བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.12.2024 |
༄༅། །བོད་ཀྱི་གསོ་བ་རིག་པ་དང་ཀྲུང་ལུགས་ཀྱི་འབྲས་ནད་སྐོར་མདོ་ཙམ་གླེང་བ།
ྋསྐུ་བཅར་སྨན་པ་འབུམ་རམས་པ་བསྟན་འཛིན་མཐའ་ཡས།
ཨོཾ་ཨ་ཐཱ། སྙིགས་དུས་འགྲོ་ཀུན་སྐྱོབ་པར་དམ་བཅས་ཤིང་།།
དུག་གསུམ་ནད་ཀྱི་གཡུལ་དུ་དཔའ་བོ་ཆེ།།
བཅུ་གཉིས་སྨོན་འགྲུབ་སངས་རྒྱས་སྨན་གྱི་བླ།།
བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།
ཞེས་གསོལ་འདེབས་ཀྱིས་ལམ་ཡངས་བར་ཕྱེས་ནས་བོད་ཀྱི་གསོ་རིག་དང་ཀྲུང་ལུགས་གཉིས་ཀྱི་འབྲས་ནད་སྐོར་མདོ་ཙམ་བརྗོད་པར།
ས་བཅད་དང་པོ། བོད་ལུགས་གསོ་རིག་གི་འབྲས་ནད་རིག་པ།
བོད་ལུགས་གསོ་རིག་གི་འབྲས་ནད་རིག་པར་འབྲས་ནད་ཀྱི་གོ་དོན་དང་། རྒྱུ། རྐྱེན། དབྱེ་བ། ནད་རྟགས། བཅོས་ཐབས་བཅས་དྲུག།
དང་པོ། འབྲས་ནད་ཀྱི་གོ་དོན།
སྟག་ཚང་ལོ་ཙཱ་བས། འགྲམས་འཁྲུགས་དྭངས་མ་མ་སྨིན་པས། །ཁྲག་ངན་རྒྱས་ཏེ་རྩ་མིག་བྱེར། །རླུང་གིས་བསྒྲིལ་ནས་བེ་འབྲས་ལྟར། །སྲ་ཞིང་མཁྲེགས་གྱུར་འབྲས་ཞེས་བཤད། །ཅེས་དང་། མན་ངག་བྱེ་བ་རིང་བསྲེལ་ལས། །ཆུ་སེར་རྐུན་བུ་ན་ཚ་མེད། །ལུས་ཀྱི་ལྷན་སྐྱེས་སྲིན་དང་བསྡོངས། །ཤ་རུས་རྩ་ལ་ཞེན་པ་ལ། །འབྲས་ནད་ཅེས་སུ་བཤད་པ་ཡིན། །ཞེས་སོགས་གསུངས་པ་བཞིན་མི་རྣམས་ཀྱིས་ཟས་སྤྱོད་དམན་ལྷག་ལོག་པར་སྤྱོད་པར་བརྟེན་ནས་ཁ་ཟས་མ་ཞུ་བས་དྭངས་མ་ཟུངས་སུ་མ་སྨིན་པར་ངན་ཁྲག་རྒྱས་པ་དང་། འགྲམས་འཁྲུགས་ཀྱིས་ངན་ཁྲག་ཆུ་སེར་འཕེལ་བ་ལུས་ཀྱི་རྩ་མིག་ཏུ་བྱེར་ཞིང་། གནས་གང་རུང་ཞིག་ཏུ་འདུས་པ་དེ་ཉིད་རླུང་གིས་བསྒྲིལ་ཏེ་བེ་འབྲས་ལྟ་བུའི་སྲ་མཁྲེགས་སུ་གྱུར་ནས་ལུས་ཟུངས་འཛད་པའམ་འཇོམས་པར་བྱེད་པ་དང་། ངན་ཁྲག་ཆུ་སེར་དེ་ཡང་རྐུན་བུ་ལྟར་མི་ཚོར་བར་སྐྱེ་ཞིང་ན་ཟུག་ཆུང་བའམ་མེད་ཅིང་། དེ་ཉིད་ལྷན་སྐྱེས་སྲིན་དང་བསྡོངས་ནས་ཤ་དང་། རུས་པ། རྩ་རྒྱུས་སོགས་ལ་ཞེན་ནས་གནས་དེ་རྣམས་ཀྱི་ཕུང་གྲུབ་འཇོམས་པར་བྱེད་པའི་ནད་ཅིག་ལ་འབྲས་ནད་ཅེས་བརྗོད་པ་ཡིན་ནོ། །ཞེས་སོགས་མང་དུ་གསུངས་པ་རྣམས་ལས།
༡། འབྲས་ནད་ལྷན་སྐྱེས་རྨར་གསུངས་པས་རིགས་རྒྱུད་ཀྱི་རྒྱུད་འཛིན་ནམ་འགོས་ཕོག་མང་བ།
༢། ཟས་སྤྱོད་དམན་ལྷག་ལོག་པར་སྤྱོད་པས་ཁྲག་ངན་ཆུ་སེར་འཕེལ་ཏེ་འབྲས་ནད་སྐྱེད་པ།
༣། ཐོག་མའི་སྐབས་སུ་ནད་རྟགས་སོགས་ཆེར་མེད་པས་གསར་དུས་སུ་ངོས་འཛིན་དཀའ་བ།
༤། ཁྲག་ངན་ཆུ་སེར་ལུས་ཀྱི་རྩ་མིག་ཏུ་བྱེར་བ་རླུང་གིས་བསྒྲིལ་ནས་སྲ་མཁྲེགས་སུ་སྐྲངས་པར་བྱེད་པ།
༥། ནད་འདི་རྙིང་ན་ལུས་ཟུངས་ཐམས་ཅད་འཇིག་པར་བྱེད་པས་གསོ་བཅོས་དཀའ་བ།
༦། འགྲོ་བའི་སྲོག་ལ་ཤིན་ཏུ་གཟན་ལ་གཉན་པའི་ནད་ཅིག་ཡིན་པ།
༧། དུས་ངན་སྙིགས་མའི་སྐབས་སུ་དར་ཁྱབ་ཆེ་བ་སོགས་རྟོགས་ཐུབ་པ་ཡིན།
གཉིས་པ། འབྲས་ནད་ཀྱི་རྒྱུ།
དཔལ་ལྡན་རྒྱུད་བཞི་ལས། རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས། །ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་འབྱུང༌། །ཅེས་དང་། གསོ་རིག་དགོས་པ་ཀུན་འབྱུང་ལས། །རྒྱུ་ནི་ཉེས་གསུམ་ཁྲག་ལས་གྱུར་པ་སྟེ། །ཞེས་སོགས་གསུངས་པ་བཞིན་འབྲས་ནད་ཀྱི་རིང་རྒྱུ་ནི་རྣམ་པར་མ་གྱུར་བའི་རླུང་དང་། མཁྲིས་པ། བད་ཀན་བཅས་དང་། ཉེ་རྒྱུ་ནི་ཁྲག་དང་། ཆུ་སེར། སྲིན་བཅས་ཡིན།
གསུམ་པ། ནད་རྐྱེན།
རྐྱེན་ནི་རིམས་ཀྱི་ཚ་བ་ཕོག་པ་དང། མཚོན་སྣུན་པ། ཐ་མ་འཐེན་པ། དྲག་ཤུལ་ལས་ཀྱིས་འགྲམས་འཁྲུགས་བྱུང་བ་སོགས་སྤྱོད་ལམ་དམན་ལྷག་ལོག་པར་སྤྱོད་པ་དང་། ཁ་ཟས་ཁེངས་པོ་དང་། ནུས་པ་རབ་ཏུ་ཚ་བ་དང་། རྩུབ་པ། རྣོ་བ། སྐམ་པ་སོགས་ཀྱི་ཟས་རིགས་དང་། ཆང་རག་འཐུངས་པ། ཤ་སོགས་རུལ་སུངས་དང་ཚ་སྐྱུར་གྱི་ཟས་རིགས་ཟས་དྲགས་པ་སོགས་ཀྱིས་མྱག་བཞུ་མ་ཐུབ་པར་དྭངས་མ་མ་སྨིན་ཁྲག་ངན་ཆུ་སེར་འཕེལ་བ་ལུས་ཀྱི་རྩ་མིག་དུ་བྱེར་ཏེ་པགས་པ་དང་། ཤ ཚིལ། རུས་པ། ཁྲག ཆུ་བ། རྒྱུས་པ། དོན་སྣོད་སོགས་ལུས་ཀྱི་ཕྱི་ནང་གང་རུང་ཞིག་ཏུ་འདུས་པ་རླུང་གིས་བསྒྲིལ་ནས་བེ་འབྲས་ལྟ་བུའི་སྲ་མཁྲེགས་སུ་སྐྲངས་པ།
ཡང་ན་ཁྲག་ངན་ཆུ་སེར་འཕེལ་བ་ལུས་ཀྱི་ལྷན་སྐྱེས་སྲིན་དང་བསྡོངས་ནས་ལུས་ཀྱི་ཆ་ཤས་ཤ་རུས་རྩ་སོགས་གནས་གང་རུང་དུ་ཞེན་པར་གྱུར་བ། གཞན་ཡང་ཀླུ་གདོན་གྱི་བསྡོངས་ཟླ་ཡོད་པ། རྨ་སྐྲངས་སོགས་ལ་སྨན་བཅོས་ཡུན་རིང་བྱས་ཀྱང་ཕན་སྐྱེད་མ་བྱུང་བར་རྙིང་པར་གྱུར་བ་སོགས་ཀྱིས་འབྲས་ནད་སྐྱེད་པར་བྱེད།
བཞི་བ། འབྲས་ནད་ཀྱི་དབྱེ་བ།
དཔལ་ལྡན་རྒྱུད་བཞི་ལས། དབྱེ་བ་གནས་དང་ཉེས་པའི་རིགས་ཀྱིས་དབྱེ། །གནས་ཀྱིས་དབྱེ་ན་ཕྱི་འབྲས་ནང་འབྲས་གཉིས། །ཕྱི་ལ་ཤ་རུས་རྩ་ཡི་འབྲས་དང་གསུམ། །ནང་འབྲས་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །ཕོ་བ་རྒྱུ་ལོང་གཞང་དང་ལྒང་པ་དགུ། །དེ་རིགས་རླུང་མཁྲིས་ཁྲག་དང་བད་ཀན་དང༌། །མཚོན་དང་བྱེ་འབྲས་དབྱེ་བ་བཅོ་བརྒྱད་བཤད། །ཅེས་གཞུང་ཕལ་མོ་ཆེ་དང་མཐུན་པར་གསུངས་ལ།
ད་དུང་ནད་རྐྱེན་གྱིས་དབྱེ་བར་འདྲེ་འབྲས་དང་། ཀླུ་འབྲས། སྲིན་འབྲས་བཅས་གསུམ་དང་། ནད་ཀྱི་ངོ་བོའི་དབྱེ་བར་གཡའ་འབྲས་སམ་ཡ་འབྲས་དང་། རྨ་འབྲས། ཤུ་འབྲས། མཛེ་འབྲས། སྨྱོ་འབྲས། གཉན་འབྲས། སྐྱི་འབྲས་བཅས་བདུན།
ནད་དབྱིབས་ཀྱི་དབྱེ་བར་ཕོལ་འབྲས་དང་། རྔ་མོ་མགྲིན་ཐུང་འབྲས། དུང་ལྟར་འཁྱིལ་བའི་འབྲས་བཅས་གསུམ།
ནད་གནས་ཀྱིས་དབྱེ་བར་རྨེན་འབྲས་དང་། ཆུ་རྒྱུས་ཀྱི་འབྲས་གཉིས་བཅས་ཁྱོན་བསྡོམས་འབྲས་ནད་རིགས་སོ་གསུམ་གྱི་མིང་གི་ཐ་སྙད་བྱུང་ཡོད།
ད་དུང་ལུས་ཀྱི་གནས་གཅིག་ལ་ཐོག་མ་ཉིད་ནས་བྱུང་ཞིང་འཕེལ་བའི་གཞི་འབྲས་དང་། གནས་གཞན་ནས་མཆེད་དེ་འོང་བའི་མཆེད་འབྲས། རྨ་ངན་སོགས་ནད་རིགས་ཡུན་རིང་འགོར་ནས་འབྲས་ནད་དུ་གྱུར་བའི་འགྱུར་འབྲས་སོགས་སུ་དབྱེ་ཆོག་པ་དང་།
དེ་བཞིན་ལུས་ཀྱི་ཕུང་གྲུབ་སོ་སོའི་གནས་དང་། ནད་ཀྱི་རང་བཞིན། གསར་རྙིང་སོགས་ཀྱིས་དབྱེ་བ་མང་དུ་ཕྱེས་ཆོག་པར་སེམས།
གཞན་ཡང་ཕྱི་ལུགས་སུ་དབྱེ་བ་མང་དུ་འབྱེད་ཀྱང་གཙོ་བོ་སོ་དང་སེན་མོ་ཕུད་པའི་ལུས་ཀྱི་ཆ་ཤས་དང་ཕུང་གྲུབ་ཀུན་ལ་འབྲས་ནད་འབྱུང་ཆོག་པར་གསུངས་པས་དཔྱད་པར་འཚལ་ལོ།།
ལྔ་བ། འབྲས་ནད་ཀྱི་ནད་རྟགས་མདོ་ཙམ།
དཔལ་ལྡན་རྒྱུད་བཞི་ལས། དེ་རྟགས་ཕྱི་ནང་རིགས་ཀྱིས་བརྟག་པ་གསུམ། །ཕྱི་འབྲས་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར། །སྐྲངས་པ་སྲ་བརྟན་ན་ཟུག་ཆུང་བ་ལ། །ལུམས་འདུལ་ཀུན་གྱིས་ཞི་བར་མི་འགྱུར་བའོ། །ཁྱད་པར་ཤ་འབྲས་ཉུང་གཤེར་འཁྱགས་པ་འདྲ། །རུས་འབྲས་རུས་པ་མདོག་འགྱུར་རྩི་ཉམས་ཟོས། །རྣག་ཆུ་སྲོ་མ་ཁུ་ཚིགས་འབྱུང་བ་ཡིན། །རྩ་འབྲས་རྩ་ཐོག་སྐྲངས་ཤིང་འཁྱུག་ལ་འཕྲོ། །དེ་དག་གནད་སྟེང་བྱུང་བ་གསོ་བ་དཀའ། །ཁོང་འབྲས་སྐྲན་ལྟར་རེག་པ་སྲ་བའམ། །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ། །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོལ་འགྱུར། །ཞེས་སོགས་མང་དུ་གསུངས་པ་དང་། དེ་བཞིན་ནད་ཐོག་ཏུ་ནད་དེ་བྱུང་བ་ནས་བཟུང་ལུས་སྟོབས་དང་གཟི་མདངས་འཆོར་བ་དང་། ཤ་སྐེམ་པ། ཡི་ག་འགག་པ། སེམས་པ་མི་སྐྱིད་པ། སྐབས་སུ་ཚད་པ་རྒྱས་ལ་ཕྱི་དྲོ་ཚ་བ་ཆུང་ངུ་སྐྱེ་བ།
འབྲས་སྐྲངས་ཀྱི་དབྱིབས་ནི་རྩ་བ་ཆེ་ཞིང་ཟླུམ་པོའམ་འཇོང་བོར་གནས་ཤིང་མཐའ་མཚམས་མི་སྙོམས་པར་ཕུང་གྲུབ་ནང་ལ་ཟུག་ནས་ལུས་ཟུངས་འཇིབ་པའམ་འཇོམས་པར་བྱེད་པ།
དེ་བཞིན་ཚད་སྟོབས་དྲོད་ཀྱི་ཆ་འཕེལ་བས་འབྲས་སྐྲངས་རུལ་མྱགས་སུ་འགྲོ་བའི་ནད་རྟགས་སོགས་མངོན་པ་མཁྱེན་ཡང་སྨན་པ་རྣམས་ཀྱིས་ནད་ཐོག་ཏུ་དངོས་སུ་མཐོང་བཞིན་པ་དེ་རེད། ད་དུང་དེང་དུས་ཕྱི་ལུགས་ཀྱི་བརྟག་འབྲས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་ངོས་འཛིན་བྱ་དགོས།
དམིགས་བསལ་སྨན་པ་རྣམས་ནས་ནད་ཐོག་ལག་ལེན་སྐབས་འབྲས་ནད་སོ་སོར་ཁྱད་པར་གྱི་ནད་རྟགས་གང་ཡོད་ཕྱོགས་བསྡོམས་བྱ་རྒྱུ་གལ་ཆེ་བས་རེ་སྐུལ་ཞུ་རྒྱུ།
དྲུག་པ། འབྲས་ནད་ཀྱི་བཅོས་ཐབས་མདོ་ཙམ།
དཔལ་ལྡན་རྒྱུད་བཞི་ལས། །བཅོས་པའི་ཐབས་ཀྱང་དེ་བཞིན་རྣམ་གསུམ་སྟེ། །ཕྱི་འབྲས་དང་པོ་གདུལ་དང་བར་སྐྱོན་བསལ། །ཤ་འུ་གསོ་ཞིང་ཐ་མ་རྨེན་བརྟས་བྱ། །ཞེས་ཤ་འབྲས་སོགས་ཕྱི་འབྲས་རྣམས་དང་པོ་ལུམས་ཀྱིས་གདུལ་བ་དང་། བར་དུ་ཤ་རོ་ཁྲག་ངན་ཆུ་སེར་བཅས་ཀྱི་སྐྱོན་བསལ་བ། དེ་རྗེས་ཤའུ་གསོ་བ། ཐ་མ་རྨེན་བརྟས་ཏེ་རྨ་གསོ་བ་སོགས་མང་དུ་གསུངས་པ་དང་།
དང་པོ་འབྲོང་རྩེ་ལྷ་བཙུན་གྱི་བེའུ་བུམ་ལས།
༡། སྐྱོན་འཚོལ་སྦྲང་མ་མཆུ་སྙུང་དང་གཅིག་ཅེས་འབྲས་ཡིན་མིན་བརྟག་པའི་ཐབས་སུ་མུ་ཟི་ནག་པོ་གུལ་ནག་མི་རུས་བཙའ་ཡག་ཨ་རུ་རྩེ་སྙུང་། བྱིའུས་ནས་ཟན་བྲུན་སྦྲང་སྨྱོན་དང་སྦྱར་ལ་འབྱར་བྱ། ཞེས་དང་།
༢། སྐྲངས་པ་རྡོ་རྗེ་བྲག་འཇོམས་དང་གཉིས་ཞེས་སྐྲངས་པ་འདུལ་བའི་ཐབས་སུ་སྤྲུ་རྩ་ཉ་སྐམ་ཅོང་ཞི་མི་རྐང་བཞི་ཡི་ལུམས་སོགས་སྤྱོད་པ།
༣། ཤ་ལ་བརྐོ་བའི་ཏོག་ཙེ་དང་གསུམ་ཞེས་བཙན་དུག་དང་། རྒྱ་ཚྭ། སྦལ་རྒྱབ། བྱང་པ་དན་རོག་ད་ཆུ་བཅས་བྱུགས་པས་སྐྲངས་པའི་ཤ་རོ་སོགས་རྐོ་བ།
༤། རུས་ལ་བརྐོ་བའི་གཟོང་དང་བཞི་ཞེས་གོང་སྟེང་རེ་ལྕག་པ་དང་ད་རྒོད་རྩ་བ་དུག་ཤིང་བཅས་བསྣན་པས་རུས་པ་སྐམ་གསོབ་དུ་གྱུར་བ་རྣམས་འདོན་པའི་གཟོང་།
༥། འཚོ་སྨན་ཚ་ལ་གར་སྦྱིན་དང་ལྔ་ཞེས་རྨ་གསོ་ལ་ཤའུ་སྐྱེད་པར་རྒུ་དྲུས་དང་། སྟག་ཤ། བྲག་སྤོས། ཐ་རམ། ཆུ་རྩ། དོམ་མཁྲིས་བཅས་སྦྱར་བས་འཚོ་བར་བྱེད།
༦། འབྲས་ཀྱི་སྦྱིན་བསྲེགས་དཔེ་ཆུ་དང་དྲུག་གོ་ཞེས་འབྲས་ཀྱི་རྗེས་གཅོད་སྦྱིན་བསྲེགས་བྱེད་ཅེས་ནད་གདུག་པ་ཅན་ས་བདག་ཀླུ་ཡིས་གནོད་པའམ་དུག་ཡོད་པས་དང་པོ་གནོད་བྱེད་ལ་རྔན་པ་སྦྱིན་པ་དང་། དེ་རྗེས་སྔགས་མང་དུ་བསྡུས་ནས་ཆར་བ་ཕབ་པའམ་གནོད་པའི་རིགས་རྣམས་སྐྲོད་པའམ་ཞི་བར་བྱེད་པ། མཐར་རྫས་ཀྱིས་བྱུགས་ནས་འཛིན་པ་མེ་ཡིས་བསྲེགས་པ་ནི་སྦྱིན་བསྲེགས་བྱེད་ཚུལ་མདོ་ཙམ་བཅས་དྲུག་ཏུ་གསུངས་ཡོད།
གཉིས་པ་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས།
ཕྱི་འབྲས་ཁོང་སྨན་ཐོག་མ་གཉན་གཅོག་བཏང་། །བར་དུ་ཁྲག་ལ་ཕན་པའི་བསིལ་སྨན་བསྟེན། །ཐ་མ་རྣག་དང་ཆུ་སེར་དངུལ་ཆུས་སྐམས། །དཔྱད་དུ་གང་ཉེ་གཏར་ཞིང་རྔབ་རུས་དྲངས། །རྗེས་སུ་ཆུ་ལུམས་མེ་བཙའ་བསྔགས་པ་ཡིན། །ཁ་ཟས་ཕྱོགས་མེད་འཇིག་ཟས་བཏང་ལ་ཤིགས། །ཁོང་འབྲས་སྨན་གྱིས་བཤིག་ལ་བཤལ་གྱིས་སྦྱངས། །དེ་ལྟར་ཤེས་ན་འབྲས་ཀྱི་ནད་ལས་གྲོལ། ཞེས་གསུངས་པར། ཐོག་མ་སྐྲངས་པ་འདུལ་བའི་དོན་དུ་ཁོང་སྨན་གྱིས་གཉན་མགོ་གཅོག་དགོས་པ་དང་། བར་དུ་ཁྲག་ངན་ཆུ་སེར་མི་འཕེལ་བའམ་མི་སྐྱེ་བའི་ཕྱིར་བསིལ་སྨན་གྱིས་ཁྲག་གཙང་མ་བཟོ་དགོས་པ། ཐ་མ་སྐྲངས་པའི་གཉན་མགོ་ཆོག་ཅིང་བཏུལ་རྗེས་རྣག་སྨིན་པ་དང་ཆུ་སེར་བྱུང་བ་རྣམས་དཀར་བཏུལ་སོགས་སྒྲོན་པའི་སྦྱོར་བས་སྐེམ་པར་བྱེད་པ་དང་། ཡང་ན་དཔྱད་དུ་གང་ཉེའི་རྩ་གཏར་ཞིང་རྔབ་རུས་དྲངས་ཞེས་རྣག་དང་ཆུ་སེར་ཕྱིར་དྲངས་པར་བྱེད་པ། རྗེས་སུ་འབྲས་ཀྱི་ཕྱི་རྗེས་གཅོད་པར་ཆུ་ལུམས་བསྟེན་ལ་མེ་བཙའ་རྒྱབ་ནས་རྩ་རྒྱུས་མཉེན་ལ་དོན་སྣོད་དང་ཕུང་གྲུབ་སོགས་ཀྱི་བྱེད་ལས་ཉམས་པ་གསོ་བར་བྱེད་པ་བཅས་བསྔགས་པ་ཡིན་ནོ། །
གསུམ་པ་ཕན་བདེའི་བསིལ་ཟེར་ལས།
ནད་རྒྱུ་ཁྲག་ཡིན་གང་ཉེ་ཡང་ཡང་གཏར། །སྐྲངས་པོ་རྔབ་རུས་འཇིབ་ལ་ཁྲག་ངན་དབྱུང་། །ནད་རྐྱེན་གཉན་ཡིན་ཁོང་སྨན་རྩ་ལྟོས་སྦྱང་། །ནད་དངོས་འབྲས་ཡིན་ལུམས་འདུལ་ཆུ་ཚན་གཞུག། ཅེས་སོགས་གསུངས་པ་ལྟར་གསོ་དགོས།
བཞི་བ་བཅོས་ཐབས་སྤྱི་བསྡོམས།
གོང་གི་བཅོས་ཐབས་ཀུན་མདོར་བསྡུས་ན་བརྟག་ཐབས་དང་། འདུལ་ཐབས། གཅོད་ཐབས། གསོ་ཐབས། ཕྱི་རྗེས་བཅད་པ་བཅས་ལྔ་རུ་འདུས་པར་བསམས།
༡། བརྟག་པར་ཕན་བདེའི་འོད་སྣང་ལས། བརྟག་ཐབས་གུལ་ནག་ལྡོང་རོས་བ་བླ་དང་། །མུ་ཟི་མཚལ་མཉམ་དྲི་ཆུ་དང་སྦྱར་བ། །རྨ་ཆེན་རྨ་མེད་གང་ཡིན་དོགས་སར་བྱུག །མིན་ན་མི་འབྱར་ཡིན་ན་འབྱར་བ་ལ། །ཤུལ་དུ་ཤ་རོ་བྱུང་ན་འཁྲུལ་བ་མེད། ཅེས་གསུངས་པ་དང་། གོང་ཞུས་བཞིན་ཕྱི་ལུགས་ཀྱི་བརྟག་འབྲས་ཡོད་པ་ཟུང་འབྲེལ་གྱིས་ངོས་འཛིན་བྱ་དགོས།
༢། འདུལ་ཐབས་ནི་ཤ་འབྲས་ལ་བདུད་རྩི་ལྔ་ལུམས་དང་། རུས་འབྲས་ལ་འབའ་ཆའམ་རུས་པ་སྣ་ཚོགས་ཀྱི་ལུམས། རྩ་འབྲས་ལ་བསིལ་སྨན་སྣ་ཚོགས་པའི་ལུམས་བཅས་ཀྱིས་སྐྲངས་པ་འདུལ་བ། དེ་བཞིན་ཉ་ཤ་དང་། ཕག་ཤ སྒོ་ང་། སྔོ་ངད་སོགས་ཀྱིས་སྐྲངས་པ་བཤིག་དགོས།
༣། ཤ་རོ་རྣག་ཆུ་སོགས་གཅོད་པར་རྒྱ་ཚ་དང་། དོམ་མཁྲིས། པི་པི་ལིང་། ཕོ་བ་རིས། དྭ་བ། རྒུ་དྲུས། ཐར་ནུ། དབྱི་མོང་མྱུ་གུ། རྡོ་ཐལ། རེ་ལྕག ལྕེ་ཚ། བུལ་ཏོག སྦྲང་རྒོད་བཅས་སྦྱར་བའི་རེངས་བུ་ཤ་རོ་མ་ཆོད་བར་དུ་རྨ་ནང་བརྫང་བའམ། དཀར་བཏུལ་སོགས་སྒྲོན་པའི་དངུལ་ཆུའི་སྦྱོར་བས་ཁྲག་ངན་ཆུ་སེར་སྐེམ་པར་བྱེད་དགོས།
༤། ཤའུ་སྐྱེ་ལ་རྨ་གསོ་བར་རྒུ་དྲུས་དང་། བ་བླ། ཡུང་བ། ལྡོང་རོས། དོམ་མཁྲིས། ཀ་ར་ཀོ་ཙན་ཐང་ཆུ་བྱུག་པས་ཤའུ་མྱུར་དུ་སྐྱེ་བར་བྱེད། འབྲས་ལ་བྱུག་སྨན་ནི། གུར་གུམ་མཚལ་དང་ཤིང་མངར་ཡུང་བ་ཆུ་རྩ་སྟག་ཤ་དོམ་མཁྲིས་དཀར་ཕྱེ་མ་དང་། རུས་པར་རུས་སྨན་སྡེ་བཞི་བཟང་དྲུག་སོགས་ཀྱི་ཕྱེ་མས་རྨར་བྱུག་པ།
༥། ཕྱི་རྗེས་གཅོད་པར་ཆུ་ལུམས་དང་མེ་བཙས་སྲེག་སྟེ་རྩ་རྒྱུས་མཉེན་ལ་དོན་སྣོད་དང་ཕུང་གྲུབ་སོགས་ཀྱི་བྱེད་ལས་ཉམས་པ་གསོ་བར་བྱ་དགོས།
ས་བཅད་གཉིས་པ། ཀྲུང་ལུགས་ཀྱི་འབྲས་ནད་རིག་པ།
འབྲས་ནད་རིག་པར་ནད་རྐྱེན་དང་། འཕེལ་རྐྱེན། བརྟག་ཐབས། བཅོས་ཐབས། སྲོལ་རྒྱུན་དང་ཕྱི་ལུགས་གཉིས་ཀྱི་བཅོས་ཐབས་ཟུང་འབྲེལ་བཅས་ལྔ་ཡོད།
འབྲས་ནད་ནི་ལུས་ཀྱི་སྟོབས་རླུང་དང་གནོད་རླུང་གཉིས་ཀྱི་འབྲེལ་བའི་འགྱུར་ལྡོག་གི་འབྲས་བུར་འདོད་ལ། འབྲས་ནད་ཀྱི་ངོ་བོ་ནི་སྟོབས་རླུང་ཟད་ནས་ཕྱི་རྟགས་འཕེལ་བར་འདོད།
དང་པོ། འབྲས་ནད་ཀྱི་ནད་རྐྱེན།
ཀྲུང་ལུགས་འབྲས་ནད་ཀྱི་ནད་རྐྱེན་རིག་པ་ནི་འབྲས་ནད་ཀྱི་སྐྱེ་གྲུབ་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་ནི་ལུས་ཀྱི་སྟོབས་རླུང་དང་གནོད་རླུང་གཉིས་འཐབ་འཛིང་གི་འབྲས་བུ་ཡིན་ལ། དེའི་ནད་རྐྱེན་ལ་ནང་རྐྱེན་དང་། ཕྱི་རྐྱེན། ཕྱི་ནང་ལས་གཞན་པའི་རྐྱེན་སྣ་ཚོགས་བཅས་ཀྱིས་ཤུགས་རྐྱེན་འོག་སྐྱེ་འཕེལ་བྱེད་པར་འདོད།
དང་པོ་ནང་རྐྱེན།
འབྲས་ནད་ཀྱི་ནང་རྐྱེན་ནི་སེམས་ཀྱི་ཉམས་སྣང་བདུན་མ་སྙོམས་པའམ་ཚད་བརྒལ་གྱིས་ལུས་ལ་གནོད་པ་དང་། དུས་ཡུན་རིང་པོར་ཉིན་རེའི་འཚོ་བར་ཆོས་ཉིད་མེད་པ། ཡང་ན་རྒྱུན་རིང་པོར་གནོན་ཤུགས་འོག་ཏུ་འཚོ་བ་བསྐྱལ་དགོས་བྱུང་བ། ཐ་མག་འཐེན་དྲགས་པ། ཆང་རག་འཐུང་དྲགས་པ། གཉིད་མེད་པ་སོགས་འཚོ་བའི་གོམས་གཤིས་མ་ལེགས་པའི་རྐྱེན་གྱིས་རྩ་ལམ་འགག་ཅིང་རླུང་ཁྲག་རྒྱུ་དཀའ་བ་དང་། དོན་ལྔའི་བྱེད་ལས་ཀྱི་དོ་མཉམ་འཁྲུགས་པ། ཚ་གྲང་འཕེལ་ཟད་དུ་གྱུར་བ། རླུང་འགག་ཅིང་ཁྲག་འཁྱགས་སུ་གྱུར་བ། སྟོབས་རླུང་མི་འདང་པ། ནད་འགོག་ནུས་པ་ཞན་པ་བཅས་ཀྱིས་འབྲས་ནད་སྐྱེད་པ་ཡིན། དེ་ནི་གལ་ཆེ་ཤོས་སམ་ཐག་གཅོད་རང་བཞིན་གྱི་རྐྱེན་ཞིག་ཡིན།
༡། སྟོབས་རླུང་ཞན་ཟད། སྟོབས་རླུང་ནི་མིའི་ལུས་པོའི་ནང་དུ་ཡོད་པའི་གནོད་རླུང་འགོག་པ་དང་ནད་གཞི་དྲག་པར་འཇུག་པར་བྱེད་ནུས་ལྡན་པའི་དངོས་ཁམས་སྣ་ཚོགས་ཀྱི་སྤྱི་མིང་ཞིག་ཡིན། དེའི་ནང་ཁམས་དཀར་དམར་དང་། རླུང་། ཁྲག་ཟགས་གཤེར་བཅས་འདུས་ཡོད། སྟོབས་རླུང་ཞན་པ་ནི་ལྷན་སྐྱེས་རང་སྤུས་ཞན་པའམ་ཡང་ན་རྗེས་ཐོབ་ཀྱི་འཚོ་བཅུད་ཞན་པའམ་མ་འདང་བས་སྐྱེད་པ་ཡིན། འབྲས་ནད་སྐྱེ་འཕེལ་འགྱུར་ལྡོག་གི་བརྒྱུད་རིམ་ནི་སྟོབས་རླུང་དང་གནོད་རླུང་ཕན་ཚུན་འཐབ་འཛིང་གི་བརྒྱུད་རིམ་ཞིག་ཡིན། གནའ་བོའི་སྨན་གཞུང་ཞིག་ཏུ། སྟོབས་རླུང་ནང་གསོག་གནོད་རླུང་བྱེད་མེད། ཅེས་དང་། ཡང་། གནོད་པས་གནོད་བྱུང་། སྟོབས་རླུང་ངེས་ཞན། ཞེས་གསུངས་པས་ལུས་ཁམས་ཀྱི་སྟོབས་རླུང་ཞན་ཟད་དུ་གྱུར་ན་དོན་སྣོད་རྩ་རྒྱུད་ཀྱི་བྱེད་ལས་འཁྲུགས་པར་འགྱུར་ནས་ནད་གཞི་སྐྱེད་བའི་རྐྱེན་སྣ་ཚོགས་ལུས་ལ་ཞུགས་ནས་འབྲས་ནད་སྐྱེ་བ་ཡིན།
དེང་རབས་སྨན་ལུགས་ཀྱིས་འབྲས་སྐྲན་ནད་སྐྱེ་བ་དང་ལུས་ཁམས་ཀྱི་ནད་འགོག་བྱེད་ནུས་ཞན་པ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། ནད་འགོག་ནུས་པ་ཞན་པའི་ནད་པ་དང་། ནད་འགོག་ཚོད་འཛིན་སྨན་བཅོས་བྱེད་སའི་ནད་པ་རྣམས་ལ་འབྲས་སྐྲན་ནད་ཕོག་སླ་བ་ཡིན། འདི་ནི་ཀྲུང་ལུགས་ཀྱི་སྟོབས་རླུང་ཞན་པ་དང་ངོས་འཛིན་གཅིག་གྱུར་དུ་ཆགས་ཡོད།
༢། སེམས་ཁམས་འཁྲུགས་པ། མིའི་སེམས་ཁམས་འགུལ་སྐྱོད་ལ་ཀྲུང་ལུགས་ཀྱི་རིག་པའི་གཞུང་ལུགས་སུ་ཉམས་སྣང་བདུན་དུ་ཕྱེ་སྟེ། དགའ་བ་དང་། ཁྲོ་བ། སེམས་ངལ། བསམ་པ། སེམས་སྡུག འཇིག་པ། དངངས་པ་བཅས་ཡིན། དེ་ནི་མིའི་ལུས་ཀྱིས་ཕྱིའི་བྱ་དངོས་དང་སྣང་ཚུལ་ལས་བྱུང་བའི་སེམས་ཚོར་མི་འདྲ་བ་བདུན་གྱི་བསམ་བློའི་ཚོར་སྣང་ཞིག་རེད། རྒྱུན་ལྡན་གྱི་གནས་ཚུལ་འོག་དེ་རྣམས་ནི་རྒྱུན་ལྡན་ལུས་ཁམས་སམ་སྐྱེ་ལུགས་འགུལ་སྐྱོད་ཀྱི་འཁོར་རྒྱ་ཞིག་ཡིན་ལ་དེ་ཡིས་མི་ལ་ནད་གཞི་སྐྱེ་མི་སྲིད། ཡིན་ཡང་སེམས་ཁམས་ལ་གློ་བུར་ཤུགས་ཆེའི་ཕོག་ཐུག་བྱུང་བའམ། ཡང་ན་རྒྱུན་རིང་སེམས་ཁམས་ལ་ཕོག་ཐུག་བྱུང་ན་སྐྱེ་ལུགས་འགུལ་སྐྱོད་ཀྱི་འཁོར་རྒྱ་དང་། བཟོད་ནུས་ལས་བརྒལ་ནས་ལུས་སེམས་ཀྱི་རླུང་ཁམས་འཁྲུགས་པ་དང་། དེ་ཡིས་དོན་སྣོད་དང་། རླུང་ཁྲག་གདགས་སྲིབ་བཅས་འཁྲུགས་པར་འགྱུར་བས་ནད་སྐྱེད་པ་ཡིན། མིའི་སེམས་ཁམས་འགུལ་སྐྱོད་ཀྱི་དངོས་པོའི་རྨང་གཞི་ནི་དོན་སྣོད་ཀྱི་རླུང་ཁྲག་ཡིན་ལ། དོན་ལྔས་བསགས་པའི་བཅུད་རླུང་ལ་ཁྱད་པར་ཡོད་པ་དང་། དོན་ལྔ་སོ་སོའི་སེམས་ཁམས་འགུལ་སྐྱོད་གཙོ་བོ་གང་ཡིན་ཡང་མི་འདྲ་བ་ཡིན། སྙིང་གི་སྤོབས་པ་དགའ་བ་དང་། མཆིན་པའི་སྤོབས་པ་ཁྲོ་བ། མཆེར་པའི་སྤོབས་པ་བསམ་པ་དང་ཡིད་མུག(忧、思) གློ་བའི་སྤོབས་པ་སེམས་ཞུམ་དང་མྱ་ངན་(悲) མཁལ་མའི་སྤོབས་པ་འཇིག་དངངས་(惊恐)ཡིན། སེམས་ཚོར་མི་འདྲ་བ་ལ་བརྟེན་ནས་ཕོག་ཐུག་བྱུང་ན་དོན་ལྔར་གནོད་པ་མི་འདྲ་བ་འབྱུང་གི་ཡོད། སེམས་ཁམས་འཁྲུགས་པས་དོན་ལྔར་གནོད་ཚུལ་ནི། དོན་སྣོད་ཀྱི་རླུང་འགུལ་ལ་ཤུགས་རྐྱེན་ཐེབས་ནས་རླུང་ཁྲག་གི་འཁོར་རྒྱུག་འཁྲུགས་པས་ནད་སྐྱེད་པ་ཡིན། གནའ་བོའི་སྨན་གཞུང་ཞིག་ཏུ། དགའ་དྲགས་ན་སྙིང་ལ་གནོད། ཁྲོ་དྲགས་ན་མཆིན་པར་གནོད། ཞུམ་དྲགས་ན་གློ་བར་གནོད། བསམ་དྲགས་ན་མཆེར་བར་གནོད། འཇིགས་དྲགས་ན་མཁལ་མར་གནོད། ཅེས་དང་། ཡང་དེ་ཉིད་ལས། ནད་བརྒྱ་རླུང་ལས་སྐྱེས་ཤིང་། ཁྲོ་བས་རླུང་གྱེན་དུ་རྒྱུ། དགའ་བས་རླུང་དལ་དུ་འགྲོ། སྐྱོ་བས་རླུང་ཟད་པའམ་ཞི་བར་འགྱུར། འཇིགས་པས་རླུང་ཐུར་དུ་རྒྱུ། དངངས་པས་རླུང་འཁྲུགས་པར་འགྱུར། སེམས་དྲག་པས་རླུང་འདྲིལ་བར་བྱེད། ཅེས་པ་སོགས་གསུངས་ཡོད།
མདོར་ན་སེམས་ཁམས་འཁྲུགས་པས་སྙིང་དང་ཀླད་པའི་ཁྲག་གི་ནད་གཞི་བསྐྱེད་སྲིད་པ་མ་ཟད་ཚབས་ཆེ་རུ་གཏོང་བ་ཡིན། དེ་བཞིན་འབྲས་སྐྲན་སྐྱེད་པའི་ནང་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། སེམས་ཁམས་མ་སྙོམས་པ་སོགས་ཉི་འགོར་ཟླར་བསགས་བྱུང་བས་ནད་གཞི་སྐྱེད་པར་བྱེད་ལ། ཁྱད་པར་རླུང་འགགས་པས་སྣ་ཁྲིད་དེ་རིམ་གྱིས་ཁྲག་འཁྱགས་དང་། ལུད་ཁེངས། རླན་འདུས་སོགས་བསྐྱེད་པ་ནི་འབྲས་སྐྲན་སྐྱེ་འཕེལ་བྱེད་པའི་འགག་རྩར་གྱུར་བ་ཡོད།
དེང་སྐབས་ནུབ་ལུགས་ཀྱི་སེམས་ཁམས་ཀྱི་འབྲས་ནད་སྐྱེད་ཚུལ་ལ་ཞིབ་འཇུག་བྱས་པ་ལས་གསལ་རྟོགས་བྱུང་བ་ལྟར་ན། མིའི་སེམས་ཁམས་ལ་ཕོག་ཐུག་ཤུགས་ཆེར་བྱུང་རྗེས་མིའི་གསང་རྒྱུད་ཟགས་གཤེར་ཁོངས་གཏོགས་ཀྱི་བྱེད་ལས་འཁྲུགས་པར་བྱེད་པ་དང་། ལུས་ནང་གི་དོ་མཉམ་འཁྲུགས་པར་གྱུར་ནས་རྒྱུན་ལྡན་ཕུང་གྲུབ་ཀྱི་ཕྲ་ཕུང་རྣམས་ལ་གློ་བུར་གྱི་འཕོ་འགྱུར་དང་། རླངས་གཟུགས་ཀྱི་འཕེལ་སྐྱེད་བྱེད་པ་བཅས་ཀྱིས་འབྲས་ནད་སྐྱེ་འཕེལ་བྱེད་པར་གལ་ཆེའི་བྱེད་ནུས་འདོན་བཞིན་ཡོད། དེ་བཞིན་སེམས་ཞུམ་དང་། སེམས་ཁྲལ། ཡིད་ཆད། སེམས་ངལ་ལས་ཐར་མི་ནུས་པ་སོགས་སེམས་ཁམས་མི་སྙོམས་པ་ནི་འབྲས་ནད་སྐྱེ་བའི་སྔོན་འགྲོ་ཡིན། སྤྱི་ཚོགས་བྲེལ་འཚུབ་ཆེ་བའི་སེམས་ཁམས་ཀྱིས་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ནུས་གཅོག་པ་དང་སྟངས་འཛིན་བྱེད་པས་འབྲས་ནད་སྐྱེ་བའི་ཆ་རྐྱེན་བསྐྲུན་པ་ཡིན། མདོར་ན་ཀྲུང་ལུགས་འབྲས་སྐྲན་རིག་པས་སེམས་ཁམས་དོ་མཉམ་འཁྲུགས་པ་ནི་འབྲས་སྐྲན་སྐྱེ་བའི་རྒྱུ་རྐྱེན་གཙོ་བོར་ངོས་འཛིན་བྱས་ཡོད། རིག་པ་འདི་དང་ནུབ་ལུགས་ཀྱི་སེམས་ཁམས་འགུལ་སྐྱོད་འགལ་རྐྱེན་གྱིས་འབྲས་སྐྲན་སྐྱེ་གྲུབ་སྐུལ་འདེད་བྱེད་པར་ངོས་འཛིན་བྱུང་བ་དང་གཅིག་མཚུངས་སུ་གྱུར་ཡོད།
གཉིས་པ་ཕྱི་རྐྱེན།
༡། གནོད་རླུང་དྲུག གནོད་རླུང་དྲུག་ནི་རླུང་དང་། གྲང་བ། ཚ་བ། རླན་པ། སྐམ་པ། མེ་(ཚད་པ་)བཅས་ཕྱིའི་ནད་རྐྱེན་དྲུག་གི་སྤྱི་མིང་ཡིན། རང་བྱུང་ཁོར་ཡུག་གི་རླུང་དང་། གྲང་བ། ཚ་བ། རླན་པ། སྐམ་པ། མེ་བཅས་དྲུག་པོ་ནི་རྒྱུན་ལྡན་གནམ་གཤིས་ཀྱི་སྣང་ཚུལ་ཞིག་ཡིན་ལ་དེ་ལ་རླུང་དྲུག་ཟེར་བ་ཡིན། རྒྱུན་ལྡན་གྱི་གནས་ཚུལ་འོག་རླུང་དྲུག་ནི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཚར་གྱི་ཆ་རྐྱེན་ཡིན་པས་མི་ལུས་ལ་གནོད་པ་མེད། གནམ་གཤིས་ལ་འགྱུར་ལྡོག་བྱུང་བས་རྒྱུན་ལྡན་མིན་པར་གྱུར་ན་རླུང་དྲུག་འཕེལ་དྲགས་པའམ་ཉུང་དྲགས་པ། དུས་མ་ཡིན་པའི་འགྱུར་ལྡོག་སོགས་མགྱོགས་མྱུར་དུ་འབྱུང་བས་མི་ལུས་ཀྱིས་གོམས་འདྲིས་མ་ཐུབ་པར་ལུས་ལ་གནོད་པའི་སྐབས་སུ་ནད་སྐྱེད་པའི་རྐྱེན་དུ་གྱུར་བས་དེ་ལ་གནོད་རླུང་དྲུག་ཟེར་བ་ཡིན། དེ་ཡིས་དོན་སྣོད་ཀྱི་ཚ་གྲང་དང་རླུང་ཁྲག་དོ་མཉམ་འཁྲུགས་པར་བྱས་ནས་ནང་རླུང་དང་། ནང་གྲང་། ནང་རླན། ནང་སྐམ། ནང་མེ་(ཚད་)བཅས་གནོད་ལྔའི་ནད་གཞིའི་འགྱུར་ལྡོག་མངོན་པ་ཡིན། དེ་བཞིན་ཕྱི་གནོད་ཆམ་ཚད་རིགས་དང་། ནམ་དུས་ཀྱི་ནད་གཞི། ས་གནས་རང་བཞིན་གྱི་ནད་གཞི། འདུས་པའི་རང་བཞིན་གྱི་ནད་གཞི་སོགས་ནད་གཞི་སྣ་ཚོགས་སྐྱེད་པ་མ་ཟད། ད་དུང་འབྲས་སྐྲན་ཡང་སྐྱེད་པ་ཡིན།
དེང་དུས་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་དུས་མཉམ་དུ་ཕྱིའི་རྐྱེན་རྣམས་ཀྱང་རྙོག་འཛིང་ཇེ་ཆེར་འགྲོ་བཞིན་ཡོད། ཁྱད་པར་རྫས་འགྱུར་དང་སྨན་རྫས་རིགས་མང་དུ་སྤྱད་པས་མཁའ་རླུང་འབག་བཙོག་དང་། རྫས་འགྱུར་ཞིང་ལུད། ཟས་རིགས་ལས་སྣོན་ཚད་བརྒལ། རྫས་འགྱུར་བཟོ་གྲྭའི་ཐོན་རྫས་ཁྲིམས་མེད་ལུགས་མེད་ཀྱིས་གང་སར་ཁྱབ་པ། ཁྱད་པར་དུ་འགྱིག་གི་ཁ་ཟས་ཚ་བོ་བླུགས་སྣོད་བྱེད་པ། རང་བྱུང་འཚོ་བའི་ཆ་རྐྱེན་འཕེལ་རྒྱས་བྱུང་བ་དང་བསྟུན་ཟས་སྤྱོད་དམན་ལྷག་ལོག་པར་སྤྱོད་པས་འབྲས་ནད་ཕོག་མང་བ་ཡིན།།
༢། མཁའ་རླུང་འབག་བཙོག ཐ་མག་དང་སྣུམ་དུད་ནི་རྫས་འགྱུར་རང་བཞིན་གྱི་འབྲས་ནད་སྐྱེད་བྱེད་ཅིག་ཡིན། ཐ་མག་ནང་གི་ཐ་མ་ཁའི་སྣུམ་ལ་འབྲས་ནད་སྐྱེད་པའི་རྫས་འགྱུར་ཞིག་ཡོད་པ་དེས་ལུས་ཀྱི་ཕྲ་ཕུང་གློ་བུར་དུ་འགྱུར་ལྡོག་གཏོང་བའི་རྐྱེན་བྱེད་པ་རེད། ཐ་མག་གིས་བསྐྱེད་པའི་འབྲས་ནད་ཀྱི་ཚད་གཞི་ནི་འབྲས་ནད་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༣༠ ཙམ་ཡིན། ཁྱད་པར་གློ་འབྲས་བརྒྱ་ཆ་ ༨༥ ཙམ་ཐ་མག་འཐེན་པ་དང་འབྲེལ་བ་ཡོད་པས་ཐ་མག་ནི་གློ་འབྲས་ཀྱི་ནད་རྐྱེན་ཆེས་གལ་ཆེན་ཞིག་ཡིན། དེ་བཞིན་ཐ་མག་འཐེན་པས་གྲེ་འབྲས་ལྡབ་བརྒྱད་དང་། ཁ་འབྲས་ལྡབ་བཞི། སྐེ་རྨེན་འབྲས་ནད་ལྡབ་བཞི། མིད་འབྲས་ལྡབ་གསུམ། གཤེར་མ་དང་ལྒང་རྨེན་འབྲས་ནད་ལྡབ་གཉིས་བཅས་ཀྱི་ཉེན་ཁ་ཇེ་ཆེར་གཏོང་གི་ཡོད།
སྐེ་ཚེའི་སྣུམ་དང་། སྲན་མའི་སྣུམ་སོགས་ལ་དྲོད་ཚད་ ༢༧༠ ནས་ ༢༨༠ བར་གཏོང་སྐབས་བྱུང་བའི་སྣུམ་གྱི་དུད་སྤྲིན་གྱིས་ལུས་ཀྱི་ཕྲ་ཕུང་ལ་གནོད་སྐྱོན་ཐེབས་ནས་འབྲས་ནད་སྐྱེ་བར་སྐུལ་མ་བྱེད་པ་ཡིན།
དེ་བཞིན་ཕྱིའི་ཁོར་ཡུག་གི་གནམ་གཤིས་དང་། ས་བབས། ས་ཁམས། ཆུའི་ཐོན་ཁུངས། ས་གཞིའི་རྫས་འགྱུར། སྲོག་ཆགས་དང་སྐྱེ་དངོས་བཅས་ཀྱི་སྐྱེ་ལུགས་ཀྱིས་འབྲས་ནད་ཀྱི་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་པ་ཡིན། ས་མཐོ་རི་རྒྱུད་ཁུལ་དུ་མིད་པའི་འབྲས་ནད་ཕོག་ཚད་མཐོ་བ་དང་། ས་དམའ་མཚོ་མཐའ་ཁུལ་དུ་རླན་གཤེར་ཆེ་བས་མཆིན་འབྲས་ཀྱི་ཕོག་ཚད་མཐོ་བ། ས་མཐོ་གྲང་སའི་ཁུལ་དུ་རྨེན་འབྲས་ཀྱི་ཕོག་ཚད་མཐོ་བ་སོགས་འབྲས་ནད་དང་ཁོར་ཡུག་བར་འབྲེལ་བ་དམ་ཟབ་ཡོད་པ་རེད།
གསུམ་པ་ཕྱི་ནང་གཉིས་ཀ་མིན་པའི་རྐྱེན།
༡། ཟས་སྐོམ་སྤྱོད་ལམ་མི་སྙོམས། ཟས་སྐོམ་ནི་སྲོག་ཆགས་རྣམས་འཚོ་གནས་དང་བདེ་ཐང་རྒྱུན་སྐྱོང་བྱེད་པའི་དགོས་ངེས་ཆ་རྐྱེན་ཞིག་ཡིན། མི་རྣམས་ཀྱིས་ཟས་སྐོམ་བརྒྱུད་ནས་འཚོ་བཅུད་བསྡུ་ལེན་བྱེད་ཅིང་། འཇུ་བྱེད་མ་ལག་གིས་ཟས་དེ་དྭངས་མར་བསྒྱུར་ནས་རླུང་ཁྲག་གཤེར་ཁམས་གྲུབ་པ་དང་། དེ་ཡིས་མི་ལུས་ཚེ་སྲོག་འགུལ་སྐྱོད་རྒྱུན་སྐྱོང་བྱེད་པ་ཡིན། གལ་ཏེ་ཟས་སྐོམ་མ་སྙོམས་ན་འཚོ་བཅུད་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ནས་ནད་གཞི་སྐྱེད་པ་ཡིན། ཟས་སྐོམ་མ་སྙོམས་པས་ཕོ་མཆེར་ལ་གནོད་པ་དང་། བསྡུ་ལེན་ཞན་དུ་འགྲོ་བ། འཇུ་འདྲེན་འཁྲུགས་པར་གྱུར་བས་རླུང་རྒྱུ་འདེགས་འབེབས་ཀྱི་བྱེད་ལས་འཁྲུགས་པ། ལུས་ནང་རླན་སྙིགས་གསོག་པའམ་ཚ་བར་གྱུར་ནས་རླུང་ཁྲག་ལ་གནོད་ཅིང་རླན་འདུས་ཁྲག་འཁྱགས་སུ་གྱུར་ནས་སྐྲན་དང་འབྲས་ནད་སྐྱེད་པ་ཡིན། དེ་ལ་ཟས་སྐོམ་ཚད་བརྒལ་དང་། ཟས་སྐོམ་གཙང་འཕྲོད་ཞན་པ། ཟས་སྐོམ་དགའ་ཕྱོགས་བྱེད་པ། སྤྱོད་ལམ་དལ་དྲགས་པ་བཅས་རིགས་འགའ་ཡོད།
༢། ལོ་ནའི་རྒྱུ་རྐྱེན། འབྲས་ནད་ནི་ཕྲ་ཕུང་རྐྱང་པ་ལས་སྐྱེ་འཕེལ་བྱུང་བ་དང་། ཕྲ་ཕུང་རྐྱང་པ་གཅིག་འབྲས་ནད་ཀྱི་ཕྲ་ཕུང་གཅིག་ཏུ་འགྱུར་བར་མཚམས་ཚིགས་མང་པོའི་བརྒྱུད་རིམ་ཞིག་ཡིན། ལོ་ན་རྒས་པ་ནི་འབྲས་ནད་སྐྱེ་གྲུབ་ཀྱི་རྨང་གཞིའི་ཆ་རྐྱེན་གཞན་ཞིག་ཡིན། འབྲས་ནད་ཕོག་ཚད་ནི་ལོ་ན་རྒས་པ་དང་བསྟུན་ནས་མཐོ་རུ་འགྲོ་བཞིན་ཡོད། གནའ་བོའི་སྨན་གཞུང་ཞིག་ཏུ་འབྲས་ནད་ལོ་ན་བཞི་བཅུའི་ཡན་གྱི་མི་ལ་ཕོག་པ་ཡིན། ཞེས་གསུངས་པས་འབྲས་ནད་དང་ལོ་ཚོད་བར་འབྲེལ་བ་ཞིག་ཡོད་པར་མངོན། དཔེར་ན་མིད་འབྲས་ནི་སྐྱེས་པ་ལོ་ན་མཐོ་བར་ཕོག་པ་ལས་བྱིས་པར་མི་འབྱུང་བ་ལྟ་བུ་རེད།
གཉིས་པ། འབྲས་ནད་ཀྱི་འཕེལ་རྐྱེན།
འཕེལ་རྐྱེན་ནི་ནད་གཞི་སྐྱེ་བ་དང་། འཕེལ་རྒྱས་ཀྱི་འགྱུར་བ་འགྲོ་བའི་རྐྱེན་རྣམས་ཡིན། ནད་ཀྱིས་ལུས་ལ་ཕོག་ཐུག་བྱུང་བའི་རྗེས་ལུས་ཀྱི་སྟོབས་རླུང་གིས་འགོག་པ་དང་། སྟོབས་གནོད་འཐབ་འཛིང་གིས་ལུས་ཀྱི་གདགས་སྲིབ་དོ་མཉམ་ལ་གནོད་སྐྱོན་ཐེབས་པའི་དབང་གིས་དོན་སྣོད་དང་། རྩ་རྒྱུད། རླུང་ཁྲག་བཅས་ཀྱི་བྱེད་ལས་འཁྲུགས་པར་འགྱུར་བས། ལུས་ཡོངས་སམ་ཆ་ཤས་ལ་ནད་རིགས་སྣ་ཚོགས་མངོན་པ་ཡིན།
འབྲས་ནད་ནི་མི་ལུས་ཀྱི་སྟོབས་རླུང་ཞན་པའི་རྣམ་པའི་འོག་འགག་འཁྱག་དང་། དུག་བསགས། ལུད་འདྲིལ་སོགས་འདུས་པ་ལས་གྲུབ་པ་ཡིན། དེ་བཞིན་ལུས་ཡོངས་ཀྱི་རང་བཞིན་གྱི་ནད་འགྱུར་ཆ་ཤས་ལས་མངོན་པ་ཡིན། སྤྱིར་འབྲས་ནད་ལ་དབྱེ་བ་མང་ཞིང་འབྲས་ནད་མི་འདྲ་བར་འཕེལ་རྐྱེན་མི་འདྲ་བ་ཡོད། ཡིན་ན་ཡང་སྤྱིའི་ཆ་ནས་བཤད་ན། འབྲས་ནད་ཀྱི་འཕེལ་རྐྱེན་ནི་དོན་སྣོད་དོ་མཉམ་འཁྲུགས་པ་དང་། བཅུད་རླུང་ཞན་ཟད། རླུང་འགག་ཁྲག་འཁྱགས། ལུད་རླན་འདུས་འགྲིལ། ཚ་དུག་འཕེལ་བ་བཅས་ལྔ་རུ་བསྡུས་ཆོག་པ་ཡིན།
དང་པོ་དོན་སྣོད་དོ་མཉམ་འཁྲུགས་པ།
འབྲས་སྐྲན་ནི་དོན་སྣོད་ཀྱི་བྱེད་ལས་འཁྲུགས་པ་དང་། རླུང་ཁྲག་གདགས་སྲིབ་བཅས་འཁྲུགས་པ་དང་འབྲེལ་ཡོད། དོན་སྣོད་ཀྱི་བྱེད་ལས་འཁྲུགས་ན་རླུང་འགུལ་འཁྲུགས་པ་དང་། རླུང་ཁྲག་དང་གདགས་སྲིབ་འཁྲུགས་པར་འགྱུར་བས་བཅུད་རླུང་ཞན་ཟད་དང་། སྟོབས་རླུང་གིས་གནོད་རླུང་འཇོམས་མི་ཐུབ་པ་བཅས་ཀྱིས་འབྲས་སྐྲན་སྐྱེ་བའི་འཕེལ་རྐྱེན་དུ་འགྱུར་བ་ཡིན། འབྲས་ནད་སྐྱེ་འཕེལ་ནི་དོན་སྣོད་ཀྱི་བྱེད་ལས་འཁྲུགས་པ་དང་འབྲེལ་ཞིང་། ཁྱད་པར་དུ་མཆེར་མཁལ་གཉིས་ཀྱི་གནས་སུ་མངོན་ཆེ་བ་ཡིན། མཆེར་པ་ནི་རྗེས་ཐོབ་ཀྱི་རྩ་བ་དང་མཁལ་མ་ནི་ལྷན་སྐྱེས་ཀྱི་རྩ་བ་ཡིན་པས། དེ་གཉིས་ཞན་ན་སྟོབས་རླུང་ངེས་པར་ཞན་པས་ཕྱིའི་གནོད་པ་འབྱུང་སླ་ཞིང་འབྲས་སྐྲན་ཡང་སྐྱེ་སླ་བ་ཡིན། མདོར་ན། འབྲས་སྐྲན་སྐྱེ་མིན་ནི་སྟོབས་རླུང་ཞན་ཟད་དང་། དོན་སྣོད་རྩ་རྒྱུད་ཀྱི་བྱེད་ལས་འཁྲུགས་པ་ལ་འབྲེལ་བ་དམ་ཟབ་ཡོད།
གཉིས་པ་བཅུད་རླུང་ཞན་ཟད།
མིའི་ལུས་ཀྱི་ནད་རིགས་ཐམས་ཅད་སྐྱེད་པ་དང་འཕེལ་རྒྱས་སུ་འགྲོ་བ་ནི་སྟོབས་གནོད་ཕྱོགས་གཉིས་ཀྱི་འབྲེལ་བར་འགྱུར་བ་བྱུང་བའི་ཐོག་ནས་དབྱེ་ཞིབ་བྱེད་ཆོག་ལ། ལུས་ཀྱི་སྟོབས་རླུང་དང་གནོད་རླུང་གཉིས་འཐབ་འཛིང་གིས་སྟོབས་རླུང་ཞན་པར་འགྱུར་བའི་འབྲས་བུ་ནི་འབྲས་སྐྲན་སྐྱེ་བའི་རྨང་གཞི་ཡིན། ནང་ཞན་ནི་ཕ་མ་ལས་བྱུང་བའི་ལྷན་སྐྱེས་ཀྱི་སྟོབས་བཅུད་མ་འདང་བ་དང་། རྗེས་ཐོབ་ཀྱི་འཚོ་བཅུད་མ་འདང་བ། ནད་གཞིས་ཟད་གྲོན་བྱས་པའི་རྐྱེན་བཅས་ནས་བྱུང་བ་ཡིན། ཞན་པར་རླུང་ཞན་དང་། ཁྲག་ཞན། སྲིབ་ཞན། གདགས་ཞན། ཕྱི་ཞན། ནང་ཞན། དོན་སྣོད་ཞན། ཟགས་གཤེར་ཟད་གྲོན། ཁམས་རྐང་ཟད་གྲོན་བཅས་འདུས་ཡོད།
གསུམ་པ་རླུང་འགག་ཁྲག་འཁྱགས།
རླུང་དང་ཁྲག་གཉིས་ནི་མིའི་ལུས་འགྲུབ་བྱེད་དང་ཚེ་སྲོག་འགུལ་སྐྱོད་རྒྱུན་སྐྱོང་ཡོང་བའི་གལ་ཆེའི་དངོས་པོའི་རྨང་གཞི་ཞིག་ཡིན། རླུང་ནི་མིའི་ལུས་ཀྱི་ཚེ་སྲོག་འགུལ་སྐྱོད་ཐམས་ཅད་ཀྱི་སྐུལ་འདེད་གཏོང་མཁན་ཞིག་ཡིན་ལ། ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་མཁན་ཞིག་ཀྱང་ཡིན།
ཁྲག་ནི་ལུས་ཀྱི་དོན་སྣོད་དབང་པོའི་ཕུང་གྲུབ་ཐམས་ཅད་འཚོ་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་ཡིན། དེ་ཉིད་ཁྲག་རྩའི་ནང་རྒྱུན་མི་ཆད་པར་ལུས་ཡོངས་ལ་འཁོར་སྐྱོད་བྱེད་མཁན་ཞིག་ཡིན། ནམ་ཞིག་ཁྲག་གི་འཁོར་སྐྱོད་མི་རྒྱུ་བར་ལུས་ཀྱི་གནས་གང་རུང་ཞིག་ཏུ་ཁྲག་རྩ་འགག་འཁྱིལ་བྱུང་ནས་སྐྱེ་ལུགས་བྱེད་ལས་མེད་པར་གྱུར་བས་ཁྲག་འཁྱགས་སུ་འགྱུར་བ་དང་། ཡང་ན་རླུང་ཁྲག་འཁྲུགས་ནས་རླུང་མི་རྒྱུ་བ། ཁྲག་རྒྱུན་ཆད་པ་བཅས་བྱུང་ན་རླུང་འགག་ཁྲག་འཁྱགས་འགྱུར་བ་དང་། འགག་འཁྱིལ་ཡུན་རིང་བྱུང་ན་ཁྲག་ངན་འདུས་འདྲིལ་དུ་འགྱུར་བ་ཡིན། ད་དུང་རླུང་འགག་པ་དང་། རླུང་ཞན་པ། གྲང་འདྲིལ། ལུད་འདྲིལ། ཁྲག་ཚད་སོགས་ཀྱིས་ཁྲག་འཁྱགས་སྐྱེད་པ་ཡིན།
ཁྲག་འཁྱགས་པའི་རྟགས་ནི་སྐྲངས་པ་སྲ་བའམ་མཁྲེགས་ལ་འགུལ་མི་ནུས་པ་དང་། ན་ཟུག་བྱེད་པ། སྐབས་སུ་ཁྲག་འཛག་པ་དང་ཟླ་མཚན་སོགས་ལ་ཁྲག་རྡོག་དམར་ནག་ཐོན་པ། ཡང་ན་སྣ་ཁྲག་འཛག་སླ་བ། ཡུན་རིང་ཚ་བ་སྐྱེ་བ། ཕྱི་དྲོ་དང་དགོང་མོར་ཚ་བ་ཆུང་ངུ་སྐྱེ་བ། རྐང་ལག་སྐྲངས་པ། པགས་པ་སྐམ་ལ་ཤུན་པ་འབྱི་བ། ལྕེ་ལ་དམར་ཐིག་ཐོན་པ། ལྕེ་འོག་སྡོད་རྩ་དམར་ནག་སྦོམ་ལ་མཐུག་པ། པགས་མདོག་དང་སེན་མོ་སྔོ་ནག་ཏུ་འགྱུར་བ་སོགས་ཀྱི་ནད་རྟགས་མངོན་པ་ཡིན།
༡། རླུང་འགུལ་འགག་འཁྱིལ། མིའི་ལུས་ཀྱི་འགུལ་སྐྱོད་བྱེད་ནུས་ནི་རླུང་གི་རྒྱུན་ལྡན་འཁོར་སྐྱོད་ལ་རག་ལས་ཤིང་། རླུང་གི་འཁོར་སྐྱོད་མི་སྙོམས་པའམ་འདེགས་འབེབས་ཐོན་འཛུལ་རྒྱུན་ལྡན་མིན་པར་གྱུར་ན་ནད་འགྱུར་གྱི་མཚོན་རྟགས་ཡིན། རླུང་འགུལ་འགག་འཁྱིལ་གྱི་རྐྱེན་ནི་སེམས་ཁམས་སྐྱོ་བས་ཡིད་མུག་པ་དང་། ཡང་ན་ལུད་རླན་དང་། ཟས་འདྲིལ། ཁྲག་འཁྱགས་སོགས་གཟུགས་ལྡན་དངོས་པོས་རླུང་འགུལ་བཀག་པ། ཡང་ན་ཕྱིའི་གནོད་པ་དང་། དོན་སྣོད་ཀྱི་བྱེད་ལས་འཁྲུགས་པ། རླུང་འཁོར་རྒྱུག་ཞན་པ་བཅས་ཀྱིས་རླུང་འགུལ་འགག་འཁྱིལ་སྐྱེད་པ་ཡིན།
༢། ཟུངས་ཁྲག་འགག་འཁྱགས། ཁྲག་ནི་མིའི་ལུས་ཀྱི་ཚེ་སྲོག་འགུལ་སྐྱོད་རྒྱུན་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་ཡིན་ལ། ཁྲག་གི་འཁོར་སྐྱོད་དལ་བའམ་མི་སྙོམས་པ། ཐ་ན་འགག་འཁྱིལ་འཁྱགས་འདྲིལ་དུ་འགྱུར་བ་ནི་ནད་འགྱུར་གྱི་རྣམ་པ་ཞིག་ཡིན། དེར་ཟུངས་ཁྲག་འགག་འཁྱགས་སམ་ཁྲག་འཁྱགས་ཟེར་བ་ཡིན། དེ་ནི་རླུང་སྡོད་དང་། ལུད་སྙིགས། གྲང་གནོད། ཚ་གནོད། བརྡབས་འགྲམས། བཙས་རྗེས་ངན་ཁྲག་ལུས་པ་སོགས་ཀྱིས་ཁྲག་འཁྱགས་སྐྱེད་པ་ཡིན།
ཁྲག་འཁྱགས་ནི་དོན་སྣོད་དང་། ཡན་ལགརྩ་རྒྱུད། སྒོ་དགུ་བཅས་ཀྱི་ཆ་ཤས་གང་རུང་དུ་འབྱུང་བའམ་ཡང་ན་ལུས་ཡོངས་ལ་འབྱུང་བ་ཡིན། དེ་ཡང་ཟུངས་ཁྲག་འཁོར་སྐྱོད་དལ་ལ་ཤར་མར་མི་རྒྱུ་བ། དེ་ཡིས་རླུང་གི་འཁོར་རྒྱུག་འགོག་ཅིང་རླུང་འགག་སྐྱེད་པ་དང་། རླུང་འགགས་པས་ཁྲག་འཁྱགས་ཚབས་ཆེ་རུ་གཏོང་བ་དང་། ཁྲག་འཁྱགས་ཀྱིས་རླུང་འགག་ཚབས་ཆེ་རུ་གཏོང་བས་དེ་གཉིས་ཀྱི་འཁོར་སྐྱོད་གནོད་པར་འགྱུར་བ་ཡིན། ཁྲག་འཁྱགས་ཚབས་ཆེ་རུ་སོང་བའི་སྐབས་སུ་ཟུངས་ཁྲག་རིམ་གྱིས་འཁྱགས་འདྲིལ་བྱེད་ལ་ཁྲག་འཁེངས་བ་དང་སྐྲན་རྡོག་འབྱུང་བ། དེ་འདྲའི་སྐྲན་རྡོག་ཡུན་དུ་གནས་པ་དང་གནས་ཡུལ་ལ་འགྱུར་བ་མེད་ན་འབྲས་ནད་འབྱུང་བཡིན། དེ་ལ་ཁྲག་རྩ་སྐྲངས་པ་དང་། ལྕེ་མཐར་སྨུག་ཐིག་དང་སྨུག་གོར་གྱི་ནད་རྟགས་འབྱུང་བ་ཡིན། འབྲས་ནད་ཀྱི་ནད་པ་བརྒྱ་ཆ་ ༥༣་༤༤ ལ་ལྕེ་དམར་ནག་དང་སྨུག་པོའི་ནད་རྟགས་གཅིག་གྱུར་ཡོད་པ་ཤེས་རྟོགས་བྱུང་། དེས་ནི་ཟུངས་ཁྲག་འགག་འཁྱགས་དེ་འབྲས་སྐྲན་གྱི་འཕེལ་རྐྱེན་གཙོ་བོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། བྱང་ཁོག་གི་སྐྲངས་རྡོག་ཕལ་མོ་ཆེར་ཁྲག་འཁྱགས་ལས་སྐྱེད་པ་དང་། རླུང་འགག་ཁྲག་འཁྱགས་ནི་འབྲས་སྐྲན་གྱི་འཕེལ་རྐྱེན་གཙོ་བོ་ཞིག་ཡིན། དེས་ན་ཁྲག་འཇུ་འཁྱགས་ཞི་བྱེད་པ་ནི་འབྲས་སྐྲན་གསོ་བཅོས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན།
མདོར་ན་དོན་སྣོད་རྩ་རྒྱུས་དང་། ཡན་ལག་བཞི། རུས་ཚིགས་རྣམས་སུ་རླུང་འགག་ནས་རྒྱུ་བ་མེད་པ་དང་། ཁྲག་འཁྱགས་པ། འགག་འཁྱིལ་མི་འཐོར་བ། འགག་འདྲིལ་ཡུན་སོང་བ་སོགས་ཀྱིས་འབྲས་ནད་སྐྱེད་པ་ཡིན་ནོ།
བཞི་བ་ལུད་(བེ་སྣབས་)རླན་གོང་བུར་འདྲིལ་བ།
ཀྲུང་ལུགས་ཀྱི་ལུད་རླན་ནི་ལུས་ཀྱི་ཆུའི་ཁམས་རྙིང་ཚབ་གསར་བྱེད་འཁྲུགས་པ་ལས་བྱུང་བའི་ནད་འགྱུར་ཐོན་དངོས་ཤིག་ཡིན། དེ་ཡང་ལུད་པའམ་བེ་སྣབས་ལུས་ཀྱི་སྟོད་སྨད་ཕྱི་ནང་དང་། དོན་ལྔ་སྣོད་དྲུག ཡན་ལག་རུས་ཚིགས། རླུང་ཁྲག་རྩ་རྒྱུད་བཅས་སུ་འདུས་འདྲིལ་བྱུང་ནས་ནད་གཞི་སྣ་ཚོགས་སྐྱེད་པ་དང་། ཚབས་ཆེ་རུ་གཏོང་བའི་རྒྱུ་བྱེད་པ་ཡིན། ནད་འདིའི་ཁྱད་ཆོས་ནི། ལུད་པ་གྲང་བར་གཏོགས་པའི་རླུང་ལ་གནོད་ཅིང་རླུང་འགུལ་འགོག་པ་དང་རང་བཞིན་སྙིགས་མར་གྱུར་པས་ལུས་ནང་དུ་གསོག་སླ་བ་དང་། འབྱར་བག་ཆགས་ཤིང་རྒྱུ་བ་འགག་པ། ནད་ཡུན་རིང་བ། དྲག་སྐྱེད་དཀའ་བ་བཅས་ཀྱིས་ནད་རིགས་སྣ་ཚོགས་སྐྱེ་གྲུབ་བྱེད་པ་ཡིན། དེས་ན་ནད་བརྒྱ་ཐམས་ཅད་ལུད་པས་སྐྱེད། ཅེས་པའི་བཤད་སྲོལ་ཡོད། མདོར་ན་ལུད་རླན་གོང་བུར་ཆགས་པ་ལས་ལུད་པའམ་བེ་སྣབས་སྐྱེ་ཞིང་། དེ་ཡིས་རླུང་འགུལ་འགག་པ་དང་། ཁྲག་རྒྱུ་བ་མི་ཐུབ་པ། རྩ་རྒྱུད་འགག་པ། ལུད་རྙོག་དང་རླུང་ཁྲག་ཕན་ཚུན་འཐབ་ནས་འདྲིལ་བས་འབྲས་ནད་སོགས་སྐྱེད་པ་ཡིན།
ལྔ་བ་དུག་གནོད་ནང་གབ།
ཀྲུང་ལུགས་ཀྱི་དུག་ཅེས་པ་ལ་གོ་དོན་མང་ཞིང་དེ་ནི་སྤྱིར་བཏང་ལྐོག་གྱུར་གྱི་ནད་རྐྱེན་རང་བཞིན་ཅན་གྱི་ཐ་སྙད་ཅིག་ཡིན། མིའི་ལུས་ལ་གནོད་པའི་དངོས་པོ་ཡོད་ཚད་ལ་དུག་ཟེར་བ་དང་། དེའི་ཁོངས་སུ་ཕྱི་ལས་བྱུང་བའི་དུག་དང་ནང་ནས་སྐྱེས་པའི་དུག་གཉིས་ཡོད། ཕྱིའི་དུག་ནི་ཕྱི་ནས་འགོས་པའི་ནད་དུག་དང་། དུད་རྩ། སྣུམ་དུད་འབག་བཙོག་གི་དུག ལས་རིགས་དང་ཁོར་ཡུག་གི་རྫས་འགྱུར་དུག འཚོ་གནས་ཁོར་ཡུག་གི་མཁའ་རླུང་དང་། ཆུ། ས་གཞི་འབག་བཙོག་གི་དུག ཟས་སྐོམ་ནང་གི་དུག་ལ་སོགས་སྣ་ཚོགས་ཡོད། ནང་སྐྱེས་གནོད་དུག་ནི་ནད་རྐྱེན་སྣ་ཚོགས་ཀྱིས་མིའི་ལུས་ནང་སྐྱེས་པའི་ནད་གཞིའི་རྫས་འགྱུར་ཀྱི་སྤྱི་མིང་ཡིན། ནད་གཞིའི་འདིར་གདགས་སྲིབ་ཀྱི་དབྱེ་ན་གདགས་ཀྱི་རང་བཞིན་ཚ་སྲེག་གི་གནོད་དུག་དང་། སྲིབ་ཀྱི་རང་བཞིན་གྲང་བའི་གནོད་དུག་གཉིས་ཡོད། ནང་སྐྱེས་གནོད་དུག་ཡང་འབྲས་སྐྲན་གྱི་འཕེལ་རྐྱེན་ཞིག་ཡིན།
གསུམ་པ། འབྲས་ནད་ཀྱི་བརྟག་ཐབས་མདོ་ཙམ།
འབྲས་སྐྲན་བརྟག་དཔྱད་སྐབས་ངེས་པར་དུ་ནད་འགྱུར་བརྟག་དཔྱད་ལ་གཞི་འཛིན་དགོས་པ་དང་། ནད་ཐོག་ལག་ལེན་དུ་ཀྲུང་ལུགས་ཀྱི་བརྟག་ཐབས་བཞི་སྟེ། བལྟ་བ་དང་། བསྣུམ་པ། དྲི་བ། རེག་པ་བཅས་ལ་བརྟེན་ནས་འབྲས་ནད་ཀྱི་གནས་དང་། རང་བཞིན། དབྱིབས་བཅས་གཏན་འབེབས་བྱེད་ཀྱི་ཡོད། དེ་དང་མཉམ་དུ་དེང་དུས་སྨན་ལུགས་ཀྱི་བརྟག་ཐབས་དང་། ཁྱད་པར་འབྲས་སྐྲན་བརྟག་དཔྱད་ཀྱི་དམིགས་བསལ་འཕྲུལ་ཆས་དང་། དམིགས་བསལ་སྨན་རྫས། དམིགས་བསལ་ལག་ཐབས་བཅས་ཀྱི་མཐུན་རྐྱེན་ཚང་དགོས། ཡིན་ནའང་ཀྲུང་དབྱིའི་བརྟག་དཔྱད་ནི་གསོ་བཅོས་དང་འབྲེལ་བ་དམ་ཟབ་ཡོད། ཀྲུང་ལུགས་དང་ཕྱི་ལུགས་གཉིས་ཟུང་འབྲེལ་གྱིས་ནད་པ་ཚོས་བཤད་པའི་ནད་རྟགས་གཞི་འཛིན་གྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་གནས་ཚུལ་བསྡུ་རུབ་བྱེད་པ་དང་། ནད་གཞི་དེའི་སྤྱི་དང་བྱེ་བྲག་གི་གནས་ལུགས་ཤེས་རྟོགས་བྱེད་དགོས།
བཞི་བ། འབྲས་ནད་ཀྱི་བཅོས་ཐབས་མདོ་ཙམ།
ཀྲུང་ལུགས་ཀྱི་འབྲས་ནད་སྐྱེ་གྲུབ་ནི་རླུང་འགག་དང་། ཁྲག་འཁྱགས། ལུད་རླན། དུག་གནོད་བཅས་ལ་འབྲེལ་བར་ངོས་འཛིན་པ་དང་། དེ་ནི་གསོག་སྐྱིལ་གྱི་ནད་ཅིག་ཡིན་པར་འདོད། འབྲས་ནད་གསོ་བཅོས་ཀྱི་རྩ་དོན་ནི། སྟོབས་སྐྱོར་གནོད་འདོན་དང་། ཚད་ཞི་དུག་འདོན། སྲ་སྙི་འདྲིལ་བཤིག ཁྲག་འཇུ་འཁྱགས་ཞི། སྙིང་གསོ་ཡིད་འཇག མཆེར་ཐང་མཁལ་གསོ་སོགས་བྱེད་དགོས་པ་ཡིན། འབྲས་ནད་གསོ་བཅོས་བྱེད་པར་སྨན་སྦྱོར་ཁོང་དུ་གཏོང་བའི་ཐོག་ལ་ཕྱི་ནས་སྨན་བྱུག་པ་དང་། གཤག་བཅོས་ཀྱིས་ཕྱིར་འདོན་པ། བསྲེག་པ་སོགས་ཀྱི་ཐབས་ལམ་སྤྱོད་པ་ཡིན། མདོར་བསྡུས་ན་ཕྱོགས་བསྡུས་བཅོས་ཐབས་དང་། རྟགས་ངོ་དལ་མྱུར་བཅོས་ཐབས། སྟོབས་སྐྱོར་གནོད་འདོན་བཅོས་ཐབས། མི་དང་དུས་གནས་ཡུལ་བཅས་ཀྱི་བཅོས་ཐབས། ནད་མེད་བཅོས་ཐབས་བཅས་ལྔ་རུ་བསྡུས་ཆོག
དང་པོ་ཕྱོགས་བསྡུས་བཅོས་ཐབས།
ཕྱོགས་བསྡུས་བཅོས་ཐབས་ལ་སྨན་རྫས་དང་། སྨན་རྫས་ལས་སྣོན། གཤག་བཅོས། སྐམ་ཁབ། ཟས་བཅོས། སེམས་ཁམས་བཅོས་ཐབས། རླུང་སྦྱོར་བཅོས་ཐབས་སོགས་འདུས་ཡོད། ད་དུང་ཕྱོགས་བསྡུས་ཀྱིས་ནུབ་ལུགས་ཀྱི་གཤག་བཅོས་དང་། རྫས་འགྱུར། འོད་འཕྲོ། ནད་འགོག་བཅས་ཀྱི་གསོ་བཅོས་ལ་བསམ་བློ་གཏོང་དགོས། དེའི་དགོས་འདུན་གཙོ་བོ་ནི་འབྲས་སྐྲངས་ལ་མཐོང་ཆེན་དང་། འབྲས་ནད་ཕོག་པའི་ནད་པར་དོ་ཁུར། གསོ་བཅོས་རྩ་དོན་གྱི་བསམ་བློ་རྒྱུན་འཁྱོངས་བཅས་བྱ་དགོས། དེའི་ཆེས་གལ་ཆེ་བའི་རྩ་བ་ནི་ནད་པའི་འཚོ་གནས་དེ་ཡིན།
འབྲས་ནད་གསོ་བཅོས་བྱ་ཐབས་རྣམ་པ་སྣ་ཚོགས་ཡོད་པ་ལས་སྣ་གཅིག་རང་བེད་སྤྱོད་བྱས་ན་ཚང་མར་ཚད་བཀག་དང་ཞན་ཆ་ཡོད་པ་དང་། གསོ་བཅོས་ཀྱི་གསོ་བྱ་དང་ཕན་འབྲས་བཅས་ལ་བཀག་རྒྱའི་རང་བཞིན་དང་མི་འདང་བ་ཡོད་པ་ཡིན། འཆར་གཞི་ལྡན་པ་དང་། ལུགས་མཐུན། ཚད་རན་པོས་གསོ་བཅོས་བྱེད་ཐབས་འདྲ་མིན་བེད་སྤྱོད་བྱས་ན། འབྲས་ནད་གསོ་བཅོས་ཀྱི་ཕན་འབྲས་ཆེས་ཆེར་གོང་འཕེལ་གཏོང་ཐུབ་པ་མ་ཟད། ད་དུང་གསོ་བཅོས་ཁ་ཤས་ཀྱི་ཟུར་ཕོག་འགོག་རྒོལ་བྱེད་ཐུབ་པས་ནད་པར་ཕན་འབྲས་ཆེས་ཆེར་ཐོབ་པ་ཡིན།
སྤྱིར་བཏང་བཤད་ན་ཚད་བཀག་ཅན་གྱི་འབྲས་ནད་དང་པོ་གཤག་བཅོས་བྱ་དགོས་ལ། དེ་རྗེས་གཤག་བཅོས་ཀྱི་གནས་ཚུལ་གཞིར་བཟུང་ནས་ད་ཡོད་ཀྱི་གསོ་བཅོས་སྟེང་ཀྲུང་ལུགས་སྨན་སྦྱོར་རམ། འོད་འཕྲོ་གསོ་བཅོས། རྫས་འགྱུར་གསོ་བཅོས་བཅས་བྱེད་དགོས། དེ་ཡིས་ནད་པ་མང་པོར་ནད་ཐོག་ཕན་འབྲས་གང་ལེགས་བྱུང་དང་འབྱུང་བཞིན་ཡོད། ཡིན་ནའང་སྨན་པ་ཁ་ཤས་ཀྱིས་འབྲས་ནད་ལ་ཚད་བརྒལ་མཐོང་ཆེན་བྱས་ནས་འབྲས་ནད་ཕོག་སའི་ནད་པར་སྣང་མེད་དུ་ཤོར་བ་དང་། དགོས་མེད་དང་རྒྱུན་གཏན་ལས་བརྒལ་བ། ཕན་འབྲས་མེད་པ། གནོད་སྐྱོན་ཆེ་བའི་གསོ་བཅོས་བྱེད་ཐབས་སམ་ཚད་བརྒལ་གསོ་བཅོས་བྱེད་བཞིན་པ་བཅས་ཡིན། རྒྱ་ནག་ཡིག་ཆ་ཕྱོགས་བསྒྲིགས་ཁག་ཏུ་ཚད་བརྒལ་དང་མི་འཚམས་པའི་གསོ་བཅོས་ཀྱིས་ནད་རིམ་མཐའ་མའི་ནད་པ་བརྒྱ་ཆ་ ༡༥ ཙམ་གྱི་འཆི་ཚད་མགྱོགས་སུ་བཏང་གི་ཡོད་པ་བཀོད་ཡོད།
གཉིས་པ་རྩ་བ་དང་ཡན་ལག་དལ་མྱུར་བཅོས་ཐབས།
རྩ་བ་དང་ཡན་ལག་ནི་གཙོ་བོ་ནད་འགྱུར་བརྒྱུད་རིམ་གྱི་འགལ་ཟླ་སྣ་ཚོགས་ཀྱི་གཙོ་ཕལ་གྱི་འབྲེལ་བ་མཚོན་པའི་འགལ་ཟླའི་ཐ་སྙད་ཅིག་ཡིན། གཙོ་བོ་ནད་རྟགས་ཀྱི་གཙོ་ཕལ་ལྕི་ཡང་དལ་མྱུར་བཅས་ལ་དབྱེ་ཞིབ་བརྒྱུད་ནས་གསོ་བཅོས་ཀྱི་སྔ་ཕྱི་གོ་རིམ་གཏན་འཁེལ་བྱེད་པ་ཡིན། འབྲས་ནད་ནད་པར་རྒྱུན་དུ་ནད་རྟགས་སྣ་མང་རྙོག་འཛིང་གི་གནས་ཚུལ་མངོན་པ་དང་། སྨན་པས་ཡན་ལག་དང་རྩ་བའི་གཙོ་ཕལ་དང་དལ་མྱུར་གྱི་དབྱེ་བ་ཕྱེ་ནས། ནད་མཆེད་མྱུར་ན་ཡན་ལག་བཅོས། དལ་ན་རྩ་བ་བཅོས། ཡན་ལག་དང་རྩ་བ་གཉིས་ཀ་ལྕི་ན་ལྷན་ཅིག་བཅོས་པར་བྱེད་དགོས། མིའི་ལུས་ཀྱི་འབྲས་འགོག་ནུས་ཤུགས་དང་འབྲས་སྐྱེད་རྒྱུ་རྐྱེན་གྱི་ཐོག་ནས་བཤད་ན་འབྲས་འགོག་ནུས་ཤུགས་རྩ་བ་ཡིན་ལ། འབྲས་སྐྱེད་རྒྱུ་རྐྱེན་ཡན་ལག་ཡིན། འབྲས་སྐྱེད་རྒྱུ་རྐྱེན་དང་ནད་ཐོག་ནད་རྟགས་ལ་བཤད་ན་འབྲས་སྐྱེད་རྒྱུ་རྐྱེན་རྩ་བ་ཡིན་ལ་ནད་ཐོག་ནད་རྟགས་ཡན་ལག་ཡིན། ལུས་ཕུང་དང་འབྲས་སྐྲངས་ཀྱི་ཐོག་ནས་བཤད་ན་ལུས་ཕུང་ནི་རྩ་བ་དང་། འབྲས་སྐྲངས་ཡན་ལག་ཡིན། འབྲས་ནད་གཞན་ལ་ཁྱབ་པར་བཤད་ན་སྔར་སྐྱེས་འབྲས་ནད་རྩ་བ་ཡིན་ལ་གཞན་ལ་ཁྱབ་པ་དེ་ཡན་ལག་ཡིན། ཡན་ལག་དང་རྩ་བར་ལྡོག་ཟླའི་རང་བཞིན་ཡོད་པ་མ་ཟད་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་དེ་གཉིས་ཕན་ཚུན་འཕོ་འགྱུར་བྱེད་པ་ཡིན། དེར་བརྟེན་ཡན་ལག་དང་རྩ་བ་དལ་མྱུར་གྱི་རྩ་དོན་དེ་འགྱུར་རྣམ་རྩོད་སྒྲུབ་ཀྱི་ཐོག་ནས་བེད་སྤྱོད་བྱེད་དགོས།
༡། མྱུར་ན་ཡན་ལག་བཅོས་དགོས། ཉེན་ཚབས་ཆེ་བའི་ནད་རྟགས་དང་། སྡུག་བསྔལ་བཟོད་དཀའ་བ། ཐ་ན་སྲོག་ལ་ཉེན་ཁ་ཡོད་པའི་ནད་གཞི་ཡན་ལག་ཡིན་ཡང་དང་པོར་བཅོས་དགོས། དཔེར་ན་གློ་འབྲས་ལ་ཁྲག་མང་སྐྱུགས་པར་དུས་ཐོག་ཁྲག་གཅོད་མ་ཐུབ་ན་ནད་པའི་སྲོག་ལ་ཉེན་ཚབས་ཡོད་པས་འབྲས་འགོག་བྱེད་པ་རྗེས་སུ་བཞག་ནས་དང་པོ་ཁྲག་གཅོད་དགོས། དེ་བཞིན་གཞང་འབྲས་ལ་ཚ་བ་ཆེ་བས་གཤེར་ལ་གནོད་པ་དང་། རླུང་འགུལ་བཀག་འགག བཤང་བ་སྐམ་འགག མྱུར་རྒོལ་སྣོད་འཕེལ་ལམ་ཚ་སེལ་སྣོད་རྒྱུའི་སྨན་རིགས་མཉམ་སྤྱོད་བྱས་ནས་བཤང་བ་འབྱིན་ལ་ཚ་བ་སེལ་བར་བྱ་དགོས།
༢། དལ་ན་ནད་ཀྱི་རྩ་བ་བཅོས་དགོས། ནད་འགྱུར་དེ་འདྲའི་ཚབས་ཆེན་པོ་མེད་ན་ནད་པའི་ལུས་ཡོངས་ཀྱི་གནས་ཚུལ་གཞིར་བཞག་ནས། འབྲས་ནད་ཀྱི་གནས་ཚུལ་དང་། ནད་འགྱུར་ཀྱི་འཕེལ་ཕྱོགས། ནད་ཀྱི་རྐྱེན་རྩ་བཅས་རྩ་བར་བཟུང་ནས་དེ་ལ་ཕན་ཆེའི་གསོ་བཅོས་བྱེད་དགོས།
༣། ཡན་ལག་དང་རྩ་བ་མཉམ་བཅོས། གལ་ཏེ་ནད་གཞི་རྙོག་འཛིང་ཆེ་ལ་ཡན་ལག་དང་རྩ་བ་གང་རུང་ཞིག་བཅོས་པས་ནད་བབས་ལ་མི་འཚམས་པའི་སྐབས་སུ། ཡན་ལག་དང་རྩ་བ་མཉམ་བཅོས་བྱེད་ནས་ཕན་འབྲས་ཆེས་ལེགས་པོ་ཐོབ་ཐབས་བྱེད་དགོས། དཔེར་ན་འབྲས་ནད་ཀྱིས་བྲང་ཁོག་ཏུ་ཆུ་བསགས་པར་ཆུ་འབྱིན་ལ་རྒྱུ་བ་དང་། སྟོབས་སྐྱོར་འབྲས་འགོག་བཅོས་ཐབས་མཉམ་སྤྱོད་བྱ་བས་ཕན་འབྲས་གང་ལེགས་ཐོན་ཐུབ།
གསུམ་པ་སྟོབས་སྐྱོར་གནོད་འདོན་གྱི་བཅོས་ཐབས།
སྟོབས་སྐྱོར་ནི་སྨན་རྫས་སམ་ལག་ཐབས་གང་རུང་སྤྱད་ནས་ནང་དོན་སྣོད་རླུང་ཁྲག་གདགས་སྲིབ་བཅས་ཀྱི་ཞན་ཆར་ཁ་གསབ་དང་། རླུང་འགུལ་སྙོམས་སྒྲིག ལུས་སྟོབས་ཆེར་སྐྱེད་ཀྱིས་ནད་འགོག་ནུས་ཤུགས་གོང་འཕེལ་དང་བདེ་ཐང་བསྐྱར་གསོའི་བཅོས་ཐབས་ཀྱི་རྩ་དོན་ལ་བཤད་པ་ཡིན། རྒྱུན་སྤྱོད་ཀྲུང་དབྱིའི་སྟོབས་སྐྱོར་གྱི་ལག་ཐབས་ལ་རླུང་གསབ་དང་། ཁྲག་གསོ། སྲིབ་གསོ། ཁམས་གསབ། གདགས་བསྲོ་སོགས་ཡོད།
གནོད་འདོན་ནི་སྨན་རྫས་དང་ལག་ཐབས་གང་རུང་སྤྱོད་པའི་བརྒྱུད་ནས་ནད་སྐྱེད་པར་བྱེད་པའི་རྒྱུ་རྐྱེན་སྣ་ཚོགས་དང་ནད་འགྱུར་ཐོན་དངོས་བཅས་ཕྱིར་འདོན་ཐབས་ཀྱིས་ནད་བཅོས་རྟགས་སེལ་བྱེད་ཐབས་ཀྱི་རྩ་དོན་འགྲུབ་པར་བཤད་པ་ཡིན། རྒྱུན་སྤྱོད་ཀྲུང་ལུགས་གནོད་འདོན་གྱི་ལག་ཐབས་ལ་རླུང་རྒྱུ་དང་། འཁྱགས་ཞི། སྲ་བ་སྙི། ཚ་བ་གཅོག འདྲིལ་བ་བཤིག ལུད་པ་སྐམ། དུག་གིས་དུག་གསོད་སོགས་ཡོད། ད་དུང་འབྲས་ནད་གསོ་བཅོས་ནང་གཤག་བཅོས་དང་། རྫས་འགྱུར། འོད་འཕྲོ། རྒྱབ་སྐྱོར་གསོ་བཅོས་སོགས་ཀྱི་ལག་ཐབས་བེད་སྤྱོད་བྱེད་པར་སྟོབས་སྐྱོར་གནོད་འདོན་གྱི་རྩ་དོན་གྱིས་མཛུབ་སྟོན་ཐོབ་དགོས་པ་ཡིན།
སྟོབས་སྐྱོར་དང་གནོད་འདོན་གཉིས་ཀྱི་ཐུན་མོང་གི་དམིགས་ཡུལ་ནི་ལུས་ཕུང་ནང་གི་ནད་ཀྱི་གནོད་པ་འཇོམས་པ་དང་། འབྲས་ནད་ཞི་བ། བདེ་ཐང་སླར་གསོ་བྱེད་པ་ཡིན། སྟོབས་སྐྱོར་གནོད་འདོན་གྱི་རྩ་དོན་བེད་སྤྱོད་བྱེད་པའི་སྐབས་སུ། ནད་པའི་ལུས་ཡོངས་ཀྱི་གནས་ཚུལ་དང་། དོན་སྣོད་ཀྱི་བྱེད་ལས། འབྲས་སྐྲངས་ཀྱི་ཆེ་ཆུང་། ནད་ཡུན། ནད་རིམ། ནད་བབ་བཅས་གཞིར་བཞག་ནས། སྟོབས་གནོད་ཕྱོགས་གཉིས་ཀྱི་དཔྱད་བསྡུར་གནས་ཚུལ་ཐག་གཅོད་དང་། རྩོད་སྒྲུབ་འབྲེལ་བ་བཟུང་ནས་སྟོབས་སྐྱོར་དང་གནོད་འདོན་སྔ་ཕྱིའི་གོ་རིམ་ཐག་གཅོད་བྱེད་དགོས། ད་དུང་གནོད་འདོན་སྐབས་ཡིད་གཟབ་ཀྱིས་སྟོབས་ལ་མ་གནོད་པ་དང་། སྟོབས་སྐྱོར་སྐབས་གནོད་རླུང་ལ་སྣང་མེད་བྱེད་མི་རུང་བ། དེ་མིན་རྫས་འགྱུར་དང་འོད་འཕྲོའི་བཅོས་ཐབས་ནི་གནོད་པ་འདོན་པའི་ལག་ཐབས་ཤིག་ཡིན་ལ། དེ་ལས་བྱུང་བའི་ཟུར་ཕོག་ནི་སྟོབས་རླུང་ལ་གནོད་སྐྱོན་གཏོང་བའི་ཚ་རྐྱེན་གལ་ཆེན་ཞིག་ཡིན། དེར་བརྟེན་རྫས་འགྱུར་དང་འོད་འཕྲོའི་གསོ་བཅོས་ཟུར་ཕོག་གི་འགྱུར་བ་བྱུང་བ་ནི་སྟོབས་སྐྱོར་གནོད་འདོན་གྱི་ནང་དོན་གསར་པ་ཞིག་ཏུ་གྲུབ་པ་ཡིན།
ཀྲུང་དབྱིའི་སྟོབས་སྐྱོར་གནོད་འདོན་གྱི་ལག་ཐབས་གཙོ་བོ་ནི་སྨན་རྫས་དང་། སྨན་རྫས་སྦྱོར་བཟོ། ད་དུང་ཟས་བཅོས་དང་། སྐམ་ཁབ། རླུང་སྦྱོར་བཅོས་ཐབས། སེམས་ཁམས་བཅོས་ཐབས་སོགས་རྒྱུན་དུ་ཟུང་འབྲེལ་གྱིས་གསོ་བཅོས་བྱེད་པ་ཡིན།
བཞི་བ་མི་དང་། དུས། གནས་ཡུལ་བཅས་ལ་གཞིགས་པའི་བཅོས་ཐབས།
འབྲས་ནད་སྐྱེ་གྲུབ་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་ནད་པ་སོ་སོའི་ལུས་སྟོབས་དང་སེམས་ཁམས་ཀྱི་གནས་བབས་ལ་འབྲེལ་བ་ཡོད་པ་མ་ཟད། ད་དུང་དུས་ཚིགས་དང་། གནམ་གཤིས། ས་བབས་ཁོར་ཡུག་བཅས་ལའང་འབྲེལ་ཡོད། དེར་བརྟེན་གསོ་བཅོས་ཀྱི་སྐབས་སུ་ངེས་པར་ཕྱོགས་བསྡུས་ཁྱོན་ཡོངས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་བྱས་ཏེ། ལྟོས་འཇོག་གིས་ནད་པ་སོ་སོར་གསོ་བཅོས་བྱེད་ཐབས་གཏན་འབེབས་བྱེད་དགོས། དེ་ལྟར་བྱས་ན་གསོ་བཅོས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་ཡིན།
༡། མིར་གཞིགས་བཅོས་ཐབས། མིར་གཞིགས་བཅོས་ཐབས་གཏན་འབེབས་ནི་ནད་པའི་ལོ་ཚོད་དང་། ཕོ་མོ། ལུས་སྟོབས། འཚོ་བའི་གོམས་གཤིས། སེམས་ཁམས་གནས་བབ་སོགས་མི་འདྲ་བའི་ཁྱད་ཆོས་གཞིར་བཞག་ནས་གསོ་བཅོས་ཀྱི་རྩ་དོན་ལ་བསམ་གཞིགས་ཀྱིས་བཅོས་ཐབས་གཏན་འབེབས་བྱ་དགོས།
༡) ལོ་ནའི་བཅོས་ཐབས། མིའི་ལུས་བྱིས་པ་དང་། ན་གཞོན། དར་མ། རྒན་པ་བཅས་ལོ་ན་མི་འདྲ་བའི་བར་སྐབས་སོ་སོར་རླུང་ཁྲག་སེམས་ཁམས་གཟུགས་གཞི་ཚང་མར་ཁྱད་ཆོས་རེ་ཡོད་པས། ནད་འགྱུར་གྱི་མངོན་ཚུལ་དང་གསོ་བཅོས་ཀྱི་འགྱུར་བ་སོ་སོར་མི་འདྲ་བ་དང་། གསོ་བཅོས་སྐབས་སྨན་རྫས་བེད་སྤྱོད་བྱེད་ཚུལ་ཡང་མི་འདྲ་བ་ཡིན། ལོ་ན་རྒན་པའི་དོན་སྣོད་ཀྱི་ནུས་པ་དང་འཚོ་སྟོབས་ཞན་པས་གནོད་རྒོལ་སྨན་རྫས་བེད་སྤྱོད་བྱེད་སྐབས་ལོ་ན་གཞོན་པ་ལས་སྨན་ནུས་དལ་ཞིང་ཐུན་ཆུང་བའམ་ཉུང་ངུ་བེད་སྤྱོད་བྱེད། བྱིས་པར་འཚོ་སྟོབས་དར་རྒྱས་ཡོད་ཀྱང་དོན་སྣོད་གཉོམ་པས་ཞན་སླ་ཞིང་འཕེལ་སླ་བས་སྨན་རྫས་བེད་སྤྱོད་བྱེད་སྐབས་དུག་ལྡན་སྨན་རྫས་མི་སྤྱོད་པའམ་ཚད་ཉུང་ངུ་གཏོང་རྒྱུ་གལ་ཆེ།
༢) ཕོ་མོའི་བཅོས་ཐབས། སྐྱེས་པ་ཕོ་རྣམས་ཁམས་དཀར་དང་། བུད་མེད་རྣམས་ཁམས་དམར་གྱིས་གཙོ་བོ་བྱེད་པ་མ་ཟད་ཟླ་མཚན་དང་། གྲང་བ། མངལ་སྦྲུམ། བཙའ་བ་བཅས་སྐྱེ་ལུགས་ཀྱི་ཁྱད་ཆོས་ཡོད་པས། འབྲས་ནད་ཕོག་པའི་དམིགས་བཙུགས་དང་དོན་སྣོད་ཕུང་གྲུབ་གང་ལ་ཕོག་མང་བའི་ཁྱད་པར་ཡོད་པ་མ་ཟད། ནད་རྐྱེན་འཕེལ་རྐྱེན་ཡང་མི་འདྲ་བ་ཡིན། དེར་བརྟེན་གསོ་བཅོས་སྐབས་སུ་ཕོ་མོ་སོ་སོའི་སྐྱེ་ལུགས་དང་ནད་འགྱུར་ཁྱད་ཆོས་ཟུང་འབྲེལ་གྱིས་གསོ་བཅོས་བྱེད་ཐབས་གཏན་འབེབས་བྱེད་དགོས།
༣) གཟུགས་གཞིའི་བཅོས་ཐབས། གཟུགས་གཞིར་ལུས་སྟོབས་ཆེ་ཆུང་དང་ཚ་གྲང་མི་འདྲ་བའི་དབྱེ་བ་ཡོད། མིའི་ལུས་སྟོབས་ནི་འབྲས་ནད་སྐྱེ་གྲུབ་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་ལ་ཤུགས་རྐྱེན་ཐེབས་པའི་གལ་ཆེའི་ཆ་རྐྱེན་ཞིག་ཡིན་པ་དང་། སྐབས་རེ་ཐག་གཅོད་རང་བཞིན་གྱི་ཆ་རྐྱེན་ཞིག་ཀྱང་ཡིན། ནད་ཐོག་ལག་ལེན་ནང་རྒྱུན་དུ་ནད་རྟགས་མི་འདྲ་བ་མངོན་པར་བབས་བསྟུན་རྟགས་དཔྱད་སྨན་རྫས་བེད་སྤྱོད་བྱེད་པའི་སྐབས་སུ་ནད་པ་སོ་སོའི་ལུས་སྟོབས་མི་འདྲ་བར་མཐོང་ཆེན་བྱེད་དགོས།
༤) འཚོ་བའི་གོམས་གཤིས་ཀྱི་བཅོས་ཐབས། ཟས་སྐོམ་གྱི་གོམས་གཤིས་དང་། དགའ་ཕྱོགས་ཀྱི་གོམས་གཤིས་རེ་འགས་མིའི་ལུས་ཀྱི་གཟུགས་གཞི་དང་། འབྲས་ནད་སྐྱེ་གྲུབ་དང་འཕེལ་རྒྱས། འགྱུར་ལྡོག་བཅས་ལ་མངོན་གསལ་གྱིས་ཤུགས་རྐྱེན་ཐེབས་པ་ཡིན། དཔེར་ན་རྒྱུན་དུ་བསྙལ་བའི་སྐྱུར་ཚལ་ཟ་མང་བས་མིད་པའི་འབྲས་ནད་ཕོག་མང་བ་དང་། རྒྱུན་རིང་ཚིལ་བུའི་རིགས་ཟ་མང་བས་ལོང་འབྲས་དང་། ནུ་འབྲས། ལྒང་རྨེན་འབྲས་ནད་བཅས་ཕོག་མང་བ། རྒྱུན་དུ་ཐ་མག་འཐེན་པས་གློ་འབྲས་ཕོག་སླ་བ་ཡིན། གསོ་བཅོས་སྐབས་སུ་གནས་ཚུལ་དེ་རྣམས་དང་འབྲེལ་ནས་དགའ་ཕྱོགས་ཀྱི་གོམས་གཤིས་ངན་པར་འགྱུར་བ་བཏང་ནས་ཕན་འབྲས་ལྡན་པའི་བཅོས་ཐབས་གོང་འཕེལ་དུ་གཏོང་དགོས།
༥) སེམས་ཁམས་བཅོས་ཐབས། སེམས་ཁམས་དང་སྤྲོ་སྣང་མི་འདྲ་བས་འབྲས་ནད་སྐྱེ་གྲུབ་དང་། འཕེལ་རྒྱས། འགྱུར་ལྡོག་བཅས་ཀྱི་ནང་དུ་གལ་ཆེའི་བྱེད་ལས་སྒྲུབ་ཀྱི་ཡོད། སེམས་ཁམས་ལ་གནོན་ཤུགས་ཆེ་ཞིང་སྐྱོ་སྣང་ལྡན་པའི་མི་ལ་ནུ་འབྲས་ཕོག་སླ་བ་ཡིན། དེ་ལ་མཆིན་རླུང་འགྲེམ་ལ་སྐྱོ་སྣང་སེལ་བའི་བཅོས་ཐབས་བྱེད་པ་གལ་ཆེའི་དོན་སྙིང་ལྡན་པ་ཡིན། ནད་པ་ཁ་ཤས་ཀྱིས་སོ་སོར་འབྲས་ནད་ཡིན་པ་ཤེས་རྟོགས་བྱུང་རྗེས། རྒྱུན་དུ་སེམས་ཁམས་ལ་གནོན་ཤུགས་ཆེ་ཞིང་བསམ་བློ་ཚོད་འཛིན་མི་ཐུབ་པར་གྱུར་བའི་རྐྱེན་གྱིས་ནད་གཞི་མགྱོགས་མྱུར་ངང་སྡུག་ཏུ་འགྲོ་བ་དང་། ཡང་ནད་པ་ཁ་ཤས་ཀྱིས་ཧུར་རྩོན་ཆེན་པོས་གདོང་ལེན་དང་སྤྲོ་སྣང་ལྡན་པའི་སྒོ་ནས་ཡར་རྒྱས་གཏོང་ཐབས་ལ་འབད་པ་དང་། རང་འགུལ་གྱིས་སེམས་ཁམས་སྙོམས་ཐབས་བྱེད་མཁན་རྣམས་ལ་རྒྱུན་དུ་ཡ་མཚར་བའི་གནས་ཚུལ་འབྱུང་བ་ཡིན།
༢། ས་བབས་ཀྱི་བཅོས་ཐབས། ས་གནས་མི་འདྲ་བ་དང་། ས་བབས་ཁོར་ཡུག་མི་འདྲ་བ། མི་རྣམས་འཚོ་བའི་གོམས་གཤིས་མི་འདྲ་བ་བཅས་ཀྱིས་མིའི་སྐྱེ་ལུགས་འགུལ་སྐྱོད་དང་ནད་ཀྱི་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དཔེར་ན་ནུབ་བྱང་ས་བབ་མཐོ་སྒང་གནམ་གཤིས་གྲང་ལ་སྐམ་པ། ཆར་ཆུ་ཉུང་བ་དང་། ཤར་ལྷོ་ས་བབ་དམའ་ལ་དྲོ་རླན་ཆར་ཆུ་མང་བ་བཅས་ཀྱིས་མིའི་ལུས་སྟོབས་ལ་ཤུགས་རྐྱེན་ཆེ་ཆུང་ཐེབས་ཀྱི་ཡོད་པ་མ་ཟད། འབྲས་ནད་སྐྱེ་གྲུབ་དང་ནད་རྟགས་མངོན་ཚུལ་བཅས་ལའང་ཁྱད་པར་ཡོད། གསོ་བཅོས་ཐད་ལ་ཡང་མི་འདྲ་བ་ངེས་ཅན་རེ་ཡོད། ས་བབས་མི་འདྲ་བར་འབྲས་ནད་མི་འདྲ་བ་ཕོག་ཚད་མཐོ་བའི་སྣང་ཚུལ་དམིགས་བསལ་འབུར་དུ་ཐོན་པ་ཡིན། དཔེར་ན་མིད་འབྲས་ནི་ནུབ་བྱང་ཕྱོགས་དང་། མཆིན་འབྲས་ནི་ཤར་ལྷོ་ས་བབ་དམའ་བའི་མཚོ་མཐའ་རུ་ཕོག་མང་བ་ཡོད། གསོ་བཅོས་ཀྱི་སྐབས་སུ་ཕྱོགས་ཡོངས་ནས་རྒྱུ་རྐྱེན་འདི་དག་ལ་བསམ་བློ་བཏང་ནས་གསོ་བཅོས་བྱ་དགོས།
༣། དུས་ཚིགས་ཀྱི་བཅོས་ཐབས། མི་དང་རང་བྱུང་ཁམས་བར་འབྲེལ་བ་དམ་ཟབ་ཡོད་པས། དུས་ཚིགས་འགྱུར་ལྡོག་གིས་མིའི་ལུས་ཀྱི་སྐྱེ་ལུགས་དང་། ནད་འགྱུར། བརྟག་དཔྱད། གསོ་བཅོས། སྔོན་འགོག་བཅས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཡོད། དུས་ཚིགས་བཅོས་ཐབས་དོན་ཚན་གཉིས་ཡོད་དེ། གཅིག་ནི་ལོ་ཟླ་ཉི་མའི་མཚམས་ཚིགས་དང་ཟུང་འབྲེལ། གཉིས་ནི་སྨན་སྦྱོར་དང་སྐམ་ཁབ་སྤྱོད་སྐབས་དུས་བཞིར་རླུང་ཁྲག་འཕེལ་འགྲིབ་ལ་མཉམ་འཇོག་སོགས་བྱེད་དགོས།
ལྔ་བ། ནད་མེད་བཅོས་ཐབས།
ནད་མེད་གསོ་བཅོས་ལ་རིགས་གཉིས་ཏེ་ནད་གཞི་སྔོན་འགོག་དང་། ནད་གཞི་གནས་གཞན་དུ་ཁྱབ་པ་སྔོན་འགོག་བྱེད་པ་ཡིན། འདིར་གཉིས་པའི་སྐོར་འགྲེལ་བརྗོད་བྱེད་པར། ནད་ཐོག་ལག་ལེན་ནང་དུ། འབྲས་ནད་གསོ་བཅོས་ཀྱི་སྐབས་སུ་ངེས་པར་བཅོས་ཐབས་སྣ་ཚོགས་ལ་རེ་དགོས་པ་དང་། བཅོས་ཐབས་གང་ཡིན་ཡང་བརྩོན་ལེན་གང་ཐུབ་ཀྱིས་འབྲས་ནད་གཙང་སེལ་དང་། བསྐྱར་ལོག་དང་གནས་གཞན་དུ་ཁྱབ་པ་སྔོན་འགོག་བྱེད་ཐབས་བཅས་བྱེད་དགོས། དེས་ན་ནད་མེད་བཅོས་པའི་ཆོས་ཉིད་ཀྱི་འབྲས་ནད་གསོ་བཅོས་བྱེད་པའི་ནང་གལ་ཆེའི་དོན་སྙིང་ལྡན་ཡོད།
འབྲས་ནད་གསར་པ་དང་། ནད་ཀྱི་འགྱུར་ལྡོག་ཕྲ་མོ། སྟོབས་རླུང་ཤོར་མེད་པའི་སྐབས་སུ་གང་སྔ་ཕན་འབྲས་ཡོད་པའི་བཅོས་ཐབས་བཀོལ་སྤྱོད་ཀྱིས་གནོད་པ་གཙང་འདོན་དང་། ནད་འགྱུར་ལྕི་རུ་འགྲོ་བ་སྔོན་འགོག ཆ་ཤས་ནས་ལུས་ཡོངས་ལ་ཁྱབ་པ་སྔོན་འགོག་བཅས་བྱེད་དགོས། འབྲས་ནད་ཕྱིར་འདོན་(དཔེར་ན་གཤགས་བཅོས་བྱེད་པ།)བྱས་རྗེས་གལ་ཆེའི་ལས་འགན་ནི་ནད་གཞི་བསྐྱར་ལོག་དང་། གནས་གཞན་ལ་ཁྱབ་པ་སྔོན་འགོག་བྱེད་པ་དེ་ཡིན། དེ་ཡང་འབྲས་ནད་སྐྱེ་སའི་དོན་སྣོད་ཕུང་གྲུབ་དང་། ནད་འགྱུར་གྱི་འགྲོ་ཕྱོགས། སྟོབས་རླུང་དར་རྒུད་ཀྱི་ཚད་གཞི། ནད་ཐོག་མངོན་པའི་ནད་རྟགས་ཀྱི་ཁྱད་ཆོས། སྨན་རྫས་གསོ་བཅོས་བཅས་གཞིར་བཞག་གིས་ནད་གཞི་བསྐྱར་ལོག་དང་། གནས་གཞན་ལ་ཁྱབ་པ་སྔོན་འགོག་བྱེད་དགོས། འབྲས་ནད་རྙིང་པར་གྱུར་ནས་ལུས་སྟོབས་ཞན་ལ་གནོད་རླུང་རྒྱས་པའི་སྐབས་སུ་འབྲས་ནད་གསོ་བཅོས་བྱེད་དགོས་ཚེ། དོན་ལྔ་ཕན་འབྲེལ། སྔ་ཕྱི་ཀུན་ཁྱབ། དོན་ལྔར་ནད་ཡོད། གྲོགས་འབྲེལ་ཁྱབ་(མཆིན་ནད་མཆེར་ཁྱབ། མཆེར་ནད་མཁལ་ཁྱབ་ལྟ་བུ་གྲོགས་འབྲེལ་ལ་ཁྱབ་སླ་བ་ཡིན།)སླའི་ཆོས་ཉིད་གཞི་འཛིན་གྱིས་འབྲས་ནད་གསོ་བཅོས་དང་དུས་མཉམ། གཞན་ལ་ཁྱབ་འགྱུར་སྔོན་འགོག་སོགས་བྱས་ན་གསོ་བཅོས་ཀྱི་ཕན་འབྲས་རྒྱ་ཆེན་ཐོབ་པ་ཡིན།
ནད་ཐོག་ལག་ལེན་སྐབས་དུག་གིས་དུག་གསོད་ཅེས་དུག་ཤས་ལྡན་པའི་སྨན་རྫས་མང་པོ་བེད་སྤྱོད་བྱེད་པ་ཡིན། དཔེར་ན་འབུ་རྐང་བརྒྱ་ལག་བརྒྱ་དང་། སྦྲང་ཚང་། འབུ་སྡིག་པ། མུ་ཟི། ལྡོང་རོས། ཀོ་བྱི་ལ། དན་རོག་སོགས་ཀྱི་ཉམས་ཞིབ་ཞིབ་འཇུག་བྱས་པར་སྨན་རྫས་དེ་རྣམས་ལ་ཐད་ཀར་འབྲས་ནད་ཕྲ་ཕུང་ལ་གནོད་པའི་ནུས་པ་ཡོད་པ་ར་སྤྲོད་བྱུང་ཡོད།
ལྔ་བ། སྲོལ་རྒྱུན་དང་ཕྱི་ལུགས་བཅོས་ཐབས་ཟུང་འབྲེལ།
འབྲས་ནད་གསོ་བཅོས་ཀྱི་ཐོག་མའི་སྐབས་ནས་ནུབ་ལུགས་དང་སྲོལ་རྒྱུན་སྨན་ལུགས་ཟུང་འབྲེལ་བྱེད་དགོས། དེ་གཉིས་ཀྱི་སོ་སོའི་ཕན་ཆ་བླངས་ནས་ཞན་ཆ་ཁ་གསབ་བྱེད་ཐུབ་པར་ཕན་ཚུན་རོགས་རེས་ཀྱི་གསོ་བཅོས་ཀྱི་ཕན་ནུས་སྐྱེད་ཐུབ་པ་ཡིན། དེ་ལ་སྲོལ་རྒྱུན་དང་གཤག་བཅོས་ཟུང་འབྲེལ་དང་། སྲོལ་རྒྱུན་དང་རྫས་འགྱུར་ཟུང་འབྲེལ། སྲོལ་རྒྱུན་དང་འོད་འཕྲོ་ཟུང་འབྲེལ་བཅས་གསུམ་ཡོད།
དང་པོ་སྲོལ་རྒྱུན་དང་གཤག་བཅོས་ཟུང་འབྲེལ།
འབྲས་ནད་ཀྱི་གཤག་བཅོས་ལ་སྔོན་དང་རྗེས་ཀྱི་དུས་རིམ་གཉིས་ཡོད། སྔོན་གྱི་ཟུང་འབྲེལ་ནི་སྲོལ་རྒྱུན་སྨན་གྱིས་སྟོབས་སྐྱོར་རླུང་གསབ་ཁྲག་གསོ་དང་། མཆེར་ཐང་མཁལ་གསོ་བཅས་གཙོ་བོར་བཟུང་ནས་ནད་པའི་རྒྱུན་ལྡན་འཚོ་བཅུད་ལེགས་སུ་གཏོང་བ་དང་། ནད་རྟགས་ཆུང་དུ་གཏོང་བ། ལུས་སྟོབས་རྒྱས་ནས་གཤག་བཅོས་བྱེད་བདེ་བར་བྱེད། གཤག་བཅོས་རྗེས་ཀྱི་ཟུང་འབྲེལ་ནི་ཕོ་མཆེར་གྱི་བྱེད་ནུས་གསོ་ཞིང་སྙོམས་པར་བྱེད་པ་དང་། རླུང་རྒྱུ་ལ་ཕྱི་རྟགས་བརྟན་པ། སྲིབ་གསོ་གཤེར་སྐྱེད་ཀྱི་བཅོས་ཐབས་གཙོ་བོར་བྱས་ནས་ལུས་ཁམས་ཀྱི་བྱེད་ནུས་གང་མགྱོགས་དྭངས་སྐྱེད་ཡོང་བར་བྱེད་དགོས།
གཉིས་པ་སྲོལ་རྒྱུན་དང་འོད་འཕྲོ་གསོ་བཅོས་ཟུང་འབྲེལ།
འོད་འཕྲོའི་གསོ་བཅོས་ནི་ད་ལྟའི་བར་དུ་འབྲས་ནད་རིགས་གཅིག་གི་གསོ་བཅོས་བྱེད་ཐབས་གཙོ་བོ་ཞིག་ཡིན། འོད་འཕྲོའི་གསོ་བཅོས་ཀྱི་འཕྲོ་བའི་འོད་མདའ་ནི་མེ་དྲོད་ཆེ་བས་དྲོད་དུག་གམ་དྲོད་གནོད་ཀྱིས་མིའི་ལུས་ཀྱི་སྲིབ་གཤེར་ལ་གནོད་ཅིང་རླུང་ཟད་པས་ཕོ་མཆེར་གྱི་མྱག་བཞུའི་བྱེད་ནུས་ལ་གནོད་པ་དང་། དུས་མཉམ་སྲིབ་ཞན་ནང་འཛད་ཀྱིས་ཁྲག་གི་འཁོར་སྐྱོད་འགག་ཅིང་རླུང་ཞན་ཁྲག་འགག་སྐྱེད་པར་བྱེད། དེ་ལ་རླུང་གསབ་སྲིབ་གསོའམ་གྲང་རླུང་སྙོམས་པ་དང་། གཤེར་སྐྱེད་སྐམ་རླན། ཕོ་མཆེར་སྙོམས་སྒྲིག མཆིན་མཁལ་མཉེན་གསོ། ཚ་སེལ་དུག་འདོན། ཁྲག་སླ་འགག་ཞི་སོགས་ཀྱི་རྩ་དོན་གཞིར་བཞག་གིས་གྲང་རླུང་སྙོམས་པའི་སྦྱོར་བས་གསོ་བཅོས་བྱེད་པ་སོགས་ནད་གནས་དང་ནད་རྟགས་མི་འདྲ་བ་ལ་བརྟེན་ནས་རྩོད་སྒྲུབ་ཀྱི་གསོ་བཅོས་བྱེད་དགོས།
གསུམ་པ་སྲོལ་རྒྱུན་དང་རྫས་འགྱུར་གསོ་བཅོས་ཟུང་འབྲེལ། རྫས་འགྱུར་གསོ་བཅོས་ཀྱིས་དགྲ་གཉེན་དབྱེ་བ་མེད་པར་འབྲས་ནད་ཀྱི་ཕྲ་ཕུང་གསོད་པ་དང་། དུས་མཚུངས་སུ་ལུས་ཀྱི་རྒྱུན་ལྡན་ཕྲ་ཕུང་རྣམས་ལ་གནོད་སྐྱོན་ཚད་མེད་གཏོང་བ་དང་། ཁྱད་པར་རྙིང་ཚབ་གསར་སྐྱེད་མྱུར་བའི་ཕྲ་ཕུང་ལ་གནོད་པ་སོགས་ལུས་ཡོངས་ལ་གནོད་སྐྱོན་དང་ནད་རྟགས་སྐྱེད་པ་ཡིན། དཔེར་ན་འཇུ་བྱེད་མ་ལག་དང་། མཆིན་མཁལ་གྱི་བྱེད་ལས་ལ་གནོད་སྐྱོན་གཏོང་བ། ཟུངས་ཁྲག་ཉམས་པ། ནད་འགོག་མ་ལག་གི་ནུས་པ་དང་རུས་རྐང་གི་ཁྲག་བཟོའི་མ་ལག་གི་ནུས་པའི་སྟངས་འཛིན་བྱེད་མི་ཐུབ་པ་འགྱུར་བ་ཡིན། ལོ་མང་ནད་ཐོག་ཉམས་མྱོང་དང་ཞིབ་འཇུག་གི་གྲུབ་འབྲས་བཅས་ལ་གཞིར་བཞག་ན། དང་པོ་རྫས་འགྱུར་གསོ་བཅོས་ཀྱི་དུག་རྫས་ཀྱི་ཟུར་ཕོག་ཉུང་དུ་གཏོང་བ་དང་། གཉིས་པ་རང་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ལས་གོང་འཕེལ་གཏོང་བ། གསུམ་པ་ཞིབ་འཇུག་ལས་བྱུང་བའི་སྨན་སྦྱོར་ཁ་ཤས་ལ་རྫས་འགྱུར་གསོ་བཅོས་ཀྱི་ནུས་པ་ཤུགས་ཆེར་གཏོང་ཐུབ་པའི་ནུས་པ་ཡོད་པར་རྟོགས་ཡོད། དེ་བཞིན་འབྲས་ནད་མང་པོའི་རླུང་ཁྲག་མཆེར་མཁལ་ཞན་པར་གསོ་བཅོས་བྱས་པས་འབྲས་ནད་བསྐྱར་ལོག་སྔོན་འགོག་བྱེད་ཐུབ་པ་རྟོགས་ཡོད། དེ་ཡང་མཆེར་པ་གསོས་པས་མིའི་རྗེས་ཐོབ་ཀྱི་ནུས་པ་གསོ་བ་དང་། མཁལ་མ་གསོས་པས་ལྷན་སྐྱེས་ཀྱི་ནུས་པ་གསོ་ཐུབ་པ། དེ་བཞིན་རུས་རྐང་གི་ལྷ་བའི་ཁྲག་བཟོའི་བྱེད་ལས་སྐྱེད་པ་དང་། ནད་འགོག་གི་བྱེད་ནུས་ཆེས་ཆེར་འཕེལ་བ་ཡིན། དེ་མ་ཟད་ཁྲག་དམར་དང་ཁྲག་རིགས་དཀར་པོའི་ཕྲ་ཕུང་། ཁྲག་ལེབ་བཅས་ཆག་པ་སོགས་ལ་ཕན་པའི་ཉམས་མྱོང་གི་སྨན་སྦྱོར་མང་པོ་ཕྱོགས་བསྡོམས་བྱས་ཡོད།
གངས་ལྗོངས་གསོ་རིག་བདུད་རྩའི་ཆུ་གཏེར་ལས། །འཁྲུངས་པའི་འབྲས་ནད་བརྟག་བཅོས་ནོར་བུའི་ཕྲེང་། །ཀྲུང་ལུགས་འབྲས་ནད་བརྟག་བཅོས་ཕྲ་བཀོད་པས། །འཚོ་མཛད་ནད་ངན་འབྲས་ལས་རྒྱལ་གྱུར་ཅིག།
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༣ ལེགས་པར་གྲུབ་པས་དགེ་ལེགས་འཕེལ།། །།
མཐའ་མའི་འདོན་ཐེངས་།: 06.12.2024 ཉིན། 10:08 AM
<< སྔ་མ།