སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་གསོ་རིག་སྨན་ཐང་ཕྱི་རྒྱལ་དུ་མཆེད་ཚུལ་དང་དེར་ཞིབ་འཇུག་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.06.2015
ཆེད་རྩོམ། >>


༄༅། །བོད་ཀྱི་གསོ་རིག་གི་《སྨན་ཐང་》ཕྱི་རྒྱལ་དུ་མཆེད་ཚུལ་དང་དེར་ཞིབ་འཇུག་བྱས་ཚུལ་སྐོར་མདོ་ཙམ་བཀོད་པ།

               ཚེ་ཅིན་ཧྤུན་གྱིས་བརྩམས། འབུམ་ཁོས་བསྒྱུར།


            བོད་ཀྱི་གསོ་རིག་གི་ཚོན་ཁྲ་ཅན་གྱི་སྨན་ཐང་ནི་བོད་རིགས་མི་དམངས་ཀྱི་ཤེས་རབ་ཀྱི་སྙིང་བཅུད་ཡིན་ལ།  བོད་ཀྱི་གསོ་རིག་གི་གྲུབ་ཆ་ཞིག་ཀྱང་ཡིན།  འདི་ཉིད་འཛམ་གླིང་རྒྱལ་ཁབ་ཁག་གི་སྲོལ་རྒྱུན་གསོ་རིག་གི་མ་ལག་ཁྲོད་བླ་ན་མེད་པ་ཞིག་ཡིན་ཞེས་བརྗོད་ཆོག་སྟེ། དེའི་ནང་དུ་བོད་ཀྱི་གསོ་རིག་གི་སྡེ་ཚན་ཡོངས་རྫོགས་དང་ནང་དོན་ཕལ་མོ་ཆེ་ཚུད་ཡོད་པས། བོད་ཀྱི་གསོ་རིག་ཁྱབ་སྤེལ་བྱེད་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།      དེའི་ཕྱིར་བོད་ཀྱི་གསོ་རིག་སྨན་ཐང་འདི་ཉིད་མེས་རྒྱལ་གསོ་རིག་བང་མཛོད་ནང་གི་གཅེས་ནོར་ཞིག་ཡིན་སྟབས།     རྒྱལ་ཁབ་སོ་སོའི་གསོ་རིག་ལས་རིགས་ཁག་གིས་མཐོང་ཆེན་བྱེད་བཞིན་ཡོད།


            བོད་ཀྱི་གསོ་རིག་སྨན་ཐང་གི་ཆགས་གྲུབ་དང་དཔེ་རིས་ལོ་རྒྱུས་ཐད་ལ་རྒྱལ་ནང་དུ་ཞིབ་འཇུག་དང་སྙན་ཞུ་རགས་ཙམ་བྱུང་ཡོད།    མིག་སྔར།  འདིའི་ཐད་ཅུང་གཅིག་མཐུན་ཡིན་པའི་ལྟ་ཚུལ་ནི།  བོད་ཀྱི་གསོ་རིག་སྨན་ཐང་ཆ་ཚང་བ་ནི་སྤྱི་ལོ་1988 ལོར་ལེགས་སྒྲུབ་བྱུང་བ་དང་། སྐབས་དེར་ཁྱོན་བསྡོམས་ཐང་ག་60 ཡོད་ལ། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྲིད་ཚབ་ཆེན་མོ་སྡེ་སྲིད་སངས་རྒྱས་རྒྱ་ཚོས་གཙོ་འགན་བཞེས་ཤིང་། ཁོང་གི་མཛས་པའི་《གསོ་རིག་རྒྱུད་བཞིའི་འགྲེལ་བ་བཻཌཱུརྱ་སྔོན་པོའི་》 ནང་དོན་གཞིར་བཟུང་སྟེ་བྲིས་བཞེངས་བྱས་པ་རེད།    ཕྱིས་སུ་ཁོང་གིས་《སྨན་དཔྱད་ཟླ་བའི་རྒྱལ་པོ་》སོགས་གནའ་བོའི་སྨན་གཞུང་དང་འབྲེལ་ཡོད་ཀྱི་གཞུང་གཞན་པའི་ནང་དོན་གཞིར་བཟུང་སྟེ་མེ་བཙའི་གསང་དམིགས་དང་གཏར་གའི་གདབ་དམིགས། དེ་མིན་སྨན་རྫས་ལ་སོགས་པའི་ནང་དོན་རྣམས་མུ་མཐུད་སྣོན་བྲིས་བྱས་ཡོད། ཁོང་གི་《གསོ་རོག་སྨན་གྱི་ཁོག་འབུགས་》ནང་འཁོད་པ་ལྟར་ན། སྤྱི་ལོ་ 1704 ལོར་ཆ་ཚང་བའི་སྨན་ཐང་དེར་ཐང་ག་ 79 ཡོད་ཅེས་གསུངས་ཡོད་དོ།།


            ཉེ་བའི་དུས་རབས་ནང་བོད་ཀྱི་གསོ་རིག་ཕྱི་རྒྱལ་དུ་དར་ཁྱབ་བྱུང་བ་དང་བསྟུན་བོད་ཀྱི་གསོ་རིག་སྨན་ཐང་ཡང་རྒྱལ་ཕྱིའི་བོད་ཀྱི་གསོ་བ་རིག་པ་དང་བོད་རིག་པ་བས་མཐོང་ཆེན་བྱ་ཡུལ་དུ་གྱུར་ཡོད།

      

            ཨུ་རུ་སུའི་མི་ནི་ཆེས་སྔ་ཤོས་སུ་བོད་ཀྱི་གསོ་རིག་གི་སྨན་ཐང་གླེང་མཁན་ཡིན། ར་སྤྲོད་བྱུང་བ་ལྟར་ན། མིག་སྔར་དེ་སྔའི་སུའུ་ལེན་གྱི་པི་ལང་སི་ཁུ་ཀྲོའུ་ཧན་རྒྱ་ནོ་ཧྥོའུ་ཡི་ས་རྒྱུས་དང་ལོ་རྒྱུས་རིག་དངོས་ཁང་དུ་བསྡུ་ཉར་བྱས་པའི་《བོད་ཀྱི་གསོ་རིག་གི་པར་རིས་》ཞེས་པ་དེ་ནི་དེའི་ནང་གི་ཆ་ཤས་ཤིག་ཡིན་པ་དང་། དེའི་འབྱུང་ཁུངས་ཐད་ལ་པར་ལྡན་རེ་སྤོ་ཧྥོས་《རྒྱ་གར་དང་བོད་ཀྱི་གསོ་རིག་གི་བྱུང་རིམ་ཞིབ་འཇུག་》ཅེས་པར། དེ་ནི་དུས་རབས་བཅུ་དགུ་པའི་མཇུག་ཏུ་མཚན་ལ་སོའུ་ནོའི་ཡེ་ཧྥོའུ་ཞུ་བའི་ཨུ་རུ་སུའི་སྨན་པ་དེས་བོད་ཤར་ཕྱོགས་ཀྱི་མགོན་སྡེ་ཞིག་ནས་རྙེད་པ་དང་། སྐབས་དེར་ཁོང་གིས་དགོན་པ་དེ་རུ་བོད་ཀྱི་གསོ་རིག་ལ་སློབ་གཉེར་མཛད་པ་དང་། རྗེས་སུ་ཁོང་གིས་ 《པར་རིས་》དེ་སུའུ་ལེན་གྱི་ཁྲི་ཐ་ལ་འཁྱེར་ཏེ་ 1936 ལོར་ཆོས་ལུགས་ངོ་རྒོལ་རིག་དངོས་ཁང་དུ་བཞག་པ་དང་། ད་ཆ་སུའུ་ལེན་ཧན་རྒྱ་ནོ་ཧྥོའུ་ས་རྒྱུས་ལོ་རྒྱུས་རིག་དངོས་ཁང་དུ་ཉར་ཚགས་བྱས་ཡོད། ཡང་ལྟ་ཚུལ་གཞན་ཞིག་ལ། སྨན་ཐང་དེ་ནི་ 1905-1907 ལོར་དགེ་རྒན་ཆེ་མོ་བ་པཱ་ལན་ཅིན་ལགས་ཨ་མདོར་བཞུགས་སྐབས་བླ་བྲང་ནས་ཐོབ་པ་དང་དེའི་འབྱུང་ཁུངས་ཀྱང་རོབ་ཙམ་བཀོད་ཡོད་པར་བཤད། དེ་མིན་ལྦང་ཅུས་ཞན་སོགས་ཀྱི་ངོ་སྤྲོད་བྱས་པ་ལྟར་ན། སྔ་དུས་ཨུ་རུ་སུ་དང་རྗེས་ཀྱི་སུའུ་ལེན་གྱིས་ཞིབ་འཇུག་བྱས་པའི་རྒྱུ་ཆའི་ནང་བསྟན་དོན།  སུའུ་ལེན་གྱིས་ཉར་ཚགས་བྱས་ཡོད་པའི་སྨན་ཐང་ཆ་ཚང་འདེི་ལ་ཁྱོན་བསྡོམས་ཐང་ག་ 77 ཡོད་པ་དང་། དེའི་ནང་ཨང་ 62 པ་ཆད་འདུག་པས་དངོས་གཞི་ཐང་ག་76 ཡོད་པ་དང་། སྨན་ཐང་དེ་དག་གི་ཆེ་ཆུང་ལ་ཧ་ལམ་ལི་སྨི་54x62 ཡོད་པ་དང་། གོང་གཤམ་གྱི་རྒྱུ་ཆ་དག་བསྣན་ན། ལོ་སྨི་ 65x68 ཆེ་རུ་བསྐྱེད་ཆོག   ཐང་ག་དེ་རེ་རེར་ཡང་ཆེ་ཆུང་མི་འདྲ་བའི་པར་རིས་ཆུང་དུས་གྲུབ་ཡོད་པ་སྟེ། ཉུང་ཤོས་ལ་རི་མོ་ 192 ཡོད་པ་དང་།  མངཤོས་ལ་རི་མོ་ 274 ཡོད་པས་ཁྱོན་བསྡོམས་ཁྲི་ཚོ་གཅིག་ཡས་མས་ཙམ་ཟིན་གྱིན་ཡོད། སྨན་ཐང་ཆ་ཚང་ཅན་དེ་ལས་ཆེས་སྔོན་མའི་ཐང་ག་བཅོ་ལྔའི་ཐོག་བོད་ཀྱི་ལོ་རྒྱུས་མི་སྣ་རིམ་བྱོན་དང་ལྷ་སྒྲུང་མི་སྣ།  ཁྱད་པར་དུ་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་མི་སྣ་བཅས་ཁྱོན་བསྡོམས་མི་གྲངས་182 འཁོད་ཡོད།   ཐང་ག་དེའི་ནང་དོན་བོད་ཀྱི་སྤྱི་ཚོགས།  ལོ་རྒྱུས། མཚན་ཉིད་རིག་པ། ཆོས་ལུགས། རྒྱུ་རྩལ་སོགས་རིག་གཞུང་ཚན་ཁག་དང་འབྲེལ་བ་དམ་ཟབ་ཡོད་པས།  གསོ་རིག་ལ་འབྲེལ་བ་ཡོད་པ་སྨྲ་མི་དགོས་སོ།།


            རྩོམ་པ་པོའི་ལག་སོན་བྱུང་བའི་དཔྱད་གཞི་དང་། སུའུ་ཨུའི་རིག་པ་སྨྲ་བས་ངོ་སྤྲོད་བྱས་པའི་སྨན་ཐང་གི་ནང་དོན་དེ་དེང་ཆར་ལྷ་ས་སྨན་རྩིས་ཁང་དང་ནོར་བུ་གླིང་ཁའི་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་དུ་བསྡུ་ཉར་བྱས་ཡོད་པའི་སྨན་ཐང་ཆ་ཚང་ཅན་དེར་མི་འདྲ་ས་ཅུང་ཟད་ཡོད་པ་སྟེ།  《གསོ་རིག་ཁོག་འབུགས་》ལྟར་ན།  ཐོག་མར་ཐང་གའི་སྡོམ་གྲངས་ཐད་འདོད་ཚུལ་མ་མཐུན་ལ།  ཉེ་དུས་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུ་མཆོག་གིས་བཞེངས་སྐྲུན་གནང་བའི་བོད་ཀྱི་སྨན་པ་གྲགས་ཅན་གྱི་ཐང་ག་གཅིག་པུ་ཕུད། གཞན་ཐང་ག་ཆ་ཚང་བ་ 79 ཡོད་པར་གསུངས་སོ།།  འོན་སྟེ་སུའུ་ལེན་དུ་ད་ལྟ་ཐང་ག་ 77 ཉར་ཚགས་བྱས་ཡོད། ཐང་གའི་ཆེ་ཆུང་ཐད་ལའང་སུའུ་ལེན་དུ་ཡོད་པའི་ཐང་ག་ཅུང་ཆུང་ཞིང་རྒྱལ་ནང་གི་ཆ་ཚང་བའི་ཐང་ག་དེ་དག་ལ་རྒྱན་སྤྲས་རྗེས་ལི་སྨི་ 77x 100 ཡས་མས་ལ་སླེབས།  གཞན་ཡང་དཔེ་རིས་ཡོངས་རྫོགས་ཀྱི་གྲངས་ཀའི་ཐད་སྨན་ཐང་ལ་ལར་སྡོམ་རྩིས་བྱས་པ་ལྟར་ན་ཕལ་ཆེར་ 4900 ལྷག་ཙམ་ལས་མི་འདུག་པ་དང་། འོན་ཀྱང་སུའུ་ལེན་གྱི་སྨན་ཐང་ཆ་ཚང་ཅན་དེར་དཔེ་རིས་ཁྲི་གཅིག་ཡས་མས་ཟིན་ཡོད་(སྨན་ཐང་དེ་ད་དུང་ཁ་ཤས་ཚང་མེད་སྙམ)།  རྩོམ་པ་པོའི་ལྟ་ཚུལ་ལ།  འདི་རིགས་ཕལ་ཆེར་གྲངས་འདྲེན་གྱི་ཐབས་ཤེས་ལ་རག་ལས་པ་ཞིག་དང་།  ངེས་དོན་གྱི་བརྗོད་དོན་ཐད་མི་འདྲ་སའམ་ཡང་ན་ཧེ་བག་ཆེ་ཆེར་འབྱུང་མི་སྲིད་དོ།།  མཐར་ལོ་རྒྱུས་མི་སྣའི་སྐུ་བརྙན་གྱི་གྲངས་འདྲེན་སྐོར་ལ།  ད་ཡོད་ཀྱི་ཐང་ག་རྩིས་གྲངས་བརྒྱབ་པ་ལྟར་ན།  ཕལ་ཆེར་མི་སྣ་200 ལྷག་ཡོད་པས་དེ་དང་སུའུ་ལན་གྱི་བསྡུ་ཉར་བྱས་པའི་ཐང་གའི་ནང་གི་མི་སྣ་ 182 བར་ལ་ཧེ་བག་ཆེན་པོ་ཡོད་ཅིང་།  ཁོ་བོའི་བསམ་པར་འདི་ཡང་གོང་ལྟར་གྲངས་འདྲེན་ཚུལ་ལ་ཁྱད་པར་ཡོད་པར་སྙམ།  འདོར་ན་སུའུ་ལེན་དུ་ཉར་ཚགས་བྱས་ཡོད་པའི་གསོ་རིག་ཐང་ག་དེ་ནི་རྒྱལ་ཕྱིར་བསྡུ་ཉར་གནང་བའི་ཆེས་ཆ་ཚང་ཞིང་དམིགས་བསལ་རང་བཞིན་ལྡན་པའི་ཐང་གའི་གྲས་ཤིག་ཡིན་ལ།  མ་གཞི་ཆེ་ཆུང་དང་རིང་ཐུང་།  ནང་དོན་གྱི་ཐད་བཅས་ལ་རྒྱལ་ནང་གི་ད་ཡོད་ཐང་ག་དང་ཅུང་ཟད་མི་མཐུན་པ་མཆིས་ཀྱང་།  རྩོམ་པ་པོའི་ལྟ་ཚུལ་ལྟར་ན།  བཞེད་པ་མི་མཐུན་པ་ཇི་སྙེད་དག་ཀྱང་ཕལ་ཆེར་བྱ་བ་སྒྲུབ་པའི་ཐབས་ལམ་དང་འབྲེལ་བ་ཡོད་པ་སྣང་།  ནང་དོན་དངོས་ལ་དེ་ལས་ལྷག་པའི་ཁྱད་པར་འབྱུང་སྲིད་ཀྱི་མ་རེད།  འོན་ཀྱང་རྩོམ་པ་པོ་ཐང་ག་བསྡུ་ཉར་གྱི་བྱ་བར་དངོས་སུ་ཞུགས་མེད་སྟབས། དེར་ཐལ་དྲགས་པའི་སྡོམ་ཚིག་བཟོ་རྒྱུའི་སྤོབས་པ་མི་མངའ་ཡང་།  དེ་བསྡུ་ཉར་དང་ལག་སོན་བྱུང་བའི་ལོ་དུས་ཅུང་སྔ་བས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་འདུག་སྙམ།  འདིར་གསལ་བཤད་བྱ་དགོས་པ་ཞིག་ལ།  སུའུ་ལེན་གྱིས་བོད་ཀྱི་གསོ་རིག་གི་སྨན་ཐང་ཆ་ཚང་ཅན་དེར་ 《བོད་ཀྱི་གསོ་རིག་པར་རིས་དེབ་》ཅེས་མིང་བཏགས་པར་ཅུང་གོ་མི་བདེ་བར་སེམས་ཏེ།  ཅིའི་ཕྱིར་ཞེ་ན་ཐང་ག་ཞེས་པ་ནི་རི་མོ་བྲིས་ཡོད་པའི་རས་སམ་ཤོག་བུ་བསྒྲིལ་ཆོག་པའི་རིགས་ཤིག་སྟེ།  རྩིག་ལྡེབས་ངོས་སུ་བཤམས་ནས་སློབ་སྦྱོང་དང་ཞིབ་འཇུག་བྱས་ཆོག་པ་ཞིག་ཡིན་ཕྱིར་དེང་ཆར་བཤད་པའི་དཔེ་རིས་དང་ཅུང་མི་འདྲ་བར་སྣང་།  དེའི་རྐྱེན་གྱིས་དེར་《པར་རིས་དེབ》ཅེས་མིང་བཏགས་ན་མི་འཚམ་པ་རེད།  བཤད་སྲོལ་ལྟར་ན།  སུའུ་ལེན་གྱིས་ཉར་ཡོད་པའི་ཐང་ག་འདིའི་མ་ཕྱི་ལ་སུའུ་ལེན་གྱི་ཞིབ་འཇུག་པས་བསྐྱར་བཟོ་དང་ལེགས་བསྒྲིགས་བྱས་རྗེས་ཨུ་རུ་སུའི་ཡི་གེ་རུ་བསྒྱུར་རྒྱུ་དང་མཆན་འགྲེལ་ཞིབ་མོ་ཡང་འགོད་རྒྱུ་མ་ཟད། དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ འཇར་མན་ཡི་གེ་བཅས་ཀྱི་པར་གཞི་ཅན་དུ་པར་བསྐྲུན་བྱ་རྒྱུའི་འཆར་གཞི་ཡང་བཟོས་ཡོད།  གལ་ཏེ་དོན་དངོས་སུ་དེ་ལྟར་ཡིན་ཚེ། བརྩམས་ཆོས་འདི་ཉིད་ད་གཟོད་མིང་དོན་མཚུངས་པའི་''པར་རིས་དེབ"ཏུ་འགྱུར་རྒྱུ་རེད།


            ལོ་ཉི་ཤུ་ལྷག་གི་རིང་ཕྱི་རྒྱལ་དུ་པར་སྐྲུན་བྱས་པའི་བོད་ཀྱི་གསོ་རིག་སྐོར་གྱི་བརྩམས་ཆོས་ལ་བལྟས་ན།  ཕྱི་རྒྱལ་གྱིས་གསོ་རིག་ཐང་གར་དགའ་ཞེན་ཆེས་ཆེར་བྱེད་པ་མཚོན་ཐུབ་ལ།  པར་དུ་བསྐྲུན་ཟིན་པའི་བོད་ཀྱི་གསོ་རིག་གི་བརྩམས་ཆོས་དེ་དག་ལས་ཀྱང་ཐང་གའི་ནང་ཆེས་དགའ་ཞེན་བྱེད་ས་ནི"སྡོང་འགྲེམས"དང་འབྲེལ་ཡོད་ཀྱི་ཐང་ག་འགའ་དང་། དེ་མིན་བོད་ཀྱི་གསོ་རིག་གི་གཤགས་བཅོས། རྩ་མདོ། གཏར་བསྲེག་གི་གསང་དམིགས་སོགས་ཀྱི་ནང་དོན་རེད། དེ་ཡང་ཕྱི་རྒྱལ་དུ་བརྒྱུད་འགྲེམས་སོང་བའི་གསོ་རིག་ཐང་ག་འདི་དག་ལ་དབྱེ་ན་རིགས་གཉིས་ཡོད་དེ།  རིགས་གཅིག་ནི་ཐང་ག་དངོས་ཡིན་པ་དང་། ཅིག་ཤོས་ནི་པར་གཞིའི་དངོས་པོ་བརྒྱུད་ནས་ཐང་གའི་འདྲ་བཤུས་རི་མོ་དང་པར་རིས་ཡིན་པར་གདའ།


            འདིར་ཐོག་མར་པར་གཞིའི་དངོས་པོ་བརྒྱུད་པའི་ཐང་གའི་པར་རིས་དང་འདྲ་ཤུས་རི་མོ་བཤད་པ་ལ།  1905 ལོར་འཇར་མན་ནུབ་མས་པར་རིས་དེབ་གཅིག་པར་སྐྲུན་བྱས་པ་དང་།  བཤད་རྒྱུན་ལ་ཨ་རིའི་རྒྱའི་རིག་པ་སྨྲ་བ་ལེ་ཞིན་ཀི་ཞུ་བས་པེ་ཅིན་གྱི་དགོན་སྡེ་ཞིག་ནས་ལག་སོན་བྱུང་བ་དང་། ཁྱོན་བསྡོམས་ཐང་ག་བཅུ་གཉིས་ཡོད་ལ། ད་ལྟ་ཨ་རིའི་ཀ་ལིས་ཧྤོར་ཉིས་ཡཱ་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དཔེ་མཛོད་ཁང་དུ་ཉར་ཡོད་པ་མ་ཟད།  པར་རིས་དེ་དག་1967 ལོར་པཱ་ལི་ནས་ཡང་བསྐྱར་པར་སྐྲུན་བྱས་ཡོད།  བཤད་སྲོལ་ལྟར་ན་པར་རིས་བཅུ་གཉིས་པོ་ནི་གཤགས་བཅོས་དང་གཏར་ག དེ་མིན་མེ་བཙའི་གསང་དམིགས་སོགས་དང་འབྲེལ་ཡོད་ཀྱི་པར་རིས་ཡིན་ནའང་། གུས་པས་དེའི་མ་དཔེ་ལ་འཇལ་མྱོང་མེད་སྟབས་དཔྱད་བརྗོད་བྱེད་ཐབས་བྲལ་བས་རེ་ཞིག་ལུས་སོ།།


            ཕྱོགས་སོ་སོའི་དཔྱད་གཞིའི་ཡིག་ཆ་དང་སྙན་ཞུ་ལྟར་ན། མིག་སྔར་སྨན་ཐང་བསྡུ་ཉར་བྱས་ཡོད་ས་རུས་ཏེན་རྒྱལ་ཁབ་ཀྱི་སི་ཏེ་གུར་མུ་དང་། རྒྱ་གར་གྱི་བོད་རིག་པ་བ་ཆན་ཏེ་ལ། རྒྱ་གར་དུ་ཚུགས་ཡོད་པའི་"བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་"དང་དེ་མིན་ཧྤ་རན་སིའི་བོད་རིག་པ་བ་མེས་ཨར་(འདི་དག་གཤམ་དུ་ཞུ་རྒྱུ་ཡིན་པས་གཟིགས་རོགས་གནང་)སོགས་ཡོད་ལ་འདི་མིན་ད་དུང་གཞན་པའང་ཡོད་སྲིད་མོད། དེའི་སྐོར་གྱི་སྙན་ཞུ་མཐོང་མ་མྱོང་བས་རེ་ཞིག་བཞག་གོ།


            གཤམ་དུ་གསུང་རྩོམ་ཁག་ནང་ཐོན་པའི་སྨན་ཐང་གི་པར་རིས་སམ་འདྲ་བཤུས་དང་དཔེ་འགྲའི་རི་མོར་དཔྱད་བརྗོད་བྱ་བ་ལ། 1973 ལོར་དབྱིན་ཇིའི་ལྦེར་ཁང་གསོ་རིག་ལོ་རྒྱུས་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པའི་འཇམ་དཔལ་ཀུན་བཟང་གིས་མཛད་པའི་《བོད་ཀྱི་གསོ་རིག》 (དེབ་འདི་1976 ལོར་ཨ་རིའི་ཀ་ལིས་ཧྤོར་ཉིས་ཡཱ་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་ཡང་བསྐྱར་པར་སྐྲུན་བྱས་པ་རེད)ཅེས་པའི་ནང་པར་རིས་ཉི་ཤུ་བཏོན་ཡོད་པའི་དེའི་ནང་གི་པར་རིས་ཨང་17 པ་དང་18 པ་ནི་ཐང་ག་མ་ཡིན་ལ།  ཨང་ 19 པ་དང་ 20 པ་ཐང་ག་ཡིན་ཡང་གོང་དུ་ཞུས་པའི་《བེེ་སྔོན་》གྱི་ནང་དོན་གཞིར་བཟུང་ནས་བཞེངས་པའི་མུ་འབྲེལ་རི་མོའི་ནང་དོན་དེ་དང་འབྲེལ་བ་མིན་འདུག་གོ།  དེའི་གཅིག་ནི་སྨན་བླ་གཡུ་ཐོག་ཡོན་ཏན་མགོན་པོ་དང་བོད་ཀྱི་གསོ་རིག་གི་སྔ་དུས་ལོ་རྒྱུས་ཡིན་པ་དང་། གཅིག་ཤོས་སངས་རྒྱས་སྨན་བླས་ 《གསོ་རིག་རྒྱུད་བཞི》ཞལ་ཁྲིས་གནང་ཚུལ་གྱི་གཏམ་རྒྱུད་སོགས་ཡིན་པ་མ་གཏོགས། རི་མོ་གཞན་པ་(16) ཚང་མ་སྨན་ཐང་གི་ནང་དོན་ཡིན། པར་རིས་སྔོན་མ་14 ནི་འདྲ་བཤུས་བགྱིས་པའི་ཐིག་རིས་རི་མོ་དང་བོད་ཀྱི་གསོ་རིག་གི་གསང་དམིགས། ཁྲག་རྩ། དོན་ལྔ་སྣོད་དྲུག་དང་རྒྱུ་ལམ་སོགས་ཀྱི་གནས་ཚུལ་སོ་སོར་བཀོད་ཡོད། པར་རིས་15 པ་ནི་གཤགས་ལས་རི་མོ་ཡིན་པ་དང་།  16 པ་ནི་ཕྱི་བཅོས་སུ་བེད་སྤྱོད་པའི་ཆ་བྱད་སྐོར་ཡིན་ལ་འདི་དག་ཚང་མ་ནི་ཐང་ག་དངོས་ལ་པར་བརྙན་ཕབ་པའི་པར་རིས་རེད་འདུག འདི་ནི་དུས་རབ་70 པར་བོད་ཀྱི་གསོ་རིག་སྨན་ཐང་བཀོལ་སྤྱོད་ཆེས་མང་བའི་པར་སྐྲུན་དངོས་པོ་ཡིན་པ་མ་ཟད། དེའི་ནང་གི་སྨན་ཐང་ཚང་མ་ནི་བོད་ཀྱི་གསོ་རིག་སྨན་ཐང་ཆ་ཚང་ཅན་ལས་བྱུང་བའི་པར་དངོས་མ་ཕྱི་ཡིན་པའོ།། འདིར་ཚོད་དཔག་བྱས་ཆོག་པ་ཞིག་ལ་འདི་ནི་རྩོམ་པ་པོ་འབྲས་ལྗོངས་སུ་བཞུགས་སྐབས་ཐང་ག་ངོ་མ་ཕྱི་ཡུལ་དུ་འཁྱེར་ནས་འདྲ་བཤུས་དང་འདྲ་པར་བརྒྱབ་པ་ཞིག་ཡིན་ཚོད་འདུག ཅིའི་ཕྱིར་ཞེ་ན། ལོ་རྒྱུས་ཐོག་གཤགས་ལས་རྩ་གནད་གསང་དམིགས་ཀྱི་ཐང་ག་འདི་རིགས་དམངས་ཁྲོད་དུ་བརྒྱུད་སྤེལ་བྱས་མྱོང་བ་དང་། སྐབས་དེར་ཕོ་བྲང་ནས་དམངས་ཁྲོད་ལ་ཐོར་འགྲེམས་བྱུང་སྟེ་བསྐྱར་བཞེངས་དང་འདྲ་བཤུས་བྱས་པའི་ཐང་གའང་ཉུང་ཉུང་ཞིག་མ་ཡིན་པས་སོ།། དཔེ་དེབ་དེའི་ཐང་གའི་འབྱུང་ཁུངས་ཐད་ལ་པར་རིས་ཚང་མར་ཟུར་མཆན་བཀོད་མེད་སྟབས། ཐང་ག་འདི་རིགས་ཀྱི་མ་ཕྱིའམ་ཡན་ན་དེའི་བསྐྱར་བཞེངས་ཐང་ག་དག་རྩོམ་པ་པའི་ལག་ཏུ་ཡོད་ཤས་ཆེ་བ་རྗེས་དཔག་བྱས་ཆོག་གོ།


            1971 ལོར་རྒྱ་གར་གྱི་ཏ་ཟིས་ (Bhagwan Dash) མཛད་པའི་《བོད་ཀྱི་གསོ་རིག་_གཙོ་བོ་(སྦྱོར་བ་བརྒྱ་པར་)དཔྱོད་གླེང་བྱེད་པ》ཞེས་པའི་དེབ་ནང་དུ་དོན་མཚོན་རི་མོ་ཞིག་ཡོད་ལ། དེའི་ནང་དུ་ལོ་མ་གསུམ་མ་གཏོགས་མེད་མོད། རེ་རེ་བཞིན་རླུང་དང་མཁྲིས་པ། བད་ཀན་ཞེས་སོ་སོ་བཀོད་ཡོད། དེས་རྩོམ་པ་པོས་བོད་ཀྱི་གསོ་རིག་ཐང་ག་མཐོང་མ་མྱོང་བའི་རྒྱུ་མཚན་ཕལ་ཆེར་ཐག་གཅོད་ནུས་པ་དང་ཡང་ན་ཉུང་མཐའ་ཡང་རྩོམ་པ་པོས་ཐང་གའི་མ་དཔེ་ལ་འདྲ་བཤུས་སམ་ལད་བྲིས་བྱས་པའི་རྒྱུ་མཚན་མེད་པ་མཚོན་ནུས། ཅིའི་ཕྱིར་ཞེ་ན། བོད་ཀྱི་གསོ་རིག་སྨན་ཐང་གི་སྡོང་འགྲེམས་ཚང་མར་འདི་བཞིན་ལད་བྲིས་རི་མོ་འདིའི་ནང་དོན་དང་འདྲ་མཚུངས་ཡིན་པ་ནི་གཅིག་ཀྱང་མེད་པས་སོ།། སྤྱིར་བཏང་བཤད་ན། རྒྱུན་སྤྱོད་བོད་ཀྱི་གསོ་རིག་སྨན་ཐང་ནི་རྒྱ་གར་དུ་མཐོང་རྒྱུ་ཁག་པོ་ཞིག་ཡིན་ཏེ། ལྷག་པར་དུ་1959 ལོར་ཏཱ་ལའི་བླ་མ་ཕྱི་ཕྱོགས་སུ་བྲོས་བྱོལ་སྐབས་བོད་ཡིག་གི་བརྩམས་ཆོས་མང་པོ་འཁྱེར་ཡོད་ལ། དེའི་ནང་སྨན་ཐང་ནི་མེད་མི་སྲིད་པས། གལ་སྲིད་རྩོམ་པ་པོས་ཐང་ག་དེ་རིགས་མཐོང་ཡོད་ཚེ། ཁོང་གིས་ལད་མོ་ཇི་ལྟར་བྱས་རུང་།  ཐང་ག་དངོས་ཀྱི་བཀོད་བསྒྲིགས་དང་འདི་འདྲའི་ཁྱད་པར་ཆེན་པོ་འབྱུང་མི་སྲིད་དོ།།


            ལོ་རབས་80 པར་ཕྱི་རྒྱལ་གྱི་བོད་ཀྱི་གསོ་རིག་དང་འབྲེལ་ཡོད་ཀྱི་པར་སྐྲུན་དངོས་པོ་མང་ཆེ་བས་བོད་ཀྱི་གསོ་རིག་གི་ཐང་གའི་ཕྱོགས་ལ་གླེང་སློང་བྱས་ཡོད།


            1981 ལོར་རྒྱ་གར་ནས་《བོད་ཀྱི་གསོ་རིག་གི་མ་ལག་》 (Fundamentals of Tibetan Medicine) ཅེས་པའི་དེབ་ཅིག་པར་སྐྲུན་བྱས་ཤིང་། དེའི་རྩོམ་པ་པོ་ནི་ཁྲ་ལུང་ཡིན། དེབ་ཆུང་འདིའི་ནང་དུ་བར་བཅུག་རི་མོ་ཁ་ཤས་ལས་མེད་རུང་། དེ་དག་མང་ཆེ་བ་ནི་བོད་ཀྱི་གསོ་རིག་གི་ཐང་ག་བརྒྱུད་རིམ་ཅན་དེ་ནས་དྲངས་པ་རེད། གཅིག་ནི་སྡོང་འགྲེམས་ཀྱི་ཚོན་རིས་ཡིན་ལ། དེའི་རྩ་བའི་སྒྲིག་སྟངས་ནི་ཐང་ག་ངོ་མར་བསྟུན་ནས་བྲིས་པ་ཤ་སྟག་ཡིན་པར་མིའི་ལུས་ཀྱི་གནས་ལུགས་སོགས་ཡལ་ག་གསུམ་དང་། ལོ་འདབཉེར་ལྔ། མེ་ཏོག་གཉིས། འབྲས་བུ་གསུམ་བཅས་མཚོན་པའི་སྡོང་པོ་ཡིན་པ་རེད། དེ་མིན་ད་དུང་ཚོན་རིས་གསུམ་ཡོད་པ་ལ། གཅིག་ནི་ཐང་ག་དངོས་ལས་ཨང་ 11 པ་རྩའི་གྱེས་ཚུལ་གྱི་ཐང་གའི་པར་རིས་དང་། གཅིག་ནི་ཐང་ག་དངོས་ལས་ཨང་ 26 པའི་ཆ་ཤས་རི་མོའི་པར་རིས་དང་ཐང་ག་དངོས་ལས་ཨང་ 32 པའི་ཆ་ཤས་རི་མོའི་པར་རིས་ཡིན་པ་དང་། པར་རིས་འདི་གསུམ་པོ་ནི་པར་བརྒྱབ་ནས་པར་ངོས་བཟོས་པ་ཡིན་ལ། འདི་དང་ད་ལྟ་རྒྱལ་ནང་དུ་ཉར་པའི་དངོས་ཡོད་ཐང་ག་གཉིས་བསྡུར་ནས་བལྟས་ཚེ། དེ་ནི་མ་གཞིའི་ཐང་ག་རྒྱུད་རིམ་ཅན་དང་བསྟུན་ནས་བསྐྱར་བཟོ་བྱས་པ་ཡིན་པ་རྟོགས་ནུས་པ་དང་། དེའི་བྲིས་རྩལ་ནི་ཐང་ག་དངོས་ལྟར་ཕྲ་ཞིང་ཞིབ་པ་མ་ཡིན་པས་ཐང་ག་དངོས་དང་ཁྱད་པར་ཅུང་ཟད་མཆིས། དཔེར་ན་"གླང་ཆེན་གི་ལྦང་"ཞེས་པའི་སྨན་གྱི་སྐབས། གླང་པོ་ཆེའི་སྣ་ནི་ཐང་ག་ངོ་མ་ལྟར་རིང་པོ་མ་ཡིན་པ་དང་། གཟུགས་ཉམས་ཀྱང་ཅུང་ཟད་ཞན་པར་འདུག  འདི་རྣམས་ཞིབ་བསྡུར་ནན་ཏན་མ་བྱས་ཚེ། དེ་མ་ཉིད་དུ་ཤེས་དཀའ། དེ་ལས་རྩོམ་པ་པོས་མ་གཞིའི་རྒྱུད་རིམ་ལྡན་པའི་ཐང་ག་དེ་གཞིར་བཟུང་ནས་བསྐྱར་བཟོ་བྱས་པ་ཡིན་པ་ནི་གདོན་མི་ཟའོ།།


            ཕྷ་རན་སིའི་བོད་རིག་པ་བ་མེས་ཨར་ (Fernand  MEYER) གྱིས་ 1983 ལོར་ 《གསོ་དཔྱད་རིག་པ་- བོད་ཀྱི་གསོ་རིག་མ་ལག་》ཅེས་པའི་གསུང་རྩོམ་ཞིག་པར་སྐྲུན་བྱས་ཡོད་པ་འདི་ནི་ད་ལྟའི་བར་བོད་ཀྱི་གསོ་རིག་ཐང་ག་ཆེས་མང་པོར་བཀོད་པའི་བརྩམས་ཆོས་ཤིག་ཡིན་པ་སྟེ། ཁྱོན་ཡོངས་ལ་སྨན་ཐང་གི་པར་རིས་དགུ་འཁོད་ཡོད། རྩོམ་པ་པོས་དེབ་ནང་གི་སྨན་ཐང་འདི་དག་སྨན་ཐང་ཆ་ཚང་ཅན་དེའི་ཨང་གྲངས་གང་ཡིན་པ་གསལ་བཤད་བྱས་མེད། དེ་ལ་ལྦང་ཅུས་ཞན་སོགས་ཀྱི་དགོངས་འཆར་ལྟར་ན། འདི་རྣམས་ནི་ལྷ་སའི་ཐང་ག་ལས་ཨང་གྲངས་ 9པ། 10བ། 13པ། 29པ་དང་ 34པའི་པར་རིས་(རྩོམ་དེའི་ནང་ཐང་ག་ལྔ་མ་གཏོགས་འཁོད་མི་འདུག་)ཡིན་ཚུལ་གྱི་ངོས་བཟུང་ཡོད་མོད། འོན་ཏེ་གུས་པས་ཞིབ་བསྡུར་བྱས་པ་ལ་། མེས་ཨར་གྱི་དེབ་ཏུ་འཁོད་པའི་པར་རིས་དགུ་བོ་ནི་རིམ་བཞིན་དུ་ལྷ་སའི་ཐང་གའི་ཨང་ 2པ། 3པ། 4པ། 11པ། 12པ། 26པ། 36པ། 50བ་དང་ 51པ་བཅས་རེད། པར་རིས་འདི་དག་ནི་ནང་དོན་དངོས་ཀྱི་ཐད་ནས་རིགས་གསུམ་དུ་དབྱེ་ནས་བཤད་ཆོག་སྟེ། རིགས་གཅིག་ནི་ལྷ་སའི་སྨན་ཐང་མ་ཕྱི་དང་རྩ་བ་ནས་གཅིག་མཐུན་ཡིན་ཏེ། དཔེར་ན་པར་རིས་26 པ་སྨན་རྫས་པར་རིས་དང་། 11པ་རྩའི་གནད་ཀྱི་པར་རིས་སོགས་ནི་རིགས་འདིའི་སྐོར་ཡིན་པ་དང་། རིགས་གཞན་ཞིག་ནི་རྩ་བའི་ཆ་ནས་བཤད་ན་གཅིག་མཐུན་ཡིན་མོད། འོན་སྟེ་མེས་ཨར་གྱི་དེབ་ནང་འདོན་སྤེལ་བྱས་ཡོད་པ་ནི་ཐང་གའི་ཆ་ཤས་རི་མོ་ཡིན་པ་ལས། རི་མོ་ཆ་ཚང་ཅན་མ་ཡིན་པས་སྨན་ཐང་ཆ་ཚང་དེ་དང་གཅིག་མཐུན་ཡིན་མིན་ནི་རྟོགས་དཀའ་བར་གྱུར་འདུག དཔེར་ན་སྨན་ཐང་ཨང་51 པའི་ནང་དོན་ལ་ཐང་ག་ཆ་ཆང་ཁྲོད་ཀྱི་དོན་སྣོད་གནས་སྟངས་ཀྱི་ཡུལ་ཐིག་གི་རི་མི་ཞིག་འདེམས་བཀོད་བྱས་ཡོས་པས། ཆ་ཤས་རི་མོ་འདི་ལ་བལྟས་ན། ཕལ་ཆེར་ཐང་ག་དེའི་དྲུག་ཆ་གཅིག་ཟིན་ཡོད་ཕྱིར་རི་མོ་ཆ་ཤས་ཅན་འདི་དང་ཐང་ག་དངོས་ནི་རྦད་དེ་གཅིག་མཐུན་ཡིན། པར་རིས་གཞན་པ་དེ་ནི་རྩའི་གྱེས་ཚུལ་གྱི་ཐང་ག་སྟེ་ཐང་ག་ཆ་ཚང་ཅན་ངོ་མ་དེའི་ཨང་50 པར་ཤན་སྦྱར་བྱས་ནས་བལྟས་ཚེ་། པར་རིས་སུ་ཐང་ག་ངོ་མ་ལས་ཕྱི་བཅོས་སྐོར་(དེ་ནི་ཐང་ག་དེའི་དྲུག་ཆ་གཅིག་ཙམ་ཟིན་འདུག) དོར་ནས་བཞག་མེད་པ་དང་། པར་རིས་ཀྱི་དབྱིབས་ལས་བལྟས་ཚེ་ལྷ་སའི་ཐང་ག་ངོ་མ་དང་ཧེ་བག་ཆེར་མི་འདུག འོན་ཀྱང་པར་རིས་དེའི་ཡི་གེའི་བཀོད་སྒྲིག་ནི་ཐང་ག་དངོས་དང་མི་མཐུན་པར་དེ་ནི་ལྷ་སའི་ཐང་ག་ལྟར་ནན་ཏན་སྒོས་བཤུས་འབྲི་བྱས་པ་མིན་པ་པར་རིས་ལས་རྟོགས་ཐུབ་པ་ཡིན་ནོ།། མེས་ཨར་གྱི་བརྩམས་ཆོས་སུ་ཕྱི་བཅོས་ཆ་བྱད་ཀྱི་པར་རིས་ཤིག་ཡོད་པ་དེ་ནི་ཐང་ག་ཨང་36 པ་ཡིན་འདུག པར་རིས་དེའི་ཡོངས་ཀྱི་གྲུབ་ལུགས་དང་རི་མོའི་དབྱིབས་སོགས་ཀྱི་ཐད་ནས་བལྟས་ན་དེ་ནི་ལྷ་སའི་ཐང་ག་ངོ་མ་དེ་དང་གཅིག་མཐུན་དུ་སྣང་མོད། ཞིབ་ཕྲ་སྒོས་དེབ་ཀྱི་བར་བཅུག་རི་མོར་དཔྱོད་བསྡུར་བྱས་ཚེ། མི་མཐུན་པའི་ཆ་ཕྲན་ཚེགས་རེ་མཐོང་ཐུབ་སྟེ། དེབ་འདིའི་རི་མོ་ནི་མ་གཞིའི་ཐང་ག་དངོས་དང་བསྟུན་པའི་འདྲ་བཤུས་ཀྱི་ཐིག་རིས་རི་མོ་ཡིན་པས་ཀྲུང་གོའི་རི་མོ་ནང་གི་ཞིབ་བྲིས་རི་མོ་དང་ཕལ་ཆེར་འདྲ་མཚུངས་ཡིན་ཞིང་རི་མོ་ཅུང་ཟད་ཕྲ་ཞིབ་ཡིན་པ་ལགས། པར་རིས་ཀྱི་གསལ་བཤད་ནང་དོན་ཐད་གཅིག་མཐུན་ཡིན་མོད། འོན་ཀྱང་ཡི་གེ་འབྲི་སའི་གནས་ལ་ཁྱད་པར་ཕྲན་བུ་རེ་ཡོད་དོ།། མཇུག་མཐར་མེས་ཨར་གྱི་བརྩམས་ཆོས་ལས་སྡོང་འགྲེམས་ཀྱི་པར་རིས་གསུམ་ཡོད་པ་དེ་ནི་ལྷ་སའི་ཐང་ག་ངོ་མ་ལས་ཨང་ 2པ་དང་ 3པ། 4བ་རྣམས་ཡིན། ཐང་ག་དངོས་ལས་ཐང་ག་དང་པོའི་རྩ་བ་དང་ཡལ་ག མེ་ཏོག་འབྲས་བུའི་བཀོད་སྒྲིག་དང་གྲངས་ཀ་སོགས་ནི་《བཻཻཌཱུརྱ་སྔོན་པོ་》དང་ཤིན་ཏུ་མཚུངས་འདུག  འོན་ཀྱང་པར་རིས་ཀྱི་དབྱིབས་ལ་བལྟས་ཚེ། ལོ་མ་སོ་སོས་མཚོན་པའི་ནང་དོན་ནི་གཏན་ནས་གཅིག་མཐུན་མིན་ནོ།།


            མེས་ཨར་གྱི་བརྩམས་ཆོས་ནང་གི་ཐང་གའི་པར་རིས་ལས་ཐག་གཅོད་བྱེད་ཐུབ་པ་ནི། ད་ལྟ་ཧྤ་རན་སིར་བོད་ཀྱི་སྨན་ཐང་གི་པར་གཞི་རིགས་མང་པོ་ཞིག་ཡོད་པ་ལས། རིགས་གཅིག་ནི་ལྷ་སའི་ཆེས་སྔ་ཤོས་ཀྱི་ཐང་ག་དང་གཅིག་མཚུངས་ཡིན་ལ། ཅིག་ཤོས་ནི་མ་གཞིའི་ཐང་ག་དངོས་ཀྱི་ནང་དོན་དང་བསྟུན་ནས་བསྐྱར་བཞེངས་བྱས་པ་ཡིན་པ་དང་། ཡང་རིགས་གཞན་ཞིག་ནི་ཐང་ག་དངོས་དང་རྩ་བའི་ཆ་ནས་མི་འདྲ་བར་འདུག་གོ། མེས་ཨར་གྱིས་གསལ་བཤད་བྱས་པར། པར་རིས་འདི་དག་གི་མ་ཡིག་ལས་ཁ་ཤས་ནི་རང་ཉིད་ཀྱིས་བསྡུ་ཉར་བྱས་པ་སྟེ་དེ་དག་ནི་སྡོང་འགྲེམས་ཀྱི་པར་རིས་རྣམས་དང་རྩའི་གྱེས་ཚུལ་གྱི་པར་རིས་སོགས་ཡིན། ལྷ་སའི་བརྒྱུད་ལྡན་ཐང་ག་དངོས་དང་རྦད་དེ་གཅིག་མཐུན་ཡིན་པ་དེ་དག་གི་འབྱུང་ཁུངས་ལ་རྩོམ་པ་པོས་ཆ་ཚང་བའི་གསལ་བཤད་བྲིས་མི་འདུག་སྟེ། དེ་རྣམས་ནི་རྩོམ་པ་པོས་དཔེ་དེབ་གཞན་པ་རྣམས་ལས་བསྐྱར་དཔར་བགྱིས་པའམ་ཡང་ན་རྩོམ་པ་པོས་ཐང་ག་དངོས་ལ་པར་བརྒྱབ་བྱས་པ་ཡིན་ཤས་ཆེ། དེ་ལས་ཕྱི་བཅོས་ཆ་བྱད་ཀྱི་པར་རིས་དེ་གཅིག་པུ་ནི་རྒྱ་གར་གྱི་བོད་རིག་པ་བ་གྲགས་ཅན་ཆན་ཏེ་ལ་(Lokesh Chandra)ཡིས་མཁོ་སྤྲོད་བྱས་པ་ཡིན་ཞེས་རྩོམ་པ་པོས་གསལ་བཤད་གནང་ཡོད།


            1986 འཇར་མན་ནུབ་མའི་བོད་ལུགས་གསོ་རིག་པ་ཧྤུན་ཁུ་(Elisabeth Finckh) ཡིས་མཛད་པའི་ 《བོད་ལུགས་གསོ་བ་རིག་པའི་རྨང་གཞི་》ཞེས་པའི་གླེགས་བམ་གཉིས་པ་པར་བསྐྲུན་བྱས་ལ། དེབ་འདིས་བོད་ཀྱི་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དཔྱོད་གླེང་བྱས་པར་"སྡོང་འགྲེམས་"སྤྱི་དོན་བྱས་ནས་དཔྱད་བརྗོས་བྱས་ཡོད་པ་དང་། སྡོང་འགྲེམས་པར་རིས་12 འཁོད་ཡོད་ལ་རི་མོ་ཚང་མ་ནི་རྟགས་རིས་ཀྱིས་མཚོན་བྱེད་རི་མོ་ཡིན། རི་མོ་བཅུ་གཉིས་པོར་རྩ་བ་གསུམ་དང་སྡོང་པོ་དགུ་བཅས་ཚུད་ཡོད་ལ། རྩ་བ་གསུམ་པོའི་རི་མོ་ནི་1903 ལོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་པཱjཏེ་མ་ཡེ་ཧཱུའུ་(P.A. Badmaev)ཡིས་བསྒྱུར་བའི་《གསོ་རིག་རྒྱུད་བཞི་》ཨུ་ཡིག་པར་མའི་ནང་དོན་གཞིར་བཟུང་ནས་པར་རིས་བརྒྱབ་པ་ཡིན། གལ་ཆེ་བ་ཞིག་ལ་པཱ་ཏེ་མ་ཡེ་ཧྤུའི་ཡིས་བསྒྱུར་བའི་《གསོ་རིག་རྒྱུད་བཞི་》ནི་དེ་སྔོན་སོག་ཡིག་པར་མའི་པར་གཞི་གཞིར་བཟུང་ནས་བསྒྱུར་བ་ཞིག་ཡིན་ལ། རི་མོ་ཚང་མའི་གསལ་བཤད་ཡང་སོག་ཡིག་གིས་བཀོད་ཡོད་པ་དེས་སོག་པོའི་ཡུལ་གྲུར་དུས་སྔ་མོ་ཞིག་ནས་"སྡོང་འགྲེམས་"རིགས་ཀྱི་པར་རིས་ཡོད་པ་རྟོགས་ཐུབ། དེའི་པར་གཞི་ནི་བོད་ཡིག་པར་གཞིའི་མ་དཔེ་དང་མི་མཐུན་ཏེ། དེ་ནི་རྒྱུད་བཞི་སོག་ཡིག་ཏུ་བསྒྱུར་མཁན་ཚོས་སོག་ཡིག་ཏུ་བསྒྱུར་དུས་ཁ་སྣོན་མཛད་པ་ཡིན་ཤས་ཆེ། ཧྤུན་ཁུས་དེབ་ནང་འཁོད་པའི་པར་རིས་ཀྱི་རིམ་པ་གཉིས་པ་ནི་སྡོང་པོ་དགུའི་རི་མོ་ཡིན་པ་དང་། དེ་ནི་རྒྱ་གར་བ་ཆན་ཏེ་ལཱ་ཡིས་ཉར་ཚགས་བྱས་པའི་པར་གཞི་ལས་པར་བཏབ་པ་ཡིན་ལ། དེའི་རིས་དབྱིབས་བྲིས་པ་ཡང་ཐིག་རིས་ཡིན་པ་དང་། བོད་ཡིག་གི་གསལ་བཤད་ཀྱང་རགས་བསྡུས་ཀྱི་ཚུལ་ཡིན་པས་དེ་ནི་རྒྱུ་མཚན་མཚོན་པའི་པར་རིས་འགྲེལ་བཤད་སླ་མོ་ཁ་ཤས་ཡིན་པ་དང་། ཐང་གའི་རི་མོ་འདི་རིགས་ཕལ་ཆེར་ནི་བོད་ལྗོངས་དམངས་ཁྲོད་དུ་ཕོ་བྲང་གི་ཚད་ལྡན་ཐང་གར་ལད་བྲིས་བྱས་པ་དེ་རིམ་བཞིན་རྒྱལ་ཕྱི་རུ་ཁྱབ་སྤེལ་བྱུང་བ་ཡིན་པར་སྣང་།


            ཏཱ་ལའི་བླ་མའི་དེ་སྔའི་སྒེར་གྱི་སྨན་པ་ཡེ་ཤེས་དོན་ལྡན་(Yeshi Donden) གྱིས་ 1986 ལོར་བརྩམས་པའི་《བདེ་ཐང་གི་སྙོམས་སྒྲིག》ཅེས་པ་དེའི་ནང་དུ་བོད་ཀྱི་གསོ་རིག་གི་རྩ་བའི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས་ཡོད་པ་དང་། གཙོ་བོར་སྡོང་འགྲེམས་ཀྱི་ནང་དོན་ངོ་སྤྲོད་བྱས་ཡོད། འདིར་ཉམས་འཇོག་དགོས་པ་ཞིག་ལ། དཔེ་དེབ་ནང་གི་སྡོང་འགྲེམས་དག་ནི་ད་ལྟ་པར་སྐྲུན་བྱས་ཟིན་པའི་དེབ་གཞན་དག་ལས་མཐོང་མ་མྱོང་བ་ཁོ་ན་རེད། སྡོང་པོ་འདི་རིགས་ནི་རྩྭ་དང་ཤིན་ཏུ་མཚུངས་པར་འདུག་སྟེ། སྔར་གྱི་ཐང་ག་དང་འདྲ་བར་ལོ་མ་རེ་རེའི་སྟེང་དུ་མཚོན་རྟགས་རང་བཞིན་གྱི་རི་མོ་བཀོད་ཡོད་ལ། མི་སྣའི་རྣམ་པ་ནི་སྔར་ལྟར་བོད་མིའི་རྣམ་པ་དང་གྱོན་ཆས་ཀྱང་དེ་བཞིན་ཡིན་མོད། འོན་ཏེ་གསལ་བཤད་ཡི་གེ་ནི་ལོ་མ་དེ་གའི་འགྲམ་ཟུར་དུ་འགྲེལ་འགོད་བྱས་ཡོད་པ་དང་། སྔར་གྱི་ཐང་ག་ལྟར་ལོ་མའི་སྟེང་དུ་བཀོད་ནས་རི་མོ་དང་ལྷན་དུ་བཞེངས་པ་མ་ཡིན་པའོ།། གཞན་ཡང་དེབ་འདིའི་ཐང་ག་བཞེངས་པའི་ལོ་མའི་ཐད་ལ་ནི། ལ་ལ་ནི་ཕུབ་དབྱིབས་སོ་མེད་ཅན་ཡིན་ལ། སྔོན་གྱི་ཐང་ག་ལྟར་སོ་མེད་སྒོང་དབྱིབས་ཀྱི་ལོ་མ་གོར་གོར་ཅན་མིན་ནོ།། མདོར་ན་སྒྱུ་རྩལ་གྱི་ཆུ་ཚད་ལས་བལྟས་ན། དེབ་འདེའི་ནང་གི་སྡོང་འགྲེམས་ནི་སྔོན་གྱི་ཐང་ག་དངོས་དང་བསྡུར་ན་ཅུང་ཞན་པར་སྣང་།


            ལོ་དེའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་དབྱིན་ཇིའི་ལུན་ཀྲོན་དུ་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་ཚོགས་འདུ་ཞེས་པའི་ཐོག་ཧན་པོ་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་རིག་པའི་སྡེ་ཁག་གི་གནའ་བོའི་ལི་ཡིག་གི་མཁས་པ་ཨེ་མུ་རུས་ཁུ་ (R.E. Emmerick) ཡིས་《བོད་ཀྱི་གསོ་རིག་གི་མཚོན་ཁྲ་ཅན་གྱི་ཐང་ག་ཁ་ཤས་》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་མྱོང་། དེ་ནི་རྩོམ་པ་པོ་1980 ལོར་བོད་ལྗོངས་སུ་བཅར་འདྲི་ལ་ཕེབས་སྐབས། ལྷ་ས་སྨན་རྩིས་ཁང་གིད་བསྡུ་ཉར་བྱས་ཡོད་པའི་གསོ་རིག་སྨན་ཐང་ཆ་ཚང་ལ་ཞལ་མཇལ་གནང་བའི་གོ་སྐབས་དང་བསྟུན་ནས་རང་གི་མཐོང་ཐོས་རྣམས་གཞིར་བཟུང་ནས་བྲིས་པའི་དཔྱད་རྩོམ་ཞིག་ལགས་མོད། བློ་ཕམ་པ་ཞིག་ལ་དཔྱད་རྩོམ་འདི་ནི་ད་ལྟའི་བར་དུ་སྤྱི་ཡོངས་ལ་འགྲེམས་སྤེལ་མ་བྱས་སྟབས། དཔྱོད་གླེང་གི་གོ་སྐབས་མ་བྱུང་ངོ་།།


            ཉེ་བའི་ལོ་ཤས་ནང་པར་དུ་སྐྲུན་པའི་བོད་ལུགས་གསོ་རིག་གི་བརྩམས་ཆོས་ཁྲོད་དུ་ད་དུང་1984 ལོའི་ཁུ་ལིས་ཧྤོའོ་ཏུས་(Terry Clifford)ཀྱིས་མཛད་པའི་《བོད་ཀྱི་ནང་བསྟན་གསོ་རིག་དང་སྨྱོ་ནད་རིག་པ་》ཞེས་པའི་ནང་ཐང་ག་དང་འབྲེལ་ཡོད་ཀྱི་བར་བཅུག་རི་མོ་ཁ་ཤས་ཡོད།  ཁོང་གི་དེབ་ཏུ་བཅུག་པའི་རི་མོ་ནི་ཅུང་མང་ལ། སྨན་ཐང་བརྒྱུད་རིམ་ཅན་ལས་དྲངས་པའི་པར་རིས་ལྔ་ཙམ་ཡོད། དེ་དག་ནི་གཤགས་བཅོས་དང་། མགོ་དབྱིབས། ཕྱི་བཅོས་ཀྱི་ཆ་བྱད་སོགས་སོ།། པར་རིས་འདི་དག་ལས་པར་རིས་ཁ་ཤས་ནི་རི་མོའི་ཆ་ཤས་ཆེ་རུ་བཏང་བའི་པར་རིེས་དང་།  ཁ་ཤས་ནི་པར་རིས་ཆ་ཚང་ཡིན་པ་དང་། ཁ་ཤས་ནི་ལད་བྲིས་ཀྱིས་ཐིག་སྐུད་རི་མོ་ཡིན་པར་འདུག རྩོམ་པ་པོས་ར་སྤྲོད་བྱས་པ་ལྟར་ན། པར་རིས་འདི་རྣམས་ནི་རྒྱ་གར་ནས་འཚོལ་བསྡུ་བྱས་ཤིང་། གཞན་དང་མི་མཐུན་ས་ནི་མི་འདུག་གོ། ཕྱི་བཅོས་ཆ་བྱད་ཀྱི་རི་མོ་གཅིག་པུ་ནི་བོད་སྲོལ་དཔེ་ཆའི་ནང་ནས་དྲངས་པའི་བར་བཅུག་རི་མོ་ཡིན་པ་ལས་བརྒྱུད་རིམ་ཅན་གྱི་ཐང་ག་ལས་པར་བཤུས་བྱས་པ་མིན་ནོ།།


            མདོར་བསྡུས་ན། བོད་ཀྱི་གསོ་རིག་གི་བརྒྱུད་རིམ་ལྡན་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་འདི་ལ་ཐང་ག་80 ཡོད། དེ་ལས་ཐང་ག་ཉུང་ཤས་ནི་དུས་རབས་བཅོ་བརྒྱད་ཀྱི་སྔོན་ནས་བཞེངས་གྲུབ་བྱུང་ཟིན་པ་ཡིན་ལ། གཞན་རྣམས་1704 ལོར་ད་གཟོད་ཐང་ག་ཆ་ཚང་ལེགས་འགྲུབ་བྱུང་བ་ཡིན། མིག་སྔར་བོད་ལྗོངས་ལྷ་ས་རུ་སྨན་ཐང་གི་མ་ཡིག་ཆ་ཚང་བ་གཉིས་ཉར་ཡོད་པ་དང་། དམངས་ཁྲོད་དུ་ཐར་ཐོར་དུ་གྱུར་བའི་ཐང་ག་ཁ་ཤས་མཐོང་རྒྱུ་འདུག་ལ། མང་ཆེ་བ་ནི་གཤགས་བཅོས་དང་རྩའི་གནད་སོགས་ཀྱི་ནང་དོན་ཡིན་པའི་རི་མོ་རེད། ཕྱི་རྒྱལ་དུ་བརྒྱུད་ལམ་སྣ་ཚོགས་ལ་བརྟེན་ནས་མཆེད་པའི་བོད་ཀྱི་གསོ་རིག་གི་ཐང་ག་མང་ཆེ་བ་ནི་སུའུ་ལེན་རྒྱལ་ཁབ་ཏུ་ཡོད་པ་དང་། ཨ་རི་དང་རྒྱ་གར། ཡོ་རོབ་གླིང་དུའང་ཁ་ཤས་བསྡུ་ཉར་བྱས་འདུག དེ་ལས་ཁ་ཤས་ནི་བསྐྱར་བཞེངས་བྱས་པ་ཡིན་པ་དང་། ཉུང་ཤས་ནི་ཐང་གའི་མ་ཡིག་ལྟར་བྲིས་པའི་ལད་བྲིས་བརྩམས་ཆོས་ཡིན་པར་གདའ། དེ་དག་གི་ནང་དོན་གྱི་ཐད་ལ་མང་ཆེ་ཤོས་ནི་སྔོང་འགྲེམས་དང་། གཤགས་ལས། རྩའི་གནད། གཏར་གའི་གདབ་དམིགས་དང་། ཕྱི་བཅོས་ཀྱི་ཆ་བྱད་སོགས་ཡིན་ནོ།།


            ད་ཡོད་ཀྱི་རྒྱུ་ཆར་བསྟུན་ན་རྒྱལ་ནང་དུ་བསྡུ་ཉར་བྱས་ཡོད་པའི་སྨན་ཐང་ཆ་ཚང་དེ་ནི་ཐང་ག་བཞེངས་པར་གཙོ་འགན་བཞེས་པའི་མཁས་མཆོག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གི་《བཻདཱུ་རྱ་སྔོན་པོ་》དགོངས་བཞེས་གོ་རིམ་ལྟར་བསྒྲིགས་ནས་བཞེངས་གྲུབ་བྱུང་བ་ཞིག་ཡིན་ཏེ། འདིར་ཁྱོན་བསྡོམས་ཐང་ག་ 79 ཡོད་ལ། ཐང་ག་སོ་སོའི་གསལ་བཤད་དུ་ཨང་གྲངས་འཁོད་ཡོད། ལྦང་ཅུས་ཞན་སོགས་ཀྱི་སྤེལ་བའི་རྩོམ་ཡིག་གིས་ངོ་སྤྲོད་བྱས་པའི་ནང་དོན་ལས་བལྟས་ན། ཕྱི་རྒྱལ་དུ་ཡོད་པའི་སྨན་ཐང་གི་ཨང་ཀི་སྒྲིག་སྟངས་དེ་བོད་ཁུལ་དུ་བཞུགས་པའི་སྔར་གྱི་རྒྱུད་རིམ་ལྡན་པའི་ཐང་གའི་ཨང་གྲངས་དང་མི་མཐུན་པ་ཅུང་ཟད་སྣང་སྟེ། དཔེར་ན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་སྒྱུ་རྩལ་རྩ་འཛུགས་ཀྱིས་བཏོན་པའི་《འཕྲིན་སྐྱེལ་བ་》(1979 ལོའི་ཨང་གྲངས་ཅན) ཞེས་པའི་དེབ་ཏུ། སུའུ་ལེན་གྱི་རིག་གནས་པ་ཧོན་ཏན་ནོ་ལྦོ་ཡིས་《བོད་ཀྱི་གསོ་རིག》ཅེས་པའི་རྩོམ་ཡིག་ཅིག་འཁོད་ཡོད་པ་དེའི་ཟུར་དུ་རང་བྱུང་སྨན་རྫས་ཀྱི་པར་རིས་དུམ་བུ་ཞིག་འཁོད་ཡོད། གསལ་བཤད་དུ་བཀོད་པ་ལྟར་ན་དེ་ནི་པར་རིས་ཨང་21 པ་ཡིན་ལ། གཞན་ད་དུང་པར་རིས་ཨང་4 བ་དང་ཨང་ 30 པ། 27པ་སོགས་ཀྱང་ཡོད། སུའུ་ལེན་གྱི་རིག་གནས་པས་ 《འཕྲིན་སྐྱེལ་བར》 འཁོད་པའི་རིས་ཨང་27 ཅན་ནི་སུའུ་ལེན་དུ་ད་ལྟ་བསྡུ་ཉར་བྱས་པའི་སྨན་ཐང་བརྒྱུད་ལྡན་ནང་གི་ཨང་ 25 བ་ཡིན་པ་ཤེས་རྟོགས་བྱུང་།


            གཞན་ཡང་། མེས་ཨར་གྱི་བརྩམས་ཆོས་སུ་འཁོད་པའི་པར་རིས་ཨང་གྲངས་ལ། ལྦང་ཅུས་ཞན་གྱི་རྩོམ་ཡིག་ནང་གི་སྒྲིག་ལུགས་ལྟར་ན།   ཡང་དེ་སྔོན་རྒྱུད་རིམ་ལྡན་པའི་སྨན་ཐང་དང་མི་མཚུངས་སོ(གོང་ལ་གཟིགས་པར་འཚལ)།། གོང་དུ་ཞུས་པ་ལྟར་ད་ལྟ་རྒྱལ་ནང་དུ་ཡོད་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་"སྨན་ཐང་"དེ་ནི་ཚད་ལྡན་ཅན་ཡིན་པས། གསལ་བཤད་ཡི་གེ་དང་བརྡ་རྟགས་ངེས་གསལ་ཡིན་ལ་ནོར་འཁྲུལ་གཏན་ནས་ཡོད་མི་སྲིད། རྒྱལ་ཕྱིའི་ཐང་གའི་ཨང་གྲངས་དང་ཚད་ལྡན་གྱི་སྨན་ཐང་རྒྱུད་རིམ་ཅན་མི་མཐུན་པ་ནི་དངོས་ནས་གསང་བ་ལྐོག་གྱུར་ཞིག་ཏུ་གྱུར་ཡོད་པས། སླད་ཕྱིན་དེར་གཏིང་ཟབ་ཀྱིས་ཞིབ་འཇུག་བྱེད་དགོས་པར་འདུག་གོ།

 - དཔྱད་རྩོམ་འདི་《ཀྲུན་གོའི་གྲངས་ཉུང་མི་རིགས་ཀྱི་ཚན་རིག་ལག་རྩལ་ལོ་རྒྱུས་ཞིབ་འཇུག་དཔེ་ཚོགས་》ཀྱི་དེབ་བདུན་པ་ནས་བདམས་ཏེ་བསྒྱུར།

 

 

དཔྱད་གཞིའི་རྒྱུ་ཆ།

1. ཚེ་ཅིན་ཧྤུན་སོགས་ཀྱི་བརྩམས་པའི་《བོད་ཀྱི་ཚོན་ཁྲ་ཅན་གྱི་སྨན་ཐང་སྐོར་གྱི་ཐོག་མའི་ངོ་སྤྲོད་ 》 《ཅང་སུའོ་ཀྲུང་སྨན་དུས་དེབ་》 ཀྱི་ 1980(3) 47-48 པར་འཁོད།

2. ལྦང་ཅུས་ཞན་སོགས་ཀྱིས་བརྩམས་པའི་《ཕྱི་རྒྱལ་དུ་བོད་ཀྱི་གསོ་རིག་ཞིབ་འཇུག་བྱས་ཚུལ་མདོ་ཙམ་བཀོད་པ་》ཞེས་པ་ 1988 ལོའི་ 《ཀྲུན་གོའི་ལོ་རྒྱུས་ཞིབ་འཇུག་གི་གནས་ཚུལ་》ཞེས་པའི་ཤོག་ངོས་ 20-25 བར་འཁོད་ཡོད་  (རྩོམ་འདི་གུས་པས་བསྒྱུར་ནས་ 1994 ལོའི་ 《བདག་པོའི་》དུས་དེབ་ཀྱི་དེབ་དང་པོར་བཏོན་ཡོད་པས་གཟིགས་འདོད་ཡོད་མཁན་གྱིས་དེར་གཟིགས་པར་འཚལ། སྒྱུར་མཁན་གྱི་མཆན།)

3. Gammerman .A.F.B.V. Semichov. Slovar.  Tibetskolatino -russkikhnzvadii lekarstvennogo rastitel 'nogo syr 'ia prinenyaamogov tibetskoimeditsine Ulan  Ude: Akaademiya Nauk SSSR. 1963.

4.5.8. (2) དང་མཚུངས།

6. ཧང་ལྦོའུ་ལེ་སོགས་ཀྱིས་བརྩམས་པའི་《ཕྱི་རྒྱལ་དུ་བོད་ལུགས་གསོ་རིག་ཞིབ་འཇུག་བྱས་ཚུལ་དཔྱད་གླེང་》ཞེས་པ་ 1990 ལོའི་《བོད་ལྗོངས་ཞིབ་འཇུག་》གི་དེབ་དང་པོར་འཁོད།

7. Fernand Meyer Gso-ba Rig -pa le systeme medical tibetain ,Editions du CNRS, paris 1983.

9. P.A Badmaev Glavnoe  rukovodstvo po vrace bnoj nauke Tibeta Zud-si v novom perevode P.A.Badmaeva s ego vvedeniem . ST.petersburg. 1903.

10 . Yeshi Donden, Health through Balance . Snow Lion publication . New york. 1986 

11. Terry Clifford Tibetan Buddhis Medicine and P. ychiatry, Samuel Weiser Ine New York. 1984.


- འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་༤༨། ཕྱི་ལོ་1999 ལོའི་དེབ་བཞི་པའི་ནང་འདོན་སྤེལ་ཞུས་པ་དེ་ནས་ཟུར་འདོན་བྱས་པ་ཞིག་ཡིན།


མཐའ་མའི་འདོན་ཐེངས་།: 08.06.2015 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།