བོད་ཀྱི་སྐར་རྩིས་རིག་པའི་གྲངས་ཀྱི་མངོན་བརྗོད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.06.2014 |
༄༅། །བོད་ཀྱི་སྐར་རྩིས་རིག་པའི་གྲངས་ཀྱི་མངོན་བརྗོད་དང་དེ་དག་གི་བརྡ་འཆད་ཚུལ་སྐོར།
ལྷ་དབང་ཚེ་རིང་རྒྱལ་ཁང་།
ནམོ་ཀཱལ་ཙཀྲཱཡ།
དཔལ་ལྡན་ཁྱབ་བདག་གདོད་མའི་མགོན་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས་སྐབས་དོན་གླེང་བར་བྱེད་པ་ནི་བོད་ཀྱི་སྐར་རྩིས་རིག་པའི་གྲངས་རྣམས་ཀྱི་བརྡ་འཆད་ཚུལ་རགས་བསྡུས་སུ་བཀོད་པ་ལས།
དང་པོ། ཕུག་ལུགས་རྩིས་གཞུང་བཻ་དཀར་གྱི་སྔོན་འགྲོ་ལས།
ྋགྲངས་ཀྱི་སྔོན་འགྲོ་མཐའ་ཀླས་ཀྱང་། །རྩིས་ལ་ཉེར་མཁོ་རི་བོང་དང་། །ཟླ་བ་གཟུགས་དང་འོད་དཀར་ཅན། །བསེ་རུ་རྣམས་ནི་གཅིག་གི་མིང་། །འཇིག་རྟེན་ཚ་བ་རྩེ་མོ་མེ། །ཡོན་ཏན་སྲིད་པ་གསུམ་གྱི་མིང་། །རྒྱ་མཚོ་ཆུ་བོ་རིག་བྱེད་དང་། །བདུད་དང་སྡེ་བ་ཆུ་གཏེར་བཞི། །འདོད་ཡོན་ཉེར་སྤྱོད་དབང་པོ་དང་། །མདའ་དང་འབྱུང་བ་ལྔ་ཡི་མིང་། །རོ་དུས་མཚམས་དང་བྲོ་བ་དང་། །རྒྱན་དང་བཟང་པོ་དྲུག་ཏུ་གྲགས། །རིན་ཆེན་ས་འཛིན་ཐུབ་པ་དང་། །རི་བོ་དྲང་སྲོང་གཟའ་རྟ་བདུན། །བཀྲིས་ལྷ་ཀླུ་ནོར་གདེང་ཅན། །སྲིད་པ་ལྟོ་འགྲོ་བརྒྱད་ཀྱི་མིང་། །རྩ་དང་སྲིན་པོ་བུ་ག་དང་། །གཏེར་རྣམས་དགུ་ཡི་མིང་ཡིན་ལ། །ཁྲོ་བོ་འབྱོར་བ་ཕྱོགས་མཇུག་པ། །སྟོབས་དང་སོར་མོ་བཅུ་རུ་འདོད། །བདེ་བྱེད་བདེ་འབྱུང་དབང་ཕྱུག་དྲག །བྱེད་པ་བཅུ་གཅིག་མིང་ཡིན་ལ། །ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །འདོད་པ་ལུས་མེད་མྱོས་བྱེད་དང་། །གདུགས་རིམ་སྣ་ཚོགས་བཅུ་གསུམ་གྲགས། །སྲིད་ཡིད་མ་ནུ་ཤེད་བུ་རྣམས། །བཅུ་བཞིའི་མིང་དུ་མཁས་རྣམས་སྨྲ། །ཚེས་དང་ཉིན་ཞག་བཅོ་ལྔར་གྲགས། །མི་བདག་རྒྱལ་པོ་བཅུ་དྲུག་ལ། །ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་མིང་། །རྒྱལ་བ་ཡུལ་ནི་ཉེར་བཞིར་བརྗོད། །དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། །སྐར་མ་འཁོར་ལོ་ཉེར་བདུན་མིང་། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །སྟོང་པ་ནམ་མཁའ་རྣམས་ནི་ཐིག །ཅེས་གསུངས་པ་ལྟར་སྐར་རྩིས་རིག་པའི་ཨང་གྲངས་རྣམས་ལ་གབ་ཚིག་གི་ཐོག་ནས་མིང་ཚད་དུ་བཟུང་བར་མི་ནུས་ཀྱང་སྐར་རྩིས་ལ་ཉེ་བར་མཁོ་བ་ཁག་གཅིག་མདོར་བསྡུས་སུ་བཀོད་པའོ།།
གཉིས་པ། གྲངས་དེ་དག་ལ་མིང་ཇི་ལྟར་བཏགས་པའི་རྒྱུ་མཚན།
གཅིག རྒྱུད་ལས། ཟླ་བའི་རང་བཞིན་གཅིག་སྟེ་ཞེས་པ་ལ། །ཟླ་བའི་རང་བཞིན་གཅིག་ལས་མེད་པའི་ཕྱིར། གཅིག་གི་བརྡའོ་ཞེས་དང་། ཟླ་བ་དང་གཟུགས་ནི་གཅིག་གི་བརྡ་སྟེ། ལྷའི་བུ་ཟླ་བ་གཅིག་ལས་མེད་ཅིང་། གཟུགས་དང་ཕུང་པོ་གཅིག་ཏུ་བརྩི་བས་སོ། །འོད་དཀར་ནི། ཟླ་བའི་འོད་ནི་བསིལ་ཞིང་དཀར་བའི་རང་བཞིན་ཅན་ཡིན་པས་སོ་ཞེས་དང་། ཡང་རང་བཞིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་བདག་མེད་པར་གཅིག་པ་བཅས་ཀྱི་རྒྱུ་མཚན་ཡིན་ནོ་ཞེས་སོ།།
གཉིས། འཁྲིག་པ་ནི་ཕོ་མོ་འདོད་པས་འཁྲིག་པ་གཉིས་ཅན་གྱི་ཕྱིར་དང་། བགྲོད་པ་ནི་ཉི་མས་ལོ་གཅིག་ལ་ལྷོ་བྱང་བགྲོད་གཉིས་དང་། ཐབས་དང་ཤེས་རབ་གཉིས་སུ་ངེས་པས་ཐབས་ཤེས། དུས་གཅིག་ཏུ་ཕྲུ་གུ་གཉིས་མཉམ་དུ་སྐྱེ་བ་ལ་མཚེ་མ་དང་། ལག མིག ཟུང་རྣམས་ནི་གོ་སླ་སྟེ་དེ་ཀུན་གཉིས་ཅན་གྱི་མིང་ངོ་།
གསུམ། འཇིག་རྟེན་ནི་ས་འོག ས་བླ། ས་སྟེང་གསུམ། ཚ་བ་ཡོངས་སུ་གྲགས་པའི་སྨན་གྱི་བྱེ་བྲག་མཚོན་པས་སོ། མེ་ནི། ལྷོ་ཕྱོགས་རྟ་གདོང་གི་མེ་དང་། ཁྱིམ་གྱི་ཉི་མ་དང་། བསྲེག་བྱ་ཟ་བའི་མེ་སྟེ་གསུམ་དང་། རྩེ་མོ་ཏྲི་ཤུ་ལའི་རྩེ་མོ་མཚོན་པ་དང་། ཡོན་ཏན་ནི་རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་དང་། སྲིད་པ་ནི་གོང་དུ་བཤད་པའི་འཇིག་རྟེན་གསུམ་པོའི་མིང་སྟེ་སྲིད་པ་གསུམ་དུ་གྲགས།
བཞི། ཆུ་གཏེར་རྒྱ་མཚོ་ལ་ཕྱོགས་བཞིའི་དབྱེ་བས་བཞི་འམ། གང་གཱ་དང་། སིནྡྷུ་དང་། པཀྵུ་དང་། སི་ཏྰ་བཞིའོ། །ཆུ་བོ་ནི་གོང་གི་ཆུ་བོ་བཞི་དང་། རིག་བྱེད་ནི། མཆོད་སྦྱིན་དང་། སྙན་ཚིག་དང་། སྲིད་སྲུང་དང་། ངེས་བརྗོད་དོ། །བདུད་ནི་ལྷའི་བུའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད་བཞིའོ། །སྡེ་བ་ནི་གནས་བརྟན་པའི་སྡེ་པ་སྟེ། ཐམས་ཅད་ཡོད་སྨྲའི་སྡེ་པ། ལེགས་དཔོན་གྱི་སྡེ་པ། ཕལ་ཆེན་པའི་སྡེ་པ། ཉན་ཐོས་སྡེ་བ་བཞིའོ།།
ལྔ། འདོད་ཡོན་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་བྱ་སྟེ་འདོད་ཡོན་ལྔ་དང་། དབང་པོ་ནི། སྣ་དང་། རྣ་བ། མིག ལྕེ། ལུས་ཏེ་ལྔ་ལ་དབང་པོ་དང་། ཕུང་པོ་ནི་གཟུགས་དང་། ཚོར་བ་དང་། འདུ་བྱེད་དང་། འདུ་ཤེས་དང་། རྣམ་ཤེས་བཅས་ལྔའོ། མདའ་ནི། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། དགའ་རབ་དབང་ཕྱུག་གི་མདའ་ལྔ་སྟེ་མྱོས་བྱེད་དང་། སྲེད་བྱེད་དང་། སྐེམ་བྱེད་དམ་རྒོད་བྱེད། འཆིང་བྱེད་དམ་རྒྱལ་བྱེད་བཅས་འདོད་པའི་མདའ་ལྔའོ། །འབྱུང་བ་ནི་གོ་སླའོ།།
དྲུག རོ་ནི་མངར་བ་ལ་སོགས་པའོ། །དུས་ནི་དཔྱིད་དང། སོས་ཀ་དང་། དབྱར་དང་། སྟོན་དང་། དགུན་སྟོད་དང་། དགུན་སྨད་སྟེ་མཚམས་ཞེས་ཀྱང་དེ་ཉིད་དོ། །དྲོ་བ་ནི་རོ་དྲུག་ལ་མྱོང་བྱ་མྱོང་བྱེད་ཀྱིས་མཚོན་མིང་གི་རྣམ་གྲངས་སོ། །རྒྱན་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་སྟེ། ཀླུ་སྒྲུབ། ཨཱརྱ་དེབ་དང་། ཐོགས་མེད་དང་། དབྱིག་གཉེན་དང་། ཕྱོགས་གླང་དང་། ཆོས་གྲགས་ཏེ་དྲུག་དང་། ཡང་ན་བླ་མེད་སྤྱོད་རྫས་རུས་པའི་རྒྱན་དྲུག་སོགས་ཀྱིས་མཚོན་བརྡར་བཞག་ཆོག དེ་ཡང་རུས་རྒྱན་དྲུག་ནི། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོའི་རིམ་པ་གཉིས་ཀྱི་རྣམ་བཞག་སྐུ་གསུམ་ནོར་བུའི་བང་མཛོད་ལས། ༡ དབུ་རྒྱན། ༢ སྙན་རྒྱན། ༣ མགུལ་རྒྱན། ༤ གདུབ་བུ། ༥ སེ་རལ་ཁའམ་མཆོད་ཕྱིར་ཐོག་ནི་ ( སྙིང་གའི་ཐད་ཀྱི་མདུན་རྒྱབ་གཉིས་སུ་རུས་པའི་འཁོར་ལོ་རྩིབས་བརྒྱད་པ་རེ་རེ་ ) ༦ ཐལ་ཆེན་བཅས་རུས་པའི་རྒྱན་དྲུག་ཏུ་གསུངས་སོ།། བཟང་པོ་ནི་སྨན་གྱི་རོ་མཆོག་གམ་རོ་ནུས་ཀྱི་ཁྱད་དུ་ཡུལ་དྲུག་ནས་ཆེ་བ། ཛ་ཏི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་གུམ་བཅས་དྲུག་གོ། །
བདུན། རིན་ཆེན་ནི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནོ་ཞེས་དང་། ཡང་ན་རལ་གྲི། པགས་པ། ནག་གོས། ལྷམ། ཁང་ཁྱིམ། མལ་ཆས་ཏེ་ཉེ་བའི་རིན་ཆེན་བདུན་མཚོན་བརྡར་རུང་ངོ་ཞེས་དང་། ཐུབ་པ་ནི་སངས་རྒྱས་རབ་བདུན་ཏེ་རྣམ་གཟིགས་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང་། ཤྰཀྱ་ཐུབ་པ་སྟེ་ཐུབ་པ་བདུན་ནོ། །དྲང་སྲོང་ནི། འཆི་མེད་མཛོད་འགྲེལ་ལས། འོད་ཟེར་ཅན་དང་། ཉི་མ། རྒྱུན་ཤེས། འོད་ཡང་། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་དྲང་སྲོང་སྣ་བདུན་ནོ། །ས་འཛིན་ནི་རི་ཡི་མིང་གཞན་ཏེ་གཉའ་ཤིང་འཛིན་དང་། སེང་ལྡེང་ཅན་དང་། རྟ་རྣ་དང་། ལྟ་ན་སྡུག་རི་དང། རྣམ་འདུད་དང་། མུ་འཁྱུད་ཅན་ཏེ་གསེར་གྱི་རི་བདུན་ཡོད་པར་གྲགས་པའོ་ཞེས་དང། གཟའ་ནི་ཉི་མ་ནས་སྤེན་པའི་བར་བདུན་དང་། དེའི་སྟེང་རཱ་ཧུ་དང་མཇུག་རིང་བསྣན་པས་དགུར་མཇུག་པ་ཡང་ཡོད་དོ་ཞེས་སོ། །རྟ་བདུན་ནི། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། ཉི་མའི་ཤིང་རྟ་འདྲུད་མཁན་གྱི་རྟ་བདུན་ཏེ་ངེས་བརྗོད་དང་། ཐིག་ལེ་ཅན་མ་དང་། མདོག་ལྔ་པ་དང་། ཡིད་མགྱོགས་དང་། རི་བོ་འཇོམས་དང་། རླུང་དང་། ཤིན་ཏུ་རྒྱལ་མཚན་ཏེ་རྟ་བདུན་ནོ་ཞེས་སོ།།
བརྒྱད། བཀྲིས་ཞེས་པ་ནི་བཀྲིས་པའི་རྟགས་བརྒྱད་ཡོད་པ་དེ་དག་ནི། གདུགས་དང་། རྒྱལ་མཚན་དང་། དུང་། དཔལ་བེའུ། སེར་ཉ། པདྨ། བུམ་པ། འཁོར་ལོ་སྟེ་བརྒྱད་དོ། །ལྷ་ནི་ལྷ་ཆེན་བརྒྱད་དེ་ཚངས་པ་དང་། བྷྲྀངྒིའི་དྷི། དྲག་པོ། དབང་ཕྱུག སྨིན་དྲུག ཚོགས་བདག ལེགས་ལྡན་ནག་པོ། བི་ཏྲིས་ཏྲ་སྟེ་ལྷ་ཆེན་བརྒྱད་དང་། ཀླུ་ནི་མཐའ་ཡས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། ནོར་རྒྱས་བུ་དང་། དུང་སྐྱོང་དང་། པདྨ། ཆུ་ལྷ་ཀླུ་ཆེན་བཅས་བརྒྱད་དོ། །ནོར་ལྷ་ནི། ཆུ་དང་བརྟན་དང་ཟླ་བ་དང་། འཛིན་བྱེད་རླུང་དང་མེ་དང་ནི། ནམ་ལངས་འོད་བྱེད་ཅེས་བྱ་བ་བརྒྱད་པོ་ནོར་གྱི་ལྷ་ཞེས་སོ།།
དགུ རྩ་ནི་ར་པས་སྙིང་གི་རྩ་བརྒྱད་དང་། ལྟེ་བ་དང་དགུར་གསུངས་པ་བུ་སྟོན་གྱིས་དཔྱད་བྱར་གནང་། བུ་ག་ནི་མིག་སྣ་རྣ་བ་གསུམ་ལ་གཉིས་གཉིས་སྟེང་། ཁ་དང་བཤང་གཅིའི་ལམ་རྣམས་བཅས་དགུའོ། །གཟའ་དགུ་ནི། བདུན་གྱི་སྟེང་རཱ་ཧུ་དང་མཇུག་རིང་བསྣན་པས་དགུའོ། །གཏེར་ཞེས་པ་ནི། མཁས་པ་དགའ་བྱེད་དུ། མི་འཛད་པའི་ནོར་གྱི་ཕུང་པོ་ཆེན་པོའོ། །མཛོད་ཅེས་ཀྱང་བྱ་སྟེ། དེ་རྣམས་རབ་ཏུ་དབྱེ་བ་ནི། པད་མ་ཅན་དང་། པད་མ་ཆེན་པོ་དང་། ཆུ་སྲིན་ཅན་དང་། རུས་སྦལ་ཅན་དང་། རྔ་ཅན་དང་། དགའ་བ་ཅན་དང་། སྔོན་པོ་དང་། འབྱིན་བྱེད་ཅེས་བྱའོ་ཞེས་གསུངས་སོ།།
བཅུ། ཕྱོགས་ནི་ཤར་ནུབ་སོགས་ཕྱོགས་བཞི་དང་། ནུབ་བྱང་སོགས་མཚམས་བཞི། སྟེང་འོག་གཉིས་བཅས་བསྡོམས་པའི་ཕྱོགས་བཅུར་གྲགས། འབྱོར་བ་ནི་སྐྱེས་གནས་མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད་པ་བཅས་རང་འབྱོར་ལྔ་དང་། གཞན་འབྱོར་ལྔ་སྟེ། སངས་རྒྱས་བྱོན་དང་དེའི་ཆོས་གསུང་། །བསྟན་པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་བརྩེ་བ་དང་བཅས། །བསྡོམས་པའི་འབྱོར་བ་བཅུའོ། །འཇུག་པ་ནི་ཁྱབ་འཇུག་གི་འཇུག་པ་བཅུ་སྟེ། ཉ་དང་། རུས་སྦལ། ཕག་རྒོད། མི་ཡི་སེང་གེ། མིའུ་ཐུང་། མི་འདུག་པ། ནག་པོ། དགའ་བྱེད་ར་མ་ཎ། སངས་རྒྱས་ཀི་ཏྲི་ཙེ་སྟེ་ཁྱབ་འཇུག་གི་འཇུག་པ་བཅུ་ཡོད་པའི་རྒྱུ་མཚན་ཏེ། དེ་ཡང་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། ཁྱབ་འཇུག་གིས་འཇིག་རྟེན་གྱི་བྱ་བར་སྤྲུལ་པ་བཅུའི་སྒོ་ནས་འཇུག་པ་སྟེ་སྔོན་རིག་བྱེད་བཞི་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ཀྱི་གཞུང་བཞི་སྟེ། མཆོད་སྦྱིན་དང་། སྲིད་སྲུང་། ངེས་བརྗོད། སྙན་ཚིག་བཅས་བཞིའོ། །རྒྱ་མཚོའི་ནང་དུ་ནུབ་པ་ཁྱབ་འཇུག་གིས་ཉ་རུ་སྤྲུལ་ནས་བཏོན་པར་བྱས་སོ། །ཕག་རྒོད་ཀྱི་གཟུགས་སུ་བྱས་ནས་ཚངས་པའི་འཇིག་རྟེན་མན་ཆད་མནན་པར་བྱས་སོ། །སྨད་མི་ལ་ལྟོད་སེང་གེའི་གཟུགས་སུ་བྱས་ནས་འགྲོ་སྐྱོ་བ་གསེར་ཅན་གྱི་ལྟོ་བ་ནས་བསད་པ། མིའུ་ཐུང་དུ་སྤྲུལ་ནས་ལྷ་མིན་སྟོབས་ལྡན་ལ་ས་གོམ་པ་གསུམ་གྱི་སློང་བ་བྱས་ནས་བསླུས་པ། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ཎར་སྤྲུལ་སྟེ་སྤྲེའུ་དབང་པོ་མགྲིན་བཟང་བསད་པ་སོགས་ཁྱབ་འཇུག་གི་འཇུག་པར་གྲགས་སོ། །སོར་མོ་ནི་རྐང་པར་སོར་མོ་བཅུ་དང་ལག་པར་སོར་མོ་བཅུ་བཅས་སོ།།
བཅུ་གཅིག དྲག་པོ་ནི་མ་སྐྱེས་རྐང་གཅིག་འཕེལ་དང་སྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །ཞེས་འདོད་འཇོ་ལས་འབྱུང་བ་ལྟར་དང་། བདེ་བྱེད་བདེ་འབྱུང་ལ་སོགས་པ་ནི་དབང་ཕྱུག་མིང་གི་རྣམ་གྲངས་སོ། །བྱེད་པ་ནི་འཕོ་བ་བདུན་དང་མི་འཕོ་བ་ཁྱད་པར་བཞི་བཅས་བཅུ་གཅིག་གོ་ཞེས་སོ། །དེ་ཡང་། རྩིས་གཞུང་རིག་ལྡན་སྙིང་ཐིག་ལས་འཕོ་བའི་བྱེད་པ་བདུན་ནི། གདབ་པ་དང་ནི་བྱིས་པ་དང་། །རིགས་ཅན་དང་ནི་ཏིལ་རྡུང་དང་། །ཁྱིམ་སྐྱེས་ཚོང་པ་བིཥྜི་རྣམས་འཁོར་བས་འཕོ་བྱེད་བདུན་ཞེས་གྲགས། རྟག་པའི་བྱེད་པ་བཞི་ནི། བཀྲིས། རྐང་བཞི། བྱེད་པ་ཀླུ། མི་སྡུག་པ་བཅས་སོ།།
བཅུ་གཉིས། ར་པས་ཁྱིམ་བཅུ་གཉིས་ལ་འཆད་དེ། བུ་སྟོན་གྱིས་བཀག་ཅིང་། ཉི་མ་བཅུ་གཉིས་ནི་དབང་པོ་བྱེད་པ་ལམ་པ་དང་། ཆར་འབབ་སྟོད་བྱེད་སྔོན་མི་འཕགས་དང་། མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། ཆུ་བདག་ཤེས་གཉེན་ཉིད་ཀྱང་ངོ་ཞེས་བྱའོ། །རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ་དང་། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ།།
བཅུ་གསུམ། གདུག་རིམ་ནི། ཐེག་པ་ཆེན་པོའི་མཆོད་རྟེན་ལ་གདུག་རིམ་པ་བཅུ་གསུམ་ཡོད་པས་སོ། །འདོད་པ་ནི་འདོད་པའི་རང་བཞིན་གྱི་ལྷའི་སྨད་འཚོང་མ་བཅུ་གསུམ་མར་གྲགས་པ་དེ་ལྟར་བཏགས་ཤིང་དེ་རྣམས་ནི་གློག་གི་འོད་ཅན་མ་དང་། ཐིག་ལེ་མཆོག་མ། པད་དཀར་མ། ལག་བཟང་མོ། དགའ་བའི་ཤིང་རྟ་མ། རབ་ཏུ་མྱོས་བྱེད་མ། མེན་ཀ སྐྲ་འདྲེས་མ། ལེགས་རྒྱན་མ། མུན་ཛ་སྐྱེས། ཨ་ལ་མུ་ཤ ཆུ་ཤིང་བརླ་ཅན་མ། སྐད་ལེགས་མ་རྣམས་སོ། །ལུས་མེད་ནི་དབང་ཕྱུག་གི་བུ་འདོད་པའི་མིང་སྟེ། དེ་ལ་བཅུ་གསུམ་དུ་སྦྱོར་བའི་འདོད་པ་ལ་སོགས་པས་ཕྱེ་བའོ་ཞེས་དང་། མྱོས་བྱེད་ནི་འདོད་པས་མྱོས་པར་བྱེད་པའི་རྒྱུ་སྨད་འཚོང་མ་བཅུ་གསུམ་གོང་དུ་བགྲངས་པ་ལྟར་རོ།།
བཅུ་བཞི། མ་ནུ་ལ་ པདྨ་ཅན་ནས་དྲང་སྲོང་ཤེད་བུ་ལ་སོགས་པ་དང་། ས་ལ་སོགས་པ་བཅུ་བཞིར་བཞེད་པ་ནི་དོན་དང་མ་འབྱོར་རོ་ཞེས་དང་། འདོད་འཇོར། དྲང་སྲོང་ཤེད་བུ་ལ་སོགས་པ་བཅུ་གཉིས་སུ་བཤད་པ་འགལ་བའི་སྐྱོན་ཡོད་དོ་ཞེས་བུ་སྟོན་གྱི་བཀག་སྟེ། དེས་ན་མ་ནུ་ནི། ཡིད་དེ་སེམས་ཅན་མཚོན་པ་ཡིན་ལ། དེའི་དབྱེ་བ་བཅུ་བཞི་ནི་ནང་ལེའི་ཚིགས་བཅད་དགུ་བཅུ་རྩ་བཞི་པར་གསུངས་པའི་ལྷ་བརྒྱད། དུད་འགྲོ་བཞི། མི་དང་དམྱལ་བ་གཉིས་ཏེ་བཅུ་བཞི་ཡིན་ལ། སྲིད་པའི་གནས་ཀྱང་དེ་དག་གི་གནས་བཅུ་བཞི་པོ་ཡིན་ནོ་ཞེས་དང་། ཡང་རྩིས་གཞུང་གཡའ་སེལ་ལས་མ་ནུ་དང་ཤེད་བུ་མི་ལ་འཇུག་པའི་མངོན་བརྗོད་ནི། དེ་ལ་དབྱེ་ན་རིགས་ཆེ་བ་བཞི་ལ་རྒྱལ་རིགས་ལ་རྐང་ཐང་དང་། རྟ་པ་དང་། གླང་ཆེན་དང་། ཤིང་རྟ་པ་དང་། བྲམ་ཟེའི་རིགས་ལ། ནགས་གནས་དང་། ཁྱིམ་གནས་དང་། དཀའ་ཐུབ་པ་གསུམ་དང་། རྗེ་རིགས་ལ་ཡིག་མཁན་དང་། ཚོང་པ་དང་། སྨན་པ་གསུམ་དང་། དམངས་རིགས་ལ། ས་གཞི་རྨོ་བ་དང་། བ་གླང་སྐྱོང་བ་དང་། འཇིམ་ལས་པ་དང་། ཁྱིམ་གནས་པ་བཞི་སྟེ་མི་རིགས་བཅུ་བཞི་ཡོད་པས་མ་ནུ་དང་ཤེད་བུ་བཅུ་བཞིའི་བརྡར་བཞག་པའོ་ཞེས་སོ།།
བཅོ་ལྔ་། ཚེས་ནི་དཀར་ནག་གི་ཆ་རེར་བཅོ་ལྔ་རེ་ཡོད་པ་དང་། ཉིན་ཞག་ཀྱང་ཟླ་རེར་སྟོད་སྨད་ཀྱི་དབྱེ་བས་བཅོ་ལྔ་ཡོད་པའི་རྒྱུ་མཚན་གྱིས་སོ།།
བཅུ་དྲུག མི་བདག་རྒྱལ་པོ་ནི། འཛམ་བུའི་གླིང་གི་ཡུལ་ཆེན་པོ་བཅུ་དྲུག་ཡོད་པ་ལ་མི་བདག་རྒྱལ་པོ་སྟེ། ས་སྐྱོང་བཅུ་དྲུག་ཡོད་པ་དང་ཡུལ་ནི་ཨངྒ་དང་། མགདྷ་དང། ཀོ་ས་ལ། ཀཱ་ཤི་ཀ་དང་། པྲི་ཛི་དང་། མ་ལ་དང་། པུཎྟ་དང་། སྲེག་པ་དང་། ཀ་མ་དང་། ཨ་བིནྟི་དང་། ཀུ་རུ་དང་། ལྔ་ལེན་དང་། བཏྶ་དང་། དཔལ་སྡེ་དང་། ཡ་བ་ན་དང་། ཀམྦོ་རྣམས་དང་། པད་མ་ཅན་ལས། རྒྱལ་པོ་ཤིང་རྟ་པ་ལ་སོགས་པ་ནི་བཅུ་དྲུག་གོ་ཞེས་པ་བུ་སྟོན་གྱིས་བརྟག་གནས་སུ་བཞག །
བཅོ་བརྒྱད། ཉེས་པའམ་སྐྱོན་ནི་ལུས་ལ་མི་སྡུག་པ་སྐྱོན་བཅོ་བརྒྱད་དང་ལྡན་པ་སྟེ། དེ་དག་ནི་སྐྲ་བྱིལ་བ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང། མིག་སེར་བ་དང་། སྨིན་མཚམས་མ་སྦྱར་བ་དང་། སྣ་ལེབ་པ་དང་། སོ་ལྟོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། སྤུ་ཅན་དང་། ཕྱི་ནང་དུ་སྒུར་བ་དང་། ལྟོ་བ་ཆེ་བ་དང་། དཔུང་པ་རྗེ་ངར་ཐུང་བ་དང་། ལག་པ་རྐང་པ་མི་མཉམ་པ་དང་། ཚིག་སྦོམ་པ་དང་། དེའི་ཁ་དང་ལུས་ནས་དྲི་ངན་པ་བྱུང་བ་བཅས་ཉེས་པ་བཅོ་བརྒྱད་དང་ལྡན་པའི་དབང་གིས་སོ།།
ཉེར་བཞི། ར་པས་རང་བཞིན་ཉེར་བཞིར་འཆད་པ་བུ་སྟོན་གྱིས་བཀག་སྟེ། ལངྐར་གཤེགས་པའི་མདོ་ལས། རྒྱལ་བ་སྟེ་སངས་རྒྱས་ཉེར་བཞི་ཡོད་པ་གསུངས་པ་དང་། སྟག་སྟོན་གཞོན་ནུ་དཔལ་གྱིས་ཕྱི་རོལ་བའི་རྩིས་སུ་འབྱུང་བས་བརྟགས་གནས་སུ་བཤད་ཀྱང་དེ་ཉིད་འཐད་པར་བསམ་མོ་ཞེས་དང་། ཡུལ་ཉེར་བཞི་ནི། བདེ་མཆོག་ ཏུ་པུ་ལི་ར་མ་ལ་ཡ། ཛ་ལན་དར། ཨཽ་ཌི་ཡ་བ། ཨར་བུ་ཏ། གཽ་ཝ་རི། ར་མེན་ཤ་རི། དེ་ལྦི་ཀོ་ཊི། མ་ལ་ཝ། ཀ་མ་རུ་པ། ཨོ་ཊི། ཊི་ཤ་ཀུ་ནེ། ཀོ་ས་ལ། ཀ་ལིང་ག ལམ་པ་ཀ ཧི་མལ་ཡ། པྲེ་ཏ་པུ་རི། སྲི་ཧ་དེ། ཝ་ཏ། སོར་ཀྵ་ཊ། སུ་ཝར་ན་དིབ། ན་ག་ར། སིན་དུ། མ་རུ། ཀུ་མུ་ཏ་བཅས་སོ།།
ཉེར་ལྔ། དེ་ཉིད་རང་བཞིན་ཉི་ཤུ་རྩ་བཞི་སྐྱེས་བུ་དང་ཉི་ཤུ་རྩ་ལྔ་སྟེ་རྣ་བ་དང་། སྣ་དང་། པགས་པ་དང་། མིག་དང་། ལྕེ་དང་། བཅས་ནང་བློན་དབང་པོ་ལྔ་དང་། ལག་པ་དང་རྐང་པ་དང་། འཕོངས་དང་། འདོམས་དང་། ངག་ཡིད་བཅས་དབང་པོ་བཅུ་གཅིག་དང་། སྒྲ་དང་། རེག་དང་། གཟུགས་དང་། རོ་དང་། དྲི་བཅས་ཡུལ་དེ་ཙམ་ལྔ་དང་། ནམ་མཁའ་དང་། ས་དང་། ཆུ་དང་། མེ་དང་། རླུང་སྟེ་འབྱུང་བ་ལྔ་དང་། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། སྐྱེས་བུ་སྟེ་ཉེར་ལྔ་ཡོད་པའི་རྒྱུ་མཚན་གྱིས་སོ།།
ཉེར་བདུན། འཁོར་ལོ་ནི་རྒྱུ་སྐར་ལོངས་སྤྱོད་མཚུངས་པའི་འཁོར་ལོ་ཉེར་བདུན་དང་། སྐར་མ་ཡང་གྲོ་བཞིན་བྱི་བཞིན་གཅིག་ཏུ་བྱས་པའི་རྒྱུ་སྐར་ཉི་ཤུ་རྩ་བདུན་ཡོད་པའི་རྒྱུ་མཚན་གྱིས་སོ།།
སོ་གཉིས། སོ་ནི་སངས་རྒྱས་འཕགས་པ་མ་གཏོགས་དཀྱུས་ཐང་སྐྱེས་བུའི་སྟེང་འོག་གི་ཐག་འགྲམ་རྫོགས་པ་གཅིག་པ་ལ་སོ་སོ་གཉིས་ཡོད་པའི་ཕྱིར་རོ།།
ཐིག གནས་འཛིན་ཐིག་ལེའི་གཟུགས་དང་ནམ་མཁའ་སྟོང་པའི་རང་བཞིན་ཏེ་དེ་ལྟར་བཏགས་པའོ།།
ཟུར་མཆན།
རྩིས་གཞུང་མཁས་པ་དགའ་བྱེད་དང་། བོད་ཀྱི་ལོ་ཐོ་ལྟ་སྟངས་སྐོར། བཻ་དཀར་གཡའ་སེལ། ལ་སོགས་རྩིས་གཞུང་ཁག་ནང་སངས་རྒྱས་ཉེར་བཞིའི་གྲངས་འདྲེན་འཁོད་མིན་འདུག་ཅིང་། ལང་ཀར་གཤེགས་པའི་མདོའི་ནང་འཁོད་ཡོད་སྐད་འདུག་ཀྱང་མ་མཇལ།། །།
འདི་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བཏབ་པའི་དེབ་ <<བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གསུང་བཤད་དང་དཔྱད་རྩོམ་ཕྱོགས་བསྒྲིགས།>> ཞེས་པ་ནས་ཟུར་བཏོན་ཞུས་པ་ཡིན།
མཐའ་མའི་འདོན་ཐེངས་།: 03.06.2014 ཉིན། 5:06 PM
<< སྔ་མ།