སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་རྩིས་རིག་པའི་གོ་དོན་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ།

 

བོད་ཀྱི་རྩིས་རིག་པའི་གོ་དོན་ངོ་སྤྲོད།


དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས།

བོད་ཀྱི་སྐར་རྩིས་རིག་པར་གནམ་རིག་སྐར་རྩིས་དང་དབྱངས་འཆར། འབྱུང་རྩིས་ནག་རྩིས་བཅས་རིགས་ཚན་གསུམ་ལ་དབྱེ་ཡོད། རིག་པ་འདི་དག་གི་འབྱུང་སྟངས་ནི་སྔ་རབས་བོད་ཀྱི་རྩིས་རིག་རྨང་གཞིའི་སྟེང་རྒྱ་གར་དང་ཏ་ཟིག རྒྱ་ནག གྷི་རིག་རྒྱལ་ཁབ་བཅས་ཀྱི་གནའ་བོའི་རྩིས་རིག་གི་ཉིང་བཅུད་རྣམས་བསྡུ་ལེན་བྱས་ཤིང་ནང་ཆོས་ཀྱི་ལྟ་བས་ལེགས་པར་བརྒྱན་ཏེ། ཐུན་མོང་མ་ཡིན་པའི་བོད་རང་གི་ཁྱད་ཆོས་ལྡན་པའི་སྐར་རྩིས་རིག་པའི་གཞུང་ལུགས་ཤིག་གསར་གཏོད་བྱས་ཡོད།
འབྱུང་རྩིས་ནི་འབྱུང་ཁམས་ལྔ་ལ་གཞི་བྱས་ཏེ་གྲུབ་པའི་རྒྱ་ནག་གི་ནག་རྩིས་ནས་དར་ཞིང་གནའ་བོའི་རྩིས་རིག་དང་གནམ་གྱི་གནས་ལུགས་འགྲེལ་བཤད་རྒྱག་པའི་རིག་པ་ཞིག་ཡིན། ནག་རྩིས་དེ་ཡང་འབྱུང་ཁམས་ལྔ་དང་ལོ་འཁོར་བཅུ་གཉིས། སྤར་ཁ་བརྒྱད། སྨེ་བ་དགུ་བཅས་ལ་རྨང་གཞི་བྱས་ཡོད་ལ། བོད་ཀྱི་སྐར་རྩིས་བས་དེ་དག་བེད་སྤྱོད་བྱས་ཏེ་མི་ཞིག་གི་ཚེ་རིང་ཐུང་དང༌། ལུས་པོའི་གནས་སྟངས། རྒྱུ་འབྱོར་དབང་ཐང༌། ཀླུང་རྟ་བཅས་གཙོ་བོར་བྱས་པའི་ཚེ་རབས་ལས་རྩིས་བཟོ་འདོན་བྱེད་ཀྱི་ཡོད།
གནམ་རིག་སྐར་རྩིས་ནི་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དང་དབྱངས་འཆར་གཉིས་གཞི་རྩ་བྱས་ཏེ་གྲུབ་ཡོད་པ་དང༌། ཟླ་རེའི་ཉི་མ་རེ་ལ་དབྱངས་མི་འདྲ་བ་རེ་གཏན་འབེབས་བྱས་ནས་དུས་བཞིའི་འགྱུར་ལྡོག་དང༌། ཟླ་བའི་འཕེལ་འགྲིབ། ཉི་ཟླ་གཟའ་འཛིན། ཉི་ལྡོག་སྔ་ཕྱི། ཟླ་བཤོལ་སོགས་དུས་བརྟག་བྱེད་པའི་ཐབས་ལམ་བརྒྱུད་དེ། རང་བྱུང་ཁམས་ཀྱི་ཕན་གནོད་བྱེད་ལས་ཀྱིས་མི་སྒེར་དང་རྒྱལ་ཁབ་ལ་ཤུགས་རྐྱེན་ཇི་འདྲ་ཡོད་མེད་སྔོན་བརྡ་གཏོང་བ་ཡིན།
བོད་དང་རྒྱ་གར་གྱི་སྐར་རྩིས་རིག་པའི་ལོ་ཐོ་བརྩི་སྟངས་དང་རྒྱུ་སྐར་གྱི་བགྲོད་པ་གཉིས་གཅིག་མཚུངས་ཡིན་ལ། ལོ་མགོ་བརྩི་ཚུལ་མི་འདྲ་བ་ཡོད་པ་མ་གཏོགས་སྐར་ཁྱིམ་བཅུ་གཉིས། མེ་གཟའ་དང༌། ཆུ་གཟའ། ཤིང་གཟའ། ལྕགས་གཟའ། ས་གཟའ་བཅས་གཟའ་ལྔ་བེད་སྤྱོད་བྱེད་སྟངས་ཀྱང་འདྲ་མཚུངས་ཡོད། རྒྱ་གར་གྱི་སྐར་རྩིས་རིག་པ་དང་འདྲ་བར། བོད་ཀྱི་སྐར་རྩིས་རིག་པས་ཀྱང་སྒྲ་གཅན་དང་གདོང་མཇུག་གི་སྐར་མའི་སྒྲིབ་པ་ངོས་འཛིན་གྱིས་ཉི་ཟླ་གཟའ་འཛིན་དང་ཕན་བདེ་འཕྲོད་བཟང་བརྟག་པར་གལ་ཆེན་ཡིན་ཚུལ་བཤད་ཡོད། བོད་ཀྱི་ལོ་ཐོ་ནི་ཉི་མའི་བགྲོད་པ་ལ་བརྟེན་ནས་མིན་པར་ཟླ་བའི་བགྲོད་པ་ལ་བརྟེན་ནས་རྩིས་འདོན་བྱེད་ཀྱི་ཡོད་པས་ལོ་གཅིག་ལ་ཉིན་གྲངས་༣༦༠ ལས་མེད།
བོད་ཀྱི་སྐར་ནག་རྩིས་ཀྱི་ལས་ཐོག་པ་ཚོས་བོད་ཀྱི་སྤྱི་ཚོགས་ནང་དུ་ལས་འགན་གལ་ཆེན་ཞིག་བཟུང་ཡོད་ལ། ལྷག་པར་དུ་སྐྱེ་འཆིའི་དུས་སྐབས་དང༌། བག་མ་བསུ་ལེན། ནད་མནར་བྱུང་སྐབས་དེ་མཐུན་གྱི་རྩིས་བསྐོར་ནས་མིའི་རིགས་ལ་ཕན་བདེའི་བྱ་བ་མི་དམན་པ་སྒྲུབ་བཞིན་ཡོད།
བུ་ཕྲུག་ཅིག་སྐྱེས་མ་ཐག་བོད་རིགས་ཕ་མས་རྩིས་པ་ལ་བརྟེན་ནས་རང་གི་བུ་ཕྲུག་གི་འབྱུང་འགྱུར་སྐོར་ལ་རྩིས་བརྟག་བྱེད་པ་དང༌། སྐྱེས་རྩིས་ནང་དུ་བུ་ཕྲུག་གི་མ་འོངས་སློབ་གཉེར་དང་ལས་ཀ་ཇི་འགབ། ཡང་ན་གྲྭ་བཙུན་བྱས་ཏེ་དགོན་པར་ཆོས་ཞུགས་བྱ་དགོས་མིན། རྩིས་འབྲས་ལེགས་པོ་མེད་ཚེ་དེ་བཟློག་ཐབས་ཀྱི་རིམ་གྲོ་ཆོ་ག་ཇི་བསྒྲུབ་དགོས་མིན་སོགས་རྩིས་འགོད་བྱེད་པ་ཡིན།
འཇིག་རྟེན་ཁྱིམ་ཐབ་སྒྲིག་ཆེད་བག་མ་བསུ་ལེན་བྱེད་སྐབས་རྩིས་པས་བག་རྩིས་བརྩི་ཞིང༌། དེ་ཡང་ཁྱོ་ཤུག་གཉིས་ཀྱི་ཚེ་ཐག་དང་བདེ་སྡུག ཀླུང་རྟའི་དར་རྒུད། བུ་ཕྲུག་ཅི་ཙམ་སྐྱེ་མིན། ཁྱོ་ཤུག་གང་ཞིག་ཁྱིམ་དབང་ཆེ་བ་འོང་མིན་སོགས་རྩིས་བརྟག་བྱེད་པ་དང༌། རྩིས་འབྲས་ངན་ཚེ་རྩིས་པས་ཁྱོ་ཤུག་གང་རུང་ཞིག་ལ་སྲུང་འཁོར་སྒྲིག་བཟོ་དང༌། ཡང་ན་བླ་མའམ་དགོན་པ་སུ་རུང་ལ་དར་གོས་འབུལ་བའམ་རིམ་གྲོ་བསྒྲུབ་དགོས་པའི་རྩིས་འབྲས་སྟོན་པ་ཡིན།
སྐྱེ་བོ་གང་ཞིག་ནད་ཀྱིས་ཟིན་ཡོད་ཚེ་བླ་མའམ་རྩིས་པ་གང་རུང་ཞིག་ནས་བཅོས་ཀ་གང་ཞིག་འགབ་མིན་རྩིས་ལུང་སྟོན་པ་དང༌། རྩིས་པས་ནད་པར་གདོན་གནོད་གང་ཞིག་ཕོག་ཡོད་མེད་དང༌། ནད་དེ་ཇི་ལྟར་བྱུང་མིན། གདོན་གནོད་བཟློག་ཐབས་ལ་ཆོ་ག་རིམ་གྲོ་ཇི་འདྲ་བྱ་དགོས་མིན་རྩིས་བསྐོར་ཏེ། སྨན་དཔྱད་ལུགས་གང་དང་སྨན་པ་སུ་ཞིག་བསྟེན་ན་ཕན་མིན་གྱི་རོགས་དན་ཡང་བྱེད་པ་ཡིན།
མི་གང་ཞིག་འདས་ཚེ་རྩིས་པས་གཤིན་རྩིས་བསྐོར་ཏེ། ཚེ་འདས་གང་དེར་ཕན་ཕྱིར་འཁྲུངས་རྟགས་དང།་ཚེ་ལྷག་ཡོད་མེད། འདས་པོ་ལ་གདོན་གནོད་མི་ཕོག་ཆེད་མི་སུ་ཞིག་གིས་རོ་ཕུང་ལ་ལག་པ་འཆང་རུང་མིན། ཉིན་གང་དང་དུས་ནམ་ལ་ཕུང་པོ་ཕྱིར་འདོན་བྱ་འོས་མིན། ཤུལ་ལུས་ཁྱིམ་མིས་ཞབས་རིམ་ཅི་ཞིག་བསྒྲུབ་དགོས་མིན་ཐད་རྩིས་འབྲས་འདོན་པ་ཡིན།གཞན་ཡང་གཞིས་ཁང་སྤོར་བ་དང༌། འགྲུལ་བཞུད། ལས་གཞི་གསར་རྩོམ་སྐབས་རྩིས་པས་དེ་དང་མཐུན་པའི་རྩིས་བརྟག་བྱེད་སྲོལ་ཡང་ཡོད་དོ།། །།

མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།