བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་མཛད་སྒོ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.03.2014 |
བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་མཛད་སྒོ།
བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ང་གསུམ་འཁོར་བའི་དུས་དྲན་མཛད་སྒོ་དེ་འདི་ལོའི་ཕྱི་ཟླ་༣ ཚེས་༢༣ གྱི་ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྲུང་བརྩི་ཞུས་བ་རེད། དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕེབས་ཡོད་པ་དང་། གཞན་ཡང་བོད་མིའི་སྒྲིག་འཛུཊ་ཀྱི་ཁྲིམས་ཞིབ་པ་ཆེ་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་། འོས་བསྡུ་ལྷན་ཁང་གི་འགན་འཛིན། ཕྱི་དྲིལ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སྐུ་མགྲོན། དེ་བཞིན་རང་རེ་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་དབུ་འཛིན་གཙོས་སྐུ་བཅར་སྨན་པ་རྣམ་པ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། སྡེ་ཚན་ཁག་གི་འགན་འཛིན། དགེ་སློབ་ལས་བྱེད་དང་ལས་ཟུར། གསར་འགོད་པ་བཅས་མི་གྲངས་༢༠༠ བརྒལ་བ་འདུ་འཛོམས་གནང་ཡོད།
མཛད་སྒོའི་ཉིན་དེར་སྔ་དྲོ་ཕྱག་ཚོད་༡༠་༢༠སྟེང་མཐོ་སློབ་ཚོགས་ཁང་དུ་ལྷན་དུ་འཛོམས་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་རྗེས་དྲན་དང་མྱ་ངན་གུས་བཏུད་མཚོན་བྱེད་ངག་བཅད་སྐར་མ་གཅིག་རིང་བྱས་སོང་། དེ་ནས་སོ་སོའི་ཞབས་སྟེགས་སྟེང་འཁོད་མཚམས་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུ་བ་དང་སྦྲགས་གཡུ་ཐོག་གསོལ་འདེབས་དབྱངས་རྟ་དང་བཅས་འདོན་གནང་མཛད་སོང་།
བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་དབུ་འཛིན་ཕུ་རི་ཚེ་རིང་བཀྲ་ཤིས་མཆོག་གིས་ སྨན་རྩིས་ཁང་བཙུགས་ནས་ལོ་ངོ་༥༣ སོང་བའི་ནང་ཕྱི་ནང་མི་རིགས་མང་པོས་སྨན་རྩིས་ཁང་གི་ལས་བྱེད་དང་ལས་གཞི་ལ་དགའ་མོས་དང་རྒྱབ་སྐྱོར་བསྔགས་བརྗོད་ཞུ་མུས་ཀྱང་སྨན་རྩིས་ཁང་ལ་གོ་སྐབས་ཡོད་པ་ལྟར་ཇི་བཞིན་སྒྲུབ་ཐུབ་ཀྱི་མེད་པའི་ཐུགས་ཚབས་ྋགོང་ས་མཆོག་ལ་ཡོད་པའི་སྐོར་སྨན་རྩིས་ཁང་གི་ལས་སློབ་ཚོགས་འདུའི་སྐབས་དུས་ནས་དུས་སུ་བརྗོད་རྒྱུ་བྱུང་བ་ལྟར། དེ་རིང་གི་མཛད་སྒོ་འདིའི་ཐོག་ལའང་བསྐྱར་ཟློས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། ཕྱི་ལོ་༡༩༦༡ ཟླ་༣ ཚེས་༢༣ ཉིན་བྱེས་སུ་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་བ་རེད། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ རེས་གཟའ་ལྷག་པ་ནས་བཟུང་རྒྱ་གར་གྱིས་གཙོས་རྒྱལ་སྤྱིའི་གྲོང་ཁྱེར་ཁ་ཤས་སུ་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གཞི་རྒྱ་ཆེ་བའི་ལས་རིམ་གོ་སྒྲིག་གནང་མུས་ཡིན། དུས་དྲན་སྲུང་བརྩི་ཞུ་རྒྱུའི་དགོས་དངུལ་ས་བོན་དུ་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་སོ་སོས་གླ་ཕོགས་ནས་ཆུ་ཚོད་བརྒྱ་ཐམ་པའི་འབབ་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་བསྐུལ་ཞུས་པ་བཞིན་ལས་བྱེད་དང་ལས་མི་བཅས་ནས་ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༥ བར་ཞལ་འདེབས་ཕུལ་འབྱོར་ཟིན་པ་ཧིན་སྒོར་ས་ཡ་གསུམ་དང་ཕྱེད་ཀ་ཙམ་དང་ད་དུང་ཡོང་མུས་རེད། དེ་བཞིན་སྨན་རྩིས་སློབ་ཕྲུག་ཚོས་ཀྱང་ཆ་ཤས་ལེན་རྒྱུར་ལས་ཀའི་འཆར་གཞི་བཀོད་ཡོད་ཅེས་གསུངས་སོང་།
དེ་ནས་ཁོང་གིས་རིན་ཆེན་རིལ་བུའི་སྐོར་ལ་གསལ་བཤད་དེ་འདྲ་ཞིག་གནང་སོང་། བློ་ཕམ་པའི་གནས་ཚུལ་ཞིག་ལ་སྨན་རྩིས་ཁང་གི་མཚན་བྱང་ཐོག་ནས་རིན་ཆེན་རིལ་བུ་རྗུན་མ་ཞིག་ཐོན་ཏེ་བལ་ཡུལ་རྒྱལ་ས་དང་། ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོ། སོག་ཡུལ་རྒྱལ་ས་ཨུ་ལན་སྦ་ཏོར། བོད་ཀྱི་རྒྱལ་ས་ལྷ་ས། མདོ་སྨད་ཁུལ། ལྷག་པར་རྒྱ་རིགས་ནང་པ་ཚོར་རིན་ཆེན་རིལ་བུ་རྫུན་མ་དེ་གོང་ཧ་ཅང་ཆེན་པོ་བྱས་ཏེ་ཚོང་འགྲེམས་བྱེད་ཀྱི་ཡོད་འདུག ཚོང་འགྲེམས་བྱེད་སྟངས་ཀྱི་གནས་ཚུལ་ཡང་ཤེས་ཀྱི་ཡོད་ལ་ད་དུང་གནས་ཚུལ་བསྡུ་རུབ་བྱེད་བཞིན་ཡོད། རིན་ཆེན་རིལ་བུ་རྫུན་མ་བཟོ་མཁན་རྩད་གཅོད་ཐུབ་ཚེ་ས་གནས་ལ་ཁྲིམས་གཏུགས་བྱ་རྒྱུར་ངེས་པ་ཡིན་ཞེས་གསུངས་སོང་། (འགན་འཛིན་མཆོག་གི་གསུང་བཤད་ཆ་ཚད་གཟིགས་འདོད་ན་འདིར་བསྣུན།)
སྐུ་ངོ་དྲུང་ཆེ་མཆོག་ནས་སྨན་རྩིས་ཁང་དུ་ཞབས་ལོ་སུམ་ཅུ་སོན་པ་གཅིག་དང་། ཞབས་ལོ་ཉི་ཤུ་འཁོར་བ་གྲངས་བཅུ་བདུན་གྱི་ལོ་རྒྱུས་སྙིང་བསྡུས་རེ་རེ་སྒྲོགས་སྦྱང་བྱེད་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་ཁོང་རྣམས་ལ་གཟེངས་རྟགས་གནང་སོང་། སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ཀྱིས་སྨན་པ་སྐབས་༡༢ ནས་སྨན་རམས་པ་ཆུང་བར་རྒྱུགས་འབུལ་མཁན་གྱི་རྒྱུགས་འབྲས་རྩེ་ཕུད་གསུམ་དང་། གཞན་ཡང་སྨན་སློབ་སྐབས་༡༦ དང་རྩིས་སློབ་སྐབས་༨ པ་བསླབ་པ་མཐར་སོན་པའི་ནང་ནས་རྒྱུགས་འབྲས་རྩེ་ཕུད་གསུམ། དེ་བཞིན་སློབ་གཉེར་བྱེད་བཞིན་པའི་སྨན་སློབ་སྐབས་༡༧ དང་༡༨ དེ་བཞིན་རྩིས་སློབ་སྐབས་༩ བཅས་ཀྱི་ལོ་འཁོར་རྒྱུགས་འབྲས་རྩེ་ཕུད་གསུམ་བཅས་ཀྱི་མིང་གཞུང་སྒྲོགས་སྦྱང་གནང་བ་དང་སྦྲགས་སྐུ་མགྲོན་གཙོ་བོ་མཆོག་གིས་བྱ་དགའ་གནང་སོང་། དེ་བཞིན་ལོ་འཁོར་གཅིག་གི་སྤྱི་པའི་རྒན་བདག་ལའང་བྱ་དགའ་གནང་བ་རེད།
དེ་ནས་མུ་མཐུད་འཕྲོད་བསྟེན་བཀའ་བློན་མཆོག་གིས་"སྨན་རྩིས་ཟླ་གསར་"ཞེས་པའི་སྨན་རྩིས་ཁང་གི་ཟླ་རེའི་གསར་ཤོག་གཅིག་དང་། སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ཀྱིས་བརྩམས་པའི་དཔེ་དེབ་"བོད་རྩིས་རིག་པའི་རྣམ་བཤད་ཀུན་གསལ་ཡིད་ཀྱི་མེ་ལོང་"ཞེས་པ་དེ་དང་། བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་འདོན་སྤེལ་ཞུས་པ། "Analytical report of the patient's questionnaire forms on diseases"བོད་སྨན་གྱིས་ཕན་བསྐྱེད་བྱུང་བའི་དཔྱད་ཁྲའི་སྙན་ཐོ་འདོན་ཐེངས་གཉིས་པ་བཅས་རྩོམ་རིག་གསུམ་གྱི་དབུ་འབྱེད་གནང་བ་རེད། དེའི་ནང་ནས་སྨན་རྩིས་ཟླ་གསར་ཞེས་པ་འདི་བོད་ཀྱི་སྨན་རྩིས་ཁང་གིས་བོད་མི་མང་ཚོགས་ལ་སྨན་རྩིས་རིག་གཞུང་གཉིས་ཀྱི་སྒོ་ནས་སྤྱི་ཚོགས་ཞབས་ཞུ་དང་འཕྲོད་བསྟེན་ཤེས་བྱ་གོང་སྤེལ་ཁོ་ནར་དམིགས་ནས་རིན་མེད་ངང་འགྲེམས་སྤེལ་ཞུ་རྒྱུ་ཟླ་རེ་གསར་ཤོག་སྤྱིའི་འདོན་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།
དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་བའི་ནང་དུ་བོད་ཀྱི་སྨན་རྩིས་ཁང་གིས་འདས་པའི་ལོ་ཡུན་རིང་པོ་ནས་བོད་མི་མང་ཚོགས་ཀྱི་འཕྲོད་བསྟེན་དང་བཙན་བྱོལ་སྒྲིག་འཛུགས་ལ་གང་ནུས་ཀྱི་ཕན་པའི་བྱེད་སྒོ་བརྩམས་པ་ཁག་ལ་བསྔགས་བརྗོད་ལན་མང་གནང་སོང་། ཁོང་གིས་གསུངས་དོན། བོད་ཀྱི་སྨན་རྩིས་ཁང་འདི་སྤྱི་ཡོངས་ཀྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངལ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དང་། སྨན་རྩིས་ཁང་གི་ཡོང་འབབ་ནས་ལོ་ལྟར་བོད་མིའི་སྒྲིག་འཛུགས་ལ་ས་ཡ་དྲུག་ནས་བརྒྱད་བར་ཞལ་འདེབས་གནང་གི་ཡོད་པ་འདི་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཞིག་དང་དེ་ལ་བསྔགས་བརྗོད་འོས་པ་ཡིན། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་ལམ་ནས་མི་མང་རྒན་གྲས་དང་། ཉམ་ཐག ལས་བྱེད། བོད་ནས་གསར་དུ་འབྱོར་བ། ཆབ་སྲིད་བཙོན་པ་རྣམས་ལ་སྨན་སྦྱིན་སོགས་ཀྱིས་འགྲོ་སོང་ཕོན་ཆེན་པོ་བཏང་ནས་མི་མང་ལ་འཕྲོད་བསྟེན་གྱི་ཐུགས་ཕན་ཆེན་པོ་གསོས་ཀྱི་ཡོད་པ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོས་འཛིན་ཞུས་པའི་ཐོག་ནས་བསྔགས་བརྗོད་ཞུ་བཞིན་ཡོད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ལ་འཛུལ་ཞུགས་བྱེད་མཁན་གྱི་ཚོགས་མི་ཚོར་བོད་སྨན་ཐོག་བརྒྱ་ཆ་བཅུ་ཆག་ཡང་གནང་བར་སྨན་རྩིས་ཁང་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞེས་གསུངས་སོང་།
མཐའ་མའི་འདོན་ཐེངས་།: 28.03.2014 ཉིན། 2:47 PM
<< སྔ་མ།