སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་རྩིས་དང་ཕྱི་རྒྱལ་གྱི་རྩིས་རིག་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.06.2014
ཆེད་རྩོམ། >>

 


བོད་ཀྱི་རྩིས་དང་ཕྱི་རྒྱལ་གྱི་རྩིས་རིག་སྐོར།

རྩིས་དགེ་བྱམས་པ་སྐལ་བཟང་།

 

            རྩིས་ཞེས་པ་དེར་ཐོག་མ་ཉིད་ནས་ཕྱི་རྒྱལ་དང་བོད་པ་གཉིས་ཀས་གྲངས་ཀྱི་ལམ་ནས་རྩིས་པ་ནི་གཅིག་མཚུངས་རེད། དེ་ཡང་བརྩི་སྲོལ་དང་། བརྩི་ལུགས། ལྟ་བའི་འཁྱེར་ཕྱོགས་སོགས་མང་པོ་ཞིག་ལ་བལྟས་ཚེ་ཏོག་ཙམ་ཁྱད་པར་ཡོང་གི་ཡོད། འདིར་བཤད་བྱའི་ས་བཅད་བཞི་རུ་དབྱེ་བའི་ཐོག་མཐའ་མ་དེར་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་བོད་རྩིས་ཐོག་ང་རང་གི་རྨོངས་འཆར་རམ་བསམ་ཚུལ་ཙམ་ཞིག་ད་རེས་འདིར་རྩིས་རིག་སྨྲ་བ་མི་ཉུང་བ་ཞིག་ཕེབས་པ་དང་སྟབས་བསྟུན་བསམ་བློའི་ནང་རྣམ་རྟོག་གང་འཁོར་བ་དེ་དག་བཤད་བྱའི་གཞི་ལྟ་བུར་བྱས་ཏེ་བཤད་ན་སྙམ་པ་བྱུང་།

            བོད་ཀྱི་རྩིས་དང་ཕྱི་རྒྱལ་གྱི་རྩིས་གཉིས་འདྲ་བའི་ཆ་ནས་འདི་ལྟ་སྟེ། གཟའ་དགུ། ཁྱིམ་བཅུ་གཉིས། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གཟའ་སོ་སོའི་བགྲོད་པ། རྟག་ལོངས། དཀྱིལ་འཁོར། འཁོར་ཚད་ལ་སོགས་པ་བོད་པའི་རྩིས་ནང་ཡོད་པ་དེ་བཞིན་ཕྱི་རྒྱལ་གྱི་རྩིས་ལའང་ཡོད།

            མི་འདྲ་བའི་ཆ་ནས་འདི་ལྟ་སྟེ། ང་ཚོས་གཟའ་དགུ་འདོད་ཚུལ་དང་། ཕྱི་རྒྱལ་གྱི་རྩིས་རིག་སྨྲ་བས་གཟའ་དགུ་འདོད་ཚུལ་དེ་གཉིས་བར་ཁྱད་པར་ཡོད། བོད་ཀྱི་རྩིས་ནང་གཟའ་དགུར་ཉི་མ་དང་། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་གདོང་འཇུག་གཉིས་བཅས་དང་། ཕྱི་རྒྱལ་གྱིས་གཟའ་དགུ་པོ་དེར་ཉི་མ་ལ་དམིགས་སུ་བཀར་ནས་ཉི་མ་ཞེས་བཤད་ཀྱི་མེད་ལ་ཟླ་བ་ལ་ཡང་དེ་བཞིན་བཤད་ཀྱི་མེད། སྒྲ་གཅན་གདོན་འཇུག་གཉིས་ལའང་དམིགས་སུ་བཀར་ནས་བཤད་ཀྱི་མེད། ང་ཚོས་འདོད་པའི་གཟའ་དགུ་དང་ཁོང་ཚོས་འདོད་པའི་གཟའ་དགུའི་ནང་ནས་སྒྲ་གཅན་གདོང་འཇུག་གི་ཚབ་དེར་དཀར་ལམ་དང་སེར་ལམ་ཞེས་གོང་དུ་བཀའ་མོལ་མང་པོ་བྱུང་སོང་། ཕྱི་རྒྱལ་གྱིས་སྒྲ་གཅན་ཟེར་བ་འདི་གང་འདྲ་ཞིག་ལ་འཛིན་གྱི་ཡོད་དམ་ཞེ་ན། རྒྱ་གར་དང་ཕྱི་རྒྱལ་གྱི་དེབ་མང་པོ་ཞིག་གི་ནང་སྒྲ་གཅན་གྱི་འགྲེལ་བཤད་རྒྱ་གར་དང་རྒྱ་ནག་གི་རྩིས་གཞུང་ནང་ཕར་འགྲེལ་བཤད་བརྒྱབ་པ་ལྟ་བུ་ཆགས་ནས་ཁོང་ཚོའི་ནང་གཟའ་དེ་མེད། ཁ་ཅིག་གིས་གཟའ་དེའི་འགྱུར་ནང་གང་བྲིས་ཡོད་དམ་ཞེ་ན། གྲིབ་གཟུགས་ཀྱི་གཟའ་ཞེས་བྲིས་པའང་ཡོད། ཕྱི་རྒྱལ་གྱིས་གྲིབ་ནག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འདི་ཟླ་འཛིན་ཉི་འཛིན་སྐབས་འཁེལ་དགོས་ཀྱི་ཡོད། དེར་བརྟེན་ཁོང་ཚོས་ཐིགས་ཚད་ཅིག་འཛུགས་པ་མ་གཏོགས་གསལ་པོ་ཞིག་འདོན་རྒྱུ་མེད། ཡིན་ནའང་བྱ་བ་བྱ་བྱེད་འདིའི་ནང་ཁོང་ཚོས་མིང་གང་བཏགས་ཡོད་དམ་ཞེ་ན། ཟླ་བའི་མདུད་པ་ཟེར་བ་འདི་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད། ཁྱིམ་བཅུ་གཉིས་ཀྱི་དཔེར་གཟའ་དགུའི་ནང་ཁོང་ཚོའི་གཟའ་དགུའི་ནང་ནས་གཟའ་མཐའ་མ་གསུམ་སྟེ་ Neptune,Uranus and Pluto ཟེར་བ་དེ་གསུམ་ང་ཚོ་བོད་པའི་རྩིས་ཀྱི་ནང་མེད། ཁོང་ཚོའི་རྩིས་ཀྱི་ནང་དེ་མང་པོ་ཞིག་བེད་སྤྱོད་བཏང་གི་ཡོད་པ་རེད། རྒྱ་གར་གྱི་རྩིས་ནང་གང་འདྲ་ཆགས་ཡོད་དམ་ཞེ་ན། ཕྱིས་སུ་ཕྱི་རྒྱལ་ལ་དཔེ་བལྟས་ཏེ་རྒྱ་གར་གྱི་རྩིས་དེབ་མང་པོ་ཞིག་གི་ནང་དེ་རིགས་ཐོན་ཡོང་གི་ཡོད། རྒྱ་གར་གྱི་རྩིས་དེང་སང་གང་འདྲ་ཞིག་ཆགས་འདུག་གམ་ཞེ་ན། ར་མ་ལུག་ལྟ་བུ་ཆགས་འདུག དེ་གང་ལགས་ཤེ་ན། ཁོང་ཚོས་གཟའ་མཐའ་མ་གསུམ་དེ་གལ་ཆེན་པོ་ཞེ་དྲག་མཐོང་ནས་ཨུ་ཚུགས་ཀྱིས་ཡར་བཅུགས་ཤིང་། གལ་ཏེ་བོད་རྩིས་ཡིན་ན་དེ་ལྟར་འཇུག་པར་བྱེད་པ་ལ་དཀྱིལ་འཁོར་ངེས་ཅན་ཞིག་ཚང་དགོས་ལ་མཚན་ཉིད་ཀྱང་མང་པོ་ཞིག་ཚང་དགོས་ཀྱི་ཡོད། མ་ཟད་དག་པ་མཉམ་སྦྱོར་སྐབས་རྩ་རླུང་ཐིག་ལེ་མང་པོ་ཞིག་གི་ནང་བསམ་བློ་གཏོང་དགོས་པས་ལས་སླ་པོར་འཇུག་ཐབས་མེད། ང་ཚོ་བོད་རྩིས་ནང་གཟའ་མཐའ་མ་གསུམ་དེ་བེད་སྤྱོད་མེད། ཕྱི་རྒྱལ་གྱི་རྩིས་ནང་དེ་གསུམ་གང་འདྲ་བྱས་ནས་སླེབས་པ་ཡིན་ནམ་ཞེ་ན། སྔོན་ཕྱི་རྒྱལ་གྱི་རྩིས་རིག་རྙིང་པ་ Greece གྷི་རི་སི་ཡི་རྩིས་ཀྱི་འགྲོ་ལུགས་དང་། Egypt ཨེ་ཇེབ་ཀྱི་རྩིས་ཀྱི་འགྲོ་ལུགས་སོགས་ཀྱི་ནང་གཟའ་མཐའ་མ་གསུམ་དེ་བེད་སྤྱོད་བཏང་མེད་པར་བོད་རྩིས་དང་གཅིག་མཚུངས་འགྲོ་ཡི་ཡོད། མ་གཞི་ནས་རྒྱ་ནག་དང་རྒྱ་གར་གྱི་རྩིས་དེ་བོད་རྩིས་ནང་ཤུགས་རྐྱེན་ཆེ་ཤོས་ཤིག་ཐེབས་ཡོད། འདིའི་འབྲེལ་བ་དེ་གང་དུ་ཆགས་འདུག་གམ་ཞེ་ན། ཐུག་ས་དེ་གྷི་རི་སི་དང་ཨེ་ཇེབ་ཀྱི་སྔ་མོའི་རྩིས་ཀྱི་འགྲོ་ལུགས་དེ་དག་དང་ང་ཚོའི་རྩིས་བར་འབྲེལ་བ་ཞེ་དྲག་ཡོད། ཁོང་ཚོའི་ལོ་རྒྱུས་རྙིང་པ་དེ་ཚོར་བལྟ་དུས། རྒྱ་གར་གྱི་ལྷད། རྒྱ་ནག་གི་ལྷད་སོགས་ལྷད་མང་པོ་ཞིག་ང་ཚོའི་སྨན་དང་རྩིས་མང་པོ་ཞིག་གི་ནང་ཁོང་ཚོའི་རིག་གཞུང་འདྲ་པོ་ཆགས་ཡོང་གི་ཡོད་པ་རེད། གཟའ་མཐའ་མ་གསུམ་པོ་དེ་ ༡༤༥༠ ཙམ་གྱི་ནང་རྙེད་པ་ཞིག་རེད། དཔེར་ན། ཁོང་ཚོས་དཀྱིལ་འཁོར་གསུམ་རེ་བཤད་ཡོད། ཡིན་ནའང་ད་ལྟ་ཁོང་ཚོས་བཤད་པ་དེ་འཛམ་བུ་གླིང་ནང་དཀྱི་འཁོར་ཏག་ཏག་ཅིག་ལ་སླེབས་ཐུབ་ཀྱི་མེད། ཁོང་ཚོས་ཚོད་དཔག་བྱས་ཏེ་འགྲོ་ལུགས་ཤིག་བཤད་ཡོད་ཀྱང་། འདི་ཏག་ཏག་སླེབས་ཐུབ་ཀྱི་མེད། འོན་ཀྱང་འདོད་ཚུལ་འདི་དག་ང་ཚོས་ཁས་བླངས་ནས་བོད་པའི་རྩིས་དེ་ཕྱི་རྒྱལ་དང་འདྲ་པོ་ཞེ་དྲག་བཟོ་དགོས་ཀྱི་རེད། ཅེས་བོད་རྩིས་ནང་བཅུགས་པ་ཡིན་ན་གནས་སྐབས་རིང་འགྲིག་གི་ཨེ་ཡོད་སྙམ་གྱིན་འདུག  གང་ལགས་ཤེ་ན། རིག་པ་གུ་ཡངས་པོའི་ངང་བདར་ཤ་གཅོད་དགོས་ཀྱི་ཡོད་ཀྱང་། རང་ཚུགས་དེ་ཡང་དམ་པོ་ཞིག་ཟིན་དགོས་ཀྱི་འདུག་སེམས།

            ཁྱིམ་བཅུ་གཉིས་ཀྱི་ཐད། དེའི་དཔེ་རིས་འགའ་ཤས་ཤིག་ལ་རི་མོའི་ཐིག་ནང་ཁྱད་པར་ཡོང་གི་འདུག དཔེ་མཚོན་ཙམ་ཞིག་ཞུས་ན། གཞུའི་རི་མོའི་འགྲོ་སྟངས་དེར་ང་ཚོས་གཞུ་གཞུ་རྐྱང་ཞིག་འབྲི་བཞིན་ཡོད་པ་དང་། འགའ་ཤས་ཀྱི་ནང་ར་ཡི་མགོ་ལ་མི་ཡི་གཟུགས་སོགས་ཀྱི་དཔེ་རིས་སྣ་ཚོགས་འདུག དཔེ་རིས་དེ་དག་མང་ཆེ་བ་ཁུངས་གཏུགས་ཡུལ་འཛམ་བུ་གླིང་རྩིས་ཀྱི་གཞི་རྩ་སྟེ་ཨེ་ཇེབ་ཀྱི་རྩིས་གྱི་གཞི་རྩ། དེ་བཞིན་རོམ་དང་། གྷི་རི་སི་ཡི་རྩིས་ཀྱི་གཞི་རྩ་བཅས་དེ་དག་ལ་ཁུངས་གཏུགས་དགོས་ཀྱི་ཡོད། ཕྱིས་སུ་ Scientific དེང་དུས་ཚན་རིག་དང་མཐུན་པ་ཞེས་ཁོ་རང་ཚོ་ནང་ཁུལ་ལའང་མཐོང་ཆུང་ཞེ་དྲག་བྱེད་ཀྱི་ཡོད། སྔ་མོའི་རིག་གཞུང་རྙིང་པ་འཆད་མཁན་རྣམས་ལྟ་བ་རྙིང་པ་འཆད་མཁན་ལྟ་བུར་ངོས་བཟུང་ནས་ཁོང་རང་ཚོ་འཆད་མཁན་དེ་ཚོས་ཡིན་གིཅག་མིན་གཅིག་དེང་དུས་དང་མཐུན་པ་བཟོ་གང་ཐུབ་བྱེད་ཀྱི་ཡོད། རྒྱ་གར་གྱི་རྩིས་ནང་དེང་སང་དེ་འདྲ་མང་པོ་ཆགས་ཡོད། སྔ་མོའི་རྒྱ་གར་གྱི་རྩིས་ལ་ཆ་བཞག་ན། རིག་གཞུང་རྙིང་པ་གང་ཡོད་དམ་ཞེ་ན། Brihat Jataka ཞེས་པ་དང་། Jaimini Sutram ཞེས་པ་དེ་དག་ནང་ལྟ་སྐབས་བོད་རྩིས་དང་གཅིག་མཚུངས་རེད་འདུག རྒྱ་གར་གྱི་རྩིས་རིག་རྙིང་པ་ Veda ཞེས་པ་རིག་བྱེད་དག་དང་བསྡུར་ན་གཅིག་མཚུངས་སུ་འགྲོ་ཡི་རེད། ཧང་སངས་དགོས་པ་ཞིག་ལ། ཐ་སྙད་ཀྱི་མིང་གི་རྣམ་གྲངས་ཀྱང་རྒྱ་གར་གྱི་སྔ་མོའི་རྩིས་རྙིང་པ་དང་། ང་རང་ཚོའི་མིང་གི་རྣམ་གྲངས་གཉིས་གཅིག་མཚུངས་ཡིན་པ་དཔེར་ན། སྤེན་པར་ང་ཚོས་དལ་འགྲོ་ཟེར་བ་ལ་སོགས་པའི་རྒྱུ་མཚན་མིང་གི་རྣམ་གྲངས་ཙམ་ཡང་གཅིག་པ་ཆགས་འདུག དེ་རིགས་ཕྱིས་སུ་རྒྱ་གར་གྱི་རྩིས་རིག་པ་མང་པོ་ཞིག་གིས་ཕྱི་རྒྱལ་དང་མཐུན་ཨེ་ཐུབ་བལྟས་ནས་ཕྱི་རྒྱལ་དང་འདྲ་པོ་འདྲ་པོ་བཟོས་པ་དེ་དག་ང་རང་ཚོ་རྩིས་རིག་རྙིང་པ་འཛིན་པ་ཞིག་གིས་རྒྱ་གར་གྱི་རྩིས་དེའི་རིགས་བཀླགས་ཀྱང་གོ་བ་ལོན་ཐུབ་ཀྱི་མི་འདུག རྩིས་དེ་དག་ནང་གང་ལ་གང་འཚམས་ཤིག་ཕྱི་ལུགས་བཤད་ཡོང་གི་འདུག དེར་བརྟེན་རྒྱ་གར་གྱི་རྩིས་རིག་གསར་པ་ར་མ་ལུག་ཏུ་གྱུར་པ་དེ་ཚོའི་ནང་ང་ཚོར་ཐུགས་ཕན་གསོས་པ་ཞིག་ཨེ་ཡོད་དམ་སྙམ་པ་ང་རང་གི་རྨོངས་འཆར་ཙམ་ཡིན། ཡིན་ནའང་ང་རང་གིས་རྩིས་དེ་རིགས་གོ་བ་ལོན་ཐུབ་ཀྱི་མི་འདུག་ཅེས་བརྗོད་ནས་ཚང་མར་བཀབ་ན་འགྲིག་གི་མེད།

            ང་ཚོས་ཕྱི་རྒྱལ་གྱི་རྩིས་ཡིན་ནའང་འདྲ། བོད་པའི་རྩིས་ཡིན་ནའང་འདྲ། དེའི་བེད་སྤྱོད་གཏོང་ཕྱོགས་ལ་བསམ་བློ་བཏང་ཚེ། ཐོག་མར་ངས་རྩིས་སྦྱོང་བའི་སྐབས་རྩིས་པ་ཟེར་བས་རྩིས་སྦྱངས་རྗེས་མི་ཚང་མར་རྣམ་རྟོག་བསླངས་ནས་བསྡད་པའི་བཟོ་འདྲ་ཡིན་པའི་བསམ་ཚུལ་ཞིག་ཡོང་གི་འདུག ཡིན་ནའང་ལོ་ལྔ་རྩིས་སྦྱངས་པ་དང་། ལོ་དྲུག་བདུན་ཙམ་ནང་འདིའི་ཐོག་ལས་ཀ་ཞིག་ལས་ཤིང་། མི་འདྲ་མིན་དང་ཐུག་འཕྲད་བྱས་པ་སོགས་གང་ཅིའི་ཉམས་མྱོང་ཞིག་ཀྱང་བསགས་པས། གཞི་ནས་འཛམ་བུ་གླིང་ནང་རྩིས་ཀྱི་ལས་ཀ་དེ་རྒྱ་ཆེན་པོ་ཞེ་དྲག་ཡིན་པ་དང་། རྩིས་ཀྱི་ལས་ཀ་དེ་དེང་སང་འཛམ་གླིང་ནང་ཡིན་གཅིག་མིན་གཅིག་ཨང་ཀི་བརྒྱབ་ནས་སྡོད་མ་དགོས་པར་མིའི་བསམ་བློར་བསླབ་བྱ་བརྒྱབ་རྒྱུ་ཡོད་པ་སོགས་རྩིས་ཀྱི་ལམ་ནས་ཞབས་འདེགས་ཆེན་པོ་ཞིག་ཞུ་ཐུབ་ཀྱི་འདུག  དེ་གང་ཡིན་ཞེ་ན། ཁ་ཉིན་མཁས་དབང་མང་པོ་ཞིག་གིས་གསུངས་སོང་། རྩིས་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞི་རྟེན་བྱས་ཡོད་སྟབས་སེམས་ཀྱི་རྣམ་བཞག་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད་པས། སེམས་འཁྱེར་སྟངས་འཁྱེར་ལུགས་ཀྱི་ཐོག་རྩིས་ཀྱི་རིག་པ་བེད་སྤྱོད་བཏང་སྟེ། སེམས་ཀྱི་དཀའ་ངལ་ཡོད་པ་ཚོར་ཡང་ལས་ཀ་གང་འཚམས་བྱེད་ཐུབ་ཀྱི་འདུག སེམས་ཀྱི་ལས་ཀ་བྱེད་མཁན་དེ་འདྲ་དང་སྐད་ཆ་བཤད་ཡོང་སྐབས་ཤེས་ཚོར་ཐུབ་ཀྱི་འདུག རྩ་བའི་ང་རང་ཕྱི་རྒྱལ་ཁག་ཏུ་ད་བར་འགྲོ་མ་མྱོང་ཡང་། ཕྱི་རྒྱལ་དུ་ཕར་འགྲོ་མ་དགོས་པར་སྐད་ཆ་དྲི་འདོད་ན་ཁ་བྱང་བཙལ་ནས་ཡོང་གི་འདུག  མི་དེ་ཚོས་སྐད་ཆ་བཤད་སྐབས་ང་རང་ལ་ལེགས་ཆ་ཞེ་དྲག་ཐོབ་ཀྱི་འདུག་ལ་མི་དེ་ཚོར་ཡང་ཕར་ངས་བཤད་པ་དེ་དག་ཀྱང་ཅ་དངོས་རྙིང་པ་ཕན་མེད་དེ་འདྲར་འཛིན་ནས་སྦ་དགོས་མེད་པར་སྤོབས་པ་ཆེན་པོའི་ངང་ནས་བཏོན་འོས་པ་ཞིག་ཡིན་ཞིང་། ང་ཚོ་རྩིས་རིག་སྨྲ་བ་ཚང་མས་ང་རང་ཚོའི་རྩིས་དེ་ལ་མཐོང་ཆུང་དང་། ཁྱད་གསོད་བྱེད་རྒྱུ་མེད་པ་ཞིག་ཡིན་པ་ཧ་གོ་ཡོང་གི་འདུག རྩ་བའི་བོད་པའི་རྩིས་ནང་དམིགས་བསལ་ཁྱད་ཆོས་ཕྱི་ལུགས་དང་མི་འདྲ་བ་ཨང་ཀི་བརྒྱབ་ནས་རྩིས་པ་རྩིས་རིག་སྨྲ་བ་མང་ཆེ་བས་མཁྱེན་གསལ་ཡིན་ན་ངས་འདིར་དམིགས་བསལ་ཞུ་ཡི་མིན། ཐུན་མོང་མ་ཡིན་པ་བོད་པའི་རྩིས་ལ་འཛམ་གླིང་ནང་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པའི་རྒྱུ་རྐྱེན་གང་དུ་ཐུག་ཡོད་མིན་ང་རང་གི་བསམ་བློ་བཏང་ན་གང་དུ་ཐུག་གི་འདུག་གམ་ཞེ་ན། རྩ་བའི་རྩིས་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞི་རྟེན་བྱས་པ་ཞིག་ཡིན་སྟབས་ང་རང་ཚོས་རྩིས་ཀྱི་སྒོ་ནས་བསླབ་བྱ་བརྒྱབ་པ་མང་ཆེ་བ་ཞིག་མི་ལ་ཕན་པ་དང་འབྲེལ་བའི་བསླབ་བྱ་ཞིག་ཡིན་པས། རང་བཞིན་དུ་མིའི་སེམས་འདུལ་བ་དང་། མགུ་བ། སེམས་སྐྱིད་པོ་ཡོང་བ་སོགས་སེམས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད། ཁྱད་ཆོས་གཅིག་ནི་རྩིས་ཙམ་མ་ཡིན་པར་ང་ཚོའི་རིག་གཞུང་ཐམས་ཅད་ཀྱི་གཞི་རྩ་ནང་པ་སངས་རྒྱས་ཀྱི་ཆོས་ལ་ཐུག་ཡོད་པས། ལམ་འདི་ནས་བསླབ་བྱ་ཞིག་བརྒྱབ་ཚེ་གཞན་ལ་ཕན་ཐོགས་ཞིག་ཡོང་གི་འདུག

            དེང་འཛམ་བུ་གླིང་ནང་སྨན་དང་རྩིས་ཟེར་བའི་སྐབས་འཇར་མི་ནི་དང་ཨོ་སི་ཀྲི་རི་ཡ་ལྟ་བུ་ཐ་དད་ཆགས་ཡོང་གི་ཡོད། ཕྱི་རྒྱལ་བ་འགས་ང་ལ་དྲི་བ་འདི་ལྟར་བཏང་གི་འདུག ཁྱེད་ཚོས་སྨན་དང་རྩིས་གཉིས་མཉམ་དུ་ལས་ཀ་བྱེད་ཀྱིན་ཡོད་པ་དེ་གཞི་རྩ་གང་དུ་ཐུག་ཡོད་དམ། ང་ཚོ་ཡིན་ན་སྨན་དང་རྩིས་གཉིས་མི་དང་མི་ལྟ་བུའི་ཐ་དད་རེད། ཅེས་དྲི་བ་བསྐུལ་གྱི་འདུག མ་གཞི་ཁོ་པ་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་ལུས་སེམས་གཉིས་ཡ་བྲལ་དུ་འགྲོ་དགོས་མཁན་ཞིག་རེད། བོད་པའི་ཐུན་མོང་མ་ཡིན་པའི་ལུས་སེམས་གཉིས་ཀྱི་ཐོག་ཁ་ཉིན་སྨན་གྱི་ཚོགས་འདུའི་ཐོག་ལའང་ཕྲན་ཙམ་ཞུས་པ་ཡིན། ང་ཚོའི་སྨན་དང་རྩིས་ཟེར་བར་དོ་སྣང་ཆེན་པོ་ཞིག་བྱེད་ཀྱི་འདུག དེའི་རྒྱུ་མཚན་གང་དུ་ཐུག་འདུག་གམ་ཞེ་ན། ང་ཚོས་དབྱིན་ཡིག་ནང་ Holistic System ཞིག་ལ་ངོས་འཛིན་གྱི་འདུག Holistic System ཟེར་བ་གང་དུ་བྱེད་ཀྱི་ཡོད་དམ་ཞེ་ན། ལུགས་འདིའི་ནང་ལུགས་མང་པོ་ཞིག་དང་འབྲེལ་བ་ཆགས་བསྡད་པས་ན་ Holistic System ཟེར་གྱི་ཡོད། Holistic ཞེས་པའི་ཚིག་དེའི་དོན་ནི་ཚང་མ་ཞེས་པར་གོ་དགོས། དཔེར་ན། སྨན་པ་ཞིག་ཡིན་ན་རྩིས་རགས་ཙམ་ཞིག་མཁྱེན་དགོས་ཀྱི་ཡོད་ལ་རྩིས་པ་ཞིག་ཡིན་ན་སྨན་རགས་ཙམ་ཞིག་མ་མཁྱེན་ན་དེ་གཉིས་ཀྱི་འབྲེལ་བའི་ཆ་ནས་མིས་སྐད་ཆ་དྲི་སྐབས་བཤད་རྒྱུ་མེད་ན་ཁ་སྐྱེངས་པོ་ཞིག་ཆགས་རྒྱུ་རེད། གང་ལགས་ཤེ་ན། ང་ཚོའི་ཁ་བྱང་ལ་སྨན་རྩིས་ཁང་ཞེས་བྲིས་ཡོད། གལ་ཏེ་རྩིས་ཁང་ཞེས་རྐྱང་པ་འཁོད་ཡོད་ན་གནས་ཚུལ་ཐ་དད་རེད་ལ། སྨན་ཁང་ཞེས་པ་ཁོ་ན་བྲིས་ཡོད་ན་ཡང་ཁག་ཁག་རེད། ཡིན་ནའང་དེ་ལྟར་མ་ཡིན་པར་ཁ་བྱང་ཐོག་སྨན་རྩིས་ཁང་ཞེས་བྲིས་ཡོད་སྟབས་སྨན་པར་རྩིས་ཀྱི་དྲི་བ་བསྐུལ་གྱི་ཡོད་ལ་རྩིས་པར་ཡང་སྨན་གྱི་དྲི་བ་མང་པོ་བཏང་གི་འདུག དེར་ང་ཚོས་ལན་ཞིག་བརྒྱབ་དགོས་ཀྱི་ཡོད། ངས་ནམ་རྒྱུན་ང་རང་གི་ཤེས་ཚོད་ལ་དཔག་པའི་ལན་གང་ཞིག་བརྒྱབ་ཀྱི་ཡོད་དམ་ཞེ་ན། རྩ་བའི་འབྱུང་བ་ལྔ་ལས་གྲུབ་ཡོད་པ་རེད། ཅེས་ལུས་ཆགས་ཚུལ་ནས་འབྱུང་བ་ལྔའི་འགྲེལ་བཤད་ཅིག་རྒྱག་སྐབས་ཕྱི་རྒྱལ་གྱི་དྲི་བ་གཏོང་མཁན་དེ་ཚོས་ངོ་མཚར་བའི་གནས་ཚུལ་ཞིག་ཡིན་པ་མཐོང་ནས་བསྔགས་བརྗོད་ཞེ་དྲག་བྱེད་ཀྱི་འདུག བོད་པའི་རྩིས་དེ་དར་ཁྱབ་དེ་ཙམ་ཆེན་པོ་ཕྱིན་མེད་པས་ཕྱི་རྒྱལ་བ་ཚོར་ལྟ་ཚུལ་ཁྱད་མཚར་ཞིག་འདུག ན་ནིང་མང་པོ་ཞིག་གིས་ལོ་གཉིས་ཙམ་རིང་སློབ་ཚན་ཞུགས་ཡོད། ཕྱི་རྒྱལ་བ་དང་སྐད་ཆ་བཤད་ནས་ལོ་དྲུག་བདུན་ཙམ་སོང་བའི་མྱོང་ཚོར་ནང་ཞིབ་སྐབས་རྩིས་ཞེས་པ་དེ་རྩ་བའི་ཐུག་ས་དེ་གསང་སྔགས་རྣལ་འབྱོར་བླ་མེད་རྒྱུད་ལ་ཐུག་ཡོད་པས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ནང་གི་རྣམ་བཞག་གི་ཐོག་འགྲེལ་བཤད་མང་པོ་ཞིག་བརྒྱབ་རྒྱུ་ཡོད་ཀྱང་། དེ་ཚོ་འགྲེལ་བཤད་བརྒྱབ་པར་གཅིག་ནས་སོ་སོའི་ངོས་ནས་ཀྱང་ཡག་པོ་ཞིག་མ་ཤེས་པ་དང་། གཉིས་ནས་ཕྱི་རྒྱལ་བ་ཚོར་དེ་ལྟའི་འགྲེལ་བཤད་རྒྱག་སྐབས་དེའི་ཐོག་ཁོང་ཚོར་ཉམས་མྱོང་སོགས་གང་ཡང་མེད་པས་གོ་ནོར་ཐེབས་པ། བོད་པའི་རྩིས་དེ་རྫུ་འཕྲུལ་སྟོན་གྱི་ཡོད་པའི་བཟོ་འདྲ་ཆགས་པ་དང་། ཕྱི་ཡི་རྒྱུ་སྐར་དང་གཟའ་སོགས་ཀྱི་ནང་ལུས་ལ་ཕན་གནོད་བྱེད་ཀྱི་ཡོད་པ་དང་། འཕར་ཆག་བཏང་གི་ཡོད་པ་དེ་འདྲ་འགྲེལ་བཤད་རྒྱག་སྐབས་འགའ་ཤས་ཀྱིས་བོད་རྩིས་ཐོག་དགོད་བྲོ་བྲོ་ཙམ་དུ་རྩི་བའི་ལྟ་ཚུལ་ཞིག་འདུག དེང་སང་བོད་པའི་སྨན་རྩིས་གཉིས་ནས་རྩིས་ལ་དམིགས་བསལ་གྱིས་དོ་སྣང་ཆེ་རུ་འགྲོ་བའི་རྐྱེན་གཅིག་གང་ཆགས་འདུག་གམ་ཞེ་ན། ཕྱི་རྒྱལ་བ་ཚོས་དེང་དུས་འཕྲུལ་ཆས་ཀྱི་ལམ་ནས་དཔྱད་ཀྱང་མ་མཐོང་བ་མང་པོ་ཞིག་དཔེར་ན། གཟུགས་པོའི་གནས་སྟངས་ལ་ཕྱི་ཡིས་ནང་ལ་འབྲེལ་བ་གཏོང་གི་ཡོད་པ་དང་། དོན་ལྔ་སྣོད་དྲུག་ལ་འཕར་ཆག་གཏོང་གི་ཡོད་པའི་གནས་ཚུལ་གྱི་རྣམ་བཞག་དེ་དག་འཆད་སྐབས་ཁོང་ཚོར་སྦྱང་འདོད་ཡོད་པའི་བཟོ་འདྲ་ཞིག་འདུག དེ་གང་ཡིན་ཞེ་ན། ཕྱི་རྒྱལ་བ་ཚོར་དབྱིངས་དེ་སླེབས་ནས་ལོ་བཅུ་ཙམ་མ་གཏོགས་སོང་མེད། ཨོ་སེ་ཀྲོའོ་ལོ་ཇི་ Astrology ཟེར་བ་ཞིག་ཕྱིའི་འབྱུང་བས་ནང་གི་ལུས་ཁམས་ཀྱི་རྩ་རླུང་ལ་འཕར་ཆག་གཏོང་གི་ཡོད་པའི་ཁྱད་པར་ཆེན་པོ་ཞིག་ཆགས་ཀྱི་ཡོད། དཔེར་ན་ངས་མང་པོ་ཞིག་ལ་སྐད་ཆ་དྲིས་མྱོང་། ང་ཚོས་ཚེས་པ་བཅོ་ལྔ་དང་། སྟོང་གི་ཉི་མ་ལ་བསམ་བློ་ཞིག་གཏོང་སྐབས། ཕྱི་རྒྱལ་གྱིས་ཀྱང་ཉིན་དེར་མོ་ཊ་བརྡུང་ཁ་ཤོར་བ་མང་པོ་བྱུང་གི་འདུག་པ་དང་། མཚན་མོ་གཉིས་སྐྱིད་པོ་ཁུག་གི་མི་འདུག་ཅེས་བརྗོད་ཀྱི་འདུག་པ་དེར་ང་ཚོས་སྤོབས་པ་ཆེན་པོའི་ངང་འགྲེལ་བཤད་རྒྱག་རྒྱུ་འདུག  ཟླ་བའི་ནུས་པ་དང་། ཉི་མའི་ནུས་པ། རླུང་གི་རྣམ་བཞག་ལ་འགྲེལ་བཤད་ཅིག་བརྒྱབ་ནས་གནས་ཚུལ་དེ་རིགས་ཡོང་སྟངས་ཡོང་ལུགས་འཆད་སྐབས། ཁོང་ཚོའི་ཡིད་ཆེས་ཤུགས་ཆེ་རུ་སོང་བ་དང་། དངོས་གནས་དེ་འདྲའི་སྐད་ཆར་དོན་སྙིང་འདུག་ཅེས་པ་ཡང་བཤད་ཡོང་གི་ཡོད། རྩ་བའི་ང་ཚོའི་ལྟ་ཚུལ་ལ་ཁོང་ཚོས་དགོད་བྲོ་པོ་དང་། ཁྱད་མཚར་རེད་སྙམ་དུ་བྱེད་པ་དེ་དག་གི་རྒྱུ་རྐྱེན་ང་རང་གི་རྨོངས་འཆར་ལྟར་ན། (ན་ནིང་ཡོ་རོབ་རྒྱལ་ཁབ་ཁག་འགར་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་དང་། བརྟག་དཔྱད་སོགས་ཀྱི་ཆེད་སྨན་རྩིས་པ་འགའ་སོང་བའི་ནང་ནས་རྩིས་ཁང་ནས་རྩིས་པ་ཚེ་རིང་ཆོས་འཛོམས་སོང་ཡོད་པ་རེད། དེ་ནི་ཕྱི་རྒྱལ་དུ་ད་བར་རྩིས་ཀྱི་དྲིལ་བསྒྲགས་གཏོང་བར་འགྲོ་མཁན་ཐེངས་དང་པོ་དེ་ཆགས་ཡོད། དེའི་སྐབས་སུ་གང་ལ་གང་འཚམས་ཤིག་བྱུང་ཡོད། ཡིན་ནའང་གོམ་པ་དང་པོར་དཔགས་ནས་ཕྱིས་སུ་གང་འདྲ་ཡོང་གི་ཡོད་མེད་ཐོག་དབུ་ལ་བཞུགས་མཁན་དང་། ང་ཚོ་ལས་ཀ་བྱེད་མཁན་མང་པོ་ཞིག་གི་བསམ་བློའི་ནང་ཚོད་དཔག་ཅིག་ཐེབས་འགྲོ་ཡི་ཡོད། ད་དུང་ཡང་ག་ཚོད་མང་བ་འགྲོ་ཐུབ་པ་དེ་རྩིས་ཀྱིས་ང་ཚོའི་རྩིས་རིག་འདི་ཉིད་རྒྱས་ཐབས་ལ་སྨན་རླབས་ཆེན་པོ་ཡོད་རེད་སེམས་པ་ང་རང་གི་ཞོར་འཕྲོས་བསམ་ཚུལ་ཙམ་ཡིན།) དེ་ནི་ཁོང་ཚོས་མ་ཤེས་པའི་དབང་གིས་རེད། མ་ཤེས་པ་དེ་ཚོ་ང་ཚོས་ཕར་གསལ་བཤད་བྱེད་དགོས་ཀྱི་རེད་ལ་ཕར་ངོས་ནས་ཀྱང་ལེགས་ཆ་མང་པོ་ཞིག་བླང་རྒྱུ་ཡོད་པ་རེད། དེ་ཡང་སྐར་རྩིས་ཐད་ནས་གནམ་དཔྱད་ཐོག་འཐེན་འཁྱེར་མང་པོ་ཞིག་སླེབས་ཡོད། ང་རང་རྩིས་པ་ཡིན་པའི་ཆ་ནས་ཐད་ཀར་ཞུ་གི་ཡིན། ཟླ་འཛིན། ཉི་འཛིན་ཐད་ང་ཚོས་ལྟ་ཐུབ་ཀྱི་ཡོད་ཅེས་པའི་སྒྲུབ་བྱེད་དེ་ལྟ་བུ་ཞིག་བཀོད་ནས་གཞན་ལ་རེ་དགོས་མེད་ཅེས་བཤད་ན་དེ་ནི་ཁྲོམ་པའི་ནང་གི་སྦལ་པ་དང་གཉིས་སུ་མེད། སོ་སོ་རང་ཉིད་ཀྱི་རིག་གཞུང་དེ་རྩ་ཆེན་པོ་ཞིག་ལ་འཛིན་དགོས་ལུགས་གོང་ཞུས་ལྟར་དེ་གཞི་རྩར་བཞག་པའི་ཐོག་མ་འདང་བ་དེ་ཚོ་གཞན་ནས་བླང་དགོས་པ་དེ་ནི་གལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག གང་ལགས་ཤེ་ན། དེང་སང་ང་ཚོར་རྐྱེན་ངན་གྲོགས་ཤར་བྱུང་བ་རེད་ཅེས་གོང་དུ་གསུངས་སོང་བ་བཞིན་དེ་ལྟར་ཆགས་ཡོད། ང་རང་ཚོའི་རིག་པ་དེ་གཞན་ལ་བཤད་ནས་དེ་འདྲ་ཞིག་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་ཡིན་ན། ལྟ་ཚུལ་ལའང་འགྱུར་བ་འགྲོ་གི་རེད་ལ་ང་ཚོར་ཡང་ཁེ་ཕན་ཤུགས་ཆེན་པོ་ཡོང་གི་རེད།

            ད་བར་ངས་ལས་ཀ་བྱས་པའི་ནང་གི་མྱོང་ཚོར་དང་། ཉམས་མྱོང་གི་ཐོག་ནས་ཞུས་པ་ཡིན་ན། ང་ལ་ཕྱི་རྒྱལ་བའི་གྲོགས་པོ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་གྲོགས་པོ་སོགས་མང་པོ་ཞིག་ཡོད། ཁོང་ཚོར་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་དེའི་ཐད་ན་ནིང་ནས་ང་ལ་རེ་བ་བྱེད་ཀྱི་འདུག མང་པོ་ཞིག་ནས་འདོད་པའི་རྩིས་ཟེར་བ་དམིགས་བསལ་ཞིག་ཡིན་པ་ཧ་གོ་ཡི་ཡོད། ད་ཐེངས་འདིར་རྩིས་རིག་སྨྲ་བ་མང་པོ་ཞིག་ཕེབས་ཡོད་པས་ཁ་ལ་དཔགས་པའི་སོ་ཞེས་པ་ལྟར་རང་རང་སོ་སོར་དཔགས་པའི་རིག་པ་རེ་ཡོད་པས་དེའི་ཐོག་དགོངས་པ་ཞིག་བཞེས་ན་སྙམ། ང་རང་ཚོའི་རྩིས་ལ་ཡང་ཞན་པའི་ཆ་དེ་རིགས་མཐོང་གི་འདུག དཔེར་ན་དགའ་བརྩེ་ཞེས་པ་དབྱིན་ཡིག་ཐོག་ Love ཟེར་བ་དེ་རེད། དེའི་ཐད་ང་ཚོར་བག་རྩིས་ཤིག་ལྟ་རྒྱུ་ཡོད་པ་དེར་བལྟས་ནས་འགྲེལ་བཤད་རྒྱག་སྐབས་ཁོང་ཚོ་འདོད་པ་ཏིལ་འབྲུ་ཙམ་ཡང་ཚིམ་གྱི་མི་འདུག  རྒྱ་གར་གྱི་རྩིས་ནང་དེའི་ཐོག་ངས་ན་ནིང་ནས་དོ་སྣང་བྱས་པ་ཡིན། དབྱངས་འཆར་ངོས་ནས་གཟའ་དགུ་དེ་འདྲ་གསུངས་འདུག  བོད་པའི་རྩིས་ནང་ཆང་སའི་ཐད་ལ་གནད་འགག དཔེར་ན། ཕྱི་རྒྱལ་ནང་དུ་རྒས་འཁོགས་ལོ་དྲུག་ཅུ་སོན་ཡང་ཆང་ས་འགོ་ནས་བརྒྱབ་ཀྱི་འདུག ང་ཚོའི་རྒས་འཁོགས་ལོ་དྲུག་ཅུར་སོན་པ་དེ་ཚོ་ཡིན་ན་ལག་པར་ཕྲེང་བ་བཟུང་ནས་གཙུག་ལག་ཁང་གི་སྒོ་རྩར་སྡོད་མཁན་དེ་འདྲ་རེད། ཁོང་ཚོ་འདི་འདྲ་མ་རེད། ཁོང་ཚོའི་གནས་སྟངས་དང་ང་ཚོའི་གནས་སྟངས་གཉིས་གཅིག་པ་མ་རེད། ཚེ་རབས་ལས་རྩིས་སྐོར་ཕྱོགས་ཀྱི་ཐོག་ནས་ཆ་བཞག་ན་ལོ་དྲུག་ཅུ་སོན་པ་ཞིག་ལོ་དགུ་བཅུ་བར་འཚོ་ཐུབ་ཀྱི་ཡོད་ལུགས་ཐོན་ཚེ་ད་དུང་ལོ་སུམ་ཅུ་འཚོ་རྒྱུ་ཡོད་པ་རྩིས་བརྒྱབ་ནས་ཆང་ས་ཞིག་བརྒྱབ་ན་ཡང་འགྲིག་གི་འདུག་སྙམ་སྟེ་དེ་ལྟར་བྱས་པ་དང་། ཐོག་མར་ངའི་རྩར་ལོ་དྲུག་ཅུར་སླེབས་པའི་ཆང་སའི་རྩིས་བལྟ་རོགས་ཟེར་མཁན་ལ་དངོས་གནས་གད་མོ་ཤོར་སོང་། དབྱིན་ཇིའི་མི་ནི་ཁ་གསང་པོ་ཡིན་སྟབས་ག་རེ་བྱས་ནས་གད་མོ་ཤོར་གྱི་འདུག་གམ་ཞེས་དྲི་ཡི་འདུག དེར་ངས་ཁྱེད་རང་ནི་ངའི་ཕ་ལགས་ལས་རྒན་པ་འདུག ངའི་ཨ་མ་ལགས་གྲོངས་སྐབས་ཕ་ལགས་ལོ་༥༤ རེད། ད་དུང་ཡང་ཆང་ས་བརྒྱབ་མེད། ཅེས་བཤད་པ་ཡིན། དེ་འདྲའི་ཐོག་ལ་དྲི་བ་མང་པོ་ཞིག་ཡོང་གི་འདུག ལོ་འདིའི་ནང་ང་ལ་ཁྱོ་ག་རག་པ་འདུག་གམ། དགའ་རོགས་རག་པ་འདུག་གམ་མི་འདུག བྱད་བཞིན་ལེགས་པོ་ཞིག་རག་པ་འདུག་གུམ། ཞེས་པ་སོགས་མང་པོ་ཞིག་དྲིས་ཡོང་གི་འདུག དེའི་ཐད་ངས་འབད་བརྩོན་ཞེ་དྲག་བྱས་པ་ཡིན་ཡང་ང་རང་གིས་མ་ཤེས་པ་ཡིན་ནམ་གང་ལྟར་གྲུབ་འབྲས་ཤིག་ཐོན་མ་སོང་། བསམ་བློ་ཞིག་བཏང་བའི་ཚེ་གཅིག་ནས་སྔོན་མ་དེའི་ཐོག་གལ་ཆེན་པོ་ཞིག་མ་བརྩིས་པ་ནི་སྐབས་དེ་དུས་ཀྱི་བསྟན་བཅོས་རྩོམ་པ་པོ་མང་པོ་ཞིག་རབ་བྱུང་དང་། བླ་མ་ཤ་སྟག་ཡིན་པས་ངོ་ཚ་ནས་མ་གསུངས་པ་ནི་ཨེ་ཡིན་ནམ། གང་ལྟར་དེའི་ཐད་ང་རང་ཚོས་གསལ་པོ་བཟོ་ཐུབ་པ་ཡིན་ན་ཡག་པོ་འདུག དེང་སང་གོ་ཆོད་ཤོས་དེ་ཆགས་འདུག མི་མང་ཆེ་བ་རྩེད་དགའ་ལ་མ་དགའ་བ་ཞིག་ཕལ་ཆེར་མེད་པར་སོང་། གནད་འགག་ཆེན་པོ་ཞེ་དྲག་ཆགས་ཏེ་དྲི་བ་དེ་རིགས་མང་པོ་ཞིག་བསྐུལ་ཡོང་གི་འདུག དེའི་ཐད་བག་རྩིས་ནང་ཕན་ཚུན་མཐུན་དང་མ་མཐུན་ཏོག་ཙམ་ལྟ་ཐུབ་ཀྱི་འདུག་ཀྱང་། གོང་ཞུས་ལྟར་ཁྱོ་ག་དང་དགའ་རོགས་གང་འདྲ་ཞིག་རག་དང་མ་རག་སོགས་ལ་དྲི་དུས་དུས་སྦྱོར་ནང་ནས་ཏོག་ཙམ་ཞིག་ཟིན་ཐུབ་ཀྱི་འདུག་པ་མ་གཏོགས་དེ་མིན་ཁག་པོ་ཞེ་དྲག་ཆགས་འགྲོ་ཡི་འདུག དེར་བརྟེན་ད་རེས་འདིར་ཕྱོགས་དང་ཕྱོགས་མཚམས་ནས་མཁས་དབང་མང་པོ་ཞིག་ཕེབས་འཛོམས་བྱུང་ཡོད་པས་ཚང་མས་འདིའི་ཐོག་ཡར་རྒྱས་གཏོང་རྒྱུ་གང་ཡོད་མིན་ཐད་དགོངས་པ་ཞིག་བཞེས་ན། ཐུགས་ཕན་ཞིག་གསོས་ཐུབ་ཀྱི་རེད་བསམ་གྱི་འདུག

            འདིར་རེ་བསྐུལ་ཞུ་རྒྱུ་ཞིག་ལ། འབྱུང་བ་ལྔའི་རྣམ་བཞག་དེར་འགྲེལ་བརྗོད་བྱེད་པའི་སྐབས་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལུས་སེམས་ཐམས་ཅད་རྟེན་དང་བརྟེན་པའི་འབྲེལ་བ་ཆགས་ཡོད་པ་རེད་དམ་ཞེ་ན། ང་ཚོ་ནི་རིག་པ་དེ་ཡིས་ལམ་སྦྱངས་པ་ཞིག་ཡིན་སྟབས་ཁས་བླངས་ཐུབ་ཀྱི་རེད། ཡིན་ནའང་། གཞན་ཞིག་དང་མཉམ་དུ་དཔུང་པ་མཉམ་བཤིབས་བྱས་ནས་འགྲོ་དགོས་པ་ཡིན་པས། ཕར་ངོས་ནས་འགྲེལ་བརྗོད་གང་འདྲ་བྱེད་མིན་ཐོག་ལའང་བསམ་གཞིགས་བྱ་དགོས་པ་ཞིག་རེད། ཕར་ངོས་ནས་འགྲེལ་བརྗོད་གང་འདྲ་བྱེད་དམ་ཞེ་ན། ལུས་སྒྲུབ་པའི་གནས་སྐབས་ནས་འབྱུང་བ་ལྔའི་སྐད་ཆ་བཤད་ཀྱི་མ་རེད། རྡུལ་ཕྲན། ཨེ་ཁྲམ། མོ་གྷིའུ་སི། ཕོ་ཀྲོན་སོགས་མང་པོ་ཞིག་ནས་བཤད་ཡོང་གི་རེད། ཚིག་དེ་རིགས་གང་དུ་འཇོག་དགོས་མིན་ཐད་ལ་དབྱིན་ཡིག་ཤེས་པའི་གཞོན་སྐྱེས་ཚོས་དམིགས་བསལ་དོ་སྣང་སྤྲད་ཐོག་ང་དང་ང་འདྲ་བའི་དབྱིན་ཡིག་ཐབས་ཆག་ཤེས་པ་ཚོས་ཟམ་པ་ལྟ་བུ་བྱས་ནས་རྒན་པ་ཚོར་བཀའ་དྲི་ཞུས་ཏེ་རྣམ་བཞག་དེའི་ཐོག་ལ་འགྲེལ་བཤད་གོ་བདེ་པོའི་ངང་བསྐྱོན་རོགས་ཞེས་འབོད་བསྐུལ་ཞུས་ན། ང་ཚོའི་ངོས་ནས་དེའི་བར་མཐུད་བརྒྱབ་རྒྱུ་དེ་བྱེད་ཐུབ་ཀྱི་རེད་སེམས་ཀྱི་འདུག དེ་མིན་འབྱུང་བ་ལྔའི་རྣམ་བཞག་དེ་ང་རང་ཚོས་ང་རང་ཚོར་འགྲེལ་བཤད་བརྒྱབ་བསྡད་ན་གང་འདྲ་ཞིག་ཆགས་འགྲོ་ཡི་ཡོད་དམ། དེ་ང་རང་གི་མཐའ་མའི་རེ་བསྐུལ་ཡིན། ངས་བཤད་པ་དེ་ཚོར་གསན་ཕྱོགས་ནོར་ནས་ལོག་ལྟ་རེད་འདུག་སྙམ་པ་ཐུགས་ལ་ཡེ་ནས་མ་དགོངས་རོགས། ངས་འཇོན་གྱི་ཡོད་མིན་ལ་མ་ལྟོས་པར་ཕྱི་རྒྱལ་མི་དང་མཉམ་འགྲོགས་ཀྱིས་དེ་ལྟའི་སྐད་ཆ་བཤད་པའི་ཉམས་གསོག་ཁྲོད་ནས་འདི་ང་རང་གི་བསམ་ཚུལ་ཙམ་ཡིན་མ་གཏོགས་བརྒྱ་ཆ་བརྒྱ་དེ་ལྟར་བྱེད་དགོས་ཞེས་ཞུ་ཡི་མེད།། །།

འདི་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བཏབ་པའི་དེབ་ <<བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གསུང་བཤད་དང་དཔྱད་རྩོམ་ཕྱོགས་བསྒྲིགས།>> ཞེས་པ་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 16.06.2014 ཉིན། 3:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།