བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024 |
བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།
བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།
ྋབོད་རབ་ཚེས་མེ་བྱི་(སྤྱི་ལོ་ ༡༨༧༦-༡༩༣༣)ལོར་སྐུ་འཁྲུངས་པའི་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་ཀྱི་གསོ་རིག་དང་སྨན་གྱི་རིག་པ་འདི་བཞིན་སྐྱེ་འགྲོ་དྲག་ཞན་མཐོ་དམའ་སྤྱི་དང་། ལྷག་པར་བྲོ་འཚལ་བ་ཉམ་ཐག་དག་ལ་སྨན་པ་ཁྱད་དུ་འཕགས་པར་གཟིགས་ཏེ་ཅི་ནས་ཀྱང་དར་རྒྱས་ཡོང་བར་དགོངས་ཏེ་སྔ་སོར་ལྕགས་རི་འགྲོ་ཕན་གླིང་གི་དོ་དམ་ལ་ཤུགས་སྣོན་ཡོང་ཆེད་(སྤྱི་ལོ་ ༡༨༨༨)ལོར་ལྕགས་རི་བ་འཚོ་བྱེད་མཁས་པ་བློ་བཟང་བཟང་པོ་དང་། བསྟན་འཛིན་རྒྱ་མཚོ་ཞུ་བ་གཉིས་ལ་བླ་སྨན་གྱི་གདན་ཐོབ་སྩལ་ཐོག་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་འཆད་སྤེལ་གྱིས་མཚོན་པའི་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གྱིས་གསོ་རིག་བསྟན་པ་དགུང་དུ་འདེགས་དགོས་པར་བཀས་བསྐུལ། ལྷག་པར་བླ་སྨན་པ་བསྟན་འཛིན་རྒྱ་མཚོར་འགན་དབང་དང་མཐུན་རྐྱེན་ཡོངས་སུ་བསྩལ་ཏེ་སྔར་ཞོལ་དཔར་ཁང་དུ་བཞུགས་པའི་དཔལ་ལྡན་<<རྒྱུད་བཞི་>>དང་། འགྲེལ་པ་<<བཻ་སྔོན།>> མན་ངག་<<ལྷན་ཐབས།>>་<<ཤེལ་གོང་>>རྩ་འགྲེལ། སི་ཏུའི་<<འགྲེལ་ཆེན་>>སོགས་ཚད་ལྡན་བསྟན་བཅོས་དག་གི་པར་གཞི་ཆེས་བགྲེས་ཟད་དུ་གྱུར་པ་རྣམས་པར་གཞི་གསར་དུ་བརྐོས་ཐོག་ལྕགས་རི་གྲྭ་ཚང་རང་དུ་པར་ཁང་ཆེད་འཛུགས་ཀྱིས་དཔར་དུ་བསྐྲུན་པར་མཛད་པ་ན་ཕྱིས་ལྕགས་རིའི་པར་མ་(ད་ལྟ་ལྷ་ལྡན་སྨན་རྩིས་ཁང་དུ་བཞུགས།) ཞེས་ཀྱང་གྲགས། དེ་རྗེས་(སྤྱི་ལོ་༡༨༩༣)ལོར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་དཔྱོད་མཁྱེན་རབ་ལ་བརྟེན་ནས་སྔར་བརྐོས་<<རྒྱུད་བཞིར་>>སླར་ཡང་སྐུ་ངོ་མས་དཔྱད་ཞིབ་ཞུས་དག་མཛད་པའི་ཚེ་ཆད་ལྷག་ཚིག་ནོར་སོགས་ཀྱི་ནོངས་པ་ཅི་རིགས་མཆིས་པར་གཟིགས་པ་ན་ “འདི་ནི་སྐྱེ་འགྲོ་མཐའ་དག་གི་སྲོག་བཟུང་གི་རྩ་བར་སོང་གཤིས། དེ་ལམ་བཞག་པས་མ་འཐུས་ཤིང་བསྐྱར་ཞུས་ནན་ཏན་བྱེད་དགོས་” ཞེས་བླ་སྨན་པ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང་། ལྕགས་རི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་བདེ་ལེགས་བཅས་ལ་འགན་དབང་དང་མཐུན་རྐྱེན་བསྩལ་ཏེ་སླར་ཡང་ཞུས་དག་བསྐྱར་དཔར་མཛད་པ། དེའི་རྗེས་(སྤྱི་ལོ་༡༨༩༧)ལོར་ཟུར་ལུགས་ཀྱི་བཞེད་པ་འཛིན་པའི་འཚོ་བྱེད་མཁས་པ་ཆང་ཁྱིམ་པ་བྱམས་པ་ཐུབ་དབང་ལ་བླ་སྨན་མཁན་ཆུང་གི་གདན་ཐོབ་བསྩལ་བ་དང་། བྱང་ལུགས་ཀྱི་བཞེད་པ་འཛིན་པའི་སྟོད་ཤེལ་དཀར་ཆོས་སྡེའི་བྱ་སྦུག་དམ་ཆོས་དཔལ་ལྡན་ལ་བླ་སྨན་ལས་ཚན་པའི་གདན་ཐོབ་གནང་སྟེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་གསོ་རིག་འཆད་སྤེལ་གྱི་འགན་དབང་རྣམས་བསྩལ། ཕྱོགས་སོ་སོའི་བཞེད་པའི་གདམས་ངག་ཕྱག་ལེན་ལ་བརྟེན་ནས་སློབ་མ་བསྐྱེད་བསྲིངས་ཀྱིས་འབུར་ཐོན་ཡོང་བར་བྱེད་དགོས་པའི་བཀས་ནན་ཆེར་གདམས་པར་མཛད་ཅིང་། སློབ་དཔོན་གཉིས་ཀྱིས་ཀྱང་མགོན་པོ་གང་གི་བཀའི་གནང་བ་ཇི་ཕེབས་བཞིན་ཐུགས་ནུས་མཐའ་དག་ཕྱུང་སྟེ་བསྐྱེད་བསྲིངས་མཛད་པའི་སྣོད་ལྡན་འབུར་ཐོན་གྱི་སློབ་མ་ཐེངས་དང་པོའི་གྲས་སུ་ལྷུན་གྲུབ་གྲགས་པ་དང་། ཐེངས་གཉིས་པའི་གྲས་སུ་ལྷོ་ཁ་བ་མཁྱེན་རབ་ནོར་བུ་དང་། ཚུལ་ཁྲིམས་སྙན་གྲགས་སྐལ་བཟང་ལེགས་བཤད། ཐུབ་བསྟན་དར་རྒྱས་སོགས་མང་པོ་ཐོན་པ་དེ་དག་གིས་སློབ་དཔོན་གཉིས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པའི་གདམས་ངག་ཕྱག་ལེན་དང་བཅས་པ་བརྒྱུད་འཛིན་དར་སྤེལ་གྱིས་དུས་ད་ལྟའི་བར་དུའང་འཕྲིན་ལས་ཆེ་བར་མངོན། དེའི་ནང་ནས་བྱམས་པ་ཐུབ་དབང་མཆོག་གིས་རང་རིགས་ཀྱི་རིགས་རྒྱུད་སྐྱེ་འཕེལ་དང་། སྤྱི་འབངས་ཀྱི་དངོས་ཡོད་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་ཏེ་སྔ་སོར་རང་ལྗོངས་སུ་མ་བུ་བདེ་གྲོལ་དང་། བྱིས་པའི་བདེ་སྲུང་གསོ་ཚགས་སྐོར་གྱི་ཤེས་བྱའི་ལག་རྩལ་ལམ་བྱ་ཐབས་ཚུལ་བཞིན་མེད་པའི་རྐྱེན་གྱིས་རྒྱ་ཁྱབ་ཏུ་བྱིས་པ་འཆི་གོད་མང་བ་སོགས་ཀྱི་ཉེས་པ་མང་དག་མཆིས་པ་རྣམས་ཉེ་བར་ཞི་ནས་མི་རིགས་འདི་ཉིད་སྐྱེ་མཆེད་གཙང་ཞིང་ལང་ཚོ་བདེ་ལྡན་དང་། ཤེས་རིག་བཀྲ་ཞིང་བློ་གྲོས་རྒྱས་པ་བཅས་ཡོང་ཕྱིར་རྗེ་དེ་ཉིད་ཀྱིས་ཐུགས་ནུས་ཆེན་པོས་བྱིས་པ་གསོ་ཚགས་བསྐྱེད་བསྲིངས་དང་། ནད་བཅོས་སྔོན་འགོག་གི་སྨན་རིགས་བེད་སྤྱོད་བྱེད་སྟངས་སོགས་བྱིས་པའི་བདེ་སྲུང་གི་ཤེས་བྱའི་ནང་དོན་ཁག་དོན་ཚན་བཅུ་དགུ་ལ་བགོས་ནས་རྒྱས་བཤད་མཛད་པའི་དཔེ་དེབ་<<བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་>>ཞེས་པ་ཡིག་འབྲུ་ཉིས་སྟོང་སུམ་བརྒྱ་ལྷག་ཙམ་ཡོད་པ་ཞིག་ལྗགས་རྩོམ་དཔར་བསྐྲུན་དང་། དེ་བཞིན་བྱིས་ནད་འགོག་བཅོས་ཀྱི་སྨན་སྦྱོར་ཁག་བརྒྱད་གསར་བཟོ་བཅས་མཛད་རྗེས་སྨན་དང་དཔེ་དེབ་རྣམས་སྲིད་འཛིན་གྱི་ཐོག་ནས་རྒྱ་ཁྱབ་རྫོང་གཞིས་ཁག་ཏུ་འགྲེམས་སྤེལ་གྱིས་ཡུལ་ལུང་སོ་སོའི་སྦྲུམ་ལྡན་གྱི་སྐྱེ་བོ་དྲག་ཞན་དང་མཐོ་དམན་གྱི་དབྱེ་བ་མི་འབྱེད་པར་ཀུན་ལ་སྨན་དང་དཔེ་དེབ་བཅས་པ་འགྲེམས་སྤྲོད་དྲིལ་བསྒྲགས་དང་། བེད་སྤྱོད་གསལ་བཤད་བྱེད་དགོས་པ་དང་སླད་ལམ་ལུགས་ཅན་དུའང་འགྱུར་བ་བྱེད་དགོས་པའི་གཏན་འབེབས་མཛད།
ལྷག་པར་དུ་གོང་གི་སྣོད་ལྡན་གྱི་སློབ་མ་དེ་དག་གི་ནང་ནས་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་(སྤྱི་ལོ་༡༨༨༣-༡༩༦༢)ལོར་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གི་ཉེ་འདབས་བྱ་ས་འོག་མོ་ཞེས་པར་ཡབ་ཀྲང་ལགས་དང་ཡུམ་དབྱངས་ཅན་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་དད་བརྩོན་ཤེས་རབ་ཆེ་ཞིང་། གསོ་རིག་གི་བསྟན་པའི་མིག་རྒྱན་དུ་གྱུར་པའི་སྐྱེས་མཆོག་དམ་པ་མཁྱེན་རབ་ནོར་བུ་ཞུ་བ་དེས་སྐུ་ཆུང་ངུའི་དུས་ནས་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་སློབ་གཉེར་མཛད་པའི་སྐབས་དམ་པའི་རང་རྟགས་འགོག་མེད་དུ་མངོན་པ་ན་དགོན་པས་དྲག་རེ་འདེམས་སྒྲུག་གིས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་སློབ་གཉེར་དུ་མངགས་པའི་རྗེས་རྗེ་འདིས་འགྲོ་ཕན་དོན་གཉེར་གྱི་ཐུགས་རྒྱུད་བཟང་པོས་ཀུན་ནས་བསླངས་ཏེ་འདུ་འཛི་གཡེང་བ་ལེ་ལོའི་ནོངས་པ་མཐའ་དག་གཏན་བྲལ་གྱིས་ངལ་བའི་ཁུར་མང་ཐེག་པར་བཟོད་ཅིང་། དད་བརྩོན་ཆེན་པོས་ཐོག་མར་ལྕགས་རིར་བཞུགས་སྐབས་ཀྱི་དགེ་རྒན་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་གྱི་སློབ་མ་གནང་བ་དང་། དེ་རྗེས་སྔ་ཕྱིར་མཁས་པའི་དབང་པོ་བླ་སྨན་སྤྱི་མཁན་བྱམས་པ་ཐུབ་དབང་དང་། གནས་ལྔའི་དབང་ཕྱུག་རྡོ་རྗེ་རྒྱལ་མཚན། མཁས་དབང་འཇམ་དཔལ་རོལ་པའི་བློ་གྲོས། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན། ཙཱ་རི་ཅིག་ཅར་གདུང་འཛིན་རིན་པོ་ཆེ། དྷརྨ་སེང་གེའི་ཞལ་སློབ་བླ་མ་འཇིགས་མེད་འཕྲིན་ལས་སོགས་རིས་མེད་ཀྱི་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱིས་མཚོན་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་དཔྱིས་ཕྱིན་པ་མཛད་དེ་མཁྱེན་དཔྱོད་ཀྱི་རྩལ་རྫོགས་པར་གྱུར་རོ། །
དེ་རྗེས་རབ་ཚེས་ལྕགས་ཁྱི་(སྤྱི་ལོ་༡༩༡༢)ལོར་དགུང་ལོ་ཉེར་དགུའི་ཐོག་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་། སྨན་དཔེ་རྩོམ་སྒྲིག་གི་ཕྱག་ལས་དང་། སྨན་གཞུང་ལ་ཞིབ་འཇུག་གནང་བའི་འགོ་ཚུགས། གསོ་བ་རིག་པ་ནས་བཤད་པའི་ལུས་ཐིག་<<ཟླ་བ་ནོར་བུའི་མེ་ལོང་>>ལ། བཻ་སྔོན་དང་བྲིས་ཆ་སོགས་སྒོ་དུ་མར་ཞིབ་རྟོག་ནན་ཏན་གནང་ནས་མཆན་འགྲེལ་ལེགས་པར་སྐྱོན་པ་དང་། དེ་རྗེས་རབ་ཚེས་ཆུ་གླང་(སྤྱི་ལོ་༡༩༡༣)ལོར་མི་དབང་བཤད་སྒྲ་བློན་ཆེན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་རྒྱ་གར་སོགས་ཕྱི་རྒྱལ་དུ་བྱོན་པའི་ཚེ་ན་ཡང་ཕྱི་རྒྱལ་གྱི་ནད་པ་གསོས་དཀའ་བའི་རིགས་འགའ་ཞིག་ལ་སྨན་བཅོས་ཀྱིས་བདེ་བླག་ཏུ་གསོ་བར་མཛད་པ་དང་། ཡུལ་དེ་ཚོའི་མཁས་དབང་དག་དང་གསོ་དཔྱད་སྐོར་ལ་དྲི་མོལ་མཛད་པས་གསོ་རིག་མཁས་པའི་མཚན་སྙན་ཐོབ། དེ་རྗེས་དམ་པ་དེ་སྨན་རྩིས་སོགས་རིག་གནས་གང་ལ་ཡང་མཁྱེན་རྒྱ་ཆེ་བས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་སྐུ་བཅར་བླ་སྨན་གཞོན་པའི་གོ་གནས་བསྩལ་བའི་ཁར། ལྷག་པར་རབ་ཚེས་མེ་འབྲུག་(སྤྱི་ལོ་༡༩༡༦)ལོར་གསོ་རིག་སློབ་གསོ་དང་། སྨན་བཅོས་ལག་རྩལ། སྨན་རྫས་སྦྱོར་བཟོ། གནམ་རིག་སྐར་རྩིས། རིག་གནས་སྐད་ཡིག་བཅས་ཕྱོགས་བསྡུས་བྱས་པའི་སློབ་གྲྭ་ཆེན་མོ་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་ཐོག་གཞུང་སྲིད་ཀྱིས་ཐད་ཀའི་དོ་དམ་བྱེད་པའི་སྡེ་ཚན་གྱི་ཁོངས་སུ་མཛད། བླ་སྨན་པ་སྤྱི་མཁན་བྱམས་པ་ཐུབ་དབང་ལ་སྤྱི་ཁྱབ་དབུ་འཛིན་དང་། སྨན་རྩིས་རིག་གནས་གང་ལ་མཁྱེན་རབ་རྒྱས་པའི་འབྲས་སྤུངས་སྨན་སྦྱིན་པ་མཁྱེན་རབ་ནོར་བུ་མཆོག་ལ་བླ་སྨན་སྐུ་གཞོན་དང་ཞབས་སྡོད་ལས་ཚན་ཆེ་བའི་གཟེངས་བསྟོད་དང་འབྲེལ་སློབ་གྲྭའི་དོ་དམ་དང་འཛིན་སྐྱོང་འཆད་སྤེལ་གྱི་དབུ་འཛིན་(ལྕགས་རིའི་དབུ་འཛིན་གཅིག་ལྕོགས།)དུ་བསྐོ་བཞག་གནང་། ལྷག་པར་དུ་སླད་ཡུལ་ཁམས་ཀུན་ཏུ་ཁྱབ་ཅིང་རིས་མེད་ཀྱི་འབངས་སྐྱེ་འགྲོ་ཀུན་གྱི་བདེ་རྩར་སྨན་ཐུབ་པ་ཡོང་རྒྱུའི་རྩ་དོན་ལ་གཞིགས་ནས་སློབ་མ་བསྡུ་བའི་སྲོལ་ལུགས་ཐད་རིག་གནས་ཀྱི་རྨང་གཞི་དང་། སྒྲིག་འཛུགས་ཀྱི་རང་བཞིན། འཚོ་བའི་ཁག་ཐེག་བཅས་ཡོད་པའི་ཕྱོགས་མཐའི་དགོན་ཁག་དང་། དམག་སྒར་ཁག་ནས་བསྡུ་རྒྱུ་དང་། ཕན་བདེ་དང་དུ་བླངས་པའི་སྒེར་བཞག་གི་སློབ་མ་ཡང་ཡོད་ཆོག་ཅིང་། འབྱུང་འགྱུར་སློབ་གྲྭ་ཐོན་རྗེས་ “དེ་ཡོང་དེར་བསྐྱོད་ཀྱི་”སྲོལ་ལམ་བཅས་གཏན་འབེབས་མཛད་པ་དང་འབྲེལ་སློབ་གྲྭར་སྡོད་བཞིན་པའི་དགེ་སློབ་ཚོར་ཡང་གནས་མལ་གྱི་མཐུན་རྐྱེན་བསྩལ་བ་སོགས་མདོར་ན་མཁས་པའི་དབང་པོ་མཁྱེན་རབ་ནོར་བུ་མཆོག་གིས་འགྲོ་ཕན་ལ་ལྷག་བསམ་རྣམ་པར་དཀར་བའི་ཐུགས་རྒྱུད་བཟང་པོས་ཀུན་ནས་བསླངས་ཏེ་ཡངས་པའི་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟན་ནས་སྔ་སོར་མི་དབང་སྡེ་སྲིད་མཆོག་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་སྲོལ་བཏོད་དར་སྤེལ་མཛད་པའི་སྲོལ་རྒྱུན་བཟང་པོ་རྣམས་བརྒྱུད་འཛིན་གྱིས་སྨན་རྩིས་འགྲོ་ཕན་གླིང་དུ་ཚན་ཁག་སྒྲིག་གཞི་དང་གཞུང་ཚད་སློབ་ཡུན། གཞུང་ལུགས་འཆད་སྤེལ། ལག་ལེན་དམར་ཁྲིད། རྒྱུགས་འབུལ་དང་སློབ་ཐོན་ལམ་ལུགས། སྨན་རྫས་འཐུ་སྒྲུབ་དང་སྦྱོར་བཟོས་མཚོན་པའི་སྒྲིག་སྲོལ་ལམ་ལུགས་ཁག་ཆ་ཚང་ཞིག་གང་ལ་དེ་འཚམས་དང་། གསར་བཏོད་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་སྒོ་ནས་གཏན་འབེབས་མཛད།
དེ་བཞིན་སྨན་རྩིས་འགྲོ་ཕན་གླིང་རང་དུ་སྒོ་བསྟེན་སྨན་བཅོས་ཀྱི་ལམ་སྲོལ་བཙུགས་ཏེ་དུས་ཚོད་དང་། མི་གྲངས། ས་ཁུལ་སོགས་ཀྱི་ཚད་བཀག་གང་ཡང་མེད་ཁར་སྨན་རིན་སྤྲོད་རྒྱུ་ཡོད་མེད་ལ་མ་བལྟོས་པར་རིས་མེད་ཀྱི་ནད་པ་མཐའ་དག་ལ་སྣེ་ལེན་སྨན་བཅོས་ཀྱིས་ནད་གཞི་དང་བསྟུན་ནས་སྨན་སྤྲོད་པ་དང་། ནོར་ཕོངས་ཉམ་ཐག་དག་གིས་སྨན་རིན་ཕུལ་ཡང་ཕྱིར་སློག་གནང་བ་སོགས་གཞན་ཕན་དོན་གཉེར་དང་། དེ་བཞིན་ས་གནས་ཁག་ཏུ་ནད་ཡམས་བྱུང་སྐབས་སྐོར་བསྐྱོད་སྨན་བཅོས་མི་སྣ་གཏོང་བ་དང་། ལྷག་པར་ཕྱོགས་མཐའ་ནས་འོངས་པའི་ཟས་ནོར་དབུལ་ཞིང་ཆགས་རྟེན་མེད་པའི་དབང་པོ་སྐྱོན་ཅན་ནམ་ནད་མནར་ཉམ་ཐག་རིགས་ལ་ཆེད་མངགས་བལྟ་སྐྱོང་དང་སྨན་བཅོས་ཀྱི་གོ་སྐབས་ཐོབ་ཆེད་སྨན་རྩིས་འགྲོ་ཕན་གླིང་གི་ཉེ་འགྲམ་དུ་ “སྤྲང་ཚང་”ཞེས་རྭ་སྒོར་དང་བཅས་པའི་ཁང་མིག་ཉི་ཤུ་ལྷག་ཙམ་གསར་རྒྱག་གིས་གནས་སྡོད་བྱེད་པའི་མཐུན་རྐྱེན་གནང་བ་དང་འབྲེལ་ཉམ་ཐག་དམིགས་བསལ་ཅན་འགའ་ཞིག་སྨན་ཁང་རང་དུ་ཉར་ཏེ་འཚོ་གོས་ཀྱི་མཐུན་རྐྱེན་ཡང་བསྩལ་ཐོག་སྨན་པ་དང་དུས་ཚོད་གཏན་འཁེལ་གྱིས་རིན་མེད་སྨན་སྦྱིན་གྱིས་སྨན་བཅོས་བྱེད་པ་དང་། ད་དུང་ཆེས་ཉམ་ཐག་པའི་རིགས་ལ་ལག་ཁྱེར་གནང་སྟེ་ཟླ་རེའི་དུས་ཚིགས་ངེས་ཅན་དུས་སུ་སྐུ་ཉིད་ཀྱི་ཕོགས་ཐོབ་ནས་འགྲོ་གྲོན་བཏང་སྟེ་རྩམ་པ་དང་ལག་དངུལ་སོགས་ཟང་ཟིང་གི་གནང་སྦྱིན་ཐོབ་ཆོག་པའི་སྲོལ་ལུགས་འཛུགས་གནང་མཛད། ལྷག་པར་ལོ་རེའི་བོད་ཟླ་དང་པོ་དང་བཞི་པའི་ཡར་ངོའི་དུས་ཚིགས་རིང་ཉམ་ཐག་ངན་སློང་ཚང་མ་ལྷ་སའི་གླིང་སྐོར་ལྷོ་བྱང་རྒྱུད་དུ་རུབ་བསྡུས་སློང་མོ་བྱེད་པའི་སྐབས་དང་བསྟུན་ཏེ་སྨན་པ་ཆེད་གཏོང་གིས་རིན་མེད་སྨན་སྦྱིན་གྱིས་སྐོར་བསྐྱོད་སྨན་བཅོས་བྱེད་པའི་སྲོལ་ལམ་འཛུགས་པར་མཛད་པ་བཅས་ལ་བརྟེན་ནས་རིས་སུ་མ་ཆད་པའི་བྲོ་འཚལ་བ་ཉམ་ཐག་དག་ལ་གདུང་སེལ་སྲོག་སྦྱིན་བྱེད་པའི་ལེགས་ལམ་བཏོད་པར་མཛད། གཞན་ཡང་སྔ་སོར་ལྕགས་རི་འགྲོ་ཕན་གླིང་དུ་ཚོན་ཁྲ་ཅན་གྱི་དཔེ་རིས་སྨན་ཐང་ངོ་གྲངས་བདུན་ཅུ་དོན་དགུ་ཡོད་པ་རྣམས་བར་སྐབས་གཡར་བརྗེད་བོར་བརླག་གིས་ངོ་གྲངས་སོ་གཅིག་ལས་མེད་གཤིས་ྋརྒྱལ་དབང་མཆོག་གི་བཀའ་དགོངས་ལྟར་རྗེ་ཉིད་ཀྱིས་ཐུགས་འགན་བཞེས་ཏེ་བསྐྱར་བྲིས་ཁ་གསབ་མཛད་སྟབས་དུས་ད་ལྟའི་བར་དུའང་ཆ་ཚང་བཞུགས། དེ་བཞིན་སྐུ་ཉིད་ནས་གསོ་རིག་སྐོར་ལ་རྩ་རྒྱུད་སྡོང་འགྲེམས་<<གསོ་རིག་རྒྱ་མཚོའི་སྙིང་པོ་>>དང་། བཤད་རྒྱུད་ཀྱི་སྡོང་འགྲེམས་<<ཟླ་ཤེལ་ནོར་བུའི་མེ་ལོང་།>> གསོ་ཚུལ་གསོ་ཐབས་ཀྱི་སྡོང་འགྲེམས་<<ནོར་བུ་བཻ་ཌཱུརྱའི་ཕྲེང་བ།>> ཕྱི་རྒྱུད་སྡོམ་ཚིག་<<གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག>> ནད་མིང་ཚིགས་བཅད་<<རིན་ཆེན་ཕྲེང་བ།>> ལག་ལེན་ཉེར་མཁོའི་སྨན་གྱི་སྦྱོར་དཔེ་<<བདུད་རྩིའི་བུམ་བཟང་།>> བྱིས་པ་བཙའ་ཐབས་<<ཀུན་ཕན་ཟླ་བའི་མེ་ལོང་།>> བྱིས་པའི་ནད་རིགས་མ་ལུས་བཅོས་པའི་<<ཉམས་ཡིག>> སྨན་སྦྱོར་གྱི་ནུས་པ་ཕྱོགས་བསྡུས་<<ཕན་བདེའི་ལེགས་བཤད།>> ཁྲོག་སྨན་འཁྲུངས་དཔེ་<<ཡིད་བཞིན་འདོད་འཇོའི་བུམ་བཟང་།>> བདུད་རྩི་སྔོ་ཡི་འཁྲུངས་དཔེ་རྒྱས་པ་<<འཚོ་བྱེད་གཞོན་ནུའི་སྙིང་ནོར།>> སྔོ་སྨན་འཁྲུངས་དཔེ་བསྡུས་པ་<<ངོ་མཚར་གསེར་གྱི་སྙེ་མ།>>དང་། རྩིས་དཀར་ནག་སྐོར་སོགས་ཚད་ལྡན་གྱི་བསྟན་བཅོས་ཇི་སྙེད་ཅིག་མཛད་ཁར་ད་དུང་གསོ་དཔྱད་ལས་དང་པོར་ཉེ་བར་མཁོ་བ་<<ནད་སྨན་སྤྲོད་པའི་ཉམས་ཡིག་>>དང་། གཏར་རྩའི་བསྡོམས་ཚིག་<<གཞོན་ནུའི་ངག་རྒྱན།>> སྔོ་སྦྱོར་<<བདུད་རྩི་ཐིགས་པ།>> <<ལྔ་པ་འཕྲོད་>>སོགས་ཉེར་མཁོའི་ལག་ལེན་སྐོར་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚད་ལྡན་བསྟན་བཅོས་མང་པོ་པར་གཞི་བརྐོས་ཏེ་དཔར་བསྐྲུན་མཛད་པ་སོགས་ལ་བརྟེན་ནས་གཏན་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་དབྱེ་གནང་མཛད་པ་དང་། ལྷག་པར་སློབ་དཔོན་འདི་ཉིད་ཀྱིས་སྔ་ཕྱིར་གསོ་སྐྱོང་བསྐྱེད་བསྲིངས་མཛད་དེ་གོ་འཕེར་རང་རྐྱ་ཐུབ་པའི་སྐལ་ལྡན་གྱི་སློབ་མ་དང་།ཡང་སློབ་བཅས་པ་སྟོང་ཕྲག་ལྷག་ཙམ་བྱུང་བ་རྣམས་བོད་ལྗོངས་ཡོངས་ཀྱི་ཡུལ་གྲུ་སྤྱི་དང་།
དེ་བཞིན་སྟོད་ལ་དྭགས་དང༌། འབྲས་ལྗོངས། འབྲུག་ཡུལ་སོགས་སུའང་ཁྱབ་ནས་སྨན་རྩིས་ཀྱི་བསྟན་པ་དར་རྒྱས་བྱུང་སྟེ་རིས་མེད་ཀྱི་འབངས་སྐྱེ་འགྲོའི་འཚོ་གནས་དང་བཅས་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པ་སོགས་མདོར་ན་རྗེ་འདི་ཉིད་ཀྱིས་ཇི་སྲིད་ནམ་འཚོའི་བར་རང་དོར་གཞན་གཅེས་དང་། འགྲོ་ཕན་དོན་གཉེར་གྱིས་རིམ་བྱོན་མཁས་དབང་དུ་མའི་མན་ངག་ཟབ་དོན་གྱི་ལེགས་བཤད་མཐའ་དག་ལ་གཟིགས་པའི་སྤྱན་དཀྱུས་ཡངས་ཤིང་ཉམས་ལེན་ཕྱག་བཞེས་ལ་དབང་འབྱོར་ཏེ་ཐུགས་བརྩེ་བ་ཆེན་པོས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་ནས་འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་འཇུག་པ་ཆེས་ཟབ་ཅིང་རྒྱ་ཆེ་བ་བཅས་ལ་བརྟེན་ནས་བོད་གངས་ཅན་པའི་སྨན་རྩིས་རིག་གནས་ཀྱི་བསྟན་པ་སྤྱི་དང་། བོད་འབངས་སྐྱེ་འགྲོའི་བདེ་དོན་ལ་སྲི་ཞུ་དཔྱིས་ཕྱིན་ཅིང་སྲིད་ན་མངོན་པར་འཕགས་ཤིང་དཔག་པར་དཀའ་བའི་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་སྟབས་རྗེ་དེ་ཉིད་ཀྱི་མཚན་སྙན་དང༌། རྗེ་དེས་འཛིན་སྐྱོང་འཕེལ་རྒྱས་མཛད་པའི་སྨན་རྩིས་འགྲོ་ཕན་གླིང་གི་མཚན་སྙན་གྱི་གྲགས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་སྒོ་གསུམ་དད་པའི་སྒོ་ནས་མཆོད་པའི་ཡུལ་དུ་གྱུར་པ་མ་ཟད། དུས་ད་ལྟའི་སྐབས་སུའང་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་ལས་འོད་སྟོང་འཕྲོ་བཞིན་ཡོད་ལ་སླད་ཇི་སྲིད་ནམ་གནས་བར་དུའང་འོད་སྟོང་འཕྲོ་བར་འགྱུར་བ་ནི་གདོན་མི་ཟའོ།། །།
འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ།》 ཞེས་པ་ནས་ཟུར་འདོན་ཞུས།།
མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:23 PM
<< སྔ་མ།