བོད་བརྒྱུད་ནང་དོན་རིག་པའི་གཞུང་ལས་གསུངས་པའི་སེམས་ངལ་བཅོས་ཐབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.11.2018 |
བོད་བརྒྱུད་ནང་དོན་རིག་པའི་གཞུང་ལས་གསུངས་པའི་སེམས་ངལ་བཅོས་ཐབས།
- དོལ་པོ་སྤྲུལ་སྐུ་རིན་པོ་ཆེ།
༡། བཅོས་ཐབས་ཀྱི་ཆ་རྐྱེན། ༢། བཅོས་ཐབས་ཀྱི་ཚད་གཞི། ༣། བཅོས་ཐབས་ཀྱི་རྣམ་གྲངས། ༤། བཅོས་ཐབས་ཀྱི་སྒོམ།
༡། བཅོས་ཐབས་ཀྱི་ཆ་རྐྱེན། སེམས་འཁྲུག་པ་བཅོས་ཐབས་ལ་དགག་བྱ་ཉོན་མོངས་འགོག་པ་དང་རྣམ་པ་སྤྱི་ཚོགས་དང་མཐུན་པའི་ཆ་རྐྱེན་གཉིས་ལྡན་དགོས། འདི་གཉིས་བཅོས་ཐབས་ཀུན་ལ་མཁོ་བའི་ཚད་ངེས་ཅན་གྱི་ཁྱད་ཆོས་མིན་ནའང་རང་སེམས་ལ་ཞི་བདེ་དང་སྤྱི་ཚོགས་ལ་ཁྱད་གསོད་མེད་པའི་མི་ཚེ་འཚོ་ཐབས་ཀྱི་སྒྲོམ་གཞི་གལ་ཆེན་ཞིག་དང་ཁ་ཕྱོགས་གལ་ཆེན་ཞིག་ཡིན།
མི་ཚེའི་ཁ་ཕྱོགས་དང་འཚོ་བ་སྐྱེལ་སྟངས་ཀྱི་སྒྲོམ་གཞི་འདི་གཉིས་ལ་གཞིར་བཞག་ན་རང་བཞིན་གྱིས་སེམས་འཁྲུག་པའི་དཀའ་ངལ་མང་པོ་སེལ་ཐུབ་ཀྱི་ཡོད། གལ་སྲིད་མི་ཚེའི་འགྲོ་སྟངས་ཀྱི་སྒྲོམ་གཞི་ལེགས་པོ་མ་བྱུང་ན་རང་ལ་ཉོན་མོངས་མང་བ་དང་གང་དུ་གནས་པའི་སྤྱི་ཚོགས་དང་མི་མཐུན་པས་སེམས་འཁྲུག་པའི་གཞི་རྩའི་ཆ་རྐྱེན་བཏིང་ཟིན་པ་ཡིན། དེ་ལྟར་ན་རིག་གཞུང་དང་ཆོས་ལུགས་སྲོལ་རྒྱུན་སོགས་ཀྱི་རྣམ་པ་དང་མཐུན་ནའང་དགག་བྱ་སེམས་ཀྱི་དཀའ་ངལ་མི་སེལ་བ་ཡོང་གི་ཡོད། དཔེར་ན་བོད་ཀྱི་ཡུལ་ལུང་འགའ་ཤས་སུ་ཕ་ཤ་ལེན་པའི་སྲོལ་རྒྱུན་དང་། རྒྱ་གར་དུ་མི་རིགས་ཀྱི་དབྱེ་འབྱེད་རྣམས་དེ་དང་དེའི་ཆོས་དང་སྲོལ་རྒྱུན་དང་མཐུན་པ་ཡིན་ནའང་རང་གཞན་ལ་སྡུག་བསྔལ་ཚད་ལས་བརྒལ་བ་སྟེར་གྱི་ཡོད། འདིའི་སྐོར་ ༼Sony སོ་ནི་བརྙན་འཕྲིན་དུ་ཁྲིམས་འགལ་མྱུལ་བ། ཨིན་སྐད་དུ Crime Patrol Dial 100 - Vaarish-Episode 67 - 10th January, 2016 དང་། Crime Patrol Dial 100 - Mautana - Episode 2 - 27th October, 2015༽ ཞེས་པའི་གློག་བརྙན་ཚན་པ་གཉིས་ཀྱིས་སྲོལ་རྒྱུན་དང་མཐུན་པའི་བྱེད་སྒོས་ཚད་ལས་བརྒལ་བའི་སྡུག་བསྔལ་བྱུང་བ་དངོས་བྱུང་གི་ལོ་རྒྱུས་གཉིས་བསྟན་འདུག
དེ་བཞིན་འཛམ་གླིང་གི་ཆོས་ཀྱི་བྱུང་བ་འགའ་ཞིག་དཔེ་མཚོན་ཞུས་ན། མ་ཧཱ་བྷ་ར་ཏཱའི་གཏམ་རྒྱུད་ནང་དུ་སིལ་སྒྲུབ་ཀྱི་དགེ་རྒན་དང་ཞང་པོ་གང་གཱའི་བུ་ལ་མཚོན་ན། རིག་བྱེད་ཀྱི་ཆོས་དང་དྲག་རྩལ་དང་ཆབ་སྲིད་ལ་མཁས་ལ་བློ་རྒྱ་ཆེ་ཞིང་འཁོར་འབངས་བྱམས་སེམས་ཀྱིས་སྐྱོང་བའི་བློན་ཆེན་ཞིག་ཡིན། ཡིན་ནའང་རང་གི་དམ་ཚིག་གིས་ཆོས་མ་ཡིན་གྱི་ཕྱོགས་སུ་བཟུང་དགོས་པའི་རྐྱེན་གྱིས་སེམས་ངལ་ཆེན་པོ་བྱུང་བའི་གཏམ་རྒྱུད་ལྟ་བུ་ཡིན། དེ་བཞིན་ཨི་ཇིབ་གདོད་མའི་ཆོས་ལ་མོའུ་སི་ Moses ཡིས་དགག་པ་མཛད་ནས་འཇིའུ་ཡི་ཆོས་ལུགས་ Judaism དང་། འཇིའུ་ཡི་ཆོས་ལ་མ་ཤི་ཀས་ Jesus Christ དགག་པ་བརྒྱབ་ནས་ཡེ་ཤུའི་ཆོས་ Christianity དང་། ཨ་རབ་གདོད་མའི་ཆོས་ལ་སྟོན་པ་སྦྲང་རྩིའི་བློ་གྲོས་སམ་མོ་ཧམ་མོ་སྒྲི་ Muhammad ཡིས་དགག་པ་གནང་ནས་ཁ་ཆེའི་ཆོས་ལུགས་ Muslim གསར་གཏོད་གནང་། གསར་གཏོད་ཀྱི་གླེང་སློང་ཐམས་ཅད་རྩ་བའི་ཆ་ནས་བཤད་ན། ལྟ་ས་ལ་རྣམ་པ་བཟང་པོ་དེ་ལུགས་ཀྱི་ཆོས་དང་མཐུན་པ་ལྟར་སྣང་ཡང་དོན་དུ་དེ་ལུགས་ཀྱི་ཆོས་དང་འགལ་བའི་ལྐོག་ས་རུལ་སུངས་དང་འདོད་རྔམ་གྱིས་སེམས་འཁྲུག་པ་ཡིན་པའི་རྩོད་གླེང་ཡིན། བོད་བརྒྱུད་ནང་བསྟན་དུའང་སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ལྡན་ཚུལ་གྱི་རྩོད་གླེང་དེ་ཡང་དགག་བྱ་ཉོན་མོངས་འགོག་དང་མི་འགོག རྣམ་པ་ཡུལ་དུས་དང་མཐུན་མི་མཐུན་གྱི་སྐོར་ཡིན་པས། མདོར་ན་རྩོད་གླེང་པ་ཀུན་གྱིས་དགག་བྱ་ཉོན་མོངས་བཀག་ནས་སེམས་རྒྱུད་ཞི་བར་གནས་དགོས་པར་གླེང་གི་ཡོད་ཚོད་འདུག་གོ །
ཆ་རྐྱེན་གཉིས་པ་རྣམ་པ་སྤྱི་ཚོགས་དང་མཐུན་པ་ཞིག་དགོས་ཏེ། དགག་བྱ་ཉོན་མོངས་འགོག་ཀྱང་གང་དང་མི་མཐུན་པའི་རྣམ་པའི་སྤྱོད་ལམ་ཡོད་ན་མི་ཚེའི་འཚོ་ཐབས་བརྟན་པོ་ཞིག་མི་ཡོང་། རྗེ་མི་ལ་ལྟ་བུའི་ཆོས་པ་ཡིན་ན་དམིགས་བསལ་རེད། འདིར་སྤྱི་ཚོགས་ཀྱི་སེམས་ཀྱི་འཕྲོད་བསྟེན་གླེང་གི་ཡོད་པས་མི་དཀྱུས་མ་གཅིག་ལ་མཚོན་ན་སློབ་སྦྱོང་། ལས་ཀའི་གནས་སྟངས། ཁྱིམ་ཚང་། རྩེད་མོ། སྤྲོ་འཁྱམ། ལུས་སྦྱོང་བཅས་ལ་འགན་ཁུར་དགོས་པས་ལྟོས་མེད་ཀྱི་འགྲོ་སྟངས་དང་ལས་ཀས་ཁུངས་མི་འཁྱོལ།
དེས་ན་བཅོས་ཐབས་ཀྱི་བྱེད་སྒོ་དེ་དག་ཡུལ་དུས་རིག་གཞུང་སོགས་སྤྱི་ཚོགས་དེ་དང་དེའི་ལམ་ལུགས་དང་མཐུན་པ་དགོས། དེ་ལྟར་ན་དགག་བྱ་ཉོན་མོངས་འགོག་པ་དང་རྣམ་པ་སྤྱི་ཚོགས་དང་མཐུན་པའི་ཆ་རྐྱེན་ལྡན་དགོས་པས་གང་རུང་གི་མཐའ་ལ་མ་ལྷུང་བ་དགོས།
༢། བཅོས་ཐབས་ཀྱི་ཚད་གཞི། དེང་རབས་སེམས་ཁམས་རིག་པས་རྒྱུན་ལྡན་གྱི་ཉོན་མོངས་རྣམས་ལ་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་དུ་ངོས་འཛིན་བྱེད་ཀྱི་མེད་མོད། ནང་དོན་རིག་པའི་ངོས་ནས་བལྟས་ན་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཉོན་མོངས་རྣམས་ནི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་སྟོབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་དེ། དབུ་མ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཞེས་དང་། མངོན་པ་མཛོད་ལས། །ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན་ཁོང་ཁྲོ་ཆུང་དུ་གཏོང་ཐབས་དང་དེ་བཞིན་སེམས་ངལ། སེམས་གཅོང་། སེམས་ནད་བཅོས་པའི་ཐབས་ཙམ་མིན་པར་ཁོང་ཁྲོ་ལྟ་བུའི་སེམས་ཁམས་དེ་ཉིད་སྤོང་བའི་ཐབས་ལམ་བཤད་ཀྱི་ཡོད། དེ་ལྟར་ན་ནང་དོན་རིག་པར་བཅོས་ཐབས་ཚད་ལྡན་ཞིག་ལ་སེམས་འཁྲུག་པ་དེ་དང་དམིིགས་རྣམ་འགལ་བ་དང་། ལྷན་གཅིག་ཏུ་མི་གནས་པའི་སེམས་ཁམས་ཤིག་ཡིན་དགོས།
དམིགས་རྣམ་འགལ་བ་ནི། སེམས་ཁམས་གཉིས་པོ་བསམ་ཚུལ་དང་ཁ་ཕྱོགས་དང་རང་ཡུལ་འཛིན་སྟངས་འགལ་འགྲོ་བ་ཞིག་དགོས་ཏེ། འདོད་རྔམ་དང་ང་རྒྱལ་གྱི་སེམས་ཁམས་གཉིས་འཛིན་སྟངས་ཀྱི་རྣམ་པ་མི་འགལ་བས་གཅིག་གིས་གཅིག་ལ་གཉེན་པོ་མི་བྱེད། གསེར་འདོད་པའི་འདོད་རྔམ་དང་ཆོག་ཤེས་ཀྱི་སེམས་ཁམས་གཉིས་རྣམ་པའི་འཛིན་སྟངས་འགལ་བས་གང་རུང་གཅིག་མེད་པ་བཟོ་ཐུབ། དེས་ན་རིག་པ་འདི་གཞི་ལ་བཞག་ནས་སེར་སྣའི་གཉེན་པོར་གཏོང་སེམས། ཁོང་ཁྲོའི་གཉེན་པོར་བཟོད་སེམས། བདག་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་སོགས་གཉེན་པོ་བསྟེན་གྱི་ཡོད། དེང་རབས་སེམས་ཁམས་རིག་པའི་ཐབས་ལམ་དང་། སེམས་གཅོང་གཟུགས་བཅོས་ཐབས་ལམ། ཀླད་ཁམས་རིག་པའི་བཅོས་ཐབས། ཞི་རགས་རྣམ་ཅན་གྱི་བསམ་གཏན། ཐུན་མོང་དྲན་པ་ཉེར་བཞག་རྣམས་ལ་གོང་གི་ཁྱད་ཆོས་གཉིས་པོ་མེད་པས་འགོ་གནོན་གྱི་གཉེན་པོ་ཙམ་ལས་སེམས་འཁྲུགས་པ་སྤོང་བའི་གཉེན་པོ་མིན། ཡིན་ནའང་རྒྱུན་ལྡན་གྱི་སེམས་ཁམས་མིན་པ་སེམས་གཅོང་དང་སེམས་ངལ་དང་སེམས་སྡུག་དང་སེམས་ནད་རྣམས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པས་སློབ་ཚན་འདི་དག་འཛམ་གླིང་གི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
ལྷན་གཅིག་ཏུ་མི་གནས་པ་ནི། བཅོས་ཐབས་དང་སེམས་འཁྲུགས་པ་གཉིས་པོ་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ལ་ལྷན་གཅིག་ཏུ་མི་གནས་པའི་འགལ་བ་ཡིན་དགོས། སྤྱིར་བཏང་ལྷན་གཅིག་མི་གནས་འགལ་གྱི་རིག་པ་འདི་འཚོ་བའི་ཁྲོད་དུ་བེད་སྤྱོད་མང་པོ་གཏོང་བཞིན་པ་རེད། དཔེར་ན་མེ་གསོད་པ་ལ་ཆུ་བེད་སྤྱོད་བྱེད་པ་ལྟ་བུ་ཡིན། རིག་པ་འདི་ག་རང་ཉམས་ལེན་སྐབས་བེད་སྤྱད་ནས་སེམས་འཁྲུག་པ་ཞི་བ་ལ་འབད་བརྩོན་བྱས་ཏེ། འདོད་རྔམ་དང་ཆོག་ཤེས་ཀྱི་སེམས་ཁམས་གཉིས་པོ་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཏུ་ཡོད་མི་སྲིད་པས་འདོད་རྔམ་གྱི་སེམས་འཁྲུག་པ་སྤོང་བ་ལ་ཆོག་ཤེས་སྐྱེ་བར་བྱེད་པ། གོང་འཕེལ་དུ་གཏོང་བ། རྒྱུན་བསྲིང་བར་བྱེད་དོ།།
༣། བཅོས་ཐབས་ཀྱི་རྣམ་གྲངས། ལ་སྔོན་མའི་བགྲོ་གླེང་ཐེངས་གསུམ་པའི་སྐབས་བསམ་ཤེས་མེད་པ། བདེན་པའི་ཨུ་ཚུགས། མ་དག་སྐྱོན་ཅན། ངོས་ལེན་མེད་པ། འདོད་རྔམས་ཆེ་བ། བློ་ཁོག་ཆུང་བ་བཅས་སེམས་ཁམས་དྲུག་གི་རྒྱུ་རྐྱེན་ཞུས་པ་ཡིན། འདི་ལོར་སེམས་འཁྲུག་པ་བཅོས་ཐབས་བཤད་པའི་སྐབས་འདིར་བཅོས་ཐབས་ནི། རང་གཞན་ལ་བསམ་ཤེས། ཐབས་མཁས་ཀྱིས་འབད་བརྩོན། ཡོན་ཏན་གྱི་དག་སྣང་། རང་སྐྱོན་ལ་ངོས་ལེན། དགོས་ངེས་ཀྱི་ཆོག་ཤེས། ཚད་ལྡན་གྱི་སྤོབས་པའི་སེམས་ཁམས་དྲུག་པོ་ཡིན། དེ་དག་གཉེན་པོའམ་བཅོས་ཐབས་ཡིན་པའི་རྒྱུ་མཚན་ནི། གོང་ཞུས་ལྟར་དམིགས་རྣམ་འགལ་བ་དང་ལྷན་གཅིག་གནས་མི་ཐུབ་པའི་རྒྱུ་མཚན་གྱིས་ཡིན། དེ་དག་རེ་རེ་ནས་བཤད་ན་མང་དྲགས་ནས་ཞིབ་ཆ་མིི་ཐོན་པ་དང་། གང་རུང་གཅིག་གིས་གཞན་ལ་འགེབས་མི་ཐུབ་པས་འདིར་གལ་ཆེན་གྱི་བཅོས་ཐབས་གཞན་ཞིག་ཞུ་བར་སྤྲོ། འདི་ཡན་ཆད་ལོ་སྔོན་མའི་བགྲོ་གླེང་ཐེངས་གསུམ་པར་སེམས་འཁྲུག་པའི་རྒྱུ་རྐྱེན་གླེང་བའི་གཏམ་གྱི་མཚམས་སྦྱར་དང་ནང་དོན་རིག་པའི་སེམས་འཁྲུག་པ་བཅོས་ཐབས་ཀྱི་སྤྱི་ཆིངས་ཙམ་བཤད་པ་ཡིན།
༤། བཅོས་ཐབས་ཀྱི་སྒོམ། བཅོས་ཐབས་གཞན་དེ་ནི། སེམས་འཁྲུགས་པ་བཅོས་ཐབས་ནང་དོན་རིག་པའི་སྒོམ་དེ་ཡིན། དེ་ཡང་གུས་པས་སྤྱི་ལོ་ ༢༠༡༣། ༡༢། ༣ ཉིན་འཇར་མན་གྱི་གྲོང་ཁྱེར་པོ་སི་ཀྲམ་ Heinrich Heine Clinic in Potsdam, Germany གྱི་སེམས་གཅོང་ལུས་བཅོས་སྨན་ཁང་དུ་སྒོམ་གྱི་སྐོར་ལ་གཏམ་བཤད་བྱས་པ་ཡི་གེར་ཕབ་ལེན་བྱས་པའི་ཚན་པ་འགའ་ཤས་འདིར་འགོད་རྒྱུ་ཡིན། སྐབས་དེར་རང་ལ་གཉིད་དང་རྣམ་གཡེང་དང་བྱིངས་པ་དང་རྒོད་པའི་སེམས་དང་འདྲེས་པའི་སྒོམ་གྱི་ཉམས་མྱོང་ཕྲན་བུ་རེ་ཡོད་པ་དེ་དག་ཆེད་དུ་བརྗོད་པའི་གཏམ་བཤད་ཙམ་ཡིན། ལུང་དང་གཞུང་བྱང་སོགས་ལོ་ཙཱ་བས་ཐད་ཀར་བསྒྱུར་བ་ལ་དཀའ་ངལ་དང་དུས་ཚོད་ངེས་ཅན་གྱི་རྐྱེན་པས་ལུང་འདྲེན་སོགས་ཀྱི་སྤྲོས་པ་གང་ཡང་བྱས་མེད། འོན་ཀྱང་ནང་དོན་རིག་པའི་ཉམས་ལེན་གྱི་གཞུང་ལ་རྒྱབ་རྟེན་བྱས་ཡོད་པས་སྐབས་འདིར་བཤད་པར་འགལ་བ་མི་འདུག་སྙམ།
དེ་ལ་དོན་ཚན་བདུན་ཡོད་པ་ལས་འདིར་འཁོ་བ་ནི་ཚན་པ་ལྔ་ཡིན།
༡། སྒོམ་གྱི་ཤེས་བྱ་ཐོག་མ། ༢། སྒོམ་གྱི་དུས་ཡུན། ༣། ལུས་ཀྱི་སྡོད་སྟངས། ༤། ཇི་ལྟར་སྒོམ་ཚུལ། ༥། རྣམ་རྟོག་འགོག་སྟངས།
དང་པོ་སྒོམ་གྱི་ཤེས་བྱ་ཐོག་མ། སྒོམ་རྒྱག་པའི་ཐོག་མར་ཤེས་དགོས་པའི་གནས་ཚུལ་གལ་ཆེན་ཞིག་ནི། ལུས་སེམས་ཀྱི་འབྲེལ་བ་འདི་ཡིན། སྤང་བྱ་ཉེས་པ་ལྔ་དང་གཉེན་པོ་འདུ་བྱེད་བརྒྱད་དང་སེམས་གནས་དགུ་དང་དངོས་གཞིའི་བསམ་གཟུགས་ཀྱི་རྣམ་གཞག་རྣམས་ནང་དོན་རིག་པའི་ཆེད་ལས་པར་ཤེས་བྱ་གལ་ཆེན་ཡིན་རུང་། སྤྱིར་བཏང་སྒོམ་རྒྱག་མཁན་ཞིག་ལ་དེ་ཙམ་གྱི་ཉེར་མཁོ་མིན། སེམས་ངལ་དང་སེམས་ནད་དང་སེམས་སྡུག་སོགས་ཀྱི་དཀའ་ངལ་སེལ་བའི་སྒོམ་ལ་དོ་སྣང་ཡོད་མཁན་ཞིག་གིས་ངེས་པར་དུ་ཤེས་དགོས་པ་ནི། ལུས་སེམས་ཀྱི་འབྲེལ་བ་དེ་ཡིན། ལུས་དང་སེམས་གཉིས་ནི་གཟུགས་དང་གྲིབ་མ་བཞིན་དུ་འབྲལ་མེད་དུ་གནས་པས་ཧ་ཅང་གི་འབྲེལ་བ་དམ་ཟབ་ཡོད། སེམས་ཀྱིས་སྒོམ་རྒྱག་པར་ལུས་ལ་ལྟོས་དགོས་པ་ཞིག་དང་ལུས་ཀྱི་དཀའ་ངལ་སེལ་བ་ལ་སེམས་ལ་ལྟོས་དགོས་ཀྱི་ཡོད། སེམས་ལ་སྐྱིད་སྣང་ཡོད་པའི་སྐབས་ལུས་ཀྱི་རྣམ་འགྱུར་ཆེད་དུ་བཅོས་དགོས་མེད་པར་རང་བཞིན་གྱིས་དགའ་བའི་རྣམ་འགྱུར་ཐོན་གྱི་ཡོད། དེ་ནི་ལུས་སེམས་གཉིས་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་མཚན་ཡིན། སྒོམ་གྱི་དཔེ་ཆ་རྣམས་སུ་ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་དྲང་ཞེས་གསུངས་ཡོད་པས་ལུས་སེམས་གཉིས་ཀར་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་བསྟན་པ་ཡིན།
དེ་ལྟར་ན་སྒོམ་གཙོ་བོ་སེམས་ལ་རག་ལས་པས་ལུས་ཀྱི་གནས་སྟངས་ལ་ལྟོས་མི་དགོས་ཟེར་བ་རྣམས་ནི་སྒོམ་ལ་ཉམས་མྱོང་རྩ་བ་ནས་མེད་པའི་རྟགས་གཅིག་རེད། དེ་འདྲ་ཡིན་དུས་སྒོམ་རྒྱག་སྐབས་ལུས་ཀྱི་སྡོད་སྟངས་དང་སེམས་འཇོག་སྟངས་གཉིས་ཀར་དོ་སྣང་བྱེད་དགོས། ལུས་སྡོད་སྟངས་ཚུལ་བཞིན་བྱས་པས་རྩ་དྲང་། རྩ་དྲང་བས་རྩ་ལ་རྒྱུ་བའི་རླུང་གི་གཡོ་བ་ཆ་སྙོམས། རླུང་གི་གཡོ་བ་མཉམ་པས་རླུང་གིས་དྲངས་པའི་བརླན་གཤེར་གྱི་འཁོར་བསྐྱོད་ཆ་སྙོམས། རྩ་དང་རླུང་དང་བརླན་གཤེར་གསུམ་གྱི་བྱེད་ལས་ཚད་ལྡན་བྱུང་ན་དེ་དག་དང་འབྲེལ་བའི་སེམས་ཁམས་རྒྱུན་ལྡན་གྱི་ལྷོད་ཆ་དོད་པ་ཞིག་ཡོང་། ལྷོད་ཆ་ལྡན་པའི་སེམས་ཁམས་དེ་གཞི་ལ་བཞག་ཏེ་སྒོམ་ན་བདེ་བ་དང་གསལ་བ་དང་དྭངས་པ་དང་བརྟན་པ་དང་རྩལ་ཡང་པ་བཅས་སྒོམ་གྱི་ཡོན་ཏན་རྣམས་ཡོང་ཚོད་རེད། དེ་ལྟར་ལུས་སེམས་བར་དུ་འབྲེལ་ལམ་ཟབ་པོ་ཡོད་པས་ལུས་སེམས་གཉིས་ཀར་དོ་སྣང་བྱེད་དགོས།
གཉིས་པ་སྒོམ་གྱི་དུས་ཡུན། ལས་དང་པོ་བ་ཡིན་ན་ཨུ་ཚུགས་ཀྱིས་དུས་ཡུན་རིང་པོོར་སྒོམ་རྒྱག་པ་ཙམ་གྱིས་ཕན་ཐོགས་མེད། ཡང་ཧ་ཅང་དུས་ཡུན་ཐུང་ན་གོམས་འདྲིས་མི་ཡོང་། དེས་ན་ལུས་དང་། སེམས། ཁོར་ཡུག་ཚོར་བ་དང་བསྟུན་པའི་ཐོག་ནས་ཡུན་ཐུང་གྲངས་མང་གི་སྒོམ་རྒྱག་དགོས། རིམ་པས་ཡུན་རིང་ལ་གྲངས་ཉུང་བའི་སྒོམ་ལ་སློབས། ཡུན་ཐུང་གྲངས་མང་འདི་ལས་དང་པོ་རྣམས་ལ་སེམས་ངལ་དང་སེམས་ནད་སྔོན་འགོག་གི་བསླབ་བྱ་གནད་ལ་ཁེལ་བ་ཞིག་ཡིན། གལ་སྲིད་ཁྱེད་ཀྱིས་ཆུ་ཚོད་ཕྱེད་སྒོམ་རྒྱག་དགོས་ན་སྐར་མ་ལྔ་སྒོམ་རྒྱོབས། དེ་ནས་སྐར་མ་གཅིག་ཙམ་ངལ་གསོས། ཡང་འགོ་བཙུགས་ཏེ་སྐར་མ་ལྔ་སྒོམ་པ་སོགས་སྤེལ་མས་སྦྱོང་བརྡར་བྱེད་དགོས། སྦྱངས་པ་ཐོན་རིམ་བཞིན་དུ་སྒོམ་ཡུན་རིང་དུ་དང་གྲངས་ཉུང་དུ་གཏོང་། སྒོམ་ལ་ཉམས་མྱོང་ཚད་ལྡན་བྱུང་ན་སྒོམ་ཡུན་གཅིག་གིས་ཆུ་ཚོད་གསུམ་བཞི་སྒོམ་རྒྱག་ཐུབ་པར་བཤད། སྒོམ་གྱི་སློབ་དཔོན་ཚད་ལྡན་རྣམས་ལ་སྒོམ་དང་མ་འབྲེལ་བའི་དུས་མེད་པ་གསུང་རབ་རྣམས་སུ་གསལ།
གསུམ་པ་ལུས་ཀྱི་སྡོད་སྟངས། གསུང་རབ་ཀྱི་ནང་དུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་སྟངས་བཅའ་དགོས་པར་གསུངས། གལ་སྲིད་རྣམ་གྲངས་བདུན་པོ་མི་དྲན་པ་དང་ཡང་ན་ཐོས་མྱོང་མེད་པ་རྣམས་ཀྱིས་དང་པོ་རྡོ་རྗེ་སྐྱིལ་ཀྲུང་དང་ཕྱེད་སྐྱིལ་གང་རུང་བཅའ། དེ་གཉིས་གང་ཡང་མི་ནུས་ན་ཨུ་ཚུགས་མ་བྱེད། ཨུ་ཚུགས་ཀྱིས་ལུས་ཀྱི་རྒྱུས་པ་མཁྲེགས་པོ་ཆགས་ནས་གང་མཚམས་སུ་ལུས་ཀྱི་རྩ་དང་རྒྱུས་པ་གྱོང་པོར་སོང་ནས་རླུང་ཁྲག་ཆུ་སེར་སོགས་ཀྱི་འཁོར་སྐྱོད་ཇི་བཞིན་འགྲོ་མི་ཐུབ། དེ་མ་ཐུབ་ན་ལུས་ལ་ལྷོད་ཆ་མི་ཡོང་། ལུས་ལ་ལྷོད་ཆ་མེད་པས་སེམས་རྩེ་གཅིག་ཏུ་གནས་པ་ལ་བར་ཆད་དུ་འགྲོ་བས་ཕན་ཐོགས་གང་ཡང་མེད། དེ་ལས་རྐུབ་སྟེགས་ཐོག་བཞུགས་ན་ལེགས། དེ་ནས་རྒྱབ་ཚིགས་དྲང་པོར་སྲོངས། དེ་ཡང་ཀ་བ་དྲང་པོ་ཞིག་བཙུགས་ནས་གུར་ཕུབ་པ་ལྟར་དགོས། གུར་གྱི་རས་ལ་ལྷོད་ཆ་ཡོད་པ་བཞིན་རྒྱབ་ཚིགས་དྲང་ལ་རྒྱུས་པ་རྣམས་ལ་ལྷོད་ཆ་དགོས། ཧ་ཅང་བསྒྲིམས་ནས་དྲང་ཚུགས་སུ་བསྡད་ན་སྐར་ཆ་ ༡༠ ལྷག་སྡོད་མི་ཐུབ། རྒྱབ་ཚིགས་དྲང་ལ་ཡན་ལག་རྣམས་ལ་ལྷོད་ཆ་ལྡན་པ་གཉིས་ཀྱི་ཐོག་ནས་ལུས་ཀྱི་སྡོད་སྟངས་བཅའ་དགོས། འདི་ལྟར་བྱས་ན་རྒྱུན་རིང་པོ་སྡོད་ཐུབ་པར་ཕན་ཐོགས།
བཞི་པ་ཇི་ལྟར་སྒོམ་པའི་ཚུལ། སྒོམ་ཚུལ་ལ་སེམས་རྣལ་དུ་འབབ་པ་དང་། ཞི་ལྷག་སྒོམ་པ་གཉིས་ཡོད། དང་པོ་སེམས་རྣལ་དུ་འབབ་པ་ནི། ཟ་ར་ཟི་རེའི་སེམས་རྒོད་པོ་སྤྲེའུ་ལྟ་བུ་དང་། ཀུན་སློང་དྲག་པོ་སྟག་ལྟ་བུ། སེམས་བྱིངས་པ་ཕག་ལྟ་བུ་རྣམས་རྣལ་དུ་འབབ་དགོས། དེ་ཡང་སྤྲེའུ་ལྟ་བུ་ཟ་རི་ཟི་རི་དང་ཚ་གེ་ཚི་གེའི་སེམས་ཀྱིས་སྒོམ་ན་དུས་ཡུན་ཅུང་ཟད་རྗེས་སུ་གདན་མི་བདེ་བ། ལུས་ཀྱི་སྡོད་སྟངས་མ་འགྲིག་པ། ལས་ཀ་ལས་འཕྲོ་ལུས་པ། ལས་ཀ་དང་འབྲེལ་བའི་རྣམ་རྟོག་མཚམས་བཅད་མ་ཐུབ་པ་སོགས་ཀྱིས་དངོས་གཞི་སྒོམ་གྱི་སྐབས་སུ་གཞི་ནས་སེམས་རྣལ་དུ་འབེབ་དགོས་པས་སྒོམ་ཇི་བཞིན་རྒྱག་མི་ཐུབ།
ཡང་སྟག་ལྟ་བུ་ཤུགས་དྲག་པོས་གཟབ་གཟབ་དང་གཡེང་རྒྱུ་མེད་བསམ་པ་སོགས་ཀུན་སློང་དྲག་པོས་སྒོམ་རྒྱུ་མེད། དངོས་གཞིའི་སྐབས་གུ་དོག་པོའི་ཚོར་སྣང་དང་ཐང་ཡང་ཡང་ཆད་པས་ཀུན་སློང་ཤུགས་མ་ཆེ། ཡང་ཕག་ལྟ་བུ་ཧ་ཅང་སེམས་དུབ་དང་བྱིངས་པའི་ཐོག་ནས་སྒོམ་ན་སྤྲོ་སྣང་མི་ཡོང་། སྤྲོ་སྣང་མེད་ན་སྒོམ་ལ་ཡར་བསྐྱེད་འགྲོ་མི་ཐུབ། གང་ལྟར་བསྡད་མ་ཐག་ནས་མ་སྒོམ་པར་སྐར་མ་གཅིག་ཙམ་གྱི་རིང་དབུགས་འབྱིན་རྔུབ་ལྷོད་པོས་ལུས་སེམས་གཉིས་ལ་དྲན་པ་ཉེ་བར་བཞག་ནས་རྣལ་དུ་ཕབ། ལུས་སེམས་གཉིས་པོ་ལྷོད་དུ་གཏོང་། འཇམ་པོར་ཞོག རིམ་གྱིས་དུས་རྒྱུན་དང་མི་འདྲ་བའི་ལུས་སེམས་རླུང་གི་འཁོར་བསྐྱོད་རྣམས་ལ་ཞིབ་ཕྲ་ནས་མྱོང་ཐུབ། གང་མཚམས་ནས་རྒྱུན་དུ་དོ་སྣང་མ་བྱུང་བའི་སེམས་ལ་རང་བཞིན་གྱིས་ལྷོད་ཤིག་གེ དྭངས་སེང་ངེ་། དྲོད་མོལ་ལེ། འཇམ་ཐིང་ངེ་བའི་མྱོང་བ་ཞིག་ཡོང་གི་ཡོད། མྱོང་ཚོར་འདི་ག་རང་གི་ཐོག་ནས་རྒྱུན་ལྡན་མིན་པའི་སེམས་ནད་དང་། སེམས་སྡུག སེམས་ངལ། སེམས་ཕམ། སེམས་གཅོང་གི་ནད་རྣམས་སེལ་ཐུབ་ཀྱི་ཡོད་པས་དེང་རབས་སེམས་ཁམས་རིག་པའི་སྒོམ་གྱི་བསླབ་བྱ་འདོན་སའང་འདི་ཡིན། མྱོང་ཚོར་འདི་ལས་གོང་དུ་ཕྱིན་མི་འདུག་སྙམ། རྒྱུ་མཚན་དེའི་ཕྱིར་སེམས་ཁམས་རིག་པ་བ་རྣམས་ཀྱིས་ནང་དོན་རིག་པའི་སྒོམ་ལས་དྲན་པ་ཉེར་བཞག་བཞི་དང་དེའི་ནང་ནས་ལུས་དྲན་པ་ཉེར་བཞག་རྩལ་འདོན་བྱེད་དོན་འདི་ཡིན། ནང་དོན་རིག་པའི་སྒོམ་ཆེན་ཞིག་གི་ངོས་ནས་བཤད་ན། འདི་ལྟ་བུའི་མྱོང་ཚོར་ལྡན་པའི་སེམས་གནས་འདི་ནི་སྒོམ་གྱི་འཇུག་སྒོ་ཙམ་དང་། སྒོམ་གྱི་ཕན་ཡོན་ལ་མྱོང་བ་དང་པོ་སྐྱེ་བ་ཙམ་ཡིན་པས་མཐའ་ན་འདོད་སེམས་རྩེ་གཅིག་པའང་མིན། མདོར་ན་སེམས་གནས་འདི་ལ་རྣལ་དུ་ཕབ་ནས་མཉམ་པར་བཞག་དགོས།
གཉིས་པ་དངོས་གཞི་ཞི་ལྷག་སྒོམ་པ་ནི། ཞི་གནས་སྒོམ་ཚུལ་ཞིག་ཞུས་ན། དམིགས་རྟེན་དེ་ལ་རང་རང་གི་ཆོས་ལུགས་ཀྱི་སྟོན་པའི་སྐུའམ་འདྲ་པར་སོར་བཞི་ཙམ་ཞིག་ལ་དམིགས་པ་གཏད། ཡང་ན་མེ་ཏོག་སོགས་ཡིད་དབང་འཕྲོག་ཐུབ་པའི་དངོས་པོ་ཞིག་ལ་དམིགས་པ་བཟུང་། དམིགས་གཏད་གང་ཡིན་རུང་དགེ་བའི་སེམས་དང་མཐུན་པ་ཞིག་དང་གལ་ཆེ་བ་ཞིག་ལ་མིག་གི་དབང་པོ་ལ་མི་གནོད་པའི་ཁ་དོག་དགོས། སངས་རྒྱས་རྗེས་འཇུག་པ་ཚོས་སྟོན་པ་ཐུབ་པའི་དབང་པོའི་སྐུ་ལ་དམིགས་པ་བཟུང་། སྐུ་དེ་ཐུགས་སྐྱོ་བའི་རྣམ་པ་སོགས་གང་ཡང་མེད་པར་ཧ་ཅང་དགྱེས་ཉམས་དང་ཞི་ཉམས་ཀྱི་ངང་དུ་བཞུགས་པ་ཞིག་དགོས། སྐུ་ཆེ་དྲགས་ན་མིག་ལམ་དུ་སྐུ་ཡོངས་རྫོགས་འཆར་མི་ཐུབ། ཡར་དབུ་ལ་བལྟས་ན་ཞབས་མི་མཐོང་། ཞབས་ལ་བལྟས་ན་དབུ་མི་མཐོང་བ་སོགས་མིག་གི་བལྟ་སྟངས་གཅིག་གིས་སྐུ་གཟུགས་ཡོངས་རྫོགས་མཐོང་མི་ཐུབ། དེས་ན་ལྟ་སྟངས་གཅིག་གིས་ཡོངས་རྫོགས་མཐོང་ཐུབ་པ་ཞིག་དགོས་པས་སོར་བཞི་ལས་ཆེ་མི་རུང་། དེ་ལས་ཆུང་ན་གལ་ཆེ་བའི་སྐུ་གཟུགས་ཀྱི་ཆ་ཤས་སྤྱན་ལྟ་བུ་མཐོང་མི་ཐུབ། སྐུ་རྟེན་དེ་ལ་དུས་གསུམ་གྱི་རྣམ་རྟོག་བཀག་ནས་བྱིངས་རྒོད་གཉིས་དང་བྲལ་བའི་སེམས་ཀྱིས་ངང་སྐྱོང་དགོས། དེ་ཞི་གནས་སྒོམ་ཚུལ་གཅིག་ཡིན།
ལྷག་མཐོང་སྒོམ་ཚུལ་ནི། ཡུལ་གྱི་གནས་ལུགས་ཚུལ་བཞིན་མཐོང་ན་རྟོག་པ་ཆེད་དུ་འགོག་མི་དགོས་པར་རྟོག་པ་རང་ཞིག་ཏུ་འགྲོ། དེ་ཡང་རྟོག་པའི་འགྲོ་སྟངས་འདི་ཡོད་མེད་དང་བཟང་ངན། ཡིན་མིན་དང་གཙང་མི་གཙང་སོགས་སུ་ཞེན་ན་རྣམ་རྟོག་སྐྱེ། དེ་ལྟར་ཞེན་པའི་སྤྲོས་པ་དེ་དག་ཡུལ་གྱི་སྟེང་དུ་ཡོད་མེད་དོན་ལ་དཔྱོད་རིགས་པས་དཔྱད་ན་འགའ་ཤས་གོམས་གཤིས། འགའ་ཤས་རིག་གཞུང་། འགའ་ཤས་ཆོས་ལུགས། འགའ་ཤས་རང་གི་བསམ་ཚུལ་སོགས་ཀྱིས་ཐག་གཅོད་བྱས་པ་ལས་ཡུལ་གྱི་སྟེང་དུ་བཟང་ངན་དང་ཡོད་མེད་དང་ཡིན་མིན་སོགས་ཀྱི་སྤྲོས་པ་མ་གྲུབ། དོན་འདི་ལ་ཐེག་ཆེན་ནང་དོན་རིགས་པའི་གཞུང་དུ་སྟོང་ཉིད་ཅེས་བརྗོད་ཀྱི་ཡོད། དངོས་ཁམས་ཚན་རིག་པའི་སྡེ་ཚན་ཀོན་ཌམ་ཕི་སིག་སེའི་མཁས་དབང་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་རླབས་དང་ནུས་པའི་རང་བཞིན་ལས་དུས་རྒྱུན་མཐོང་བ་དང་ཐོས་པའི་རྣམ་པ་ལས་འདས་པར་གསུངས་པ་རྣམས་ཕལ་ཆེར་གནད་དོན་གཅིག་པ་དང་སྟོང་ཉིད་དང་ཉེ་བའི་ལྟ་བ་རེད། རྣམ་པ་ཇི་ལྟར་སྣང་ཡང་དོན་ལ་སྤྲོས་པ་དང་བྲལ་བའི་གནས་སྟངས་འདི་ལྟར་རྟོགས་ན་རྣམ་རྟོག་རང་ཞིག་ཏུ་འགྲོ། རང་ཞིག་ཏུ་གྱུར་པའི་ངང་དུ་གནས་ནས་སྒོམ་པ་ནི་རྣམ་རྟོག་བྲལ་བའི་སྒོམ་པ་མཆོག་ཏུ་གྱུར་པ་ཡིན། འདི་ལ་སྟོང་ཉིད་སྒོམ་པ་ཞེས་བརྗོད། སྒོམ་འདི་ཡིས་སེམས་སྡུག་དང་། གནོན་ཤུགས་དང་། ལས་ཀའི་སྐྱོ་བ། སེམས་ཕམ། བྲེལ་ཟིང་། ཐང་ཆད་པ་སོགས་རྒྱུན་ལྡན་མིན་པའི་སེམས་ཀྱི་དཀའ་ངལ་སེལ་བ་ཙམ་དུ་མ་ཟད་རྒྱུན་ལྡན་གྱི་ཉོན་མོངས་སྤོང་བའི་གཉེན་པོ་དངོས་འདི་ཡིན། འདི་ལྟར་སྒོམ་ན་གོང་དུ་སེམས་རྣལ་དུ་ཕབ་པའི་ཕན་ཡོན་འཇམ་ལ་ལྷོད་པའི་མྱོང་ཚོར་ཙམ་མིིན་པར་རྒྱུན་ལྡན་གྱི་ཉོན་མོངས་རིམ་གྱིས་ཟད་ནས་བདེ་གསལ་མི་རྟོག་ལ་མྱོང་བ་ཐོན་པ་སོགས་སྒོམ་གྱི་མཆོག་ཡིན།
༥། རྣམ་རྟོག་འགོག་སྟངས། དགག་བྱ་རྣམ་རྟོག་ནི། དུས་གསུམ་དང་འབྲེལ་བའི་རྣམ་རྟོག་ཡིན། ཐ་སྙད་འདི་གོ་བདེ་བོ་ཡོད། ཐ་སྙད་གཞན་རྣམས་ནི་ནང་དོན་རིག་པའི་ལྟ་གྲུབ་དང་འབྲེལ་ནས་གོ་བ་ལེན་དགོས་པས་གོ་དཀའ་བ་ཡོད། དུས་གསུམ་དང་འབྲེལ་བའི་རྣམ་རྟོག་ནི། ང་ཚོའི་ནམ་རྒྱུན་གྱི་སེམས་ཀྱི་གནས་སྟངས་ནི་འདས་པའི་ལོ་རྒྱུས་རྗེས་སུ་དྲན་པའི་རྣམ་རྟོག་དང་། མ་འོངས་པའི་འཆར་གཞི་དང་འབྲེལ་བའི་རྟོག་པ། ད་ལྟ་ཡུལ་ལ་ཡིན་མིན། ཡོད་མེད། གཅིག་དུ་མ། བདེན་རྫུན་སོགས་ཀྱི་འཛིན་པ་དང་འབྲེལ་བའི་རྣམ་རྟོག་རྣམས་ཡིན། དམིགས་ཡུལ་ཡོད་མེད་དང་། ལྟ་བ་ཡོད་མེད། ལྷ་རྣམ་ཡོད་མེད་གང་སྒོམ་ནའང་རྣམ་རྟོག་གསུམ་གྱི་དབང་དུ་མ་སོང་བ་དགོས། དེ་ལྟ་བུའི་རྣམ་རྟོག་འགོག་སྟངས་ལ། ཐད་ཀར་བཀག་པ། ཅེར་གྱིས་ལྟ་བ། ལྷོད་ཀྱིས་བཞག་པ་དང་གསུམ་ཡོད།
དང་པོ་ཐད་ཀར་འགོག་པ་ནི། སེམས་གཡེང་བ་ཤེས་མ་ཐག་སེམས་བཀུག་ནས་རྩེ་གཅིག་ཏུ་གནས་པ་དེ་རང་ཡིན་པས་རྒྱས་བཤད་མི་དགོས།
གཉིས་པ་ཅེར་གྱིས་བལྟ་བ་ནི། རྣམ་རྟོག་འགོག་པའི་འབད་རྩོལ་ཤུགས་ཆེ་ན་སེམས་རྩེ་གཅིག་ཏུ་གནས་པ་ལ་ཕན་མི་ཐོགས་པ་མ་ཟད་སེམས་ནད་བཟོ་སྲིད། གང་ཡིན་ཟེར་ན་ཨུ་ཚུགས་བྱས་ན་སེམས་ལྷོད་པར་མི་གནས། ལྷོད་ཆ་མེད་པའི་སེམས་ལ་སྒོམ་ཡོང་ཐབས་མེད། སྐབས་རེ་ཐང་ཆད་འུ་ཐུག་ནས་སྒོམ་རྒྱག་ཐུབ་ས་མ་རེད་བསམ་པ་དང་། སྐབས་རེ་སེམས་གུ་དོག་པོའི་ཚོར་སྣང་ཡོང་གི་ཡོད། དཀའ་ངལ་འདི་ཨུ་ཚུགས་ཆེ་དྲགས་ནས་ཡོང་གི་ཡོད་པས་སེམས་ལྷོད་དུ་གཏོང་དགོས་པ་གལ་ཆེན་པོ་ཡིན། སེམས་འདི་བྱིས་པ་ཆུང་ཆུང་དང་ཧ་ཅང་འདྲ་སྟེ། བསམ་པ་དང་དྲན་དུ་བཅུག་ན་དྲན་རྒྱུ་དང་བསམ་རྒྱུ་མེད་པ། མི་དྲན་མི་བསམ་སྙམ་ན་དྲན་པ་དང་བསམ་བློར་འཁོར་ཡོང་བ་ཞིག་རེད། མདོར་ན་འགུག་ཐབས་བྱས་ན་ཕར་རྣམ་རྟོག་གི་དབང་དུ་ཤོར། རྣམ་རྟོག་གི་དབང་དུ་གཏང་ན་རྣམ་རྟོག་རྒྱུན་ཆད་འགྲོ། དེ་ལྟར་ན་རྣམ་རྟོག་མང་བའི་སྐབས་ལ་རྣམ་རྟོག་གི་ཡུལ་དེ་དག་བཙན་པོ་དབང་ཡོད་ཀྱི་ཐོག་ནས་སེམས་ལ་ཤར་ཡོང་གི་ཡོད། དེ་དུས་རྣམ་རྟོག་འགོག་ཐབས་སུ་འབད་བརྩོན་ཤུགས་ཆེན་བྱས་ན་འགྲན་སྡུར་ཆེན་པོ་ཞིག་བྱེད་ཀྱི་ཡོད་པའི་ཚོར་སྣང་སྐྱེ། གནས་སྐབས་འདི་ལྟ་བུ་ལ་རྣམ་རྟོག་ལ་ཅེར་གྱིས་ལྟ་དགོས། དེ་ཡང་རྣམ་རྟོག་ཇི་ཙམ་བཀག་ཀྱང་མི་ཁེགས་པར་ཤར་གྱི་འདུག་ན་ཤར་དུ་བཅུག་ནས་རྣམ་རྟོག་གང་ཤར་ངོས་བཟུང་བའི་ཐོག་ནས་ལྟད་མོ་ལྟོས། ལྟད་མོ་ལྟ་བཞིན་པའི་ངང་ནས་རྣམ་རྟོག་རང་ཞིག་ཏུ་འགྲོ་བས་ཆེད་དུ་འགོག་མི་དགོས། དཔེར་ན་སྤྲེའུ་བཟུང་ན་མི་སྡོད་པར་འཕག་ཚག་རྒྱག་པ་དང་བཏང་ན་འཕག་ཚག་གང་འཚམ་བརྒྱབ་ནས་སྡོད་པ་ལྟ་བུ་ཡིན།
གསུམ་པ་ལྷོད་ཀྱིས་བཞག་པ་ནི། དམིགས་ཡུལ་དེ་ལ་རྣམ་རྟོག་གིས་བཟོ་བཅོས་མ་བྱེད། དཔེར་ན་ཆུ་མ་དཀྲུགས་ན་དྭངས། སེམས་མ་བཅོས་ན་དྭངས། ཞེས་པ་ལྟར་ཆུ་དྭངས་མ་བཟོ་བའི་ཆེད་དུ་དཀྲུགས་ན་སྙོག་པ་ཆེ་རུ་འགྲོ་མ་དཀྲུགས་པར་བཞག་ན་རང་བཞིན་གྱིས་དྭངས་འགྲོ་བ་བཞིན་རྣམ་རྟོག་གིས་མ་གཡེང་བ་ཙམ་དུ་བཟང་ངན་སོགས་ཀྱི་འཆར་སྒོ་མང་པོས་མ་བཅོས་པར་བཞག་དགོས། དེ་ལྟར་ཐད་ཀར་བཀག་པ། ཅེར་གྱིས་ལྟ་བ། ལྷོད་ཀྱིས་བཞག་པ་གསུམ་གྱིས་སྒོམ་རྒྱག་དགོས་པ་ཡིན་ནོ། །འདིར་གང་བཤད་པའི་དགེ་བས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སེམས་འཁྲུག་པ་ཞི་བའི་རྒྱུ་རུ་བསྔོ།། །།
-- འདི་ནི་ “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་གསུང་བཤད་ཕྱོགས་སྒྲིག” ཞེས་པའི་དེབ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 02.11.2018 ཉིན། 3:20 PM
<< སྔ་མ།