༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)
1
|
2
|
||
3
|
4
|
||
5
|
6
|
||
7
|
8
|
||
9
|
10
|
||
11
|
12
|
||
13
|
14
|
||
15
|
16
|
||
17
|
18
|
||
19
|
20
|
||
21
|
22
|
||
23
|
24
|
||
25
|
26
|
||
27
|
28
|
||
29
|
30
|
||
31
|
32
|
||
33
|
34
|
||
35
|
36
|
||
37
|
38
|
||
39
|
40
|
||
41
|
42
|
||
43
|
44
|
||
45
|
46
|
||
47
|
48
|
||
49
|
50
|
||
51
|
52
|
||
53
|
54
|
||
55
|
56
|
||
57
|
58
|
||
59
|
60
|
||
61
|
62
|
||
63
|
64
|
||
65
|
66
|
||
67
|
68
|
||
69
|
70
|
||
71
|
72
|
||
73
|
74
|
||
75
|
76
|
||
77
|
78
|
||
79
|
80
|
||
81
|
82
|
||
83
|
84
|
||
85
|
86
|
||
87
|
88
|
||
89
|
90
|
||
91
|
92
|
||
93
|
94
|
||
95
|
96
|
||
97
|
98
|
||
99
|
100
|
||
101
|
102
|
||
103
|
104
|
||
105
|
106
|
||
107
|
108
|
||
109
|
110
|
||
111
|
112
|
||
113
|
114
|
||
115
|
116
|
||
117
|
118
|
||
119
|
120
|
||
121
|
122
|
||
123
|
124
|
བོད་ཀྱི་རྩིས་རིག་པའི་བྱུང་ཚུལ་དང་འཕེལ་རིམ་མདོར་བསྡུས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011 |
བོད་ཀྱི་རྩིས་རིག་པའི་བྱུང་ཚུལ་དང་འཕེལ་རིམ་མདོར་བསྡུས།
སྤྱིར་ན་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ཕལ་མོ་ཆེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆད་ལ་བོད་དུ་ཆ་ཚང་བའི་ཡི་གེ་མེད་པར་འདོད་ཅིང་། སྤྱི་ལོའི་སྔོན་གྱི་ལོ་༤༦༩ ཙམ་ལ་བོད་རྗེའི་ཐོག་མ་གཉའ་ཁྲིའི་དུས་དང༌། དེ་རྗེས་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཡས་མས་སུ་བྱུང་བའི་བོད་རྗེ་སྤུ་དེ་གུང་རྒྱལ་ལམ་བྱ་ཁྲི་ཞེས་པས་བོད་ལ་དབང་སྒྱུར་བྱེད་སྐབས་བོན་ཆོས་དར་རྒྱས་ཆེ་ཞིང༌། དེའི་དུས་ན་ཆབ་སྲིད་ལོ་རྒྱུས་ཚང་མ་བོན་རང་གི་ལུགས་སུ་གནས་པས་དེའི་སྐབས་ལ་ཆབ་སྲིད་སྒྲུང་དང་ལྡེའུ་ཡིས་བསྐྱངས་ཞེས་པ། རྒྱལ་རབས་ལོ་རྒྱུས་ལ་སོགས་པ་མང་པོ་ཞིག་སྒྲུང་གཏམ་དང་ཡང་ན་ངག་འཛིན་བརྒྱུད་ནས་དམངས་ཁྲོད་དུ་དར་ཁྱབ་ཡོད་པ་རྣམས་ཕྱིས་སུ་ཡིག་སྲོལ་དོད་ནས་ལོ་རྒྱུས་ཐོག་བཀོད་པ་ཇི་བཞིན། གནའ་སྔ་མོའི་སྐབས་སུ་མིའི་རིགས་ཀྱིས་རྩི་ཏོག་འཐུ་བ་དང༌། རི་དྭགས་རྔོན་པ། ཉ་འཛིན་པ་སོགས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང༌། དེ་རྗེས་རྡོ་ཆས་ཀྱི་དུས་རབས་གསར་པར་སླེབས་སྐབས་གཟན་རྩྭ་དང་ལོ་ཏོག་འདེབས་གསོ་བྱེད་ཤེས་པ་བྱུང་ནས་ཞིང་ལས་ཐོན་སྐྱེད་ཀྱི་ངལ་རྩོལ་བྱེད་པའི་འགོ་ཚུགས་པ་རེད།
ཞིང་ལས་ཐོན་སྐྱེད་བྱེད་པའི་གོ་རིམ་ནང་དང་ཐོག་ཁེར་རྐྱང་དུ་ཐོན་སྐྱེད་བྱེད་པ་ནས་རིམ་གྱིས་སྤྱི་ཚོགས་ཀྱི་ཁོངས་མི་གཞན་རྣམས་དང་ཕན་ཚུན་རོགས་འདེགས་བྱས་ནས་མིའི་རིགས་ཀྱི་དངོས་པོའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་དང༌། དེ་དུས་མི་ཚོས་ངལ་རྩོལ་བྱས་པའི་ཉིན་གྲངས་དང་ཡང་ན་ཕན་ཚུན་རོགས་རེས་བྱས་པའི་ལས་གྲངས་རྣམས་རྡོ་ནག་ལ་རྡོ་དཀར་གྱིས་རི་མོ་འབྲི་བའི་ཐབས་ཤེས་སྤྱོད་པ་དང༌། རྗེས་སུ་རིམ་གྱིས་ཐོན་སྐྱེད་ཡོ་བྱད་ལེགས་བཅོས་ཕྱིན་སྟབས་རྡོའི་ཕྲེང་བ་ལྟ་བུ་བཟོས་ནས་ལས་ཀའི་ཉིན་གྲངས་བརྩི་བ་དང༌། ཡང་ན་ཤིང་ལ་འཕེལ་ཀ་བཏོལ་ནས་ངལ་རྩོལ་བྱས་པའི་གྲངས་བརྩི་བ་བཅས་ལ་བརྟེན་ཞིང་ལས་ཐོན་སྐྱེད་ཀྱི་ལག་ལེན་ནང་ནས་རྩིས་རིག་གི་མྱུ་གུ་ཉིན་གྲངས་བརྩི་སྲོལ་ཐོག་མར་བྱུང་བ་རེད།
སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང༌། མི་ཚོས་ཐོན་སྐྱེད་ངལ་རྩོལ་བྱེད་དུས་ལས་ཀ་དང་ལྟོ་བཟའ་བར་ཉི་རྟགས་བརྒྱབ་ནས་དུས་ཚོད་བརྩི་མཁན་སྔ་ཤོས་ནི་མོན་ཡུལ་དུ་གནས་པའི་མི་ཚོ་ཡིན་ཞིང༌། ཁོང་ཚོས་ལག་པའི་མཐེ་བོང་སྟེང་གི་གཉེར་མ་དང་པོར་འཇག་མ་ཐུང་ངུ་ཞིག་བཙུགས་ནས་དེའི་གྲིབ་བཟོས་དུས་ཚོད་སྔ་ཕྱི་ངོས་འཛིན་བྱས་པ་རེད། མཐེ་བོང་སྟེང་དུ་འཇག་མ་བཞག་ནས་གཙུག་གྲིབ་ཟེར་བ་ཉི་མའི་གྲིབ་གཟུགས་བལྟ་སྲོལ་དེ་དག་ད་ལྟའང་བོད་ཀྱི་ས་ཁུལ་ཁ་ཤས་ཀྱི་ཞིང་འབྲོག་མི་དམངས་ནང་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།
ཆུ་ལ་ཚོད་བྱེད་པའི་ཐབས་ཤེས་མ་སྤྱད་སྔོན་ལ་རྡོ་ཁོག་དང༌། རྗེས་སུ་རྫ་ཁོག་དང་ཟངས་ཁོག་གི་ནང་དུ་ཆུ་བླུགས་ནས་སྣོད་ཀྱི་ཞབས་ལ་ཁུང་བུ་ཆུང་ཆུང་གཅིག་དྲུས་ཏེ་ཆུ་ཐིགས་འཛགས་པར་ཚོད་བྱས་ཏེ་དུས་ཚོད་ཉིན་དྲུག་དང་མཚན་དྲུག་གི་དབྱེ་བ་འབྱེད་སྲོལ་ཡང་རིམ་པས་དར་བ་བཅས་གོང་གསལ་རྣམས་ནི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་ཉི་རྟགས་དུས་ཚོད་དང་ཆུ་ཚོད་དུས་ཚོད་སྐོར་ལ་ཐོག་མའི་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས་ཡིན།
སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཙམ་ལ་བོད་རྗེ་སྤུ་དེ་གུང་རྒྱལ་ལམ་བྱ་ཁྲི་ཞེས་པའི་སྐབས་ལ་ཆུ་ཡུར་བར་དྲངས་པ་དང་སྤང་ཞིང་དུ་རྨོས་ཏེ་ཕུ་ལ་འབྲོག་དང་མདའ་ལ་ཞིང་ལས་བྱུང༌། ལྕགས་རྡོ། ཟངས་རྡོ། དངུལ་རྡོ་གསུམ་རྙེད་ནས་སོལ་བས་རྡོ་གསུམ་བཞུས་ནས་དངུལ་དང༌། ཟངས། ལྕགས་གསུམ་བཏོན་ཏེ་ཐོན་སྐྱེད་གོང་འཕེལ་ཆེན་པོ་བྱུང་བ་དང་སྦྲགས་བོད་ཀྱི་ལྷོ་ཁ་ཡར་ཀླུངས་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པའང་བྱུང་འདུག
དེའི་སྐོར་བོད་སྔ་རབས་ཀྱི་ལོ་རྒྱུས་༼གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ།༽ ཟེར་བའི་ནང་སྔོན་གྱི་བསྐལ་པ་དང་པོའི་དུས། །ཡར་ལྷ་ཤམ་པོའི་སྤྲུལ་པ་ནི། །ཕོ་རྒོད་འབར་བ་སྤུན་བདུན་གྲས། །ཕོ་རྒོད་བྱ་ཁྲི་ཟེར་བ་ཞིག །སྟོབས་ལྡན་འཁྲུལ་གྱི་མི་ཞིག་བྱུང༌། །དེ་ཡིས་ཆུ་ལག་ཡུར་བར་དྲངས། །ནགས་ཐང་ཞིང་དུ་རྨོས་བྱས་ལ། །ཕུ་རུ་འབྲོག་གམ་མདའ་རུ་ཞིང༌། །བར་ན་རུ་སྣའི་དཔུང་ཚོགས་བཙུགས། རྡོ་བཞུར་དངུལ་ཟངས་ལྕགས་སྲ་བཏོན། །མི་རྒན་ཁ་ཡིས་བསླབ་བྱ་བྱེད། །འབངས་ལ་རིག་པའི་ཤེས་བྱ་སྟོན། །འབངས་ཀྱི་ནང་ནས་འགའ་ཞིག་ནི། །བཟོ་མཁན་རྡོ་བརྐོས་དཔའ་བོ་ཟེར། །འགའ་ཞིག་ཤིང་ལས་དཔའ་བོ་ཟེར། །ཡར་ལྷ་ཤམ་པོའི་མཚོ་ཁ་རུ། །དཔའ་བོའི་སྙིང་སྟོབས་འགྲན་མི་ཕོད། །སྐབས་དེར་རྒན་མོ་བལ་མ་ཡིས། །ཨེ་མ་ཡར་ལྷ་ངོ་མཚར་ཆེ། །ང་ཡང་འགྲན་ཕོད་དཔའ་མོ་ཡིན། །ང་ཡི་མ་རྒན་འཆི་བའི་རྗེས། །མ་ཡི་རྗེས་ཤུལ་ངས་བྱས་ནས། །ང་ལ་ཟླ་བའི་སྐར་རྟགས་ཀྱི། །དམ་པའི་རྒྱུས་པ་མཆིས་རིག་ཡོད། །ཁྱོད་ཚོར་དེ་འདྲ་ཨེ་ཡོད་ཟེར། །དཔའ་བོ་རྣམས་ཀྱིས་གྲོས་བྱས་ནས། །ཡར་ལྷ་ཤམ་པོར་སྒྲོན་བྱས་པས། །རྒན་མོ་བལ་མ་ཚུར་བྱོན་དང༌། །གཅིག་ནས་བདུན་གྱི་ཞག་ཕྱི་མར། །སྟོད་ཟླ་ཕྱེད་པས་ནམ་ཕྱེད་ཐུབ། །བདུན་ནས་བདུན་བགྲངས་ཞག་ཕྱི་མར། །ཟླ་བ་དར་བས་མཚན་གཅིག་ཐུབ། །བདུན་གསུམ་བགྲངས་པའི་ཕྱི་མ་ལ། །སྨད་ཟླ་ཕྱེད་པ་ནམ་ཕྱེད་ཤར། །བདུན་བཞི་བགྲངས་པའི་ཞག་ཕྱི་མར། །གུས་པས་ཟླ་མེད་མཚན་མོ་ཟེར། །དེ་འདྲ་གསུམ་གསུམ་འཚོགས་པ་ལ། །དང་པོ་དྲོད་རླུང་འཕེལ་ཚོགས་ཟེར། །གཉིས་པ་འདབ་རྒྱས་ཆར་དུས་ཟེར། །གསུམ་པ་འབྲས་ལྡན་སྨིན་དུས་ཟེར། །བཞི་པ་གྲང་རླུང་འཕེལ་དུས་ཟེར། །ཡར་ལྷ་ཤམ་པོ་དགའ་བགོད་ཀྱིས། །ང་ནི་བྱ་ཁྲི་སྟོབས་ལྡན་ཡང༌། །རྒན་མོས་འཆད་པ་ཡ་མཚན་ཆེ། །མཐོ་བའི་ཟླ་བར་དུས་ཡོད་ན། །དེ་བས་ཉི་མར་དུས་གཅིག་སྨོས། །རྒན་མོས་ཉི་མའི་དུས་འཆད་ན། །དྲོད་རླུང་འཕེལ་དང་འདབ་རྒྱས་ལ། །ཉི་མ་བྱང་དུ་འཁྱོག་ཕྱོགས་ཟེར། །འབྲས་ལྡན་གྲང་རླུང་འཕེལ་དུས་ལ། །ཉི་མ་ལྷོ་རུ་འགྲོ་འཁྱོག་ཟེར། །ཡར་ལྷ་དགྱེས་ནས་དུས་བཞི་དང༌། ཤར་ལྷོ་ནུབ་བྱང་རྙེད་པར་གྱུར། །དྲོད་རླུང་དུས་ཀྱི་ཐོག་མ་ལ། །ཡར་ལྷའི་མཚོ་ཁར་ཕོ་རྒོད་དང༌། །མོ་རྒོད་བྱིས་པ་བཅས་འཚོགས་ནས། །ལོ་འཁོར་འགྲན་པའི་འདུ་ཚོགས་ཟེར། །དགའ་སྤྲོའི་གླུ་དབྱངས་འདུ་ཚོགས་ཟེར། །ཞེས་པ་ལྟར་རྒན་མོ་བལ་མའི་ཟླ་རྩིས་ལྟར་ལ་ཚེས་གཅིག་ནས་ཞག་བདུན་བགྲངས་པའི་བདུན་དང་པོའི་ཕྱི་མ་ཟླ་སྟོད་ཀྱི་ཕྱེད་ཀ་ཚེས་བརྒྱད་ལ་ཟླ་བས་མཚན་མོ་ནམ་ཕྱེད་བར་ཐུབ་ནས་ཟླ་བ་བཞུད་པ་དང༌། དེ་ནས་ཞག་བདུན་བགྲངས་པའི་བདུན་གཉིས་པའི་ཕྱི་མ་ཚེས་བཅོ་ལྔ་ལ་ཟླ་བ་དར་བ་ཞེས་ཟླ་བ་ཉ་གང་བ་དང་དུས་ཚོད་མཚན་གང་བསྐྱལ་ཐུབ། ཡང་དེ་ནས་ཞག་བདུན་བགྲངས་པའི་བདུན་གསུམ་པའི་ཕྱི་མ་ཚེས་ཉེར་གཉིས་ལ་ཟླ་སྨད་ཀྱི་ཟླ་བ་ཡིན་པས་དེ་ནམ་ཕྱེད་ཏག་ཏག་ལ་ཤར། མཇུག་ཏུ་ཡང་བདུན་བཞི་པ་དེ་བགྲངས་པའི་ཞག་ཕྱི་མ་ཚེས་སུམ་ཅུ་ལ་ཟླ་བ་གུད་པས་ཟླ་མེད་མཚན་མོ་སྟོང་པ་ཟེར། དེ་འདྲའི་ཟླ་བ་གསུམ་རེར་ནམ་དུས་རེ་བརྩིས་ནས་དང་པོ་དྲོད་རླུང་ལྡང་བ་དཔྱིད་དུས་དང༌། གཉིས་པ་འདབ་རྒྱས་ཆར་དུས་དབྱར་ཁ། གསུམ་པ་འབྲས་ལྡན་སྨིན་དུས་སྟོན་ཁ། བཞི་པ་གྲང་རླུང་འཕེལ་དུས་དགུན་ཁ་བཅས་ལོ་གཅིག་དུས་བཞི་དབྱེ་བ་དང༌། ད་དུང་ཟླ་དྲུག་ཉི་མ་བྱང་འགྲོས་དང་ཟླ་དྲུག་ལྷོ་འགྲོས་ཟེར་བའི་ངོས་འཛིན་བྱས་འདུག་པས་འདི་ནི་བོད་ཀྱི་གནམ་རིག་ལོ་རྒྱུས་ཐོག་ནས་བཤད་ན་ཟླ་རྩིས་བྱུང་སྟངས་དང༌། ཉི་མའི་ལྷོ་བྱང་གི་འགྲོས་ཀྱི་སྐོར་ལ་གསར་རྙེད་ཆེན་པོ་ཞིག་རེད་སྙམ་པ་འདུག
རྒན་མོ་བལ་མའི་ཟླ་རྩིས་ཀྱི་ཐོག་མའི་འབྱུང་ཁུངས་ནི། རྡོ་ནག་གྲུ་བཞི་མ་གཅིག་གི་སྟེང་དུ་རྡོ་དཀར་གྱིས་རི་མོ་གྲངས་སུམ་ཅུ་བྲིས་པ་དང༌། གྲངས་དང་པོར་ཟླ་བའི་ཚེས་པ་གཅིག་ཟེར་བ་དེ་ཡང་མིག་གིས་མི་མཐོང༌། མཐོང་ན་ཁ་ཚེས་གཉིས་ཆད་ཟེར། གྲངས་གཉིས་པར་ཟླ་བའི་ཚེས་པ་གཉིས་དེ་ཡང་མིས་མི་མཐོང༌། མཐོང་ན་ཟླ་བ་མགྱོགས་ཟེར་ནས་ཟླ་སྟོད་ལ་ཚེས་གྲངས་ཆད་པ་གཅིག་ཡོང་རྒྱུ། ཚེས་གསུམ་གྱི་ཟླ་བ་མི་ཀུན་གྱིས་མཐོང་སྟབས་གཏམ་དཔེར་ཚེས་གསུམ་གྱི་ཟླ་བ་མགོ་ནག་མི་ཡིས་མཐོང༌། བརྒྱད་དང་བཅོ་ལྔ་ལྷག་ཆད་མི་འགྱུར་རོ་ཟེར་ཡང་ཚེས་བཞི་ལ་ཚེས་གསུམ་གྱི་ཟླ་བ་མཐོང་ན་ཚེས་བཞི་དེ་ཚེས་གསུམ་ལ་བརྩིས་ནས་ལྷག་ཟེར་བ་སོགས་གཙོ་བོ་ཟླ་བའི་འཕེལ་འགྲིབ་ཁོ་ནར་བལྟས་ནས་བརྩིས་པ་རེད། དུས་སྐབས་གཅིག་གི་རིང་མ་རྒན་མོ་བལ་མའི་ཟླ་རྩིས་དང་བསྟུན་ནས་ཟླ་༡ ཚེས་༢༢ ལ་ཡར་ལྷ་ཤམ་གྱི་ཁམ་བུའི་མེ་ཏོག་ཤར་བ་དང་བོད་དུ་དཔྱིད་ཀའི་མཐིལ་ཟིན། ཟླ་༤ ཚེས་༢༢ ལ་དབྱར་གྱི་མཐིལ་ཟིན། ཟླ་༧ ཚེས་༢༢ ལ་སྟོན་གྱི་མཐིལ་ཟིན། ཟླ་༡༠ ཚེས་༢༢ ལ་དགུན་གྱི་མཐིལ་ཟིན་པ་བཅས་ཀྱི་ཆ་འཇོག་བྱས་པ་རེད། རྗེས་སུ་དུས་ཚོད་གང་འཚམས་ཕྱིན་རྗེས་ཟླ་རྩིས་རྐྱང་པ་བརྩིས་ནས་ཉིན་རྩིས་དང་མ་བསྟུན་སྟབས་དུས་བཞི་ཁ་མ་འགྲིགས་པའི་སྐྱོན་ལྷགས་ཏེ་བོད་ཟླ་
༡ ནང་ཡར་ལྷ་ཤམ་པོའི་རྒྱུད་དུ་ཁམ་བུའི་མེ་ཏོག་མ་ཤར་བར་ད་དུང་ཁ་རླུང་བུ་ཡུག་འཚུབ་ནས་གྲང་ངར་ཆེ་བའི་དགུན་ཞག་མ་རྫོགས་པར་བརྟེན་རྒན་མོ་བལ་མའི་ཟླ་རྩིས་དེས་ཞིང་ལས་ཐོན་སྐྱེད་ཀྱི་བྱ་གཞག་ལ་དུས་ཐོག་ཏུ་བཀོད་བསྒྲིག་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་བ་རེད།
དེར་བརྟེན་མི་ཚོས་རང་བྱུང་ཁམས་ཀྱི་འགྱུར་བ་སྣ་ཚོགས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ཉི་མའི་ལྷོ་བྱང་གི་བགྲོད་གཉིས་བྱུང་བས་དེའི་དབང་གིས་ནམ་དུས་ཀྱི་འགྱུར་ལྡོག་ཡོང་བ་རྒྱུ་མཚན་དུ་བྱས་པའི་རྨང་གཞིའི་ཐོག་ལོ་ཡི་འཚར་ལོངས་ཉི་མ་གཙོ། ཞེས་ཉིན་རྩིས་ཐོག་ནས་ལོ་གཅིག་ལ་དབྱར་དགུན་ལྡོག་གཉིས་དང༌། སྟོན་དཔྱིད་མཉམ་གཉིས་ལ་གོ་བསྒྲིགས་པ་དང༌། དེ་བཞིན་ཟླ་རྩིས་སྟེང་ནས་ཟླ་བའི་འཚར་ལོང་ཟླ་བ་གཙོ། ཞེས་ཟླ་རེར་ཟླ་བའི་འཕེལ་འགྲིབ་ཚེས་༨ ༡༥ ༢༢ ༣༠ བརྩི་བ། ཞག་གི་འཚར་ལོངས་ཞག་ལ་བརྟག ཅེས་ཉིན་མཚན་གཅིག་ལ་ཞག་པོ་གཅིག་དང༌། ཞག་སུམ་ཅུར་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོ་གཅིག ལོ་གཅིག་ལ་ཞག ༣༦༠ བརྩིས། དུས་ནི་ཉི་མའི་ཆ་ལ་བརྟེན། །ཞེས་པ་དུས་ཚོད་ཉི་མ་ཤར་བ་དང༌། ནུབ་པ། ཉི་ཕྱེད། ནམ་ཕྱེད་བཅས་བཞི་ལ་བསྒྲིགས་ཏེ་ལོ་ཟླ་ཞག་དུས་རགས་པ་གཏན་འཁེལ་བྱས་པ་དང་འབྲེལ་རྒན་མོ་བལ་མའི་ཟླ་རྩིས་དེར་ལེགས་བཅོས་བྱས་པ་མ་ཟད། ལོ་གསུམ་ཚོགས་པར་ཟླ་བཤོལ་བཏོན་པའི་ཐབས་ཤེས་ཀྱང་རིམ་པས་བཟོས་པ་རེད། གཞན་ཡང་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ ༼རྒྱལ་རབས་གསལ་པའི་མེ་ལོང་༽ ནང་དུ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒྱུའི་བོན་པོ་རིགས་བཞིའི་ནང་ཚན་དུར་གཤེན་མཚོན་ཆ་ཅན་ནི་གནམ་གྱི་རྒྱུ་སྐར་བལྟ་མཁན་ཡིན་པ་བཤད་འདུག་པས་དེ་དུས་བོད་ལ་སྐར་མར་བརྟག་པའི་རིག་པ་ཡོད་པ་གོར་མ་ཆག་པ་བཅས་མདོར་ན་གོང་གསལ་རྣམས་ནི་བོད་སྔ་རབས་ཀྱི་མི་ཚོས་ཉི་ཟླ་སྐར་གསུམ་གྱི་ཆོས་ཉིད་དང་ཕན་ཚུན་འབྲེལ་བའི་སྐོར་ལ་བརྟག་དཔྱད་ཡུན་རིང་བྱས་པའི་ཐོག་མའི་འབྱུང་ཁུངས་གནས་ཚུལ་རགས་ཙམ་བཤད་པ་ཡིན།
དེང་དུས་ཚན་རིག་པའི་ལྟ་སྟངས་ལྟར་ན། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་བྱ་བ་རྣམས་གོམ་པ་རེ་རེ་བཞིན་དམའ་རིམ་ནས་མཐོ་རིམ་ལ་འཕེལ་གྱི་ཡོད་པར་བརྟེན་མི་རྣམས་ཀྱི་ཤེས་རྟོགས་དེ་རང་བྱུང་ཁམས་ཀྱི་ཕྱོགས་དང༌། སྤྱི་ཚོགས་ཀྱི་ཕྱོགས་གང་གི་སྐོར་ཡིན་ནའང་ཚང་མ་གོམ་པ་རེ་རེ་བཞིན་དམའ་རིམ་ནས་མཐོ་རིམ་ལ་འཕེལ་གྱི་ཡོད་པ་སྟེ། རགས་པ་ནས་ཞིབ་པར་འགྲོ་གི་ཡོད་པ་དང༌། ཕྱོགས་རེ་བ་ནས་ཆ་ཚང་བར་འཕེལ་གྱི་ཡོད་བསམ་གྱི་ཡོད་པ་རེད། གནའ་སྔ་མོའི་དུས་ཀྱི་རྡོ་ལ་རི་མོ་འབྲི་བ་དང་ཤིང་ལ་འཕེལ་ཁ་བཏོན་ནས་གྲངས་བརྩིས་རྒྱག་པའི་ཐབས་ཤེས་དེ་རྗེས་སུ་ཐོན་སྐྱེད་ཡར་རྒྱས་འགྲོ་བ་དང་སྦྲགས་འཕེལ་རྒྱས་ལ་ཕྱིན་ཏེ་གཅིག་གྲངས་རྡོ་དང༌། བཅུ་གྲངས་ཤིང་སོགས་ཀྱི་ཚབ་བྱས་ནས་སྟབས་བདེའི་རྡེའུ་རྩིས་དར་བ་དང༌། ད་ལྟའི་བོད་ཀྱི་ཨང་ཀིའི་གཟུགས་བརྙན་དཔེ་རིས་དེ་ཡང་ཐོག་མར་མི་ལ་དཔེ་བཞག་ནས་བྲིས་པ་ཏེ། ༡ མགོ་བོའི་སྤྱི་གཙུག་གི་སྒོར་འཁྱིལ་འདྲ་བ། ༢ སྤྱི་གཙུག་གི་དབྱིབས་དེ་ལ་དཔྲལ་བའི་སྒོར་གཅིག་འཐེན་པ། ༣ དཔྲལ་སྒོར་མིག་གི་དབྱིབས་འདྲ་གཅིག་འཐེན་པ་དེ་ལ་གསུམ་ཚོགས་ཟེར། ༤ དེ་བཞིན་རྣ་བའི་དབྱིབས་འདྲ་གཅིག་བྲིས་པ་བཞི། ༥ སྣ་ཁུག་གི་དབྱིབས་འདྲ་གཅིག་བྲིས་པ་ལྔ། ༦ ཁའི་དབྱིབས་འདྲ་བ་གཅིག་བྲིས་པ་ལ་ལན་མོ་དྲུག་ཟེར། ༧ མ་ལེའི་དབྱིབས་འདྲ་བ་གཅིག་བྲིས་པ་བདུན། ༨ སྐེའི་དབྱིབས་འདྲ་བ་གཅིག་བྲིས་པ་བརྒྱད། ༩ མཇུག་མའམ་ཕོ་མཚན་གྱི་དབྱིབས་འདྲ་བ་གཅིག་བྲིས་པ་ལ་མཁས་པ་དགུ་ཟེར་བ་བཅས་ཨང་ཀིའི་བཟོ་དབྱིབས་བཟོས་པ་དེས་ཨང་རྩིས་ཀྱི་རྨང་གཞིས་ཤེས་བྱ་དང་ཐོག་བྱུང་བ་དང༌། རྨང་གཞི་དེའི་ཐོག་ནས་གཅིག་བཅུ་བརྒྱ་སྟོང་སོགས་རྐྱང་པ་དང༌། ཐེར་འབུམ་ཁྲག་ཁྲིག་ལ་སོགས་པ་གྲངས་གནས་དྲུག་ཅུ་དབྱེ་བ་མ་ཟད། དེ་ནས་བསྡོམས་འཐེན་བསྒྱུར་བགོས་ཀྱི་རིག་པ་འཕེལ་རྒྱས་ཕྱིན་ཏེ་ད་ལྟའི་རྩིས་རིག་གི་རྨང་གཞི་ཨང་རྩིས་བྱུང་བ་རེད།
སྤྱི་ལོ་༦༠༤ ལོར་བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་དུས་སུ་རང་རྒྱལ་གནའ་རབས་ཀྱི་གནམ་རིག་བོད་ལ་ཐོག་མར་དར་བ་དང༌། ལྷག་པར་སྤྱི་ལོ་༦༤༡ ལོར་གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོའི་བཙུན་མོར་འུན་ཤིང་ཀོང་ཇོ་བསུས་པ་བོད་དུ་ཕེབས་སྐབས་རྒྱ་ནག་ནས་རྩིས་རིག་གི་དཔེ་ཆ་ཁག་ཅིག་བསྣམས་ཡོད། དེའི་སྐོར་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་༼རྒྱལ་རབས་གསལ་བའི་མེ་ལོང་༽ལས། རྒྱ་ཡི་གབ་ཙེ་གཙུག་ལག་སུམ་བརྒྱ་པོ། །ལེགས་ཉེས་སྟོན་པའི་ལས་ཀྱི་མེ་ལོང་ཡང༌། མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །ཞེས་གོང་མ་ཐང་ཐའི་ཙུང་གིས་ཀོང་ཇོར་རྩིས་ཀྱི་གབ་རྩེ་སུམ་བརྒྱ་དྲུག་ཅུ་དང༌། དེ་མིན་སྤོར་ཐང་བརྒྱད་ཅུ་དང༌། འབྱུང་བ་རིན་ཆེན་ཀུན་འདུས། རྒྱུད་གབ་པ་གནད་གཟེར། རིན་ཆེན་སྤུངས་པ། སྡོང་པོ་ཀུན་འདུས། ཧོང་ལེ་བརྩི་སྟངས་སོགས་གནམ་རིག་དཔེ་དེབ་མང་དག་ཅིག་སྐྱེས་སུ་གནང་བ་རྣམས་བོད་དུ་དར་ཁྱབ་མཛད་པར་བརྟེན་བོད་ཀྱི་གནམ་རིག་འཕེལ་རྒྱས་གཏོང་བར་ལོ་རྒྱུས་རང་བཞིན་གྱི་ནུས་པ་ཐོན་པ་རེད། ལྷག་པར་ལྷ་སར་ལྷ་ཅིག་ཁྲི་བཙུན་གྱིས་སྐད་གྲགས་ཡོད་པའི་ལྷ་ས་གཙུག་ལག་ཁང་གསར་དུ་བཞེངས་སྐབས་ཀོང་ཇོ་རང་གིས་ས་དཔྱད་དང་རི་དཔྱད་སོགས་ལ་བརྟག་པ་སྣ་ཚོགས་བྱས་ཏེ་མཐུན་འགྱུར་རམ་འདེགས་གནང་བར་བརྟེན་ལྷ་སའི་མཚོ་མོའི་སྟེང་དུ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཐུབ་པ་བྱུང༌། དེ་དང་ཕྱོགས་མཚུངས་པར་བོད་རིགས་ཤེས་རབ་ཅན་བཞི་རྒྱ་ནག་ཏུ་རྩིས་རིག་སློབ་པར་བཏང་སྟེ། རྒྱ་ནག་སློབ་དཔོན་འབར་བ་ཚོམ་ཚོམ་ལ་རྩིས་ཀྱི་གཞུང་ལུགས་༼རྒྱུད་སྡེ་དགུ་༽ དང༌། ༼འགྲེལ་བ་གསུམ་༽ ༼གབ་རྩེ་བཅོ་ལྔ་༽ རྣམས་ཞུས་ནས་བོད་དུ་བསྒྱུར་ཞིང༌། དེའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩིས་ཀྱི་བསྟན་བཅོས་༼བཻ་དཀར་༽ ནང་དུ། སྔ་བསྒྱུར་ཐོག་མ་བྱ་བ་ནི། །རྒྱ་བཟའ་ཀོང་ཇོ་ཕེབས་པའི་དུས། །ཆ་ཙམ་འཕེལ་ཞིང་མི་རིང་བར། །ར་ས་འཕྲུལ་སྣང་བཞེངས་པ་དང༌། །བོད་མི་ཤེས་རབ་ཅན་བཞི་ཞེས། །ཡེ་ཤེས་རྒྱལ་བ་གཙང་གཡུ་བཞེར། །འབྲོ་གཉེར་བརྟན་པ་ར་བླ་མཁྱེན། །མི་བཞི་རྒྱ་ནག་ཡུལ་དུ་མངགས། །སློབ་དཔོན་འབར་བ་ཚོམ་ཚོམ་ལ། །རྒྱུད་སྡེ་དགུ་དང་འགྲེལ་པ་གསུམ། །གབ་ཙེ་བཅོ་ལྔ་རྣམས་བསྒྱུར་རོ། །ཞེས་གསུངས་པ་དང༌། གོང་གསལ་རྣམས་ནས་བོད་དུ་དར་ཁྱབ་ཆེས་ཆེར་ཡོད་པ་ནི། ཁམས་སམ་དབང་ཐང་གི་བརྩི་ལུགས་དང་ལོ་འཁོར་བཅུ་གཉིས། ལོ་རྒན་དྲུག་ཅུ། སྤར་ཁ་བརྒྱད། སྨེ་བ་དགུ། ཧོང་ལེའི་ལག་ལེན། དུས་ཚིག་ཉེར་བཞི། གླང་རྩིས་སོགས་ཧ་ཅང་མང་པོ་ཡོད། ལྷག་པར་མང་ཚོགས་ནང་ལ་བག་ཆགས་གཏིང་ཟབ་ཡོད་པ་ནི་ལོ་འཁོར་བཅུ་གཉིས་དང་ལོ་རྒན་དྲུག་ཅུ་བརྩི་སྟངས་སྐོར་དང༌། ཞིང་པའི་ཁུལ་དུ་དུས་ཚིགས་ཉེར་བཞི་དང་གླང་རྩིས་བརྟག་པར་ཤིན་ཏུ་མཐོང་ཆེན་བྱེད་པ་རེད། དཔེར་ན་བོད་ཀྱི་ས་ཁུལ་མང་ཆེ་བར་སྐྱེས་ལོ་གང་ཡིན་ལོ་འཁོར་བཅུ་གཉིས་ལ་བརྟེན་ནས་བརྩི་བ་དང༌། ལོ་ན་རྒན་གཞོན་ཁམས་གང་ཡིན་ལ་བརྩི་སྲོལ་ཡོད་པ་དེ་ད་ལྟའང་མང་ཚོགས་ནང་དུ་སྔར་བཞིན་བེད་སྤྱོད་བྱེད་པ་དང༌། གླང་རྩིས་ལ་ཆ་བཞག་ན་ལོ་གཅིག་གི་ཆར་ཞོད་ཆེ་ཆུང་དང་སད་སེར་ཐན་པ་སོགས་ལོ་དགྲ་ཡོད་མེད་གོ་བདེ་ཞིང་ཤེས་སླ་བའི་གླང་རྩིས་རི་མོའི་འགྲེལ་བཤད་ལ་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་སྟབས་བོད་ཀྱི་ལོ་ཐོའི་ནང་ཆུང་རྩིས་ཀྱི་རི་མོ་དང༌། འགྲེལ་བཤད་རྒྱག་སྲོལ་ད་ལྟའང་མི་ཉམས་པར་གནས་ཡོད།
སྤྱི་ལོ་༧༠༤ ལོར་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་དུས་རྒྱ་ནག་ནས་ཧོང་ལེའི་ཡིག་ཆ་༼མེར་རྒན་གསེར་རྩིས་༽དང༌། ༼སྟག་རྣ་ཆུང་བའི་མདོ༽༼ཁྲོམ་རྩིས་ལེའུ་བརྒྱད་ཅུ་༽༼གྲུ་གུའི་ཉི་ལྡོག་འཁོར་ལོ་༽ལི་ཡུལ་གྱི་༼ལོ་བདག་དང་དྲུག་ཅུའི་ཁྱུང་རྩིས་༽བཅས་དར་བ་དང༌། དེ་བཞིན་ཁ་ཆེ་སྤྲིན་ཡུལ་ནས་༼དབྱངས་འཆར་འཁོར་ལོ་རེ་བཞི་༽དང་བལ་ཡུལ་ནས་ཀར་མྱང་རྩིས་ཀྱང་དར། ལྷག་པར་སྟོད་མངའ་རིས་གུ་གེ་དང་ཞང་ཞུང་ནས་གཟའ་ལྔའི་དམར། ལྷག ཕུར། སངས། སྤེན། འཕོ་འགྲོས་དང༌། ཉི་ཟླ་གཟའ་འཛིན་གྱི་རྩིས་རིག་སྐོར་ཐོག་མར་དར་ཁྱབ་བྱུང༌།
སྤྱི་ལོ་༧༡༠ ལོར་གྱིམ་ཤིང་ཀོང་ཇོ་བོད་ལ་འབྱོར་ནས་གཙུག་ལག་རྩིས་ཀྱི་རྒྱུད་བདུན་དང་ལེ་ལག་བརྒྱད་ཀྱིས་གཙོ་བྱས་ཏེ་འབྱུང་བ་ལྔ་དང༌། སྤར་ཁ་བརྒྱད། སྨེ་བ་དགུ། གཟའ་བདུན། སྐར་མ་ཉེར་བརྒྱད་སོགས་ཀྱི་རྩིས་འགྲེལ་ཧ་ཅང་མང་པོ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་སྐུ་དུས་སུ་ཟན་ཡང་མི་འགྱུར་གཙུག་ལག་ཁང་བཞེངས་སྐབས་གྱིམ་ཤིང་ཀོང་ཇོས་འཕྲིན་ཡིག་བྲིས་ཏེ་རྒྱ་ནག་ནས་སེམས་བརྩེ་ཞེས་པའི་སློབ་དཔོན་རྩིས་ལ་མཁས་པ་ཞིག་ཡོད་པ་དེ་གདན་འདྲེན་དུ་བཏང་ནས་སེམས་བརྩེ་བོད་དུ་འབྱོར། ཁོང་གིས་རྩིས་དང་ས་དཔྱད་བརྟག་པའི་གནས་ལུགས་མང་པོ་བཤད་པ་རེད། དེ་རྗེས་རྒྱ་པཎ་དར་ཆེན་ཐིག་ལེའམ། ཏིང་ཅོ། དུ་ཧར་ནག་པོ་ཞེས་མཚན་གྱི་རྣམ་གྲངས་སུ་འབོད་པ་དེ་དང༌། ཧ་ཤང་མ་ཧཱ་ཡཱ་ན། མ་ཧཱ་རཱ་ཛ་དེ་ཝ། བི་བྱིན་ཙན་པ་ཤི་ལ་བཅས་དང༌། བོད་རིགས་ཁམས་ཁྲ་དང་པོ་དང༌། ལང་ཚོ་ལྡོང་ཡག ཡུག་སྒྲ་བཞེར། ཁུ་ཤོག་མཁན། རྒྱ་གཡུ་བཟང་བཅས་ཀྱིས་རྩིས་ཀྱི་མ་ལྔ་བུ་ལྔ་དང༌། ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསྒྱུར། དེའི་ནང་ནས་རྒྱ་པཎ་དུ་ཧར་ནག་པོ་བོད་ལ་སྔ་ཕྱིར་ཐེངས་གཉིས་ཡོང་ཞིང༌། ཐེངས་དང་པོར་ཁྲི་སྲོང་སྐབས་གཙུག་ལག་རྩིས་རིག་མཐུན་མོང་བ་རྣམས་བསྒྱུར་བ་དང༌། ཐེངས་གཉིས་པར་གནམ་རིག་གིས་དུས་བཞི་དབྱེ་བའི་གཞུང་ལུགས་འོ་མ་ལ་མར་དཀྲོགས་པ་ཇི་བཞིན་རྒྱུད་སྡེ་ཀུན་ལས་བཏུས་པའི་༼རིན་ཆེན་གསལ་བའི་སྒྲོན་མེ་༽དང༌། ༼ཉི་ལྡོག་འཁོར་ལོ་༽༼འབྱུང་བ་རིན་ཆེན་གསལ་བའི་སྒྲོན་མེ་གསང་ཏིག་བཅུ་གཅིག༽སོགས་བརྩམས་པ་མ་ཟད། ད་དུང་ཁོང་རང་ཉིད་ངོ་མས་བོད་ཀྱི་དུས་ཚིགས་ངེས་ཅན་དབྱེ་བའི་དགོངས་པས་མོན་ཡུལ་དང་བྱང་ཁམས་ཡུལ་བཞིར་བྱོན་ཏེ་མོན་ཡུལ་རྣམ་གསུམ་ན་སྟོན་ཀྱང་སྟོན། དཔྱིད་ཀྱང་སྟོན། བྱང་ཁམས་རྣམས་བརྒྱད་ན་དབྱར་ཡང་འཁྱག་ལ་དགུན་ཡང་འཁྱག ཅེས་བོད་ཀྱི་ལྷོ་བྱང་གཉིས་ཀྱི་གནམ་གཤིས་ཚ་གྲང་དང་ནམ་དུས་མི་འདྲ་བ་ཡོད་ཚུལ་གསལ་པོར་གསུངས་པ་རེད། དུ་ཧར་ནག་པོས་མཛད་པའི་༼ཉི་ལྡོག་འཁོར་ལོ་༽དང་༼འབྱུང་བ་རིན་ཆེན་གསལ་བའི་སྒྲོན་མེ་གསང་ཏིག་༽གཉིས་ནི་ད་ལྟའང་ཉར་ཚགས་བྱས་ཡོད་པས་དེ་ནི་བོད་ལ་ཡོད་པའི་རང་རྒྱལ་གནམ་རིག་རྩིས་དཔེ་སྔ་ཤོས་ཀྱི་གྲས་ཤིག་ཡིན། རྒྱ་པཎ་དུ་ཧར་ནག་པོའི་སློབ་མའི་ཐུ་བོའི་གྲས་ནི་ཁམས་ཁྲ་དང་པོ་ཡིན་པས་ཁོང་གིས་ཞུས་པའི་༼གཙུག་ལག་རྩིས་ཀྱི་བཻཌཱུར་ཡའི་གླེགས་བུ་༽དང༌། ༼གཞུང་དོན་སྙིང་པོ་༽ ༼འགྲེལ་པ་ཉི་མའི་འོད་ཟེར་༽ ཞེས་པ་བསྒྱུར་བ་དེ་དག་ཕལ་ཆེ་བ་སྐབས་དེར་སྟག་གི་སྒྲོ་བར་བཅུག་ནས་རེ་ཞིག་གཏེར་དུ་སྦས་པ་རྗེས་སུ་བཻ་རོས་ཞུས་ཏེ་བསྒྱུར་བར་གྲགས། དེ་དུས་རྩིས་ལ་མཁས་པ་ཅོག་རོ་དཔལ་རྒྱལ་དང༌། ལྷ་ལུང་དབྱིག་ཚེས་སྤོངས་ཡེ་གྲགས། སྣ་ནམ་ལྷ། སྣ་ནམ་གྲགས་པ། ཤུད་བུ་བ་གྲགས་པ་ལྷ་ཆེན། རྒྱའི་སྟོན་པ་ཆོས་ཀྱི་རིན་ཆེན་རྣམ་བདུན་བྱུང༌། ཁྲི་སྲོང་རྗེས་ལ་རྒྱ་ནག་ནས་རྩིས་གཞུང་མང་པོའི་འགྱུར་བྱུང་བ་དེ་རྣམས་རྩིས་ལ་མཁས་པ་ཁམས་ཁྲ་དང་པོ་དང༌། ཁྱུང་པོ་རྡོ་འབར། བྲན་ཁ་པད་མ། བྱམས་ཆེན་གྲགས་པ། ཁྱུང་ནག་ཤཱཀ་དར་ལ་སོགས་པས་རིམ་གྱིས་དར་ཁྱབ་མཛད་པ་ཡིན།
དུས་རབས་བརྒྱད་པའི་ལོ་རྒྱུས་འཁོད་པ། ༼ལོ་པཎ་བཀའ་ཐང་༽ལེའུ་ཉེར་གསུམ་པ་རྩིས་གཏན་ལ་ཕབ་པའི་ནང་འཁོད་གསལ། བོད་ལ་ཕན་པའི་གཙུག་ལག་སྡེ་དགུར་བཏགས། །གནམ་ས་བར་གསུམ་གསུམ་གསུམ་གབ་ཙེ་དགུ། །ལོ་དང་ཟླ་བ་ཞག་དང་གསུམ། །ཟ་མ་སྐར་མ་དུས་ཚོད་གསུམ། །སྤར་ཁ་སྨེ་བ་ལོ་ཁྱིམ་གསུམ། །འདི་རྣམས་དགུ་གསུམ་བསྡུས་པས་དགུ་འདུས་བཏགས། །ཟླ་བ་བཅུ་གཉིས་རིམ་པ་བཞིན། །གསལ་དང་སྐར་མ་ཚེས་གྲངས་ཉི་མ་ནི། །མི་འགྱུར་བ་ཡི་གཟེར་ནི་བཞི་བཞི་ཡོད། །རྒྱ་བོད་སྐོར་འགོ་བཅོ་ལྔ་གཏན་ལ་ཕབ། །འདི་རྣམས་གབ་ཙེའི་མཚན་དུ་བཏགས། ཞེས་དང༌། ༼རྒྱལ་པོ་བཀའ་ཐང་༽ ནང་དུ་ཟླ་བ་ཆེ་ཆུང་སྐྱེ་འབྲི་མི་སྲིད་ཀྱང༌། །ཟླ་བ་སྟོད་སྨད་སྐྱེ་འབྲི་བྱུང་བ་འདྲ། །གནམ་སྟོང་དུས་སུ་ཆུ་ཤེལ་ཟླ་བའི་སྟེང༌། །ཉི་མས་ནོན་པས་གསལ་བའི་ནུས་པ་མེད། །ཚེས་གསུམ་དུས་སུ་བག་ཙམ་བྲལ་བ་ཡིས། །མུ་ཆུའི་དྲི་མ་ནང་དུ་ཁྱབ་ཚད་གསལ། །ཚེས་བརྒྱད་དུས་སུ་དྲི་མས་ཕྱེད་ལ་ཁྱབ། །བཅོ་ལྔ་ཀུན་ལ་ཁྱབ་པས་གསལ་བ་ཡིན། དབྱར་དགུན་ཉི་མ་རིང་ཐུང་ཁྱད་པར་ནི། །དབྱར་ནི་རི་རབ་ཉི་མ་ཉེ་བས་བུལ། །རླུང་གིས་མ་བསྐྱོད་རི་རབ་ལྡེབས་ད་དལ། །དགུན་ནི་རི་རབ་ཉི་མ་རྒྱང་ཐག་རིང༌། །རི་ཡིས་མ་བསྐྱབས་རླུང་གིས་བསྐྱོད་པས་མགྱོགས། །སྤུ་གྲིའི་སྟོབས་ཅན་རླུང་གིས་འདེགས་པའི་གོ། །འདེགས་དང་གནོན་དང་འཕྲུལ་དང་བརྟེན་པའི་རླུང༌། །བཞི་སྒྲོམ་རླུང་གིས་ཉི་ཟླ་གཟའ་སྐར་བཏེགས། །མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་འཐབ་པས་གློག་ཏུ་འཁྱུག །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོག །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་བབས། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་འདུག་པས་དེ་དུས་མི་རྣམས་ཀྱིས་ཉི་ཟླ་ས་སྒང་གི་ཕན་ཚུན་འབྲེལ་བ་དང༌། རང་བྱུང་ཁམས་ཀྱི་སྣང་ཚུལ་ཁ་ཤས་གནའ་རབས་བབས་ཆགས་ཀྱི་དངོས་གཙོའི་ལྟ་ཚུལ་ཐོག་ནས་གསལ་བཤད་བྱེད་ཐུབ་པ་དེས་སྐབས་དེར་གནམ་རིག་ཡར་རྒྱས་སྔར་ན་མ་གྲགས་པ་ཞིག་བྱུང་བ་གསལ་པོར་མངོན།
སྤྱི་ལོ་༧༢༤ ཙམ་ལ་སྟོད་ཞང་ཞུང་ནས་ཡིན་པའི་གནུབས་བན་སངས་རྒྱས་ཡེ་ཤེས་ཞེས་པ་གཟའ་ལྔའི་འགྲོས་བཞི་དང་ཉི་ཟླ་གཟའ་འཛིན་སོགས་གནམ་རིག་སྐར་རྩིས་ལ་ཤིན་ཏུ་བྱང་ཆུབ་པ་དེས་ཁོང་གིས་ཉི་མའི་གྲིབ་གཟུགས་ལ་ཞིབ་འཇུག་ཐེངས་མང་བྱས་ཏེ་མཐར་དབྱར་དགུན་ཉི་ལྡོག་དང༌། སྟོན་དཔྱིད་མཉམ་གཉིས་སོགས་བརྟག་པར་ཧ་ཅང་གནད་ཐིག་པའི་ཐུར་གྲིབ་ཡོ་བྱད་གསར་བཟོ་བྱས་པ་དང༌། དེས་ད་དུང་དུས་སྦྱོར་དང་ཁྱིམ་བཅུ་གཉིས་གནས་ལུགས། གཞན་ཡང་ཉིན་མཚན་གྱི་དུས་ཚོད་རིང་ཐུང་གང་ཡིན་ཕྲ་ཞིབ་བརྩི་ཐུབ་པ་མ་ཟད། ད་ལྟའང་སྔོན་གྱི་ཐུར་གྲིབ་བརྟག་པའི་རིག་པ་དེ་ལ་བརྟེན་ནས་ཆུ་ཚོད་འཁོར་ལོའི་དུས་ཚོད་དང་གཅིག་གྱུར་ཡོང་བར་ས་རིས་ཨང་རྩིས་ཀྱི་ལམ་ནས་གསལ་པོར་ཤེས་རྟོགས་བྱེད་ཐུབ་ཀྱི་འདུག་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་གནས་སུ་འདུག་པས་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་ཐུར་གྲིབ་བརྟག་པའི་རིག་པ་རྙེད་པ་དེ་ནི་བོད་ཀྱི་གནམ་རིག་ལོ་རྒྱུས་ཐོག་དུས་སྦྱོར་དང༌། ཉི་མ། སའི་གོ་ལའི་བར་གྱི་ཕན་ཚུན་འབྲེལ་བ་ཤེས་པ་བྱེད་རྒྱུར་གལ་ཆེའི་གསར་རྙེད་ཅིག་ཀྱང་རེད།
སྤྱི་ལོ་༨༠༦ ལོར་རང་ལུགས་བྱེད་པའི་རྩིས་འགོ་ཟུག་པ་དང༌། བྱེད་རྩིས་ཀྱིས་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་དང༌། ཆུ་ཚོད་བཅོ་ལྔ། སྐར་མ་སོ་གཉིས། བཅུ་གསུམ་ཆ་བཞི་ལ་གཏན་རྩིས་བཟོས་ཏེ་ཉིན་རྩིས་གཙོ་བོར་བྱས་ནས་གཟའ་ཚེས་སྐར་སྦྱོང་བྱེད་པ་ལྔ། ཞེས་ཉིན་རེའི་གཟའ་དང༌། ཚེས་འཁྱུད་ཟླ་སྐར་ཟླ་བས་སའི་གོ་ལར་སྐོར་བ་བརྒྱབ་པ་ཁོ་ནར་བརྩི་བ༌། ཉི་སྐར་ཉི་མ་གཙོ་བོར་བཞག་པ༌། བྱེད་པ་བྱེད་པ་བཅུ་གཅིག་སྟེ། གདབ་པ། བྱིས་པ། རིག་པ་ཅན། ཏིལ་བརྡུངས། ཁྱིམ་སྐྱེས། ཚོང༌། བི་ཊི། ཤང་ཀུ་ནི། རྐང་བཞི། ཀླུ། མི་སྡུག ད་དུང་སྒྲ་གཅན་གདོང་མཇུག་ཉི་མའི་དམར་ཐིག་གི་རྩིས་དང༌། དེ་ལ་བརྟེན་པའི་ཉི་ཟླ་གཟའ་འཛིན་བརྩི་སྟངས་སོགས་ཅུང་ཟད་ཆ་ཚང་བའི་གནམ་རིག་མ་ལག་བྱུང་བར་བརྟེན་བྱེད་རྩིས་ཀྱིས་བོད་ཀྱི་གནམ་རིག་ལོ་ཐོ་འཕེལ་རྒྱས་འགྲོ་བར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་པ་རེད། འོན་ཀྱང་སྐབས་དེར་བོད་ལ་ཆོས་ལུགས་སྟོབས་ཤུགས་བར་གྱི་འཐབ་རྩོད་གནས་པ་དང༌། ལྷག་པར་དབང་སྒྱུར་གྲལ་རིམ་གྱིས་ལོ་རྒྱུས་འཁྱོག་བཤད་བྱས་ནས་བྱེད་རྩིས་ནི་ཕྱི་རོལ་མུ་སྟེགས་པའི་རྩིས་རིག་ཡིན་པས་དེ་ནི་བོན་སྟོན་པ་གཤེན་རབ་ནས་བྱུང་བ་རེད་ཅེས་དྲིལ་བསྒྲགས་བྱས་རྐྱེན་བྱེད་རྩིས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་ཆེས་ཆེར་བྱུང་བ་རེད།
སྤྱི་ལོ་༩༠༠ ཙམ་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ལ་རྩིས་ཀྱི་སྒྲོན་མེ་སྦར་བར་དགོངས་ནས་རྒྱ་ནག་དར་ཆེན་ཐིག་ལེར་གཙུག་ལག་གི་རྩིས་རིག་སློབ་པར་བོད་རིགས་མི་བཞི་བརྫངས་པའི་ནང་ཚན་ལང་ཚོ་ལྡོང་ཡག་ཅེས་བྱ་བ་དེ་ཉིད་ཀྱི་རིགས་ཚ་མདོ་ཁམས་ལ་གཞིས་ཆགས་པའི་མི་རྒྱུད་མི་ཉག་རྒྱལ་མཚན་དཔལ་བཟང་ཞེས་པ་མདོ་ཁམས་ནས་དབུས་ཕྱོགས་སུ་སླེབས་ཏེ་གཡོར་པོ་གྲ་ནང་གི་ཕུག་པ་ད་ལྟ་གྲ་ནང་ཤན་བྱིང་ཨོ་དཀར་བྲག་ཕུག་ཟེར་བ་ཞིག་ལ་བརྟེན་ནས་བཞུགས་པས་ཕུག་པ་ཞེས་པའི་མིང་ཡང་དེ་ལ་བརྟེན་ནས་བྱུང་ཞེས་གྲགས་ལ། མི་ཉག་རྒྱལ་མཚན་དཔལ་བཟང་ནི་རྒྱ་རྩིས་སྔ་འགྱུར་འབྱུང་རྩིས་དང་ཧོང་ལེ་སོགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས་ཁོང་བོད་ལ་འབྱོར་རྗེས་བོད་ཀྱི་གནམ་རིག་ལོ་ཐོ་དང༌། གནམ་གཤིས། ས་བབས་བཅས་ལ་བརྟག་དཔྱད་ཞིབ་འཇུག་མང་དག་ཅིག་བྱས་པ་མ་ཟད། ཐ་ན་དམངས་ཁྲོད་ལ་མཐོ་བ་ལུག་རྫི་ནས་དམའ་བ་ཉ་པ་ཡན་ལ་སྐད་ཆ་དྲིས་ཏེ་མང་ཚོགས་ཀྱི་ཉམས་མྱོང་བཟང་པོ་བསྡུ་ལེན་བྱས་ནས་རྒྱ་རྩིས་ཧོང་ལེ་དང༌། བོད་ལྗོངས་ས་མཐོའི་ཁྱད་ཆོས་ཟུང་སྦྲེལ་གྱིས་ལོ་འགོ་ཤིང་བྱི་ནས་འཛིན་པའི་གནམ་རིག་སྐོར་གྱི་དཔེ་དེབ་དང་ལོ་ཐོ་གསར་རྩོམ་བྱས་པ་དང༌། ཕྱིས་སུ་ཕུག་པའི་བརྒྱུད་པ་སྔགས་པ་ལྷུན་གྲུབ་དཔལ་སོགས་གནམ་རིག་སྐར་རྩིས་ལ་མཁས་པ་མང་པོ་བྱུང་ནས་ཕུག་ལུགས་ཞེས་པའི་བཞེད་སྲོལ་ཐོག་མར་དེ་ནས་བྱུང་བ་རེད།
སྤྱི་ལོ་ ༡༠༢༧ ལོར་ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་བོད་དུ་འབྱོར་པ་དང༌། སྐད་གཉིས་སྨྲ་བའི་དབང་ཕྱུག་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཆེན་མཛད་དེ་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་དང༌། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་དང༌། རྭ་ཆོས་རབ། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་ཉན་བཤད་སྒྲུབ་པའི་སྒོ་ནས་དུས་ཀྱི་འཁོར་ལོའི་བསྟན་པའི་གཞི་མ་བཙུགས་པ་རེད། སྐབས་འདིར་བྱེད་རྩིས་ཀྱི་མེ་མཁའ་རྒྱ་མཚོ་༤༠༣ཞེས་པའི་འདས་ལོའི་འཕྲོ་རྫོགས་པ་མེ་ཡོས་དང་དུས་འཁོར་རྒྱུད་འགྲེལ་བོད་ལ་བསྒྱུར་བ་དུས་མཚུངས་པས་བོད་ལ་དུས་འཁོར་ལུགས་ལྟར་རྒྱ་གར་གྱི་རབ་བྱུང་བརྩི་སྲོལ་ཐོག་མར་དར། དེ་ནས་བཟུང་སྔར་བོན་ལུགས་ཀྱི་ལོ་འགོ་འབྱུང་ལྡན་དང༌། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྐུ་དུས་༦༦༤ སུ་དར་བའི་རང་རྒྱལ་གནའ་རབས་ཀྱི་ལོ་འགོ་ཤིང་བྱི་ནས་འཛིན་པའི་ཚབ་དེ་རབ་བྱུང་གིས་བྱས་པ་རེད། སྐབས་དེར་ལོ་འགོ་གང་ནས་འཛིན་པ་ཡང་དག་མིན་སྐོར་ལ་གནམ་རིག་སྐར་རྩིས་པའི་བར་དུ་རྩོད་གླེང་ཆེན་པོ་བྱུང་ཞིང༌། ཕུག་ལུགས་སྔ་མས་ལོ་འགོ་ཤིང་བྱི་ནས་འཛིན་པ་དེ་ནི་བོད་སྔ་རབས་པའི་ལོ་འགོ་འཁྲུལ་མེད་ཡིན་ལུགས་དང༌། ད་ལྟ་མེ་ཡོས་རབ་བྱུང་དང་པོ་ནས་ལོ་འགོ་འཛིན་པ་དེས་བོད་རྩིས་དཀྲུགས་པ་རེད་ཅེས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་རེད། ཡིན་ནའང་སྐབས་དེར་དུས་འཁོར་རྒྱུད་འགྲེལ་ནང་དུ་སྣོད་ཀྱི་འཇིག་རྟེན་མེད་ན་ཡང༌། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་བཤད་ནས་ཕྱི་དུས་ཀྱི་འཁོར་ལོ་ལས་ནང་དུས་ཀྱི་འཁོར་ལོ་ལྷག་པ་ཡོད་པས་དེ་ལ་བརྟེན་ན་གསང་སྔགས་བླ་མེད་ཀྱི་ལམ་བརྒྱུད་དེ་མཐར་ཐུག་འཚང་རྒྱ་བའི་དགོས་པ་ཡོད་ཚུལ་བཤད་སྟབས་ཕྱི་དུས་ཀྱི་འཁོར་ལོའི་གནམ་རིག་དགོས་པ་མེད་པ་ལྟ་བུ་དང༌། ཐ་ན་བོད་ཀྱི་ལོ་འགོ་བརྩི་སྟངས་ཀྱང་རབ་བྱུང་དང་མཐུན་པར་བསྒྱུར་བཅོས་བཏང་ནས་བོད་དུ་རབ་བྱུང་ཐོག་མ་འགོ་ཚུགས་པའི་སྐབས་དེར་འབྱུང་རྩིས་ལུགས་ཀྱི་ཤིང་བྱི་ནས་བརྩིས་པའི་ད་ལྟ་མེ་ཡོས་འཁེལ་བར་བརྟེན་རབ་བྱུང་དང་པོ་མེ་ཡོས་ལ་འཇོག་དགོས་བྱུང་བ་རེད། བོད་ལ་རབ་བྱུང་དང་པོ་མེ་ཡོས་ནས་འགོ་ཚུགས་པ་དང༌། རང་ལུགས་རྣམ་དག་གྲུབ་རྩིས་ཀྱི་འགོ་ཡང་ཚུགས་ཤིང༌། གྲུབ་རྩིས་པས་སྔར་ཡོད་བྱེད་རྩིས་ལ་དཔྱད་གསུམ་དག་པས་ཞིབ་འཇུག་དང་ལེགས་ཆ་བླངས་ཏེ་བོད་ས་ཁུལ་རང་གི་ཡུལ་དུས་ཁྱད་ཆོས་དང༌། དེ་བཞིན་སྐར་ཁྱིམ་གོ་ལའི་སའི་གོ་ལ་དང་གནམ་གོ་ལ་འགྲོས་ལ་གཞིགས་ནས་ལོ་གཅིག་ལ་ཉིན་ཞག་༣༦༥ དང༌། ཆུ་ཚོད་༡༦ ཆུ་སྲང་༡༤ དབུགས་༡ བཅུ་གསུམ་ཆ་༡༢ རི་མཁའ་རིའི་ཆ་༡༣༡ གཏན་ཚིག་བཟོས་པ་དང༌། བྱེད་རྩིས་གཟའི་སྐབས་སུ་ཞག་རེར་ཆ་ཤས་༡༦ ཉུང་བ་དང༌། ཉི་སྐར་ཞག་རེར་ཆ་ཤས་༤༤ མང་བའི་སྐྱོན་བསལ་བའི་ཁར་བྱེད་རྩིས་ཚེས་འཁྱུད་ཟླ་སྐར་གྱིས་ཞག་༢༧ ལ་ཟླ་བས་སའི་གོ་ལར་སྐོར་བ་ཐེངས་གཅིག་བསྐོར་བ་དེ་རེས་འགྲོགས་ཟླ་སྐར་ཞེས་པར་བཅོས་ནས་ཟླ་བས་སའི་གོ་ལར་སྐོར་བ་རྒྱག་པ་དང༌། ཟླ་བ་དང་སའི་གོ་ལ་གཉིས་ཀས་ཉི་མར་སྐོར་བ་རྒྱག་པའི་ཆོས་ཉིད་དང་བསྟུན་ཏེ་ཟླ་བ་ཆེ་བར་ཞག་༣༠ དང་ཆུང་བར་ཞག་༢༩ བརྩིས་རྗེས་ད་གཟོད་ཟླ་རྩིས་ཐོག་ནས་ཚེས་༡༥ ལ་ཟླ་བ་ཉ་རྒྱས་པ་དང༌། གནམ་སྟོང་ལ་ཟླ་བ་མི་མཐོང་བ། ཚེས་༡༥ ལ་ཟླ་འཛིན་དང་ཚེས་༣༠ ལ་ཉི་འཛིན་བྱུང་བའི་གཏན་ཚིག་བཟོས་པ་རེད། དེ་དག་གིས་མི་ཚོས་ཉི་ཟླ་སྐར་སྒང་གི་ཕན་ཚུན་འབྲེལ་བ་དང་དེ་ཚོའི་ཆོས་ཉིད་ཤེས་རྟོགས་བྱེད་རྒྱུ་དེ་ཆུ་ཚད་གསར་པ་ཞིག་གི་ཐོག་ལ་སླེབས་ཐུབ་པ་བྱུང་ངོ༌། །
བོད་ཀྱི་གནམ་རིག་ལོ་ཐོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བྱེད་གྲུབ་ཁག་གཉིས་སུ་གྱེས་པ་དེས་བོད་ཀྱི་གནམ་རིག་ལོ་ཐོ་འཕེལ་རྒྱས་འགྲོ་བར་ཕན་ནུས་ལེགས་པར་ཐོན་ཡོད་ལ། བྱེད་གྲུབ་སོ་སོའི་གྲུབ་མཐར་བརྟེན་ནས་ཉི་ཟླ་སྐར་སྒང་དང༌། གནམ་གཤིས་འགྱུར་བ། ཐོན་སྐྱེད་དུས་ཚིགས་སོགས་གང་ཅིའི་ཐད་ལའང་སོ་སོའི་ལྟ་ཚུལ་ཐོག་ནས་རྒྱུན་བསྲིངས་མཐའ་འཁྱོངས་ཀྱིས་ལག་ལེན་ཤེས་རྟོགས་རྒྱུན་ཆད་མེད་པར་བྱས་སྟབས་བོད་ཀྱི་གནམ་རིག་ལོ་ཐོའི་ནང་དོན་རིམ་གྱིས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་རེད།
སྤྱི་ལོ་༡༢༠༤ ལོར་རོང་མཁར་ཕུག་ཏུ་རོང་པ་རྒ་ལོའམ་ཁམས་པ་རྒ་ལོ་ཞེས་པ་གནམ་རིག་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དང༌། ཕྱིས་སུ་དེའི་ལག་ལེན་རྣམས་བུ་སྟོན་གྱིས་ཕྱག་བཞེས་མཛད་ཅིང༌། རོང་ཕུག་འདི་ལ་གཙང་གི་ཕུག་པ་ཡང་ཟེར། དེའི་སྐོར་༼དུས་འཁོར་ཆོས་འབྱུང་༽ནང་དུ་སྔོན་ཁྲི་སྲོང་དུས་སུ་བློན་པོ་སང་ཤིས་ཕོ་ཉར་བཏང་ནས་རྒྱ་ནག་ནས་ཧ་ཤང་སྤྱན་དྲངས་པ་དང་འབྲེལ་མི་ཉག་ཧ་ཤང་ཡང་སྤྱན་དྲངས་ཏེ་རྗེས་སུ་དེའི་མི་བརྒྱུད་ཡར་འབྲོག་སྒང་དུ་མི་ཉག་གཞོན་ནུ་སྙིང་པོ་ཞེས་པ་བྱུང་བ་དང༌། དེ་ལ་བུ་གཉིས་ཡོད་པ་རྡོ་རྗེ་སེང་གེས་རོང་མཁར་ཕུག་བཟུང༌། དེ་ལ་བུ་བཞི་བྱུང་བའི་ནང་ནས་གཅེན་པོ་རྡོ་རྗེར་རྗེ་བཙུན་རྒ་ལོ་ཞེས་པ་བྱུང་བ་དང༌། ཡབ་ཀྱིས་ཁམས་པ་རྒ་ལོ་ཞེས་པའི་མིང་ཡང་བཏགས། ཁོང་ནི་དུས་འཁོར་དང་གནམ་རིག་ལ་མཁས་པ་མ་ཟད། རྒྱ་སྐད་རྒྱ་ཡིག་ཀྱང་བྱང་ཆུབ་པ་ཡིན་པས་རྒྱ་རྩིས་རྙིང་མའི་ལུགས་དང༌། ཧོང་ལེ། དེ་བཞིན་གཟའ་ལྔ་སོགས་གཙང་ཁུལ་དུ་ཡར་རྒྱས་ཆེས་ཆེར་གཏོང་གནང་མཛད་པ་དང༌། རོང་པ་རྒ་ལོས་སྐར་རྩིས་ལ་བརྟེན་ནས་འཆར་རྩིས་མྱོང་བྱང་དཔེ་དེབ་ཀྱང་བརྩམས་པའི་སྐོར་འཁོད་ཡོད།
སྤྱི་ལོ་༡༢༦༠ ལོར་ས་སྐྱ་བས་བོད་ཀྱི་སྲིད་དབང་བཟུང་བ་ནས་བོད་གཅིག་གྱུར་བྱུང་བ་དང༌། སྐབས་དེར་བོད་ལ་གནམ་རིག་ཡར་རྒྱས་སྔར་ལས་ཆེ་བ་བྱུང་ནས་གནམ་རིག་རྩིས་ལ་མཁས་པ་མང་དག་ཅིག་སྔ་ཕྱིར་ཐོན་པ་རེད། དེའི་ནང་ནས་སྐད་གྲགས་ཅན་གཅིག་ནི་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་པ་དང༌། ཁོང་གིས་སྤྱི་ལོ་༡༣༡༨ ལོར་༼རྩིས་ཀུན་བསྡུས་པའི་བསྟན་བཅོས་༽ཞེས་པ་ལག་ལེན་བྱེད་རྩིས་གཙོ་བོ་ཡིན་པའི་དཔེ་དེབ་བརྩམས་པ་དང༌། གཞན་གཅིག་ནི་བུ་སྟོན་རིན་ཆེན་གྲུབ་པ་ཡིན། བུ་སྟོན་གྱིས་སྤྱི་ལོ་༡༣༢༢ ལོར་༼བསྟན་རྩིས་༽བརྩམས་པ་དང༌། ཡང་སྤྱི་ལོ་༡༣༢༧ ལོར་༼རྩིས་གཞུང་མཁས་པ་དགའ་བྱེད་༽ཅེས་པའི་བསྟན་བཅོས་བརྩམས་ཤིང༌། ལྷག་པར་ཞ་ལུ་བླ་བྲང་དུ་གོ་ལ་གྲུ་ཆགས་མའི་རི་མོ་ལྡེབས་རིས་ལ་བྲིས་ཏེ་མངོན་པ་མཛོད་ནས་བཤད་པའི་གོ་ལའམ་རི་རབ་གྲུ་བཞི་ཟེར་བའི་ཤོད་ཚུལ་དང་འགལ་ཟླར་ལངས་པའི་ལྟ་ཚུལ་བྱུང༌། བུ་སྟོན་གྱིས་བྲིས་པའི་གོ་ལ་གྲུ་ཆགས་མ་ཟེར་བའི་རིག་པ་འདི་ནི་དེང་རབས་ཚན་རིག་ངོས་ནས་བཤད་ན་ས་སྒང་གི་གནས་ལུགས་དང་མཐུན་པའི་ཤོད་སྟངས་འགྲིག་པ་ཞིག་རེད། འོན་ཀྱང་བུ་སྟོན་གྱིས་གོ་ལ་དང་དུས་བཞི་འཁོར་ཚུལ་ཐད་ལ་གོ་ལ་གཡས་སྐོར་དང༌། དུས་བཞི་གཡོན་སྐོར་ཡིན་པར་འགྲེལ་བཤད་བྱས་པར་བརྟེན་གོ་ལ་འཁོར་སྟངས་དང༌། དུས་བཞི་འཁོར་སྟངས་ཐད་ལ་ཕྱི་རོལ་ཡུལ་གྱི་དངོས་ཡོད་གནས་ཚུལ་དང་མ་མཐུན་པའི་སྐྱོན་ཆ་ལྷགས་པར་བརྟེན་དེའི་དུས་སུ་གཙང་གི་གནམ་རིག་མཁས་པ་གཡུང་སྟོན་རྡོ་རྗེ་དཔལ་བཟང་ཞེས་པས་བུ་སྟོན་གྱི་ནོར་འཁྲུལ་ལྟ་བར་དགག་པ་བརྒྱབས་ཏེ་གོ་ལ་གཡོན་སྐོར་དང༌། དུས་བཞི་གཡས་སྐོར་ཡིན་པའི་སྒྲུབ་བྱེད་བཀོད་པའི་བཀའ་ཤོག་བསྲིངས་ཏེ་ཧ་ཅང་ཚིག་ནན་གྱིས་བཤད་དོན། ངའི་རྒྱུད་འགྲེལ་པ་དང་བཅས་པའི་ལུང་དང༌། ས་རིས་ཀྱི་ལམ་ནས་སྟོན་པའི་རྒྱུ་མཚན་རྩིས་དང༌། དངོས་པོ་སྟོབས་ཤུགས་ཀྱི་རིག་པ་དང༌། མིག་ཤེས་མ་འཁྲུལ་བའི་མངོན་སུམ་རྣམས་འཛོམས་པའི་ཁྲིམས་ར་བཅས་ནས་ཙ་ར་བྱས་དུས་མི་སྐྲག་པ་ཨེ་ཡིན། མཐའ་དབུས་མེད་པའི་ཁྲིམས་ར་ཆེན་པོ་ནས་ཞེས་པ་བྲིས་ཚུན་ཆད་བུ་སྟོན་གྱིས་ཀྱང་རང་གི་བཞེད་པ་དོར་ཏེ་ལོགས་བྲིས་ཀྱང་བསྒྱུར་བར་གྲགས་སོ། །
སྤྱི་ལོ་༡༤༢༥ ལོར་མཚུར་ཕུ་བས་བྱེད་རྩིས་ཀྱི་འགོ་བརྩམས་པ་དང༌། མཚུར་ཕུའི་ལེའུ་ཐོ་ཞེས་པའང་ཐོག་མར་བཏོན་འགོ་ཚུགས།
སྤྱི་ལོ་༡༤༤༧ ལོ་ཙམ་ལ་ལྷོ་ཁ་ཁུལ་དུ་གནམ་རིག་མཁས་ཅན་རྒྱ་མཚོ་རྣམ་གསུམ་ཕུག་པ་ཕྱི་མ་ཞེས་པ་བྱུང༌། ཕུག་པ་ལྷུན་གྲུབ་རྒྱ་མཚོས་གཙང་ཆུང་ཆོས་གྲགས་རྒྱ་མཚོའི་ཞབས་ལ་གཏུགས་ནས་རྗེ་ནོར་བཟང་རྒྱ་མཚོ་དང་གྲ་ཆུང་ཡོན་ཏན་རྒྱ་མཚོ་བཅས་ཀྱིས་ཕྱི་རོལ་དུས་ཀྱི་འཁོར་ལོའི་དཀའ་གནད་ཐམས་ཅད་ཞུན་ཐར་ལེགས་པར་བཅད་དེ་ཕུག་པ་གོང་མས་ཀྱང་འགྲན་དུ་མེད་པའི་རྩིས་རིག་མཁྱེན་ཏེ་༼པད་དཀར་ཞལ་ལུང་༽དང་༼དབྱངས་འཆར་འགྲེལ་པ་མཆོག་དགས་༽གཙོས་གནམ་རིག་སྐར་རྩིས་ཀྱི་ཡིག་ཆ་མང་དག་ཅིག་བརྩམས་གནང་མཛད། འདིའི་བསྟན་བཅོས་རྣམས་ལ་གཞན་གྱིས་དགག་འདྲི་བྱུང་བས་བསྲེགས་བཅད་བརྡར་བའི་ཡིག་ཆ་ལྷན་ཐབས་ཀྱི་ཚུལ་དུ་༼གསལ་སྒྲོན་སྐོར་༽ཞེས་པ་རྗེ་ནོར་བཟང་རྒྱ་མཚོ་རང་གིས་སྦྱར་བྱང་མཛད་དེ་བསྟན་བཅོས་འདི་དག་རྣམ་དག་རྩིས་ཀྱི་འབྱུང་ཁུངས་སུ་གྱུར། ལྷག་པར་རྗེ་ནོར་བཟང་རྒྱ་མཚོས་རྩིས་ཀྱི་གཞི་མ་ས་གཞོང་བེད་སྤྱོད་ཤུགས་ཆེན་གྱིས་གཏོང་གནང་མཛད་པར་བརྟེན་ཕྱིས་རབས་ཀྱི་རྩིས་པ་ཚང་མས་གཟའ་ཚེས་སྐར་གསུམ་དང་ཉི་ཟླ་སྒྲ་གཅན་ཉི་མ་དམར་ཐིག་ལ་སོགས་པའི་རྩིས་རིག་མཐའ་དག་ས་གཞོང་ཐོག་ནས་བརྩི་སྲོལ་མ་ཉམས་པ་ད་དུང་ཡང་བེད་སྤྱོད་བྱེད་མུས་རེད། དེ་བཞིན་ཕུག་པ་ཆང་ཁྱིམ་འཕགས་པ་ལྷའི་བརྒྱུད་པ་དཔལ་འབྱོར་ཕུན་ཚོགས་སམ་དཔལ་མགོན་འཕྲིན་ལས་ཞེས་པ་རྩིས་དཀར་ནག་ལ་འགྲན་ཟླ་མེད་པ་དེ་ཉིད་བྱུང་ནས་ཁོང་གིས་༼ཞལ་ལུང་མཛེས་རྒྱན་༽དང་ལོ་ཟླའི་འགོ་འཛིན་སོགས་ཀྱི་ཡིག་ཆ་ཁག་བརྩམས་གནང་མཛད། འདི་ལ་བུ་རིག་པ་ཤིན་ཏུ་བླུན་པ་ཞིག་སྐྱེས་སྟབས་མཆེད་ཀྱི་རིགས་འཁྱར་དཔལ་གྱི་སེང་གེ་ཞེས་པ་ཕུག་པར་ཚུར་བླངས། བུ་བླུན་པ་དེར་གལ་ཆེ་བའི་དབང་གིས་ཕུག་པའི་ཚོམ་བུར་ལྐོག་སློབ་ནན་དུ་མཛད་པ་དཔལ་གྱི་སེང་གེས་རྒྱ་མཐོང་གི་ཕག་ནས་ཉ་པས་དངོས་སུ་བསླབས་པ་ལས་ཕག་ཏུ་ཉན་པ་ཤེས་སླ་བར་གྲགས། དེ་རྗེས་དཔལ་མགོན་འཕྲིན་ལས་གཤེགས་པའི་རྐྱེན་གྱིས་དཔལ་གྱི་སེང་གེའི་ཡོན་ཏན་མཇུག་སྐྱོངས་སུ་དཔལ་མགོན་འཕྲིན་ལས་པའི་སློབ་བུ་རྒྱལ་བྱེད་ཚལ་གྱི་སློབ་དཔོན་ཁམས་པ་ཞིག་བྱུང་འདུག་པ་དེར་སློབ་གཉེར་དུ་ཡར་རྒྱབ་པས་རྫོང་བརྡ་མཛད། དེའི་མདུན་ནས་སྒྲ་གཅན་དང༌། གཟའ་ལྔ་དུས་སྦྱོར། ཞག་གསུམ་རྣམ་དབྱེ་སོགས་ལག་ལེན་རགས་ཙམ་གསན་པ་ལས། ཞལ་ལུང་མ་བུ་ལ་སོགས་པའི་རི་མོའི་རྩ་བ་ཅུང་མ་ཕོག་པར་བརྟེན་མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོའི་སྤྱི་ལོ་༡༦༠༩རྩར་ནས་གསན་ཞིང༌། ད་དུང་རབ་འབྱམས་པ་པདྨ་ཆོས་སྐྱོང་ཞེས་བྱ་བ་གྲུབ་མཐའ་ཕུག་ལུགས་སུ་སྣང་ཞིང༌། རྩིས་དཀར་ནག་གང་ལའང་མཐའ་ཆོད་པ་ཞིག་བྱུང་འདུག་པ་དེའི་རྩར་ནས། ༼ཞལ་ལུང་བུ་ཡིག༽ཟུར་བཀོལ་གྱིས་བརྒྱན་པ་སོགས་སྐར་རྩིས། དབྱངས་འཆར་༼མཆོག་དགའ་༽སྐོར་རྒྱ་རྩིས་སྤྱི་འགྱུར་དགུར་གྲགས་པའི་ལུགས་བཤད། ཁྱད་པར་༼གསལ་སྒྲོན་ཡང་འགྱུར་༽གྱི་སྐོར་མཐའ་དག་མཐར་ཕྱིན་པ་གསན། དཔལ་གྱི་སེང་གེ་ཞེས་པ་འདི་ནས་ཕུག་པའི་མི་བརྒྱུད་ཆད་འདུག་ཀྱང་ཕུག་ལུགས་ཀྱི་སློབ་བརྒྱུད་འཛིན་མཁན་དཔལ་མགོན་འཕྲིན་ལས་ཀྱི་སློབ་མ་དུས་རམས་པ་འཆི་མེད་བདེ་བས་རྩིས་དཀར་ནག་གསན། ཁྱད་པར་དབྱངས་འཆར་ལ་མཁས་པར་གྱུར་ཀྱང་ད་དུང་བོད་འགྲེལ་གྱིས་ཐུགས་ཡིད་མ་ཚིམ་པ་རྣམས་བལ་ཡུལ་འཛུམ་ལང་སོགས་ཁྱི་བཞིན་མྱུལ་བས་དྭོགས་པ་ལེགས་པར་ཆོད་དེ་དབྱངས་འཆར་སྨྲ་ན་མེད་དུ་མི་རུང་བ་༼ལག་ལེན་ནོར་བུའི་ཕྲེང་བ་༽འམ་༼འོད་ཟེར་བརྒྱ་བ་༽ཞེས་བྱ་བ་མཛད་པ་དང༌། སྤྱི་ལོ་༡༦༢༤ ལོར་སླར་ཡང་༼རྩིས་དཀར་ནག་གི་དྲིས་ལན་༽ཞེས་པ་བརྩམས། གཞན་ཡང་སྙེ་ཐང་གྲོང་སྟོད་པ་དགེ་ལེགས་གར་དབང་ཕུན་ཚོགས་ཞེས་པའང་ཕུག་པ་དཔལ་མགོན་འཕྲིན་ལས་ཀྱི་སྐུ་འགྲམ་དུ་རྩིས་བསླབས་མྱོང་ཡོད་པ་རེད། རྗེས་སུ་སྨིན་གྲོལ་གླིང་གི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡབ་གཞོན་ནུ་དོན་གྲུབ་དང༌། རྩིས་རིག་སྨྲ་བ་ལྷོ་ཁ་གྲ་ནང་གི་ལྡུམ་པོ་དོན་གྲུབ་དབང་རྒྱལ། འདར་ལོ་སྐད་གཉིས་སྨྲ་བའམ་ལུ་འགོ་བླ་མཁྱེན་ངག་དབང་སོགས་ཕུག་ལུགས་ཀྱི་རྗེས་འཛིན་མུ་མཐུད་བྱུང་བ་རེད།
མདོར་ན་ཕུག་ལུགས་ཞེས་པ་ནི་རང་རྒྱལ་གནམ་རིག་དང་མཐུན་པར་ལག་ལེན་བྱེད་མཁན་གཙོ་བོ་ཡིན་པས་༼བཻ་དཀར་གཡའ་སེལ་༽ནང་དུ་འཁོད་དོན། ཤར་ཕྱོགས་མཧཱ་ཙི་ནའི་མཁས་པ་རྣམས་ཀྱི་ལུང་དང་ཡང་ཤིན་ཏུ་མཐུན་ཕྱིར་ཀུན་དགའ་དཔལ་བས། ནམ་ཞིག་ཁྱིམ་ཟླ་ཚེས་ཟླ་མ་མཐུན་པས། །ཟླ་ཐེབ་ཅེས་བྱ་ཚེས་ཟླ་ལན་གཉིས་འཆར། །ཟླ་ཐེབ་གསལ་བྱེད་དུས་འཁོར་གྲུབ་པའི་ལམ། །དཀར་ནག་དགོངས་པ་གཅིག་ཏུ་འཆད་ཤེས་པ། །ད་ལྟའི་རྒྱ་ནག་ལག་ལེན་དང་མཐུན་པའི། །ཡ་མཚན་ཞིབ་མོ་ཁོ་བོས་གཞན་དུ་བཤད། །ཞེས་ཧོང་ལེ་དང་མཐུན་པའི་ཟླ་བཤོལ་འདོན་སྟངས་ཟུར་དུ་བཟོས་པ་དང༌། རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་༼རྩིས་ཀྱི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་༽ནང་དུའང་སྡེ་སྲིད་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་གདོང་རྩེར་དྲུག་ཅུ་སྐོར་བདུན་པའི་མཇུག་གི་ཆུ་ཕོ་ཁྱི་ལོའི་ལེའུ་ཐོ་ལ་དགུ་དམར་དབུས་སུ་བྱས་པ་དང༌། ཡང་དྲུག་ཅུ་རྡོར་དགུ་པའི་ཆུ་སྤྲེལ་ལོའི་ལེའུ་ཐོ་ལ་གཉིས་ནག་དབུས་སུ་བྱས་པ་སོགས་རྩིས་རིག་སྨྲ་བའི་གཙུག་རྒྱན་དཔལ་མགོན་འཕྲིན་ལས་པས་མངོན་སུམ་དུ་གཟིགས་ཤིང༌། ཁོ་བོས་ཀྱང་ཤར་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་བགྲོད་ཚེ་ལེའུ་ཐོ་ཚར་གཉིས་ཙམ་མཐོང་བ་ཚེས་ཀྱི་ཆད་ལྷག་དང་བཤོལ་སོགས་ཐམས་ཅད་གྲྭ་ཕུག་ལུགས་ཀྱི་ཕྱག་ལེན་ཞུས་དག་འཕེར་བ་སྣང་ངོ་ཞེས་གསུངས་འདུག
སྤྱི་ལོ་༡༦༢༤ ལོར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱིས་རྩིས་དཀར་ནག་གི་དྲི་བ་བརྩམས་པ་དང༌། སྐབས་དེར་བྱེད་རྩིས་དང་གྲུབ་རྩིས་བར་གྱི་ཕྱོགས་འཐེན་དང་རྩོད་གླེང་མུ་མཐུད་གནས་ཤིང༌། ཉི་ཟླ་གཟའ་འཛིན་བྱུང་དུས་བྱེད་རྩིས་དང་གྲུབ་རྩིས་ཁག་གཉིས་སོ་སོས་སྒོ་ཡིག་སྦྱར་བའི་ལུགས་སྲོལ་དར་ཁྱབ་ཆེས་ཆེར་བྱུང་བ་རེད། དཔེར་ན་སྤྱི་ལོ་༡༦༣༩ ལོར་བྱེད་རྩིས་ལ་ཉི་འཛིན་མེད་ཀྱང་གྲུབ་རྩིས་ནས་ཉི་འཛིན་ཡོད་ཅེས་ལབ་ནས་གྲུབ་རྩིས་ཀྱིས་ཐིག་པོ་མ་བྱུང་བའི་གནས་ཚུལ་ཐོན།
སྤྱི་ལོ་༡༦༥༦ ལོར་རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་༼རྩིས་ཀྱི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་༽མཛད་པ་དང༌། དེ་དུས་སྨོན་འགྲོ་པཎ་ཆེན་དང༌། ལྡུམ་པོ་དོན་གྲུབ་དབང་རྒྱལ། འདར་ལོ་སྐད་གཉིས་སྨྲ་བའམ་ལུ་འགོ་བླ་མཁྱེན། པཎ་ཆེན་དཀོན་མཆོག་ཆོས་གྲགས། རྣམ་གླིང་པཎ་ཆེན་སོགས་གནམ་རིག་རྩིས་ལ་མཁས་པ་མང་དག་ཅིག་བྱུང་བ་དང༌། ལྡུམ་བུ་དོན་གྲུབ་དབང་རྒྱལ་གྱིས་༼དཀར་ནག་ཟུང་སྦྱོར་༽ཞེས་པ་དང༌། འདར་ལོ་སྐད་གཉིས་སྨྲ་བས་༼རིན་ཆེན་ཕྲ་ཚོམ་༽པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་༼ལྷན་ཐབས་རྒྱུ་སྐར་ཕྲེང་བ་༽ཞེས་པ་བརྩམས་གནང་མཛད། ལྷག་པར་ཉི་ཟླ་གཟའ་འཛིན་བརྩི་བར་ཡབ་ཕ་སྐུ་སྐྱེ་དབང་གྲགས་རྡོ་རྗེ་དང་ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ཞེས་པ་གཉིས་བྱུང༌། དེའི་ནང་ནས་ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ལ་ཕུ་ཀློང་པ་གཡུ་ལོ་ནས་རབ་བྱུང་བདུན་པ་སྤྱི་ལོ་༡༣༨༧ ལོ་ནས་རབ་བྱུང་བཅུ་གཅིག་པ་སྤྱི་ལོ་༡༦༨༧ ལོའི་བར་གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ་དང་མྱོང་བྱང་གི་དཔེ་ཡོད་སྟབས་ཉི་ཟླ་གཟའ་འཛིན་བྱེད་པར་ཅུང་མངའ་བརྙེས་པ་ལྟ་བུ་བྱུང༌།
སྤྱི་ལོ་༡༦༨༣ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕུག་ལུགས་དང་ཁྱུང་ནག་ཤཱཀ་དར་གྱི་རྩིས་གཙོར་བཏོན་བྱས་ནས་རྩིས་ཀྱི་བསྟན་བཅོས་༼བཻ་དཀར་༽ཞེས་པ་ལེའུ་༣༥ དང་ཤོག་གྲངས་༦༣༦ ཡོད་པ་གསར་དུ་བརྩམས་ཏེ་བོད་ཡོངས་ཀྱི་གནམ་རིག་ཤེས་མཁན་ཚོར་༼བཻ་དཀར་༽ལ་དྭོགས་གཅོད་དང་དགག་པ་བྱེད་རྒྱུའི་རེ་འདུན་བཏོན་པར་བརྟེན་ལྷོ་ཁ་ཁུལ་གྱི་རྩིས་པ་འདར་ལོ་སྐད་གཉིས་སྨྲ་བའམ་ལུ་འགོ་བླ་མཁྱེན་ཞེས་པ་རྩིས་དཀར་ནག་དང་ཤེས་བྱ་གང་ལའང་༼བཻ་དཀར་༽ལ་དྭོགས་འདྲི་དོན་ཚན་ཉིས་བརྒྱ་བཅུ་མེད་བརྒྱད་བཏོན་པར་སླར་ཡང་སྡེ་སྲིད་ཀྱིས་དྲིས་ལན་༼གཡའ་སེལ་༽དོན་ཚན་༢༠༨ ལ་ཤོག་གྲངས་༤༢༣ བརྩམས་གནང་མཛད་ཅིང༌། ད་དུང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལུང་རིག་དང་མ་འབྲེལ་བའི་མ་རྟོགས་པ་དང༌། ལོག་པར་སོང་རིགས་ལ་དགག་པ་མཛད་མི་ཚད་ལྡན་བྱུང་ན་མཛད་པར་འཚལ་ལོ་ཞེས་བསྐུལ་མ་བྱས་ཀྱང་དགག་པ་རྒྱག་མཁན་མ་བྱུང༌། དེ་ནས་བཟུང་སྟེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་༼བཻ་དཀར་༽དང་༼གཡའ་སེལ༽གཉིས་ནི་བོད་ཀྱི་གནམ་རིག་ལེའུ་ཐོའི་དཔེ་ཆའི་ནང་གི་གཙོ་བོའི་རྩིས་གཞུང་དང༌། ཚང་མས་ཚད་ལྡན་དུ་བརྩི་བ་མ་ཟད། སྔ་ཕྱིར་ལྷ་ས་དང། སྡེ་དགེ་ཨ་མདོ་བཀྲ་ཤིས་འཁྱིལ་བཅས་སུ་༼བཻ་དཀར་༽དང་༼གཡའ་སེལ་༽ གཉིས་ཀ་ཤིང་དཔར་ལ་བརྐོས་ནས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་པ་རེད།
སྤྱི་ལོ་༡༧༡༤ ལོར་ལྷོ་ཁ་སྨིན་གྲོལ་གླིང་གི་ལོ་ཆེན་དྷརྨ་ཤྲཱིའམ་ཆོས་དཔལ་རྒྱ་མཚོ་འཇམ་དབྱངས་དགའ་བའི་སྡེ་ཞེས་པས་སི་ཏུ་པཎ་ཆེན་བསྟན་པའི་ཉི་མ་དང༌། མཁན་ཆེན་ལྡུམ་པོ་བ་དོན་གྲུབ་དབང་རྒྱལ་གྱི་དགོངས་པ་གཞིར་བཟུང་ནས་རྩིས་གཞུང་༼ཉིན་བྱེད་སྣང་བ་༽ཞེས་པ་བརྩམས་གནང་མཛད་པ་དང༌། ལོ་དེའི་ཕྱི་མར་ཡང་བསྐྱར་ཁོང་གིས་ཉིན་བྱེད་སྣང་བའི་འགྲེལ་པ་༼རྣམ་འགྲེལ་གསེར་ཤིང་༽ཞེས་པ་མཛད་ནས་སྨིན་གྲོལ་གླིང་དུ་གནམ་རིག་སྐར་རྩིས་ཀྱི་ལས་ཀ་བྱེད་མཁན་ཆེད་མངགས་བཙུགས་པ་དང་སྨིན་གྲོལ་གླིང་གི་ལེའུ་ཐོ་ཞེས་པ་སྐད་གྲགས་ཅན་དེ་བཏོན་པ་རེད།
སྤྱི་ལོ་༡༧༣༢ ལོར་ཁམས་སྡེ་དགེ་ཁུལ་གྱི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མ་དཔལ་སྤུངས་ཀརྨ་ངེས་ལེགས་བསྟན་འཛིན་ཞེས་པས་རྩིས་གཞུང་༼ལེགས་བཤད་ནོར་ཕྲེང་༽ཞེས་པ་བརྩམས་གནང་མཛད་པ་དང༌། ཁམས་ཁུལ་དུ་གནམ་རིག་སྐར་རྩིས་དར་རྒྱས་ཆེན་པོ་བྱུང་སྟེ་སྡེ་དགེ་ལེའུ་ཐོ་ཞེས་པའང་བཏོན།
སྤྱི་ལོ་༡༧༣༤ ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ཞེས་པས་༼རྩིས་གཞུང་ཉེར་མཁོ་བུམ་བཟང་༽མཛད་པ་དང༌། སྤྱི་ལོ་༡༧༥༣ ལོར་འཕྱོངས་རྒྱས་མཁན་པོ་བསྟན་འཛིན་རྒྱ་མཚོས་༼རྩིས་གཞུང་བཻཌཱུར་བཞད་པའི་འཛུམ་དཀར་༽བརྩམས་ནས་ཁོང་གཉིས་ཀྱིས་གཙང་ཁུལ་དང་ལྷོ་ཁུལ་གྱི་གནམ་རིག་ཡར་རྒྱས་གཏོང་གནང་མཛད།
སྤྱི་ལོ་༡༧༩༦ཙམ་ལ་བིས་པ་ངག་དབང་མི་ཕམ་ཟླ་བས་༼རྩིས་གཞུང་མཁས་པའི་སྙིང་ནོར་༽བརྩམས་པ་དང༌། དེ་རྗེས་སྤྱི་ལོ་༡༨༠༢ ཙམ་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་སློབ་མ་ངག་དབང་མི་ཕམ་ཟླ་བས་༼རྩིས་གཞུང་མཁས་པའི་སྙིང་ནོར་༽བརྩམས་ཤིང༌། སྤྱི་ལོ་༡༨༦༧ ལོར་འོ་རྫོང་པཎྜི་ཏས་༼རྩིས་གཞུང་རྣམ་གསལ་འོད་ཀྱི་ཐིག་ལེ་༽བརྩམས་པ་བཅས་ཀྱིས་བོད་ཀྱི་གནམ་རིག་ལེའུ་ཐོ་དེ་དག་མདོ་སྟོད་མདོ་སྨད་ཁུལ་ལ་ཡང་དར་ཁྱབ་ཕྱིན་པ་རེད། འོན་ཀྱང་དབུས་གཙང་ཕྱོགས་སུ་སྐབས་དེར་གནམ་རིག་སྐར་རྩིས་རིམ་བཞིན་ཉམས་ཞན་དུ་གྱུར་ནས་གནམ་རིག་རྩིས་གཞུང་དཔེ་དེབ་རྩོམ་མཁན་ཧ་ཅང་དཀོན་པ་དང༌། རྩིས་གཞུང་སློབ་གཉེར་བྱེད་མི་ཡང་ཉུང་རུ་ཕྱིན་འདུག དེ་རྗེས་སྤྱི་ལོ་༡༩༠༩ ལོར་ཁམས་ཀྱི་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞེས་པས་༼སྐར་རྩིས་སྔོན་འགྲོ་རིན་ཆེན་མེ་ལོང་༽དང༌། ༼སྐར་རྩིས་སྣ་ཚོགས་༽༼དུས་རྩིས་ངོ་མཚར་ཉི་མ་༽༼རྩིས་སྐོར་ནོར་བུའི་ཕྲེང་བ་༽༼ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད་ཅེས་བྱ་བ་༽༼ཟླ་རྐང་གི་དྭོགས་གནད་ལ་དཔྱད་པ་༽༼རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ་༽སོགས་མཛད་ནས་ཁོང་གིས་བོད་ཀྱི་གནམ་རིག་ལེའུ་ཐོ་སླར་གསོ་དང༌། གོང་འཕེལ་གཏོང་བར་བྱས་རྗེས་ཆེན་པོ་བཞག་གནང་བ་རེད།
སྤྱི་ལོ་༡༩༡༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ལྷ་ས་སྨན་རྩིས་ཁང་གསར་དུ་བཙུགས་གནང་བ་དང༌། མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་ཁང་གི་འགོ་འཛིན་དུ་བསྐོ་བཞག་གནང་བ་རེད། ཁོང་འཁྲུངས་ཡུལ་ལྷོ་ཁ་ནས་ཡིན་པ་དང༌། གཞོན་ནུའི་དུས་སུ་ལྷ་སར་འབྱོར་རྗེས་གནམ་རིག་སྐར་རྩིས་ལ་མཁས་པ་རྡོ་རྗེ་རྒྱལ་མཚན་དང་ཙཱ་རི་ཅི་ཅར་གདུང་འཛིན་ཞེས་པ་དགེ་རྒན་དུ་བསྟེན་ནས་གནམ་རིག་ལེའུ་ཐོར་སྦྱངས་བརྩོན་མཐར་ཕྱིན་གནང་སྟབས་རྗེས་སུ་གནམ་རིག་རྩིས་ལ་ཤིན་ཏུ་མཁས་པར་གྱུར་པ་དང༌། ཁོང་གིས་བོད་ཀྱི་གནམ་རིག་ལེའུ་ཐོ་འཕེལ་རྒྱས་གཏོང་བར་ཕན་ཡོད་ཀྱི་ཕྱག་ལས་མང་དག་ཅིག་གནང་བ་རེད། དཔེར་ན་རྩིས་ཀྱི་བསྟན་བཅོས་༼རིགས་ལྡན་སྙིང་ཐིག་༽ཞེས་པར་རབ་བྱུང་༡༥ ས་རྟ་ནས་རབ་བྱུང་༡༦ མེ་ཡོས་ལ་རྩིས་འགོ་སྤོས་པ་མ་ཟད། སྔོན་ཆད་ལྷོ་ཁ་སྨིན་གྲོལ་གླིང་དང་མཚུར་ཕུ་གཉིས་ཀྱིས་ལེའུ་ཐོ་ཁག་གཉིས་འདོན་གྱི་ཡོད་པ་དེ་སྨན་རྩིས་ཁང་ནས་ཞིབ་འཇུག་གོ་བསྡུར་བྱས་ཏེ་གཅིག་གྱུར་ཐོག་བྱེད་གྲུབ་ཟུང་སྦྲེལ་གྱི་ལེའུ་ཐོ་གྲངས་༥༠༠༠ སྐོར་དཔར་དུ་བསྐྲུན་སྟེ་ལོ་སྟོད་བོད་ཀྱི་ས་གནས་ཁག་དང༌། དེ་བཞིན་མཚོ་སྔོན་དང༌། ཀན་སུའུ། ཡུན་ནན་སོགས་ཀྱི་ས་ཁུལ་ཁ་ཤས་དང༌། ད་དུང་འབྲུག་ཡུལ་དང༌། འབྲས་ལྗོངས། རྒྱ་གར། བལ་ཡུལ་བཅས་ལའང་བོད་ཀྱི་ལེའུ་ཐོ་འགྲེམས་སྤེལ་བྱེད་པའི་འགོ་ཚུགས། ལྷག་པར་ལེའུ་ཐོའི་ནང་དུ་གནམ་གཤིས་སྔོན་བརྡ་སྤྲོད་རྒྱུར་མཁྱེན་རབ་ནོར་བུ་མཆོག་གིས་ལོ་མང་རིང་གནམ་རིག་ཐོག་ནས་བརྟག་དཔྱད་ཞིབ་འཇུག་གིས་ཞིང་འབྲོག་ཐོན་སྐྱེད་ལ་ཕན་ཐོགས་ཡོད་པའི་ཉམས་མྱོང་མང་པོ་གསོག་འཇོག་གནང་བ་རེད། དཔེར་ན་གཟའ་ལྔའི་ནང་ནས་ལྷག་པ་ཕྱིར་ལོག་སྐབས་སྔོན་ཆད་ཐན་ཞོད་ཡ་ཡུད་ཆེ་ཞེས་བཤད་ཀྱང་མཁྱེན་རབ་ནོར་བུའི་མྱོང་བྱང་ལྟར་ན་ལྷག་པ་ཕྱིར་ལོག་སྐབས་ཐན་པ་ལས་ཞོད་པ་མང་བར་གཏན་འཁེལ་གནང་བ་ནས་ད་བར་ལོ་མང་རིང་གི་ལག་ལེན་བྱས་པ་བརྒྱུད་ཁོང་གི་ཉམས་མྱོང་དེ་དག་ཡང་དག་པ་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག
དཔྱད་གཞིའི་ཡིག་རིགས་ཁག་ལས་གསལ་བ་ལྟར་ན། སྤྱི་ལོ་༡༩༡༦ ལོར་སྨན་རྩིས་ཁང་བཙུགས་པ་ནས་སྤྱི་ལོ་༡༩༥༩ ལོ་བར་དུ་བོད་ཀྱི་རྫོང་གཞི་ཁག་དང་གདན་ས་ཁག་ནས་བསྐོངས་པའི་གནམ་རིག་སྐར་རྩིས་སློབ་གཉེར་བྱེད་མཁན་ཁྱོན་བསྡོམས་མི་གྲངས་༢༥༠ ཙམ་གསོ་སྐྱོང་གིས་སློབ་གྲྭ་ཐོན་པ་དང༌། སློབ་ཕྲུག་གྲས་སུ་ད་དུང་ཁུ་ནུ་དང༌། འབྲས་ལྗོངས། ལ་དྭགས་སོགས་ཧི་མ་ལ་ཡ་རི་རྒྱུད་ཀྱི་སློབ་གཉེར་བའང་ཡོད་པ་རེད།
སྤྱི་ལོ་༡༩༢༦ ཙམ་ལ་མདོ་སྨད་བཀྲ་ཤིས་འཁྱིལ་གྱི་གྲྭ་ཐུབ་བསྟན་རྒྱ་མཚོས་བརྩམས་པའི་༼ཙི་ནའི་རྩིས་ལ་འཇུག་པའི་ཡི་གེ་འཇམ་དབྱངས་མཆོད་པའི་མེ་ཏོག༽ ཅེས་པ་རྒྱ་རྩིས་ཀྱི་ཉི་ཟླ་གཟའ་འཛིན་གྱི་རིག་པ་བོད་དུ་དར་ཁྱབ་བྱུང་དུས་མཁྱེན་རབ་ནོར་བུས་དེ་ལ་མཐོང་ཆེན་གནང་ནས་དཔར་དུ་བསྐྲུན་པ་དང་འབྲེལ་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཀྱི་ལས་ཀ་བྱེད་མཁན་ཚོར་རྒྱ་རྩིས་སློབ་སྦྱོང་དང་ཞིབ་འཇུག་བྱེད་དུ་བཅུག་གནང་བའི་ཐོག་ས་རིས་ཐོག་ནས་ལེགས་བཅོས་ཀྱིས་གོང་གི་༼ཙི་ནའི་རྩིས་ལ་འཇུག་པའི་ཡི་གེ་འཇམ་དབྱངས་མཆོད་པའི་མེ་ཏོག༽ཅེས་པ་རབ་བྱུང་༡༦ མེ་ཡོས་སྤྱི་ལོ་༡༩༢༧སུ་རྩིས་འགོ་གསར་དུ་སྤོས་ཏེ་ལོ་འཕོ་དང༌། ཟླ་བ་སོ་སོའི་དྷུ་ཝ་རྣམ་ལྔ་ཚེ་དྷུ། ཉི་མའི་སྤྱི་འགྲོས། ཉི་མའི་རང་འགྲོས། ཟླ་བའི་རང་འགྲོས། རྭ་གདོང༌། ཡོད་པའི་༼བློ་གྲོས་སྣང་བ་རྒྱས་པའི་ཉིན་བྱེད་༽ཅེས་པ་གསར་དུ་བརྩམས། དེ་ནས་བཟུང་མཁྱེན་རབ་ནོར་བུས་སྔོན་ཆད་ལོ་ངོ་སུམ་བརྒྱ་ལྷག་ཙམ་རང་གི་ཉི་ཟླ་གཟའ་འཛིན་གྱི་མྱོང་བྱང་གའུ་ལེའུ་ཟིན་བྲིས་ཁག་ལ་གོ་བསྡུར་དང༌། དེ་བཞིན་བྱེད་གྲུབ་གཉིས་ཀྱི་ཉི་ཟླ་གཟའ་འཛིན་གྱི་ས་རིས། ༼ཙི་ནའི་རྩིས་ལ་འཇུག་པའི་འཇམ་དབྱངས་མཆོད་པའི་མེ་ཏོག༽ཅེས་པ་ཕྱིས་འགྱུར་རྒྱ་རྩིས་ཀྱི་ཉི་ཟླ་གཟའ་འཛིན་རིག་པ་བཅས་ཕན་ཚུན་ཞིབ་འཇུག་གོ་བསྡུར་མཛད་དེ་ལེགས་ཐོག་ལེགས་བརྩེགས་ལྟ་བུ་བྱུང་སྟེ་ཉི་ཟླ་གཟའ་འཛིན་གྱི་སྔ་ཕྱིའི་དུས་ཚོད་དང་འཛིན་ཆ་སོགས་གནམ་རིག་སྐར་རྩིས་ཀྱི་ཐོག་ནས་འཕྱུགས་པ་མེད་པར་ལུང་སྟོན་ཐུབ་པ་དེས་བོད་ཀྱི་གནམ་རིག་དང་ཉི་ཟླ་གཟའ་འཛིན་གྱི་རིག་པ་འཕེལ་རྒྱས་གཏོང་བར་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་གནང་བ་རེད། །
མཐའ་མའི་འདོན་ཐེངས་།: 18.03.2011 ཉིན། 7:52 PM
<< སྔ་མ།