན་སེམས་ངལ་ཡོད་ན་ཡང་སེམས་རྒྱུད་འཁུམ་དགོས་དོན་མེད་དོ།། །།



-- འདི་ནི་ “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་གསུང་བཤད་ཕྱོགས་སྒྲིག” ཞེས་པའི་དེབ་ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 02.11.2018 ཉིན། 3:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།