སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་ལོ་ཐོ་ཐོག་མར་བྱུང་ཚུལ་ལ་རགས་ཙམ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.08.2023
ཆེད་རྩོམ། >>


༄༅། །བོད་ཀྱི་ལོ་ཐོ་ཐོག་མར་བྱུང་ཚུལ་ལ་རགས་ཙམ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས།

 

ལོ་ཐོ་ནི་བོད་ཀྱི་ས་ཁུལ་ཡོངས་ལ་ཐུན་མོང་དུ་སྤྱོད་སྲོལ་ཡོད་ཅིང་ཞིང་འབྲོག་སོ་ནམ་གྱི་བྱ་གཞག་ཐམས་ཅད་དེ་ལ་བརྟེན་ནས་ལག་ལེན་བྱེད་ཀྱི་ཡོད། དེང་དུས་ཆེས་དར་སྲོལ་ཆེ་བའི་བསྒྱུར་བགོས་འཕྲི་སྣོན་གྱི་ཨང་རྩིས་རིག་པས་གཏན་ལ་ཕབ་པའི་ལྔ་བསྡུས་དང་། གཟའ་ལྔའི་རི་མོ་ལ་བརྟེན་ནས་དུས་བཞིའི་འགྱུར་བ་དང་། ཐན་ཞོད་ཡོད་མིན། དཀར་ལོ་ལེགས་ཉེས། འབྲུ་བཅུད་འཕེལ་མིན། ཟོག་དུས་བཟང་ངན། རྨོ་བརྐོ་སོ་ནམ་གྱི་དུས་ཚིགས་བརྟག་པ། ཉི་ཟླ་གཟའ་འཛིན་ལ་སོགས་པ་གཙོ་བོའི་བརྟག་གཞིར་གྱུར་བའི་ལོ་ཐོ་འདི་ནི་རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ་༡༠༢༧ ལོར་དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ཡིག་ཏུ་བསྒྱུར་བའི་རྗེས་སུ་བྱུང་ཞིང་། དེ་ནས་དུས་རབས་རིམ་པར་བརྒྱུད་དེ་མཁས་པ་སོ་སོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་རིག་པ་མང་པོས་ཟུར་བརྒྱན་ཏེ། བོད་ཀྱི་གནམ་གཤིས་དང་བསྟུན་པའི་དུས་རྟགས་མང་པོ་ཞིག་གཏན་ལ་ཕབ་ནས་རིམ་བཞིན་དེང་དུས་ཀྱི་བར་དུ་འཕེལ་རྒྱས་བྱུང་ཡོད་པ་ཞིག་རེད། འོན་ཀྱང་དེང་དུས་དར་སྲོལ་ཆེ་བའི་བོད་ཀྱི་ལོ་ཐོ་འདི་ནི་སྐར་རྩིས་དང་འབྱུང་རྩིས་སྦྲགས་ནས་གྲུབ་པ་ཞིག་ཡིན་པ་ལས་སྐར་རྩིས་ཀྱི་གཞུང་ཁོ་ན་ལ་བརྟེན་ནས་འདི་ལྟ་བུའི་དུས་རྟགས་གནམ་དཔྱད་ཕུན་སུམ་ཚོགས་པོ་ཞིག་ཡོང་ཐབས་མེད་པ་ནི་རྩིས་པ་རྣམས་ཀྱིས་མཁྱེན་གསལ་ལྟར་རེད། འོ་ན་དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ཡིག་ཏུ་མ་བསྒྱུར་བའི་གོང་དེར་བོད་ལ་ལོ་ཐོ་རྩོམ་སྒྲིག་བྱེད་སྲོལ་ཡོད་དམ་ཞེ་ན། འདི་ལ་མི་མང་པོ་ཞིག་གིས་བློ་རྣལ་དུ་ཕབ་སྟེ་གཞི་ནས་ཐུགས་དཔྱད་གནང་སྲིད་ཀྱང་། དོན་དུ་ལོ་ངོ་སྟོང་ཕྲག་མང་པོའི་གོང་དེར་བོད་ལ་ལོ་ཐོ་དར་སྲོལ་བྱུང་ཡོད་པ་ནི་ལུང་རིགས་རྟགས་གསུམ་གྱི་སྒོ་ནས་གྲུབ་ཡོད་པ་ཞིག་རེད།

གཅིག   གནའ་བོའི་ལོ་ཐོ་བརྩི་བྱེད་ཀྱི་ཐབས་དང་རིག་གཞུང་།

བོད་ཀྱི་ཆེས་ཐོག་མའི་ལོ་ཐོ་ནི་འབྱུང་རྩིས་ཀྱི་རིག་པ་ལ་བརྟེན་ནས་བརྩི་སྲོལ་ཡོད་ཅིང་། འབྱུང་རྩིས་ཀྱི་རིག་པ་ནི་གནའ་བོའི་བོན་གྱི་ཆོས་ལུགས་ཀྱི་བསམ་བློའི་ནང་དུ་བྱུང་བ་ཞིག་ཡིན་སྟབས། ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་བྱུང་ཡོད་ཀྱང་རིག་པ་འདིའི་ཐོག་མ་དུས་གང་ཙམ་ཞིག་ནས་དར་སྲོལ་བྱུང་ཡོད་པ་གསལ་པོར་ཤོད་དཀའ། འོན་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཙམ་གྱི་ནང་དུ་རྒྱ་གར་དུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པའི་དུས་དེར། རང་རེ་བོད་ཡུལ་འདིར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞེས་པ་དེང་དུས་མངའ་རིས་སྤུ་ཧྲེང་གི་ཡུལ་དུ་བྱུང་ཡོད་པ་ཟུར་མཁར་བ་བློ་གྲོས་རྒྱལ་པོའི་གསུང་ལས་གསལ་ཞིང་། སྐབས་དེར་སྨན་དང་རྩིས་སོགས་བོད་ཀྱི་རིག་གནས་སྤྱི་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ན་གསལ། ལྷག་པར་དུ་ལོ་ཟླ་ཞག་དུས་ཀྱི་བརྩི་སྲོལ་ཆེས་ཞིབ་ཕྲ་ཅན་ཞིག་ཆགས་ཡོད་པའི་ཚུལ་ནི་གཤེན་རབ་མི་བོ་ཆེ་ཤིང་བྱི་གཅིག་དཀར་གྱི་གནམ་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས་ཚུལ་འཁོད་ཡོད་པ་འདིས་དུས་དེའི་གོང་དུ་འབྱུང་རྩིས་རིག་པ་དར་རྒྱས་ཆེན་པོ་བྱུང་ཡོད་པ་མ་ཟད། དེ་ལ་བརྟེན་པའི་ལོ་ཐོ་བརྩི་སྲོལ་ཡོད་པའང་གསལ་པོར་རྟོགས་ནུས། ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་ནས་ད་ལྟའི་བར་དུ་གནས་པའི་འབྱུང་རྩིས་ཀྱི་རིག་གཞུང་ཁག་ལ་ལོ་ཟླ་ཞག་དུས་གཟའ་སྐར་སོགས་ཀྱི་རྣམ་གཞག་རྒྱས་པར་བསྟན་པའི་ལོ་ཐོ་སྒྲིག་སྟངས་ཀྱི་སྐོར་འཁོད་ཡོད་པ་སྟེ། དཔེར་ན། འབྱུང་རྩིས་ཉེར་མཁོ་བུམ་བཟའ་ལས། འབྱུང་བ་ལྔ་དང་ལོ་སྐོར་བཅུ་གཉིས་རེ་རེ་བཞིན་སྦྱར་ཚུལ་བཤད་པ། གཉིས་པ་ལོ་ཡི་གྲལ་རིམ་ནི། །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག །དེ་རྣམས་ཕོ་མོའི་རྣམ་དབྱེ་ནི། །བྱི་སྟག་འབྲུག་རྟ་སྤྲེ་ཁྱི་ལོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །སྟག་སྤྲེལ་ཕག་སྦྲུལ་ར་བ་བཞི། །བྱི་རྟ་བྱ་ཡོས་འབྲིང་པོ་བཞི། །གླང་ལུག་ཁྱི་འབྲུག་ཐ་ཆུང་བཞི། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ། །ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག །ནུབ་སྟོད་སྤྲེལ་ལ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ་བྱང་ཤར་གླང་། །དེ་རྣམས་འབྱུང་བ་ལྔས་ཕྱེ་བས། །ལོ་འགྲོས་དྲུག་ཅུ་ཐམ་པ་སྲིད། །ཅེས་གནམ་ལོ་གང་ཡིན་བརྩི་སྲོལ་འདི་ནི་དེང་དུས་ཀྱང་ལོ་ཐོའི་ནང་དུ་བེད་སྤྱོད་བྱེད་བཞིན་ཡོད།

            ཟླ་བ་སོ་སོའི་ཁམས་དང་ངོས་འཛིན་བྱེད་སྟངས་ལ། ཉེར་བུམ་ལས། དེ་ནས་ཟླ་བ་གཉིས་ནི། །དཔྱིད་ར་སྟག་ནས་འགོ་བཟུང་ནས། །དགུན་ཐ་གླང་གི་བར་དག་ཏུ། །རིམ་བཞིན་ར་འབྲིང་ཐ་ཆུང་སྦྱར། །དཔྱིད་ཟླ་ར་འབྲིང་གནམ་ལོའི་བུ། །དཔྱིད་ཐ་དབྱར་ར་གནམ་ལོའི་གྲོགས། །དབྱར་འབྲིང་དབྱར་ཐ་གནམ་ལོའི་བུ། །ཞེས་ལོ་གཅིག་ལ་ཟླ་བཅུ་གཉིས་དང་དུས་ཚིགས་བཞི། དུས་ཚིགས་རེ་རེ་ལའང་ཟླ་བ་ར་འབྲིང་ཐ་གསུམ་རེའི་རྣམ་གཞག་དབྱེ་བ་མ་ཟད། གནམ་ལོའི་འབྱུང་ཁམས་དང་བསྟུན་ནས་ཟླ་བ་སོ་སོའི་ཁམས་བརྟག་ཚུལ་གཏན་འབེབས་བྱས་ཡོད།

            ཉིན་ཞག་སོ་སོའི་ཁམས་དང་ལོ་རྟགས་བརྩི་ཚུལ་ནི། ཉེར་བུམ་ལས། དེ་ནས་ཞག་རྩིས་ཉིན་བཅུ་གཉིས། །ཕོ་ཟླ་སྟག་སོགས་སྟག་ལྔ་ཚེས། །མོ་ཟླ་ཡོས་སོགས་སྤྲེལ་ལྔ་ཚེས། །ཟླ་བའི་དབང་ཐང་མར་བཞག་ནས། །གཅིག་དྲུག་བུ་ལ་གཉིས་བདུན་གྲོགས། །གསུམ་བརྒྱད་དགྲ་ལ་བཞི་དགུ་མ། །ལྔ་བཅུ་གཉིས་པོ་རང་དུ་འདོད། །ཅེས་ཉིན་རེ་རེ་བཞིན་གྱི་ཁམས་བརྩི་ཐབས་དང་། ལོ་རྟགས་འཆར་ཚུལ་བཤད་ཡོད་པ་སྟེ། དེ་ཡང་ཟླ་བ་སོ་སོའི་ཚེས་འགོ་ལ་ལོ་རྟགས་འཆར་ཚུལ་བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་སྟེ་ཕོ་ཁམས་དྲུག་གི་ཟླ་བ་ལ་ཟླ་བའི་འབྱུང་ཁམས་དང་བསྟུན་པའི་ཚེས་གཅིག་གི་ཉིན་མོ་ཤིང་མེ་ས་ལྕགས་ཆུའི་ཁམས་ཀྱི་སྟག་ལྔ་པོ་གང་རུང་ཞིག་གིས་འགོ་བཟུང་ནས་བརྩི་དགོས་པ་དང་། དེ་བཞིན་དུ་གླང་ཡོས་སྦྲུལ་ལུག་བྱ་ཕག་སྟེ་མོ་ཁམས་ཀྱི་ཟླ་བ་དྲུག་གི་ཚེས་གཅིག་གི་ཉིན་མོ་དེ་ཟླ་བ་དེའི་དབང་ཐང་གི་ཁམས་དང་བསྟུན་ནས་ཤིང་མེ་ས་ལྕགས་ཆུའི་ཁམས་ཀྱི་སྤྲེལ་ལྔ་པོ་གང་རུང་གིས་འགོ་བཟུང་ནས་བརྩི་དགོས་ཚུལ་དང་། ཉིན་རྩིས་སྐབས་སུ་ལོ་དང་ཟླ་བའི་ཁམས་ལྟར་འབྱུང་ཁམས་སྦྲགས་འདེད་མི་བྱེད་པར་ཉི་མ་རེ་ལ་འབྱུང་ཁམས་རེ་སྦྱར་ནས་ཚེས་སུམ་ཅུའི་བར་དུ་རྐྱང་འདེད་བྱེད་ཆོག་པ་ཞིག་ཡིན། གཅིག་དྲུག་བུ་ལ་གཉིས་བདུན་གྲོགས། ཞེས་སོགས་བཤད་པ་དེ་ཡང་དོན་ཏུ་ཚེས་གཅིག་ལ་འཆར་བའི་འབྱུང་ཁམས་དེ་སླར་ཡང་ཚེས་དྲུག་ལ་འཆར་བ་སོགས་ཚེས་ཁམས་མྱུར་དུ་རྟོགས་ཐབས་ཀྱི་རྐྱང་འདེད་བྱེད་པའི་བརྩི་ཐབས་ཤིག་ཡིན།

            ཉིན་ཞག་གཅིག་གི་དུས་ཚོད་དམ་ཆུ་ཚོད་བརྩི་ཐབས་ནི། ཉེར་བུམ་ལས། དེ་ནས་དུས་ཚོད་བཅུ་གཉིས་ནི། །ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉེ་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ། །ཞག་གི་དབང་ཐང་མར་བཞག་ནས། །ལུག་དང་བྱི་བའི་དུས་ནི་རང་། །ཡོས་སྤྲེལ་གླང་བུ་སྦྲུལ་ཁྱི་དགྲ། །རྟ་ཕག་མ་ལ་འབྲུག་བྱ་སྟག །གྲོགས་ཡིན་ཞག་དུས་རྐྱང་འདེད་བྱ། །ཞེས་པ་ཉིན་ཞག་གཅིག་ལ་དུས་ཚོད་བཅུ་གཉིས་སུ་དབྱེ་ཞིང་དུས་དེ་དག་རེ་རེ་བཞིན་མཚོན་བྱེད་དུ་ལོ་རྟགས་རྣམས་བཀོད་ཅིང་། དེའང་ཉི་མ་དེའི་འབྱུང་ཁམས་དང་བསྟུན་ནས་དུས་ཚོད་སོ་སོའི་ཁམས་གཏན་འབེབས་བྱེད་སྲོལ་བྱུང་འདུག

            རེས་གཟའ་དང་ཚེས་གྲངས་བསྟུན་ཚུལ་ལ། ཉེར་བུམ་ལས། སྟག་རྟ་ཁྱི་གསུམ་སྤེན་པ་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །ཞེས་སྟག་རྟ་ཁྱི་གསུམ་གྱི་ཟླ་བ་ལ་ཚེས་གཅིག་གཟའ་ཕུར་བུ་དང་སྦྱར་ནས་བརྩི་བ་དང་། བྱི་འབྲུག་སྤྲེལ་གསུམ་གྱི་ཟླ་བ་ལ་ཚེས་གཅིག་གཟའ་མིག་དམར་དང་སྦྱར་ནས་བརྩི། ཕག་ལུག་ཡོས་གསུམ་གྱི་ཟླ་བ་ལ་ཚེས་གཅིག་གཟའ་ཟླ་བ་དང་སྦྱར་ནས་བརྩི། བྱ་གླང་སྦྲུལ་གསུམ་གྱི་ཟླ་བ་ཚེས་གཅིག་གཟའ་ཕུར་བུ་དང་སྦྱར་ནས་བརྩི་སྲོལ་འདུག་ལ། འདི་ནི་བརྩི་ཚུལ་རགས་པ་ཞིག་ཡིན་སྟབས་ཚེས་གྲངས་དང་ཅི་བཞིན་མི་འགྲིག་པ་བྱུང་ཚེ་སྐབས་འགར་གཟའ་རེ་གཉིས་ཙམ་ཕྱིར་གཡུགས་ཏེ་གཟའ་ཆད་བརྩི་སྲོལ་ལྔ་བྱུང་འདུག

            རེས་འགྲོགས་ཟླ་སྐར་བརྩི་ཚུལ་ལ། ཕྱི་མ་རྒྱུད་ལས། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། །དབྱར་ཟླ་གསུམ་ནི་འདབ་རྒྱས་ཆབ་ཀྱི་དུས། །ས་ག་སྣྲོན་དང་ཆུ་སྟོད་ནམ་ཚོད་འཛིན། །སྟོན་ཟླ་གསུམ་ནི་རྩི་ཐོག་སྨིན་པའི་དུས། །གྲོ་ཞུན་ཁྲུམས་སྟོད་དབྱུག་པས་ནམ་ཚོད་འཛིན། །དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས། །སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན། །ཞེས་གསལ་བ་ལྟར། ཟླ་བ་སོ་སོའི་ཉ་སྐར་དང་ཚེས་བཅོ་ལྔ་སྦྱར་ནས། ཚེས་བཅོ་ལྔའི་རྗེས་ཀྱི་ཉི་མ་རྣམས་ལ་ཉ་སྐར་ནས་རིམ་བཞིན་ལུགས་ལྡོག་ཏུ་སྦྱར་ནས་བརྩི་བ་སྟེ། དཔེར་ན། དཔྱིད་ཟླ་དང་པོ་ལོ་གསར་གྱི་ཟླ་བའི་ཚེས་བཅོ་ལྔའི་ཉ་སྐར་རྟ་པའམ་མཆུ་ཞེས་པའི་རྒྱུ་སྐར་དེ་ཡིན་ཞིང་། དེ་རྒྱུ་སྐར་ཉེར་བདུན་ལས་གྲངས་དགུ་པ་ཡིན། དེས་ན་ཚེས་བཅོ་ལྔ་ལ་སྐར་མ་དགུ་པ། ཚེས་བཅུ་དྲུག་ལ་སྐར་མ་བཅུ་པ། ཚེས་བཅུན་བདུན་ལ་སྐར་མ་བཅུ་གཅིག་པ་སོགས་རིམ་བཞིན་ལུགས་ལྡོག་ཏུ་སྦྱར་ནས་བརྩི་བ་དང་། ཚེས་བཅུ་བཞི་ལ་སྐར་མ་བརྒྱད་པ། ཚེས་བཅུ་གསུམ་ལ་སྐར་མ་བདུན་པ་སོགས་རིམ་བཞིན་ལུགས་ལྡོག་དུ་སྦྱར་ནས་བརྩི་བ་སྟེ། ཟླ་བ་གཞན་རྣམས་ལའང་དེ་བཞིན་དུ་རིགས་འགྲེ་ན་གོ་སླའོ།།

            དེ་ལྟར་ལོ་ཟླ་ཞག་དུས་གཟའ་དང་རྒྱུ་སྐར་བཅས་པའི་བརྩི་ཚུལ་གྱི་རྣམ་གཞག་འདི་ནི་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་བོད་ཀྱི་ཡུལ་འདིར་བརྩི་སྲོལ་དར་ཡོད་པའི་གོམས་གཤིས་འདི་ལ་ནག་རྩིས་སམ་འབྱུང་རྩིས་ཀྱི་རིག་པ་ཟེར། ལུགས་འདི་ཡིས་གཏན་ལ་ཕབ་པའི་ལོ་ཐོའི་རྣམ་གཞག་ནི་ཟླ་བ་གཅིག་ལ་ཉིན་ཞག་སུམ་ཅུ་དང་། ལོ་གཅིག་ལ་ཞག་མ་སུམ་བརྒྱ་དྲུག་ཅུ་སྟེ། དུས་འཁོར་གཞུང་དུ་བསྟན་པའི་ཞག་མ་གསུམ་གྱི་རྣམ་དབྱེ་ལས་འདི་ནི་ཉིན་ཞག་ཁོ་ན་གཙོ་བོར་བཟུང་ནས་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་གཏན་འབེབས་བྱེད་པའི་བོད་ཀྱི་ལུགས་རྙིང་ཞིག་ཡིན། ལུགས་འདི་ལྟར་ན་ཉིན་ཞག་གི་འགྲོས་དང་གོ་ལའི་འགྲོས་གཉིས་པོ་ཕན་ཚུན་མྱུར་བུལ་མི་མཉམ་པའི་དབང་གིས་ལོ་རེ་ལ་ཞག་ལྔའི་ཧེ་བག་ཡོང་གི་ཡོད་པ་དང་། ལོ་དྲུག་ན་ཟླ་བ་གཅིག་གི་ཧེ་བག ལོ་བཅོ་བརྒྱད་ན་ཟླ་བ་གསུམ་ཏེ་དུས་ཚིག་གཅིག་གི་ཧེ་བག ལོ་སོ་དྲུག་ན་ཟླ་བ་དྲུག་སྟེ་ལོ་ཕྱེད་གཅིག་གི་ཧེ་བག་ཡོང་གི་ཡོད་པས་སྐབས་དེར་དབྱར་དགུན་ཕན་ཚུན་གོ་ལྡོག་དང་། སྟོན་དཔྱད་ཕན་ཚུན་གོ་ལྡོག་ཏག་ཏག་ཡོང་གི་ཡོད་པ་རེད།

            བོད་ཀྱི་ལོ་རྒྱུས་སྟེང་དུ་གནད་དོན་འདི་འདྲ་ཞིག་བྱུང་མྱོང་ཡོད་པར་གསལ་ཏེ། ཟུར་མཁར་བློ་གྲོས་རྒྱལ་པོས། དཔྱིད་ར་སྟག་གི་ཟླ་བ་དེ་ཧོར་ཟླ་བཅུ་གཅིག་པ་ལ་འདོད་པ་དེ་ནོར་བ་བསྒྲུབ་པའི་སྐབས་སུ། སྨན་འགྲེལ་མེས་པོའི་ཞང་ལུང་ལས། སྡོང་བསྡུས་སུ། དབྱར་ཉི་སྟོན་ར་བརྒྱད་གསུམ་དག་ལ་ལྡོག །དགུན་ཉི་དཔྱིད་ར་བརྒྱད་གསུམ་དག་ལ་ལྡོག །ཅེས་དང་། འབྱུང་བ་ཀུན་འདུས་སུ། དགུན་ཉེ་ཉི་མ་དཔྱིད་ར་སྟག་ལ་ལྡོག །ཅེས་དང་། སྣང་གསལ་དུ། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། ཞེས་བྱ་བ་ལ་སོགས་པའི་སྒོ་ནས་མགོ་ཟླ་བ་ལ་དཔྱིད་ར་སྟག་ཏུ་འཛིན་པ་བཅོས་ནས་ལྷ་སར་ཞིང་རྨོ་བའང་བྱས་ཞིང་། ཞེས་སོགས་གསལ་བ་ལ་བརྟགས་ན་དེང་དུས་ཀྱི་བོད་ཟླ་བཅུ་གཅིག་པའི་ནང་དུ་ལྷ་སར་ཞིང་རྨོ་སྐབས་དང་འཁེལ་ཡོད་པར་གསལ། སྤྱིར་ལོ་ངོ་སྟོང་ཕྲག་སྔོན་ནས་ད་བར་ས་གཤིས་ལ་འགྱུར་ལྡོག་འོས་འཚམས་རེ་བྱུང་ཡོད་སྲིད་ཀྱང་བོད་ཟླ་བཅུ་གཅིག་པ་ནི་ཉི་མ་བྱང་བགྲོད་གྱི་འགོ་ཚུགས་པ། གྲང་ངར་ཤིན་ཏུ་རྒྱས་པའི་དུས་སྐབས་ཤིག་ཡིན་སྟབས། དཔྱིད་རྨོས་དང་སྟོན་ལོག་གང་ཡིན་ཡང་དུས་དེར་ས་ཞིང་རྨོ་བ་ནི་ལྷ་སའི་ཡུལ་གྱི་གནས་བབས་དང་མངོན་སུམ་མི་མཐུན་པ་ཞིག་རེད། འོ་ན་དོན་རྐྱེན་འདི་གང་འདྲ་བྱས་ནས་བྱུང་ངམ་ཞེ་ན། ཞིབ་ཏུ་དཔྱད་ན་སྐབས་དེར་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་བརྟག་གཞིའི་ལོ་ཐོ་དེ་ཉིན་ཞག་མའི་ལུགས་ཁོ་ན་ལ་བརྟེན་པའི་འབྱུང་རྩིས་ཀྱི་ལོ་ཐོ་འདི་ཉིད་ཡིན་པར་ངེས་ཏེ། འདི་ལ་ཉིན་ཞག་གི་འགྲོས་དང་གོ་ལའི་འགྲོས་གཉིས་པོ་མྱུར་བུལ་མི་མཉམ་པའི་དབང་གིས་དུས་ཚིགས་དང་མི་མཐུན་པའི་གནམ་གཤིས་ལ་ཚ་གྲང་གོ་ལྡོག་ཡོང་བཞིན་ཡོད་པ་རེད། དེ་ལྟ་བུའི་ལོ་རྒྱུས་དེའང་ལུགས་དེའི་ལོ་ཐོ་ལ་བརྟེན་ནས་བྱུང་བ་ཞིག་མིན་ནམ་སྙམ་པས་སླད་ནས་བོད་ཀྱི་རྩིས་རམས་པ་རྣམས་ཀྱི་ཞིབ་དཔྱད་འཚལ།

 

གཉིས།   གནའ་བོའི་དུས་ནས་ལོ་ཐོ་ལྟ་སྲོལ་ཡོད་པའི་ལུང་རིགས་ཀྱི་དཔང་རྟགས།

ཁ་ཅིག་གིས་དུས་འཁོར་བོད་དུ་མ་དར་བའི་གོང་བོད་ལ་སྐར་རྩིས་ཀྱི་རིག་གཞུང་མེད་པས་ལོ་ཐོ་མེད་པ་དང་། འབྱུང་རྩིས་ནི་མེས་དབོན་རྣམ་གསུམ་གྱི་དུས་སུ་རྒྱ་ནག་ནས་དར་བས་དེའི་གོང་ན་ལོ་ཐོ་མེད་པ་སོགས་མ་ངེས་པའི་རྒྱུ་མཚན་སྣ་ཚོགས་ཤིག་སྨྲ་སྲིད་ཀྱང་། འབྱུང་རྩིས་ཀྱི་ཐོག་མ་གང་ནས་དར་ཡོད་པ་ཁོ་བོས་བྲིས་པའི་《འབྱུང་རྩིས་ཀྱི་ཁུངས་དང་རྣམ་བཤད་》ཅེས་པ། སྤྱི་ལོ་ ༡༩༩༡ ལོའི་བོད་ལྗོངས་ཞིབ་འཇུག་དེབ་དང་པོའི་ཐོག་བཀོད་པ་ལས་གསལ་ཞིང་འདིར་བསྐྱར་དུ་མ་སྨྲས། དུས་འཁོར་བོད་དུ་མ་དར་བའི་གོང་དེར་བོད་དུ་སྐར་རྩིས་ཀྱི་རིག་པ་གཏན་ནས་མེད་པའང་མ་གྲུབ་སྟེ། གནའ་མི་རྒན་པོ་རྣམས་ཀྱིས་རང་བྱུང་ཁམས་ཀྱི་དངོས་པོ་སྣ་ཚོགས་པ་རྣམས་དང་འབྲེལ་འདྲིས་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལས་བྱུང་བའི་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཐབས་དང་། སྤྲིན་དང་རླུང་གི་རྒྱུ་ཕྱོགས་ལ་བརྟགས་ནས་ཆར་ཞོད་དང་གངས་ཐན་ཡོང་མིན་བརྟག་ཐབས་སོགས་གནམ་རིག་སྐར་རྩིས་རིག་པའི་རྨང་གཞི་ཅི་སྙེད་ཅིག་ཡོད་པ་རྩིས་ཀྱི་རིག་གཞུང་ཁག་ཏུ་འཁོད་ཡོད་པ་རེད།

            ལྷག་པར་དུ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་དུ་གནའ་སྔ་མོའི་དུས་ནས་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་བརྩི་སྲོལ་བྱུང་ཡོད་པ་གསལ་བ་ནི། བོན་གྱི་སྟོན་པ་གཤེན་རབ་འཁྲུངས་སྐོར་《ལེགས་བཤད་རིན་པོ་ཆེའི་མཛོད་》པེ་ཅིང་པར་མ་ཤ་༣༧ཕ་༢༡ལས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱི་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་གསལ་བ་བོན་གྱི་མདོ་གཟེར་མིག་ཏུ་ཡང་དེ་དང་གཅིག་མཐུན་དུ་བཤད་འདུག གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། དགུ་པ་ལོ་རྒྱལ་ཤིང་ཕོ་བྱི་བ་ཡི། །དཔྱིད་ར་མེ་སྟག་ཟླ་བའི་ཉ་ཚེས་ཀྱི། །ནམ་ལངས་ཐོག་མ་ལག་རིས་མཐོང་གསལ་དུས། །ཡུམ་གྱི་གློ་གཡས་གཡུང་དྲུང་རིས་བརྡོལ་ནས། །ངོ་མཚར་བྱེ་བའི་ལྟས་ཀྱིས་མདུན་བསུས་ཏེ། །གཟུགས་སྐུའི་མཚན་དཔེ་རྣམ་པར་བཞད་པ་ནས། ཞེས་སོགས་གསུངས་ཡོད་པ་འདི་ནི་བོད་ཀྱི་ཡུལ་འདིར་སྟོན་པ་གཤེན་རབ་འཁྲུངས་པའི་དུས་དེར་ལོ་ཐོ་བེད་སྤྱོད་བྱེད་སྲོལ་དར་ཡོད་པ་ཤེས་ཐུབ། གལ་སྲིད་སྐབས་དེར་ལོ་ཐོ་ལྟ་བའི་སྲོལ་མེད་ན་གཤེན་རབ་འཁྲུངས་པའི་ལོ་རྟགས་ཙམ་རྗེས་སུ་དཔོག་ནུས་སྲིད་ཀྱང་། ཟླ་བ་གང་དང་། ཚེས་གང་གི་དུས་ནམ་ཙམ་ན། ཉིན་དེར་རྒྱུ་སྐར་གང་འཆར་པ་བཅས་འདི་འདྲ་བའི་ཁ་གསལ་ཅན་ཞིག་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་བཀོད་ཐབས་བྲལ་བ་ཞིག་རེད། སྟོན་པ་གཤེན་རབ་འཁྲུངས་པའི་དུས་ཚོད་ལ་བཤད་སྲོལ་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་ཟུར་མཁར་བློ་གྲོས་རྒྱལ་པོས་སངས་རྒྱས་ཤཱཀྱ་ཐུབ་པ་དང་དུས་མཉམ་ཙམ་ན་མངའ་རིས་སྤུ་ཧྲེང་གི་ཡུལ་དུ་འཁྲུངས་ཚུལ་གསུངས་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པ་ཞིག་གོ། དེ་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་དེར་བོད་ཀྱི་ཡུལ་འདིར་ལོ་ཟླ་ཞག་དུས། གཟའ་སྐར་ཚེས་གྲངས་སོགས་ཀྱི་རྣམ་གཞག་ཆ་ཡོངས་སུ་ཚང་བའི་ལོ་ཐོ་བརྩི་སྲོལ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་ཡིག་ཐོག་ཏུ་མངོན་སུམ་དུ་འཁོད་ཡོད་པ་ཞིག་ཡིན་ཞིང་། གཤེན་རབ་འཁྲུངས་པའི་གོང་དེར་ལོ་ཐོ་བརྩི་སྲོལ་དར་ནས་ཡུན་རིང་པོ་ཞིག་སོང་ཡོད་པ་ནི་གཤེན་རབ་འཁྲུངས་དུས་ཀྱི་ལོ་ཟླ་ཚེས་གྲངས་དུས་ཚོད་གཟའ་སྐར་དང་བཅས་པ་གསལ་པོར་འཁོད་ཡོད་པ་འདི་ལ་གསལ།

            ཁ་ཅིག་གིས་སྤྱི་ལོའི་སྔོན་གྱི་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དེར་བོད་ཡུལ་གྱི་མི་རྣམས་སྤྲ་མ་སྤྲེལ་ལྟ་བུ་ཤེས་རིག་ཡོན་ཏན་གང་ཡང་མེད་པ་ཞིག་ཡིན་པ་ལས་ལོ་ཐོ་བརྩི་ཐུབ་པའི་བློ་རིག་ཅིག་ཅི་ལ་བྱུང་སྲིད་སྙམ་ན། དེ་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་པོར་མ་ཤེས་པའི་སྐྱོན་དུ་ཟད་དེ། རྒྱ་ནག་ཡུལ་དུ་དེང་དུས་བར་དུ་དར་སྲོལ་ཡོད་པའི་ཞ་ལི་ཞེས་པའི་ལོ་ཐོ་འདི་ནི་རྒྱ་ནག་ཏུ་ཞ་རྒྱལ་རབས་སྐབས་སུ་བརྩི་སྲོལ་བྱུང་བ་ཞིག་ཡིན་ཞིང་། རྒྱལ་རབས་འདི་ནི་རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་ཁག་ཏུ་འཁོད་པའི་རྒྱལ་རབས་ཆེས་སྔ་ཤོས་ཡིན་ལ། འདི་ནི་སྤྱི་ལོའི་སྔོན་གྱི་ཧ་ལམ་དུས་རབས་ཉེར་གཅིག་ཙམ་ནས་སྤྱི་སྔོན་དུས་རབས་དྲུག་པའི་བར་ཙམ་ཡིན་ཞིང་། དེས་ན་རྒྱ་ནག་ཡུལ་དུ་ལོ་ཐོ་བརྩི་སྲོལ་བྱུང་ནས་ད་ཕན་ཧ་ལམ་ལོ་ངོ་སུམ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ། བོད་ཀྱི་ཡུལ་དུ་ལོ་ཐོ་བརྩི་སྲོལ་དར་བའི་ལོ་རྒྱུས་ལ་མ་མཐར་ཡང་ཞ་ལིའི་ལོ་ཐོའི་ལོ་རྒྱུས་དང་དུས་མཉམ་པ་ཙམ་ཡིན་ངེས།

            སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནམ་ཙམ་ན་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་དུས་བཏབ་པའི་སྐབས་སུ་བློན་པོ་ལོ་ངམ་གྱིས་སྐར་མ་རི་དང་ས་ག་རླུང་སྐར་ཡིན་སྟབས་རླུང་ཁམས་ཀྱི་སྐར་མ་འཆར་བའི་དུས་རླུང་འཚུབས་ཡོད་པ་ཤེས་ནས་རི་དང་ས་ག་ལ་འཐབ་དུས་བཏབ་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་བཤད་པ་ལ་བརྟགས་ན་སྐབས་དེར་བོད་དུ་ལོ་ཐོ་བེད་སྤྱོད་བྱེད་པའི་ཤེས་ཚད་དེ་ཧ་ཅང་མཐོན་པོ་ཞིག་ཆགས་ཡོད་པ་ཤེས་ཐུབ་སྟེ། འདི་ནི་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་ཁོ་ན་ཙམ་མ་ཡིན་པར། གཟའ་དང་རྒྱུ་སྐར་གྱི་འགྲོས་དང་ཁམས་སོགས་ལ་བརྟགས་ནས་གཤམ་གཤིས་གྱུར་ལྡོག་གང་ཡོང་བ་རྗེས་དཔག་བྱེད་ཐུབ་པའི་ཤེས་ཚད་ཅིག་ཆགས་ཡོད་པ་གསལ་པོར་རྟོགས་ཐུབ།

            ཆོས་ལྡན་རྒྱལ་རབས་རྣམས་ཀྱི་སྐབས་སུ་བྲིས་པའི་ཏུན་ཧོང་གི་གཏེར་ཡིག་ལས། ཁྱིའི་ལོ་ལ་བབས་ཏེ། བཙན་པོ་མྱེས་ཁྲི་སྲོང་བཙན་གྱི་སྤུར་ཕྱིང་པའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཏེ། བཙན་པོ་དབོན་ཁྲི་མང་སློན་མང་བཙན་མེར་ཀེ་ན་བཞུགས་པར་ལོ་གཅིག །ཕག་གི་ལོ་ལ་བབས་ཏེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། ཕྱིང་བར་བཙན་ཕོ་མྱེས་ཁྲི་སྲོང་བཙན་གྱིས་མདངས་བཏང་བ་ལོ་གཅིག །བྱི་བའི་ལོ་ལ་བབས་ཏེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེན་སྟོང་བཙན་གྱིས། གློ་བ་དང་རྩང་རྒྱའ་བཀུག་པར་ལོ་གཅིག ཅེས་སོགས་གསལ་བ་འདི་དག་ནི་དུས་རབས་དེར་བོད་དུ་ལོ་ཐོ་དར་སྲོལ་ཆེན་པོ་ཆགས་ཡོད་པའི་གཏན་ཚིགས་ཤིག་རེད།

 

གསུམ།   གནའ་དུས་འབྱུང་རྩིས་ལུགས་སུ་རྩིས་པའི་ལོ་ཐོ་རྙིང་པ་ཞིག་མཚམས་སྦྱོར་ཞུ་བ།

ཉེ་ཆར་བོད་ཀྱི་ལོ་ཐོ་རྙིང་པ་ཞིག་ཁོ་བོའི་མིག་ལམ་དུ་སོན་པ་འདིས་བོད་ཀྱི་རྩིས་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་རྣམས་ལ་རིག་པའི་སྒོ་ཆེན་ཞིག་གསར་དུ་ཕྱེ་འདུག བོད་ཀྱི་འབྱུང་རྩིས་ཀྱི་གཞུང་དུ་ལོ་ཟླ་ཞག་དུས་ཀྱི་རྣམ་གཞག་རེས་གཟའ་དང་རེས་འགྲོགས་ཟླ་སྐར་སོགས་ཀྱི་སྐོར་ཞིབ་ཏུ་འཁོད་ཡོད་ཀྱང་། ལུགས་དེ་བཞིན་དུ་རྩིས་པའི་ལོ་ཐོ་དངོས་ནི་ཧ་ཅང་མཐོང་བ་དཀོན། ཉེ་ལམ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཁམས་ཕྱོགས་ཀྱི་རྨུ་གླིང་ས་ཁུལ་ནས་ཁྱེར་ཡོང་བའི་ལོ་ཐོ་རྙིང་པ་ཞིག་དང་། ཡང་དེ་དང་མཚུངས་པའི་ལོ་ཐོ་རྙིང་པ་ཞིག་ཀྲུང་གོའི་ཕོ་བྲང་རྙིང་པའི་ནང་ནས་གཡར་པོ་ཡིན་པར་གྲགས་པ་ཞིག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གི་ལག་ཏུ་འདུག་པ་དེ་གཉིས་ངོ་བོ་དང་རྣམ་པ་ཕལ་ཆེར་གཅིག་མཚུངས་སུ་སྣང་། ཡིན་ནའང་མི་འདྲ་བ་ཅུང་ཟད་རེ་ཡོད་པ་སོ་སོར་ངོ་སྤྲོད་ཞུ་བར།

            དང་པོ་ཁམས་ཕྱོགས་རྨུ་གླིང་བོད་རིགས་རང་སྐྱོང་རྫོང་ནས་ཁྱེར་ཡོང་བའི་ལོ་ཐོ་རྙིང་པ་དེ་ནི་ལོ་ངོ་སྟོང་ཕྲག་ལ་ཉེ་བའི་ལོ་རྒྱུས་དང་ལྡན་པའི་དངོས་རྫས་ཤིག་ཡིན་ཡང་ནང་གི་རི་མོ་རྣམས་ཀྱི་དོན་གང་ཡིན་མ་ཤེས་པར། སྤྱི་ཚོགས་ཚན་རིག་ཁང་གིས་གདན་ཞུས་བྱས་པའི་ཆེད་རམས་པ། ཨ་མེ་རི་ཀའི་རྒྱལ་ཁོངས་ཀྱི་མཁས་པ་ཆེན་པོ་མ་ཁོལ་ཟ་སོ་ལ་ཞིབ་འཇུག་བྱེད་རྒྱུའི་ལས་འགན་བཅོལ་འདུག ཁོང་གིས་ཕྲན་ལ་ང་ཚོ་ལྷན་ཅིག་ཏུ་ཞིབ་འཇུག་བྱེད་རྒྱུའི་རེ་བ་ལྟར། ང་ཚོས་ལྷན་དུ་ཞིབ་དཔྱད་བྱས་རྗེས་ཤེས་རྟོགས་བྱུང་བའི་ཁྱད་ཆོས་འགའ་ཞིག་ངོ་སྤྲོད་ཞུ་བར། ལོ་ཐོ་འདི་ནི་ཆེས་གནའ་བོའི་ལུགས་རྙིང་ཞིག་ཡིན་སྟབས་དབྱིབས་མགོ་ཚེམས་ཅན་ཡིན་པ་དང་། ཕྱི་གཡོག་ཀོ་བས་བྱས་ཡོད་པ། ཤོག་བུ་བོད་ཤོག་རྙིང་པ་ལ་ཡི་གེ་ཆེར་མེད་པ་དཔེ་རིས་སྣ་ཚོགས་ཀྱིས་གཟའ་སྐར་དུས་ཚེས་འཕྲོད་སྦྱོར་བཟང་ངན་སོགས་མཚོན་པར་བྱས་ཡོད་པ་ཞིག་འདུག ཁ་བྱང་དུ་སྐར་རྩིས་འཕྲུལ་གྱི་ལྡེའུ་མིག་ཅེས་པའི་བོད་ཡིག་དབུ་མེད་ཅིག་བྲིས་ཡོད་པ་དེ་ལས། གཞན་ཐམས་ཅད་དཔེ་རིས་སུ་སྣང་། ཐོག་མར་དབུ་ལྡེབ་ཀྱི་ངོས་སུ་འཇིག་རྟེན་སྲིད་པ་མཚོན་བྱེད་དུ་མ་ཧ་གསེར་གྱི་རུས་སྦལ་གན་རྐྱལ་དུ་གནས་པ་ཞིག་ལ། ཤར་དུ་ཤིང་ཁམས་མཚོན་བྱེད་ལྗོན་ཤིང་གི་ལོ་མ། ལྷོར་མེ་ཁམས་མཚོན་བྱེད་མེ་ལྕེའི་རི་མོ། ནུབ་ལྕགས་ཁམས་མཚོན་བྱེད་མདེལ་གྱི་རྩེ་མོ། བྱང་ཆུ་ཁམས་མཚོན་བྱེད་ཆུའི་རི་མོ་བཅས་བཀོད་ཅིང་དེའི་ཕྱོགས་སོ་སོ་ན་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་བཀོད་ཡོད་པ་དང་དེ་ལས་གནམ་ལོ་གང་ཡིན་མཚོན་པར་བྱེད་པའི་ཆེད་དུ་གནམ་ལོའི་གཟུགས་བརྙན་དེ་ལ་འབྱུང་ཁམས་གང་ཡིན་དེའི་ཁ་དོག་གི་ཚོན་བཏབ་ནས་བཞག་འདུག དེ་ནས་ཟླ་བ་རེ་ལ་ཞག་སུམ་ཅུ་རེ་བརྩིས་པའི་རེའུ་མིག་སུམ་ཅུ་བཅད་ཅིང་། དེའི་གོང་དུ་ཟླ་ཁམས་གང་ཡིན་མཚོན་བྱེད་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་རེ་རེ་བཞིན་ཡོད་པ་སྟེ། ཟླ་བ་དང་པོ་མཚོན་བྱེད་སྟག་གི་གཟུགས་བརྙན། གཉིས་པ་མཚོན་བྱེད་ཡོས་ཀྱི་གཟུགས་བརྙན། གསུམ་པ་མཚོན་བྱེད་འབྲུག་གི་གཟུགས་བརྙན། བཞི་པ་མཚོན་བྱེད་སྦྲུལ་གྱི་གཟུགས་བརྙན། ལྔ་པ་མཚོན་བྱེད་རྟའི་གཟུགས་བརྙན། དྲུག་པ་མཚོན་བྱེད་ལུག་གི་གཟུགས་བརྙན། བདུན་པ་མཚོན་བྱེད་སྤྲེའུའི་གཟུགས་བརྙན། བརྒྱད་པ་མཚོན་བྱེད་བྱའི་གཟུགས་བརྙན། དགུ་པ་མཚོན་བྱེད་ཁྱིའི་གཟུགས་བརྙན། བཅུ་པ་མཚོན་བྱེད་ཕག་གི་གཟུགས་བརྙན། བཅུ་གཅིག་པ་མཚོན་བྱེད་བྱི་བའི་གཟུགས་བརྙན། བཅུ་གཉིས་པ་མཚོན་བྱེད་གླང་གི་གཟུགས་བརྙན་བཅས་བྲིས་ཡོད་ཅིང་། གཟུགས་བརྙན་སོ་སོའི་འོག་ཏུ་ཡོད་པའི་རེའུ་མིག་སུམ་ཅུ་པོ་རྣམས་ཀྱི་ནང་དུ་ཉི་མ་སོ་སོའི་ཁམས་མཚོན་པར་བྱེད་པའི་ཕྱིར་དུ་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་རིམ་བཞིན་བཀོད་ཡོད་པ་དེའང་འབྱུང་རྩིས་ཀྱི་གཞུང་དུ། ཕོ་ཟླ་སྟག་སོགས་སྟག་ལྔ་ཚེས། །མོ་ཟླ་ཡོས་སོགས་སྤྲེལ་ལྔ་ཚེས། །ཞེས་གསུངས་པ་ལྟར། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་སྟེ་ཕོ་ཟླ་དྲུག་པོའི་ཚེས་ཁོངས་རེའུ་མིག་ནང་དུ་ཚེས་གཅིག་སྟག་ནས་མགོ་བཟུང་སྟེ་ཚེས་ཁོངས་རེ་ལ་གཟུགས་བརྙན་རེ་བཀོད་ཡོད་པ་དང་། གླང་ཡོས་སྦྲུལ་ལུག་བྱ་ཕག་སྟེ་མོ་ཟླ་དྲུག་པོའི་ཚེས་ཁོངས་རེའུ་མིག་ནང་དུ་ཚེས་གཅིག་སྤྲེལ་ནས་མགོ་བཟུང་སྟེ་ཚེས་ཁོངས་རེ་ལ་གཟུགས་བརྙན་རེ་བཀོད་ཅིང་ལོ་གཅིག་ལ་ཞག་སུམ་བརྒྱ་དང་དྲུག་ཅུ་གཏན་འཁེལ་བྱས་པའི་རེའུ་མིག་ནང་ལོ་སྐོར་བཅུ་གཉིས་ཀྱིས་བསྟུད་མར་བཀོད་འདུག

            གཟའ་བདུན་པོ་མཚོན་བྱེད་ཀྱི་དཔེ་རིས་ལ། ཉི་མ་དང་ཟླ་བ་ལ་རང་གཟུགས་རེ་བྲིས་ཤིང་། མིག་དམར་ལ་མིག་གི་གཟུགས་གཅིག ལྷག་པ་ལ་ལག་མགོ་ཞིག ཕུར་བུ་ལ་ཕུར་པའི་གཟུགས་གཅིག པ་སངས་ལ་རལ་གྲི་དང་སྐབས་སུ་ཁ་མ་ཡང་བྱས་པ་སྣང་། སྤེན་པ་མཚོན་བྱེད་དུ་ཕོ་མཚན་ཞིག་བྲིས་འདུག་ཅིང་། དེ་དག་ཚེས་ཁོངས་སུ་བཀོད་ཚུལ་ཡང་འབྱུང་རྩིས་ཀྱི་གཞུང་དུ་བཤད་པའི། སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །ཞེས་གསུངས་པ་ལྟར། དང་པོ་སྟག་ཟླ་བའི་ཚེས་གཅིག་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་རིམ་བཞིན་བཀོད་པས་གཉིས་པ་ཡོས་ཟླའི་ཚེས་གཅིག་ལ་རེས་གཟའ་ཟླ་བ་ཏག་ཏག་འཁེལ་ཡོད་ཀྱང་། ཟླ་བ་ཕྱི་མ་རྣམས་ལ་གསུམ་པའི་ཚེས་གཅིག་མིག་དམར་དང་། བཞི་པའི་ཚེས་གཅིག་ཕུར་བུ་སོགས་འཁེལ་མ་ཐུབ་པ་དེ་དག་དང་། ལོ་རྗེས་མའི་ཟླ་བ་དང་པོའི་ཚེས་གཅིག་ལ་གཟའ་སྤེན་པར་འཁེལ་བའི་ཆེད་དུ། བར་མཚམས་རྣམས་སུ་གཟའ་ལྔ་པོ་གང་རུང་རེ་ཆད་པའི་བརྩི་སྲོལ་བྱུང་འདུག དེ་བཞིན་དུ་གཟའ་སྐར་འཕྲོད་སྦྱོར་དང་། དུས་ཚོད་བཟང་ངན་སོགས་མཚོན་བྱེད་དུ་མདའ་དང་། དུང་། ལྷམ། བུམ་པ། རྒྱ་གྲམ། སྦྲུལ། ནོར་བུ། རྩེ་གསུམ། བང་རིམ། ཉི་མ། སེན་རྗེས་དབྱིབས་ཅན་གྱི་གཟུགས་རིས། གཡུང་དྲུང་། ཡི་གེ་ཨ། (འདིར་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ཀ་འདུག) གོར་ཐིག་གསུམ་པ། གོར་ཐིག་དྲུག་པ། གོར་ཐིག་བརྒྱད་པ། མེ་ལོང་། ཕུར་པ། རལ་གྲི། ཟླ་གམ་ལ་སོགས་པའི་རི་མོ་ཇི་སྙེད་ཅིག་བཀོད་འདུག འདི་དག་རེ་རེ་བཞིན་གང་གང་མཚོན་བྱེད་ཡིན་པ་སླད་ནས་བཻ་དཀར་སོགས་རྩིས་གཞུང་རྒྱས་པ་རྣམས་ལས་རྟོགས་པར་བྱ་དགོས།

            གཉིས་པ་ཡོང་ཁུངས་མི་གསལ་བའི་དེང་དུས་ཀྲུང་གོའི་ཕོ་བྲང་རྙིང་པའི་དངོས་རྫས་བདག་གཉེར་ཁང་དུ་ཉར་ཚགས་བྱས་པའི་སྐད་གྲགས་ཡོད་པའི་ལོ་ཐོ་རྙིང་པ་ཞིག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཞོང་ལི་ལགས་ཀྱི་ཕྱག་ཏུ་འདུག་པས་དེ་ང་ཚོས་ཞིབ་དཔྱད་བྱས་པར། དབྱིབས་དང་རྣམ་པ་སྔ་མ་དང་མཚུངས་ཤིང་། འདི་ལ་མི་འདྲ་བའི་ཁྱད་ཆོས་ཚེས་ཁོངས་སོ་སོའི་ནང་དུ་སྔ་མ་ལས་ཡི་གེ་མང་བ་དང་། ཡི་གེ་དེ་དག་གི་ནང་དོན་གཙོ་བོར་ལྷ་ཀླུས་བདག་འབྱུང་པོ་དང་སྡེ་བརྒྱད་རྣམས་ཚེས་གྲངས་གང་དང་། དུས་ཚོད་གང་དུ། ཚུལ་ཇི་ལྟར་གྱིས་རྒྱུ་བ། ཕན་གནོད་ཀྱི་བྱ་བ་གང་བྱེད་པ་ལ་སོགས་པ་དུས་རྒྱུན་དམངས་ཁྲོད་དུ་བཤད་སྲོལ་ཆེ་བའི་རིགས་རྣམས་བྲིས་འདུག

            ལོ་ཐོ་འདི་དག་ནི་འབྱུང་རྩིས་ཀྱི་རིག་པར་བརྟེན་ནས་བྱུང་བ་ཞིག་ཡིན་འདུག་ཅིང་། དེའང་ཟླ་ཁམས་ལ་ཆེ་ཆུང་མེད་པ། ཚེས་གྲངས་ལ་ཆད་ལྷག་མེད་པ། ལོ་ལྟར་ཟླ་སོ་སོའི་གཟའ་ཚེས་གཅིག་གྱུར་ཡིན་པ་སོགས་ཧ་ཅང་རགས་རྩིས་ཤིག་ཡིན། འོན་ཀྱང་ལོ་ཐོ་གཅིག་རྩོམ་སྒྲིག་བྱས་པ་ཡིན་ན་ལོ་ལྟར་བྱེད་ཆོག་པ་དང་། ཡི་གེ་ཤེས་མི་ཤེས་པའི་མི་ཚང་མས་བལྟ་ཐུབ་པ་དང་། བརྟག་དཔྱད་བྱེད་ཐུབ་པ་བཅས་ཀྱི་དགེ་མཚན་ཡང་ཡོད་པ་ཞིག་རེད། ལོ་ཐོ་འདི་དག་ནི་དུས་འཁོར་གྱི་གཞུང་བོད་དུ་མ་བསྒྱུར་བའི་སྔོན་དུ་བེད་སྤྱོད་བྱེད་སྲོལ་བྱུང་བ་ཞིག་ཡིན་པ་ནི། ལོ་ཐོ་འདི་གཉིས་ནང་དུ་འཁོད་པའི་ཡི་གེ་དག་ལ་འབྱུང་རྩིས་ཀྱི་གཞུང་དུ་བསྟན་པའི་ལོ་ཟླ་ཞག་དུས་བརྩི་ཐབས། སྡེ་བརྒྱད་འབྱུང་པོ་རྒྱུ་ཚུལ་སོགས་ཀྱི་ཐ་སྙད་དང་། གཞན་ཡང་གཏོ་མདོས་ཡས་གླུད་སོགས་ཀྱི་གཞུང་དུ་བཤད་པའི་ཐ་སྙད་དང་རིག་པ་མང་པོ་ཞིག་ལས་དུས་འཁོར་སྐར་རྩིས་ཀྱི་གཞུང་བཤད་པའི་ཐ་སྙད་གཅིག་ཀྱང་མཐོང་རྒྱུ་མེད་པའི་དོན་འདི་ཡིས་ཤེས་སོ།། །།

 

འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༤ ལོའི་དེབ་བཞི་པ་ནས་ཟུར་འདོན་ཞུས།





མཐའ་མའི་འདོན་ཐེངས་།: 30.08.2023 ཉིན། 3:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།