སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་གསོ་རིག་རྒྱུད་བཞིའི་བྱུང་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.05.2015
ཆེད་རྩོམ། >>


༄༅། །བོད་ཀྱི་གསོ་རིག་རྒྱུད་བཞིའི་བྱུང་ཚུལ་དྲང་པོར་བརྗོད་པ་གངས་རིའི་ཆུ་རྒྱུན་

ཞེས་བྱ་བ་བཞུགས་སོ།།

- མཁན་ཆེན་ཁྲོ་རུ་ཚེ་རྣམ།

 

          དེ་ཡང་བོད་ཀྱི་གསོ་བ་རིག་པའི་རྩ་བ་ནི་བོད་མི་རིགས་རང་ཉིད་ཀྱིས་སྲོལ་གཏོད་དར་སྤེལ་བྱས་པ་ཞིག་ཡིན། ཆེས་སྔ་མོ་ནས་བོད་དུ་གསོ་རིག་སོགས་རིག་གནས་ཡོད་པར་གྲགས་ཀྱང་ཐོག་མར་བོད་དང་མཐའ་སྐོར་གྱི་མི་རིགས་ཁག་དང་། རྒྱལ་ཁབ་ཁག་བར་ཕན་ཚུན་འགྲོ་འོང་ཆེས་ཉུང་བའི་སྐབས་ཏེ། བོད་ཡོངས་གཅིག་གྱུར་གྱི་ཐོག་མའི་རྒྱལ་པོ་མི་རྗེ་གཉའ་ཁྲིོ་བཙན་པོའི་དུས་ནས་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་རྗེས་དཔག་བྱེད་ཐུབ། གང་ལགས་ཤེ་ན། གཉའ་ཁྲི་བཙན་པོ་སྲིད་ཁྲིར་འཁོད་སྐབས་ཆབ་འབངས་དང་རྒྱལ་སྲིད་ལ་གནོད་པ་ཡོད་པའི་དོགས་པ་དྲུག་བཏོན་ཏེ། དེ་དག་གི་གནོད་པ་སེལ་བའི་ཐབས་ཇི་ལྟར་ཡོད་ཅེས་དྲི་བ་མཛད་པ་ན། བློན་པོ་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་སྡེས་གནོད་པ་རེ་རེ་བཞིན་སེལ་བའི་ཐབས་ཡོད་པའི་ལན་ཞུས་པའི་ནང་། དུག་གི་གནོད་པ་བྱུང་ན་ཇི་ལྟར་བྱ། ཞེས་དྲིས་པ་ན། དེ་ལ་ཕན་པའི་ཐབས་སྨན་བསྟེན་རྒྱུ་ཡོད། ཅེས་ལན་བཏབ་ཡོད་པ་དང་། གཞན་ཡང་། ཕན་ཤེས་སྨན་དཔྱད་པ་དང་། སྐོར་ཤེས་རྩིས་པ་ཟེར་བ་ཡོད་པ་མ་ཟད། གཡུ་ཐོག་རྙིང་མའི་རྣམ་ཐར་ལས། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་གནང་སྐབས། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུགས་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་པ་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོན་པའི་དུས་སུ་དེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ་དེས་《གསོ་བྱའི་ནད་འབུམ་ནག་པོ་》དང་། 《གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ་》 《གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་》 《གསོ་དཔྱད་ཀྱི་མདོ་དགུ་》 《གསོ་རིག་དཔྱད་རྒྱུད་ཟླ་ཟེར་》ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་ཀྱང་མཛད་ཡོད་པ་སོགས་ལོ་རྒྱུས་ཀྱི་ཡིག་རིགས་མང་པོ་ལས་གསལ།

            དེ་ནས་བཟུང་སྟེ་བོད་ཀྱི་མེས་པོ་མཁས་མཛངས་ལྡན་པ་རྣམས་ནས་ནད་བཅོས་ནད་འགོག་གི་བྱ་བར་འབད་བརྩོན་ཆེས་ཆེར་གནང་སྟེ་ཉམས་མྱོང་མང་པོ་བསགས་པར་བརྟེན། རིམ་གྱིས་གོང་འཕེལ་བྱུང་བ་ཞིག་རེད། དེ་ལྟར་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་ཡིག་རིགས་ལ་གསལ་བ་ནས་བཟུང་ད་བར་མི་ལོ་ཉིས་སྟོང་ལྷག་སོང་། བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་འགོ་བརྩམས་ཏེ་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱིས་རྒྱལ་ཁབ་དང་མི་རིགས་གཞན་གྱི་གསོ་དཔྱད་ཀྱི་ལག་ལེན་དང་། བོད་ལུགས་གསོ་དཔྱད་ཟུང་འབྲེལ་ཐོག་ནད་བཅོས་སྨན་དཔྱད་ཀྱི་ལག་ལེན་བྱས་པ་དང་། ཤེས་རབ་སྨན་པ་གསོ་སྐྱོང་གནང་བ་སོགས་ཕྱི་ཕྱོགས་དང་འབྲེལ་བ་བཙུགས་ཏེ་གསོ་དཔྱད་ཀྱི་བྱ་བ་གོང་འཕེལ་བཏང་ཡོད།

            ལྷག་པར་རྒྱལ་རབས་སོ་གསུམ་པ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་སྨན་པ་རྣམས་ནས་བོད་དར་རིག་གནས་ཁོ་ནར་བློ་ཡིད་ཚིམ་ནས་མ་བསྡད་པར། མི་རིགས་དང་། རྒྱལ་ཁབ་གཞན་དག་གི་གསོ་རིག་རིག་གཞུང་དང་། ལག་ལེན་ཁག་ཅིག་སློབ་སྦྱོང་བྱས་ཏེ། དེ་དག་བོད་སྐད་དུ་བསྒྱུར། བོད་རང་གི་གནམ་གཤིས་དང་ས་བབས། མིའི་ལུས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་ལེགས་ཆ་མང་དུ་བླངས་ཏེ། སྔར་གྱི་ལག་ལེན་ཉམས་མྱོང་རྣམས་དང་ཕྱོགས་གཅིག་ཏུ་བསྡེབས་པ་《མི་འཇིགས་པའི་མཚོན་ཆ་》ཞེས་པའི་གཞུང་ལུགས་ཤིག་བརྩམས་པ་བོད་མི་རིགས་རང་ཉིད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ཀྱི་གྲས་ཡིན།

            རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་དང་འབྲེལ་བ་བཙུགས། རྒྱ་གར་དང་། རྒྱ་ནག བལ་ཡུལ་སོགས་ནས་མཁས་པ་མང་པོ་གདན་འདྲེན་ཞུས། བསམ་ཡས་སུ་སློབ་གྲྭ་བཙུགས། བེེ་རོ་ཙ་ན་སོགས་བོད་ཀྱི་མཁས་པ་མང་པོ་གསོ་སྐྱོང་གནང་། ཕྱི་ནང་གི་སྨན་པ་མཁས་པ་རྣམས་ལྷན་ཅིག་ཏུ་ཞལ་འཛོམས་ནས་རྒྱལ་ཁམས་སོ་སོའི་ཁྱད་ཆོས་ལུགས་སྲོལ་མི་འདྲ་བ་རྣམས་སློབ་སྦྱོང་དང་ལག་ལེན་གནང་བར་བརྒྱུད། འཛམ་གླིང་རྩེ་མཐོའི་མིའི་ལུས་ཁམས་དང་མཐུན་པའི་གསོ་དཔྱད་ཀྱི་གཞུང་ལུགས་《རིན་ཆེན་སྤུངས་པ་》ཞེས་པ་སོགས་བརྩམས། ལོ་ཆེན་བེེ་རོ་རྒྱ་གར་ལ་ཕེབས་ཏེ་ཁ་ཆེ་ཟླ་བ་མངོན་དགའ་སོགས་ལ་བཏུགས་ནས་གསོ་རིག་ཁག་ཅིག་སློབ་སྦྱོང་གནང་། བོད་དུ་ཕྱིར་ཕེབས་རྗེས་ཁ་ཆེ་ཟླ་དགའི་མན་ངག་ཞལ་ཤེས་དང་བོད་སྔ་རབས་ཀྱི་ལུགས་སྲོལ་ཟུང་དུ་སྦྲེལ་ཏེ་《ཉམས་ཡིག་མཐོང་བ་དོན་ལྡན་》 《ཁྱད་པར་ཟབ་པ་རྣམ་གསུམ་》 《གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་》སོགས་བརྩམས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་སོང་། སྨན་དཔྱད་ལག་ལེན་ཡང་རྒྱ་ཆེར་འཕེལ། རིགས་མཐོ་དམན་དང་། གྲལ་རིམ་གྱི་དབྱེ་བ་མེད་པར། བོད་ཕྲུག་བློ་རྣོ་བ་ཁག་ཅིག་བསྡུས་ནས་གསོ་རིག་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྒྱུད་འཛིན་པ་གསོ་སྐྱོང་བྱས།

            དེ་དག་ལས་ཁྱད་པར་དུ་གྱུར་པ། གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་སྙིང་མ་ཡོན་ཏན་མགོན་པོ་རྒྱ་གར་དུ་ཕེབས་ནས་ཁ་ཆེ་ཟླ་བ་མངོན་པར་དགའ་བར་གཏུགས་ནས་རྒྱ་གར་གྱི་གསོ་བ་རིག་པའི་གཞུང་ལུགས་ཁག་ལ་སློབ་སྦྱོང་གནང་། སླར་བོད་དུ་ཕེབས་ནས་ཁ་ཆེ་ཟླ་དགའི་མན་ངག་ཞལ་ཤེས་རྣམས་དང་། ལོ་ཆེན་བེེ་རོ་ཙ་ནའི་སྔོ་འབུམ་དང་བོད་སྔ་རབས་ནས་བརྒྱུད་པའི་བོད་ཀྱི་གསོ་རིག་གི་གཞུང་གདམས་ཀྱི་མྱོང་བྱང་ཐུན་མིན་ཀྱི་ཁྱད་ཆོས་ལྡན་པ་བཅས་ཕྱོགས་སྒྲིག་གནང་སྟེ་《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་》ཅེས་པ་འདི་རྩོམ་སྒྲིག་མཛད། རྒྱུད་དེ་ཤིན་ཏུ་རྩིས་ཆེར་མཛད་ནས་དཔེ་དེ་ཉིད་ཁྲི་སྲོང་སྡེ་བཙན་གྱི་བཀའ་ལྟར་འཐོར་བརླགས་མི་འགྲོ་བའི་ཆེད་དུ་གནས་སྐབས་བསམ་ཡས་ཀ་བ་བུམ་པ་ཅན་གྱི་ཀ་འགོའི་ནང་དུ་གཏེར་དུ་སྦས་ནས་ཉར་ཚགས་བྱས། གཡུ་ཐོག་པ་ཉིད་དགུང་ལོ་ལྔ་བཅུ་ཕེབས་པའི་སྐབས་སུ་ཀོང་པོ་སྨན་ལུང་དུ་ཕེབས་ཏེ། དེར་སྨན་གྱི་གྲོང་ཁྲེར་ལྟ་ན་སྡུག་ཅེས་བྱ་བའི་སྨན་པའི་སློབ་གྲྭ་ཞིག་ཆགས་བཏབ། ཀོང་པོ་བདེ་བ་དཔལ་གྱིས་ཞུས་དོན་ལྟར་སློབ་བུ་རྣམས་ཀྱི་དོན་དུ། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཀྱི་ནང་དོན་ལྟར་བུ་དོན་མ་ཞེས་པའི་སློབ་དེབ་རྩོམ་སྒྲིག་གནང་། སྨན་རྩིས་གཉིས་ལྡན་གྱི་རྒྱུད་འཛིན་པ་མང་པོ་གསོ་སྐྱོང་མཛད། གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སློབ་མ་སོ་སོའི་ཞིབ་ཕྲའི་སྦྱངས་འབྲས་ལ་གཞིགས་ཏེ། སྨན་པ་འབུམ་རམས་པ་དང་། སྨན་པ་རབ་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་བ་བཅས་ལག་རྩལ་ཤེས་ཡོན་གྱི་རིམ་པ་བཞི་ཕྱེ་ནས་སོ་སོའི་མཚན་གནས་གནང་རྒྱུའི་གཏན་འབེབས་མཛད། དེ་ནས་མི་ལོ་བརྒྱ་དང་ལྔ་བཅུ་ན། སྨན་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་གྱི་ལུང་བསྟན་ལྟར་གཏེར་སྟོན་གྲྭ་མངོན་དབང་ཕྱུག་འབར་བས་བསམ་ཡས་ཀ་བ་བུམ་པ་ཅན་ནས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཀྱི་དཔེ་གཏེར་ནས་བཏོན། གནས་བརྟན་དར་མ་གྲགས་ལ་ཆིག་བརྒྱུད་དུ་གནང་། དེས་རོག་སྟོན་དཀོན་མཆོག་སྐྱབས་ལ་གནང་། དེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་གནང་། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་དེ་ཉིད་ཀྱིས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཉིད་རྩ་བར་བཟུང་། མི་རབས་བཅུ་གསུམ་བར་དུ་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ཆ་ཚང་བ་ཞིག་བརྩམས་པ་ལ་ཐུགས་མངོན་པར་ཕྱོགས་པའི་ཚེ། བདེ་གཤེགས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས། ལུང་བསྟན་ནས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་ཀྱིས་ཞུ་བ་དང་ཞུ་ལེན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་སུ་རྫོགས་པ་གསུངས་པ་དག་པའི་གཟིགས་པ་ལྟར་ཡན་ལག་བརྒྱད་ཀྱི་བདག་ཉིད་ཅན་བཀའ་དངོས་དང་ཁྱད་མེད་པའི་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་》ཅེས་པའམ་《དཔལ་ལྡན་རྒྱུད་བཞི་》ཞེས་འཛམ་གླིང་ཀུན་ཏུ་ཡོངས་སུ་གྲགས་པའི་བོད་ཀྱི་གསོ་དཔྱད་ཀུན་གྱི་རྒྱལ་པོའམ་རྩ་བའི་རིག་པའི་གཞུང་ལུགས་འདི་ཉིད་རྩོམ་སྒྲིག་གནང་། འདི་འཆད་སྤེལ་གནང་ནས་ད་ལྟར་ལོ་བརྒྱད་བརྒྱ་ལྷག་སོང་།

            དེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཁས་པ་མང་པོས་རྒྱུད་བཞི་སློབ་སྦྱོང་བྱས་ཏེ་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་མཛད་པ་དང་ཆབས་ཅིག་སྨན་དཔྱད་ཀྱི་ལག་ལེན་རྒྱ་ཆེར་གནང་། རྩ་བ་དཔལ་ལྡན་རྒྱུད་བཞི་ཡི་རིག་པའི་གཞུང་ལུགས་ལ་གཞིར་བཟུང་། རང་རང་སོ་སོའི་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་གི་བསྟན་བཅོས་ཤིན་ཏུ་མང་པོ་རྩོམ་སྒྲིག་མཛད་པ་ད་ལྟའི་དུས་སུའང་དཔྱད་གཞིའི་ཡིག་ཆར་ཉེ་བར་མཁོ་བའི་བསྟན་བཅོས་འདི་དག་ལགས། སྐབས་དེའི་དུས་སུ་འཛམ་གླིང་དུ་དར་བའི་གསོ་རིག་ཆེན་པོ་རྒྱ་གར་གསོ་རིག་དང་། རྒྱ་ནག་གི་གསོ་རིག ཤིས་ལ་ཡི་གསོ་རིག བོད་ཀྱི་གསོ་རིག་བཅས་རྣམ་པ་བཞི་ཡོད་པ་ལས། རིག་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན་གང་གི་ཆ་ལའང་བོད་ཀྱི་གསོ་རིག་འདི་ནི་ཆ་ཚང་ཤོས་དང་། རྒྱ་ཆེ་ཤོས། གཏིང་ཟབ་ཤོས། ཆེས་སྔོན་ཐོན་གྱི་གསོ་རིག་ཉག་གཅིག་དེ་ཡིན། དཔེར་ན་དུས་དེ་ཙམ་ནས་བོད་ཀྱི་གསོ་དཔྱད་པ་མཁས་པ་ཚོས་མི་ཡི་ལུས་ཀྱི་ཕྱི་ནང་བར་གསུམ་གྱི་གྲུབ་ཆ་ཕྲ་རགས་ཐམས་ཅད་ཀྱི་དབྱེ་བའི་རྣམ་གྲངས་དང་། ངོ་བོ་ངེས་ཚིག སོ་སོའི་བྱེད་ལས། ཕན་ཚུན་གྱི་འབྲེལ་བ་དང་སོ་སོའི་ལྡང་ཚད། གཉན་པའི་གནད་དང་། འཕེལ་ཟད་ཀྱི་ཁྱད་པར་སོགས་ཀྱི་གནས་ལུགས་ཕལ་ཆེར་ཆ་ཚང་བར་རྟོགས་ཤིང་ཡིག་ཆར་འཁོད་པ་དེ་ལྟ་བུར་མཚོན་ནའང་། ད་ལྟ་འཛམ་གླིང་སྤྱི་ཚོགས་སྤྱི་ཡི་འཕེལ་རྒྱས་ཤིན་ཏུ་ཆེ་ལ། ཁྱད་པར་ཚན་རིག་དང་། བཟོ་ལས་ལག་རྩལ་གྱི་འཕེལ་རྒྱས་ཆེ་ཆེ་བའི་དུས་རབས་འདི་ལྟ་བུར་ཡང་། ཚན་རིག་གི་ཤེས་བྱ་དང་། ཆེས་སྔོན་ཐོན་གྱི་ཚན་རིག་གི་ལག་ཆ་སྤྱད་དེ་བརྟག་དཔྱད་དང་། དབྱེ་ཞིབ་ཐེངས་མང་བྱས་པ་ལས་བྱུང་བའི་མཇུག་བསྡོམས་ངོས་འཛིན་བྱས་པ་དང་ཕལ་ཆེར་སྒོ་མཐུན་པ་ཙམ་མ་ཟད། ད་དུང་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་། རིན་ཐང་ཧ་ཅང་ཆེ་བའི་རིག་པའང་མང་པོ་ཡོད་དོ།།       

ཞེས་པ་འདི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་དང་བཅས་པ་ལ་ཅུང་ཟད་གོམས་པར་བྱས་ནས་སྨན་པའི་མིང་ཐོབ་པ་ཁྲོ་རུ་ཚེ་རྣམ་མམ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་དུ་ཚངས་སྲས་དགྱེས་པའི་རང་མདངས་གཙུག་ལག་སྨྲ་བའི་སྡེ་ཞེས་འབོད་པས་སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༡༠ པའི་ཚེས་༡༥ ཉིན་བྲིས་པའོ།། །།


མཐའ་མའི་འདོན་ཐེངས་།: 18.05.2015 ཉིན། 9:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།