སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011
ལོ་རྒྱུས། >>

གསོ་རིག་ཀུན་འདུས་ལས་བཤུས།
བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པའི་གསོ་བ་རིག་པ་ནི་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་། བོད་མི་རིགས་ཀྱིས་གནའ་རབས་ནས་བཟུང་ནད་རིགས་སྣ་ཚོགས་འགོག་སྲུང་དང་སྨན་བཅོས་བྱས་པའི་ལག་ལེན་ཁྲོད་ཐོབ་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་མཛད་པའི་རྨང་གཞིའི་སྟེང་། རིམ་བཞིན་ལོ་རྒྱུས་འཕེལ་འགྲོས་བརྒྱུད་རིམ་ནང་རྒྱ་གར་དང་རྒྱ་ནག་གིས་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་དཔྱད་རིག་པའི་སྙིང་བཅུད་མང་པོ་བསྡུ་ལེན་གྱིས་རྒྱུན་ཆད་མེད་པར་ཁ་སྐོང་དང་འཕེལ་རྒྱས་གོང་འཕེལ་གཏོང་བ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་གསར་བཏོད་མཛད་པ་ཞིག་ཡིན་པས། དཔྱད་བཟོད་ཅིང་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་དང་རབ་ཏུ་ཕྱུག་པའི་ལག་ལེན་གྱི་ཉམས་མྱོང་ཟུང་འབྲེལ་གྱི་མི་རིགས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཀྱང་ཡིན་པས། དེང་སྐབས་བོད་སྨན་གྱི་སྙན་གྲགས་ཀྱང་འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་གང་སར་ཁྱབ་སྟེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་ནང་དུ་ཡང་དེར་ཤེས་རྟོགས་དང༌། སློབ་སྦྱོང༌། ཞིབ་འཇུག་བཅས་་བྱེད་བཞིན་ཡོད།

བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཇི་ལྟར་བྱུང་བ་དང་འཕེལ་བའི་ཚུལ་རྣམས་ཅུང་ཟད་གསལ་ཞིང་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་སྟོན་ཐུབ་པའི་ཕྱིར་གནའ་བོའི་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་ལ་གཞི་བཅོལ་ཏེ་བོད་ཀྱི་རང་བྱུང་ཁམས་ཆགས་ཚུལ་དང༌། མིའི་འགྲོ་བ་བྱུང་བའི་ལོ་རྒྱུས་མདོ་ཙམ་བརྗོད་པ་ནས་གླེང་བར་བྱ་བ་ལ།

དེ་ཡང་སྔོན་གྱི་ལོ་རྒྱུས་ཡིག་རིགས་རྣམས་སུ་འཁོད་པར་གཞིགས་ན་བོད་ཡུལ་ནི་གདོད་མའི་དུས་སུ་ཆུ་བོའི་གཏེར་ཆེན་པོ་འབའ་ཞིག་ཡིན་པར་གྲགས་པ་དང༌། དེ་རྗེས་ཀོང་གི་ཆུ་བརླག་ཅེས་པའི་ཟོམ་བྱུང་བས་ཆུ་བོ་རྣམས་རིམ་བཞིན་ཁ་བྲི་སྟེ་རིམ་པས་ས་གཞིའི་རྣམ་པ་དང༌། སྲོག་ཆགས། རྩི་ཤིང་ནགས་ཚལ་ཆགས་པ་བཅས་ཀྱིས་འཛམ་གླིང་གི་གཙུག་ཏོར་ལྟ་བུ་རི་མཐོ་ཞིང༌། ས་གཙང་བ། བསིལ་ལ་མཛེས་པའི་ཡུལ་ཁམས་ཁྱད་འཕགས་ཅན་གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་ཁ་བ་ཅན་འདི་དག་བྱུང་ཚུལ་སྐོར་ལ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་མཁས་པའི་དགའ་སྟོན་ནང༌། སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། །བར་གྱི་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང༌། །ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས། །རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་ཕྲན་གཞན་ཡང་དེ་ལྟར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང༌། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །ཞེས་གསུངས་པ་ལྟར་བོད་ཀྱི་ཡུལ་ཁམས་དེ་གནའ་སྔ་མོར་ཆུ་གཏེར་ཆེན་པོ་ཡོངས་སུ་གང་བ་ཞིག་ཡིན་པའི་བཤད་ཚུལ་ལ་སྒྲུབ་བྱེད་ཡོད་པར་ལུང་རིགས་མན་ངག་ཚད་མ་གསུམ་གྱིས་དཔང་པོ་འཕེར་བ་ཞིག་བྱུང་བར་བརྟེན་དེང་སྐབས་ཀྱི་ཚན་རིག་པ་རྣམས་ཧ་ཅང་ཡིད་ཆེས་ཀྱི་གནས་སུ་གྱུར་ཡོད།

དེ་རྗེས་བོད་ཀྱི་ཡུལ་ཁམས་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་བ་བྱུང་བ་དང༌། ས་ཁམས་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་བརྒྱུད་གངས་ལྗོངས་འདི་ཉིད་དུ་སྤྲེའུ་དང་བྲག་སྲིན་འདུས་པ་ལས་མི་བརྒྱུད་ཐོག་མར་བྱུང་བ་དང༌། དེ་དག་རིམ་བཞིན་འཕེལ་ཞིང་དར་བ་ལས་མཐར་འགྲོ་བ་མིའི་རིགས་བསྐྱེད་བསྲིང་ཡོང་བའི་རྒྱལ་ཁམས་སུ་གྱུར་པའི་ལོ་རྒྱུས་ཀྱང་ཆེས་གསལ་བ་ཞིག་ཡོད་ཅིང༌། དེ་དག་གི་ཁུངས་དང་ལོ་རྒྱུས་ར་སྤྲོད་ཀྱི་དཔང་པོ་ནི་དེང་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་འོག་ནས་བཏོན་པའི་གདོད་མའི་མི་བཟོས་རྡོ་ཆས་རྙིང་པ་དང་། འདྲ་གཟུགས། མི་རུས་སོགས་མང་དག་ཅིག་རྙེད་པ་རྣམས་ལ་གནའ་རྫས་རྟོག་ཞིབ་མཁས་པ་མང་པོས་ཚན་རིག་ཐོག་ནས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད་བོད་ཡུལ་དུ་ལོ་ཁྲི་ཕྲག་གི་གོང་ནས་མིའི་རིགས་འཚོ་གནས་ཡོད་པ་ར་འཕྲོད་པ་མ་ཟད། གནའ་བོའི་བོད་མི་ཚོས་དུས་ཡུན་ཤིན་ཏུ་རིང་པོའི་འཚོ་གནས་ཁྲོད་ནད་རིགས་སྣ་ཚོགས་ལ་སྨན་བཅོས་དང་སྔོན་འགོག་སོགས་ཀྱི་ཤེས་བྱ་རིམ་བསགས་བྱས་ཏེ་བོད་ཀྱི་གསོ་རིག་གི་ས་བོན་ནམ་རྨང་གཞི་གསར་བཏོད་བྱུང་ཡོད།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ནང་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་མི་ཡུལ་དུ་ཐོག་མར་སྐྱེས་པའི་ཤེད་བུ་ཞེས་བྱ་བས་སྲེད་པའི་བག་ཆགས་ཀྱིས་ས་ཞག་ཟོས་པ་ལ་བརྟེན་ནས་མ་ཞུ་བའི་ནད་ཀྱི་ཟུག་རྔུ་དྲག་པོས་བཏབ་སྟེ་སྨྲེ་ངག་ཕྱུངས་པ་མེས་པོ་ཚངས་པས་ཐོས་ནས་འགྲོ་བ་ལ་བརྩེ་བའི་བློས་སྔོན་སངས་རྒྱས་ཤཱཀྱ་ཐུབ་ཆེན་གྱིས་གསུངས་པའི་གསོ་དཔྱད་འབུམ་སྡེ་ལས། མ་ཞུ་བའི་ནད་ལ་ཆུ་སྐོལ་གཏོང་བའི་ཚུལ་ཡོད་པ་དྲན་ཏེ་ཚངས་པས་ཆུ་སྐོལ་གྱི་སྦྱོར་བ་བསླབས་པས་ཤེད་བུའི་ནད་ཞི། རྒྱུ་མཚན་དེ་ལ་དཔགས་ནས་ནད་ལ་སྔ་བ་མ་ཞུ་བ་དང༌། ནད་པ་ལ་སྔ་བ་ཤེད་བུ། སྨན་ལ་སྔ་བ་ཆུ་སྐོལ། སྨན་པ་ལ་སྔ་བ་ལྷ་ཚངས་པ་ཡིན་པར་འཇིག་རྟེན་དུ་གྲགས་པ་དེ་ལྟར་ནའང༌། དོན་དུ་འཇིག་རྟེན་འདིར་མི་ཆགས་པ་ནས་གདོད་མའི་སྤྱི་ཚོགས་སྐབས་བཟའ་བཏུང་ལོངས་སུ་སྤྱོད་རྒྱུ་ནི་རགས་པའི་ཟས་སྐོམ་ཁོ་ན་ཡིན་པས། དེའི་དབང་གིས་མི་ཚོར་མ་ཞུ་བའི་ནད་ཕོག་རྒྱུ་ནི་ཤིན་ཏུ་མང་བ་དང༌། རྗེས་སུ་མི་རྣམས་ཀྱིས་མེ་བཀོལ་སྤྱོད་ཀྱི་ཐབས་ཤེས་རྙེད་རྗེས་བཟའ་བཏུང་རྗེན་པ་དང༌། གྲང་མོ། འཇུ་དཀའ་བའི་རིགས་རྣམས་མེ་ལ་བསྲེགས་པ་དང༌། ཡང་ན་བཙོས་པ། ཐ་ན་དྲོད་བཏང་བ་སོགས་ཀྱི་ཐབས་ཤེས་བརྒྱུད་མ་ཞུ་བའི་ནད་རིགས་ཡོང་རྒྱུར་སྔོན་འགོག་ཐུབ་པ་མ་ཟད། ཆུ་ཁོལ་བསྐོལ་བའི་ལག་ལེན་ཤེས་རྗེས་ལུས་པོར་དྲོད་སྐྱེད་པ་དང༌། ཁ་ཟས་འཇུ་བ། དེ་མིན་ནད་རིགས་གཞན་དག་ལའང་ཕན་པ་ཡོད་པ་ར་འཕྲོད་བྱུང་བ་སོགས་ཀྱི་དཔེ་མཚོན་འདི་དེང་དུས་ཚན་རིག་པ་རྣམས་ཀྱིས་ཇི་ལྟར་མི་རིགས་གང་ཞིག་དང་ས་གནས་གང་ཞིག་ཡིན་རུང་སྨན་དཔྱད་ཀྱི་ཐོག་མའི་བྱུང་ཚུལ་ལམ་མྱུ་གུ་ལྟ་བུ་ནི་མི་རྣམས་རང་ཉིད་འཚོ་གནས་ཆེད་ཐོན་སྐྱེད་ངལ་རྩོལ་བྱས་པའི་ལག་ལེན་ཉག་ཅིག་ཡིན་ཚུལ་གསུངས་བཞིན་པ་དང་རྗེས་སུ་མཐུན་པའོ། །

དེ་ནས་སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་ཡས་མས་སུ་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཁྲིར་འཁོད་ཁར་དོགས་པ་དྲུག་བསྟན་པའི་ནང་གི་དོན་ཚན་ལྔ་པ་ནི་དུག་ཡོད་ཅེས་པའི་དོགས་པར། རྩིབས་ལྷ་སྐར་མ་ཡོལ་སྡེ་ཞེས་པའི་ཤེས་པ་ཅན་དེས་བོད་འདིར་དུག་ལ་སྨན་ཡོད་ཅེས་གསུངས་པའི་སྐོར་བློན་པོ་བཀའ་ཐང་ནང་གསལ་བ་དེ་དག་ལ་གཞིགས་ན་སྐབས་དེའི་དུས་སུ་བོད་མི་དམངས་ཀྱིས་སྐྱེ་དངོས་དང༌། སྲོག་ཆགས། གཏེར་ཁའི་རིགས་བཅས་ཁ་ཤས་ལ་ནད་རིགས་གསོ་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཟིན་པ་མ་ཟད། དུག་སེལ་སྨན་གྱི་བྱེད་ཐབས་ཤེས་པའང་དངོས་ཤུགས་ཀྱིས་བསྟན་ཡོད་པ་གསལ་ཡོད།

དེ་བཞིན་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་འབུགས་ལས། ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། དེ་བཞིན་དུ་གཡུ་ཐོག་རྙིང་མའི་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ལས་ཀྱང༌། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་བསྐྱོན་སྐབས་ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང༌། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་པ་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་སྤུ་ཧྲེང་དུ་བྱོན་པར་བཤད་པའི་ཕྱིར་རོ། །སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ་དེས་གསོ་བྱའི་ནད་འབུམ་ནག་པོ་དང༌། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ་གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་གསོ་དཔྱད་ཀྱི་མདོ་དགུ། གསོ་རིག་དཔྱད་རྒྱུད་ཟླ་ཟེར་ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་མང་པོ་འཆད་ཉན་དང༌། འགྲོ་བ་ནད་པའི་དོན་མཛད་ཚུལ་གྱི་ལོ་རྒྱུས་ཟིན་ཐོ་ཡོད་པ་དང༌། ལྷག་པར་དུ་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་པའི་ནང་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང༌། ནང་གསེས་དབྱེ་བ། སོ་སོའི་ཕན་ཡོན་སོགས་ཞིབ་གསལ་འཁོད་པར་གཞིགས་ན་ཞང་ཞུང་གི་དཔྱད་བུ་ཁྲི་ཤེས་ཞེས་པ་ནི་ཧ་ཅང་སྔ་བའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་མཁན་ཞིག་ཡིན་པ་དེ་དག་ལ་བལྟས་ན་བོད་ཀྱི་གསོ་རིག་ལ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ཚད་མས་གྲུབ་བོ། །ཞང་ཞུང་ཞེས་པ་དེ་ཡང་སྦ་བཞེད་ལས། ཞང་ཞུང་བོན་གྱི་ས་རྟགས་ལ། །སྟོད་གངས་དཀར་ཏི་སིའི་གནས་མཆོག་འདིར། །སྤུ་ཧྲེང་གངས་ཀྱིས་སྐོར་དང་གཅིག །མང་ཡུལ་ཆབ་ཀྱིས་སྐོར་དང་གཉིས། །གུ་གེ་གཡའ་ཡིས་སྐོར་དང་གསུམ། །སྐོར་གསུམ་ཡོད་པས་རྫིང་བུ་འདྲ། །བོན་མངའ་འབངས་ཀྱི་རིས་སུ་གཏོགས་པ་ལ། །སྟོད་མངའ་རིས་སྐོར་གསུམ་གྲགས་པ་ཡིན། །ཞེས་གསུངས་པ་ལྟར་རོ།།
དེ་རྗེས་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཡས་མས་སུ་བོད་རྗེ་གྲི་གུམ་བཙན་པོའི་དུས་སུ་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཕྱིན་པའི་ཉེར་ལེན་ལས་ནས་བཙོས་ནས་ཆང་བསྙལ་བའི་ཐབས་ཤེས་དང༌། འོ་མ་ནས་མར་བཏོན་ཐབས་ཤེས་རྗེས་རིམ་པས་རྨ་གསར་པ་ལ་སྦང་མས་འཇིབ་བྱེད་པ་དང༌། མར་ཁུ་བཞུས་ནས་ཁྲག་གཅོད་པའི་ཐབས་ཤེས་རྙེད་དེ་སླར་ཡང་སྨན་རྫས་ཀྱི་འབྱུང་ཁུངས་གསར་པ་ཁ་ཤས་བཙལ་ཐུབ་པ་བྱུང་བ་ཡིན་ནོ།།

དེ་རྗེས་བོད་ཤིང་ཁྱི་ལོ་སྤྱི་ལོ་༢༥༤ ལོར་འཁྲུངས་པའི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་སུ་རྒྱ་གར་གྱི་སྨན་པ་བི་བྱི་དགའ་བྱེད་དང༌། བི་ལྷ་དགའ་མཛེས་གཉིས་བོད་དུ་ཕེབས། ཁོང་གཉིས་ཀྱིས་མང་ཚོགས་ནང་སྨན་བཅོས་གནང་བའི་སྐོར་གྱི་དྲིལ་ཆེན་པོ་བསྒྲགས་པ་རྒྱལ་པོས་གསན་ཏེ་སྨན་པ་གཉིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས་ཏེ་ཁྲི་མཐོན་པོར་བཞུགས་སུ་གསོལ་ཞིང༌། བསྙེན་བཀུར་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད་དེ་བོད་ཡུལ་དུ་རིང་པོར་བཞུགས་ནས་གསོ་དཔྱད་སྤེལ་བའི་འདུན་པ་མཛད་པ་ན་དེར་སྨན་པས་ཞལ་གྱིས་བཞེས་སྐབས་རྒྱལ་པོ་ཉིད་དགྱེས་ནས་རང་གི་སྲས་མོའམ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་མ་ཞེས་པ་སྨན་པ་བི་བྱི་དགའ་བྱེད་ཀྱི་བཙུན་མོར་ཕུལ་སྟབས་ནམ་ཞིག་གི་ཚེ་དེ་ལ་སྲས་དུང་གི་ཐོར་ཅོག་ཅན་ཞེས་པ་ཞིག་འཁྲུངས། དེ་ཉིད་བསྐྱེད་བསྲིངས་ནས་ནར་སོན་པའི་ཚེ་དེ་ལ་སྨན་པ་གཉིས་ཀྱིས་རེག་པ་རྩའི་མདོ་དང༌། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོ་སོགས་ཀྱི་གདམས་པ་མ་ལུས་པ་གནང་ནས་སྦྱངས་པའི་རྩལ་རྫོགས་ཤིང་སྨན་པ་མཁས་པར་གྱུར། སྨན་པ་གཉིས་རང་ཡུལ་ལ་ཕྱིར་བཞུད། སྨན་པ་དུང་གི་ཐོར་ཅོག་ཅན་གྱིས་རྒྱལ་པོ་ཐོ་རི་སྙན་བཙན་རང་ཉིད་ཀྱི་སྐུ་ཚེའི་སྨད་ཀྱི་བླ་སྨན་དང༌། དེའི་སྲས་ཁྲི་གཉན་གཟུང་བཙན་གྱི་སྐུ་ཚེའི་སྟོད་ཀྱི་བླ་སྨན་དུ་དབང་བསྐུར་བར་གྲགས་ཤིང༌། དེ་ནས་བཟུང་སྨན་པ་དུང་གི་ཐོར་ཅོག་གི་སྲས་བློ་གྲོས་ཆེན་པོ་དང༌། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རབ་གསལ། དེའི་སྲས་བློ་གྲོས་རྒྱས་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་བཅས་ཀྱིས་བོད་རྒྱལ་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་དང༌། སུམ་ཅུ་པ་འབྲོང་གཉན་ལྡེའུ། སོ་གཅིག་པ་སྟག་རི་གཉན་གཟིགས། སོ་གཉིས་པ་གནམ་རི་སྲོང་བཙན། སོ་གསུམ་པ་སྲོང་བཙན་སྒམ་པོ་བཅས་སོ་སོའི་བླ་སྨན་མཛད་པར་གྲགས་ཤིང༌། ལྷག་པར་གོང་གི་རྒྱལ་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་ས་གདོན་གྱིས་ཟིན་པར་རྒྱལ་བརྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་ཡོང་བའི་ཆེད་འཕྱོངས་རྒྱས་ཀྱི་ཞང་མདར་གསོན་པོར་བང་སོར་དུར་དུ་ཞུགས་པ་དང༌། སྲས་དཀོན་པ་བཀྲ་ལ་རྒྱལ་ཕྲན་འ་ཞའི་ཡུལ་ནས་འ་ཞ་རྗེ་ཞེས་བྱ་བའི་སྨན་པ་མཁས་པ་ཞིག་སྤྱན་དྲངས་ནས་སྤྱན་ཕྱེ་དགོས་པའི་ཞལ་ཆེམས་གནང་བ་ལྟར་འ་ཞའི་སྨན་པས་རྒྱལ་བུའི་སྤྱན་གསེར་གྱི་ཐུར་མས་ཕྱེ་བ་བརྒྱུད་སྤྱན་བསྐྱར་དུ་གཟིགས་པའི་ཐོག་མར་སྐྱིད་ཤོད་སྟག་མོའི་རི་ལ་རི་དྭགས་གཉན་ཡོད་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་པ་བཅས་གོང་གསལ་ལོ་རྒྱུས་དེ་དག་ལས་བོད་ཀྱི་གསོ་རིག་དང་སྨན་རིག་ལག་རྩལ་གྱི་ཚད་གཞི་སྤྱིར་བཏང་གི་འཕེལ་རྒྱས་ཙམ་མ་ཡིན་པར་འགོས་ནད་ཀྱི་འབྱུང་རྐྱེན་ཤེས་ཀྱི་ཡོད་པ་དང༌། མིག་གི་གཤགས་བཅོས་སོགས་ཆུ་ཚད་གང་ཙམ་ལ་སླེབས་པ་མཚོན་ནོ།།

དུས་རབས་བདུན་པའི་ཡས་མས་སུ་གནམ་རི་སྲོང་བཙན་གྱི་དུས་སུ་རྒྱ་ནག་ནས་རྩིས་དང་སྨན་གྱི་སྐོར་འགའ་ཞིག་བླངས་པ་ལོ་རྒྱུས་འགར་གསལ་རུང་དར་རྒྱས་ཆེར་མ་བྱུང་ནའང་ལུང་རིག་དེ་དག་ལ་དཔྱད་ན། དུས་དེ་ཙམ་ནས་གཞན་གྱི་དགེ་མཚན་བླངས་ནས་རང་ཉིད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཙལ་རྙེད་བྱུང་བའང་མཚོན་གྱི་ཡོད་པ་རེད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མ་ཐང་ཐའི་ཛུང་གི་སྲས་མོ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་རང་གི་བཙུན་མོར་བསུ་སྐབས་རྒྱ་ནག་ནས་ཀྲུང་དབྱི་གསོ་རིག་དང་སྨན་རིག་གི་གཞུང་ལུགས་ཕོན་ཆེན་ཞིག་བསྣམས་ཕེབས་པའི་ནང་ནས་ཀྲུང་དབྱིའི་སྨན་གཞུང་སྨན་དཔྱད་ཆེན་མོ་ཞེས་པ་བོད་ཡིག་ཏུ་བསྒྱུར་ཅིང༌། དེ་བཞིན་འཕགས་ཡུལ་གྱི་སྨན་པ་བྷ་ར་དྷ་ཛ་དང༌། རྒྱ་ནག་གི་སྨན་པ་ཧེན་ཝན་ཧང་དེ། ཏ་ཟིག་གི་སྨན་པ་ག་ལེ་ནོས་བཅས་སྨན་པ་གསུམ་བོད་ལ་རྒྱལ་པོའི་སྙུང་གསོ་བའི་ཕྱིར་གདན་དྲངས། རྒྱ་གར་སྨན་པས་རླུང་མཁྲིས་བད་ཀན་གསུམ་དུ་ཕྱེ་བའི་འབུ་ཤག་མ་བུ་ཆེ་ཆུང་དང༌། སྦྱོར་བ་མར་གསར། རྒྱ་ནག་གི་སྨན་པས་རྒྱ་དཔྱད་ཐོར་བུ་ཆེ་ཆུང༌། ཏ་ཟིག་གི་སྨན་པས་མགོ་སྔོན་བསྡུས་པ་དང༌། དེ་ཕོ། རྨ་བྱ། ནེ་ཙོ་གསུམ་གྱི་དཔྱད་སོགས་སོ་སོའི་ཁྱད་ཆོས་དང་མཐུན་པའི་གསོ་དཔྱད་ཀྱི་གཞུང་ལུགས་བསྣམས་ཕེབས་པ་རྣམས་བོད་ཡིག་ཏུ་བསྒྱུར། སྨན་པ་གསུམ་བཀའ་གྲོས་གོ་བསྡུར་གྱིས་ཐུན་མོང་ཐོག་མི་འཇིགས་པའི་མཚོན་ཆ་ཞེས་པ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་དུ་བརྩམས་ནས་སྲོང་བཙན་ལ་ཕུལ་བས་རྒྱལ་པོ་ཉིད་ཤིན་ཏུ་དགྱེས་ཤིང༌། སྨན་པ་གསུམ་ལའང་ཆེད་བསྟོད་མཛད་པ་དང་སྦྲགས་རྒྱ་དཀར་ནག་གི་སྨན་པ་གཉིས་ལ་རྒྱལ་པོས་བྱ་དགའ་ཕུལ་ཏེ་རང་རང་གི་ཡུལ་དུ་བཞུད། ག་ལེ་ནོས་སྔར་ཡོད་རྒྱལ་པོ་རང་གི་བླ་སྨན་བློ་གྲོས་བཤེས་གཉེན་གྱི་སྟེང་བླ་སྨན་དུ་དབང་བསྐུར་ནས་དབུས་སུ་བཞུགས་པ་དེས་རོ་བཀྲ་ཆིངས་ཁྲེམས་འཁྲུལ་གྱི་མེ་ལོང༌དང༌། དེ་བཞིན་ཁྲོམ་གྱི་དབྱེ་བ་དྲུག་པ། མགོ་དཔྱད་མ་བཞི་བུ་དགུ་མདའ་བཅོས་ལེའུ་བཞི་པ་སོགས་གསོ་དཔྱད་ཀྱི་བསྟན་བཅོས་མང་པོ་བརྩམས། ཕྱིས་ཁབ་བཞེས་པས་མཚན་མཛོ་རོར་སྨན་པ་ཞེས་འབོད་པ་དང༌། སྲས་ཀྱང་གསུམ་བྱུང་བས་ཆེ་བ་གཙང་སྟོད་དུ་བཏང་བས་བི་བྱི་སོགས་ཀྱི་བརྒྱུད་པ་དར། འབྲིང་པོ་གཡོར་པོར་བཏང་བས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་དབུས་སུ་བཞུགས་པས་སོག་པོ་སྨན་པ་ཞེས་གླེང༌། དེ་ལ་བོད་རིགས་བྱིས་པ་བློ་རྣོ་བ་ཁག་གཅིག་སྨན་དཔྱད་སློབ་ཏུ་བཅུག་ནས་ཕྱིས་སྐྱེ་བོ་མཐོ་དམན་ཀུན་ལ་སྨན་དཔྱད་ཀྱིས་ཆོས་ཤིག་ཅེས་བཀའ་བསྒོས་པ་དང་མིང་འཚོ་བྱེད་སྨན་པར་བཏགས། དེའི་གདུང་བརྒྱུད་ཆད་རུང་སློབ་བརྒྱུད་གཉའ་དང་མཐའ་བཞི་སོགས་སྨན་པའི་སློབ་བརྒྱུད་རྣམས་བྱུང་བར་གྲགས། དུས་དེར་རྒྱལ་པོ་ཉིད་ཀྱིས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་ཐོས་བསྙབ་བཞིན། ཞེས་གསུངས་ནས་གསོ་དཔྱད་ཐམས་ཅད་ལུགས་སྡེ་ཆེན་པོ་གསུམ་དུ་བསྡུས་ནས་འཆད་པར་མཛད། བྱ་དགའ་ལ་གཙིགས་ཆེན་དགུ་དང་གཙིགས་ཆུང་གསུམ་སྟེ་བཅུ་གཉིས་གནང༌།

དེ་ནས་དུས་རབས་བརྒྱད་པའི་ནང་བོད་རྒྱལ་མེས་ཨག་ཚོམ་མམ་ཁྲི་ལྡེ་གཙུག་བརྟན་གྱིས་བོད་ཀྱི་གསོ་རིག་དར་རྒྱས་འགྲོ་རྒྱུར་ཐུགས་དགོངས་བཞེས་ནས་རྒྱ་ནག་དང༌། རྒྱ་གར། བལ་ཡུལ། ཁ་ཆེ། དོལ་པོ་སོགས་ནས་ཕྱོགས་རིགས་ཀྱི་སྨན་པ་མཁས་པ་དགུ་བོད་ལ་གདན་དྲངས་ཏེ་ཡུལ་ལུང་སོ་སོའི་སྨན་དཔྱད་ལག་རྩལ་བརྒྱུད་སྤེལ་སྔར་ན་མ་གྲགས་པ་ཞིག་མཛད་པ་དང༌། ལྷག་པར་དུ་བོད་ལྕགས་ཁྱི་སྤྱི་ལོ་༧༡༠ཁྲང་རྔན་ནས་གོང་མ་ཐང་ཀའོ་ཛུང་གི་སྲས་མོ་གྱིམ་ཤིང་ཀོང་ཇོ་ཞེས་པ་སྲས་འཇང་ཚ་ལྷ་དབོན་གྱི་བཙུན་མོར་བསུས་སྟབས་ཡང་བསྐྱར་ཀྲུང་དབྱི་གསོ་རིག་དང་སྨན་རིག་སོགས་ཀྱི་གཞུང་ལུགས་མང་པོ་ཞིག་བོད་ལ་བསྣམས་ཡོད་པ་རྣམས་རྒྱ་ནག་གི་སྨན་པ་ཧ་ཤང་མཧཱ་ཀྱིན་ད་དང༌། རྒྱ་ཕྲུག་གར་མཁན། བོད་ཀྱི་རྩིས་སྨན་མཁས་པ་ཁྱུང་པོ་ཙེ་ཙེ་དང༌། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་སོགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཅིང༌། དེ་དུས་བསྣམས་ཕེབས་པའི་སྨན་གཞུང་གི་ནང་ནས་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པ་འདི་རྒྱ་གར་ནས་བསྒྱུར་བ་དང་རྒྱ་ནག་ནས་བསྒྱུར་བ་སོགས་བཞེད་པ་མི་འདྲ་བ་མཆིས་རུང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་རྒྱ་ནག་གི་བེ་ཅི་ཧངྐ་མཧཱ་ལ་དཔེ་ཞུས་ཏེ་ནང་པའི་པཎ་ཆེན་ཧཱ་ཤང་མཧཱ་ཡ་ན་དང༌། བོད་ཀྱི་ལོ་ཙཱ་བ་མཁས་ཅན་བཻ་རོ་ཙ་ན་གཉིས་ཀྱིས་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བའི་སྨན་གཞུང་དེ་ཉིད་ཤིང་པར་བརྐོས་ནས་ད་ལྟའི་བར་དུའང་བརྒྱུད་འཛིན་བྱས་ཡོད་པས་སྨན་གཞུང་དེའི་ནང་སྐྱེ་དངོས་སྨན་དང༌། སྲོག་ཆགས་སྨན། གཏེར་ཁའི་སྨན་རིགས་བཅས་ཡོད་ལ། ད་དུང་ནད་རིགས་སྣ་ཚོགས་ལ་ཕན་པའི་སྨན་སྦྱོར་ཁྱད་དུ་འཕགས་པ་མང་དག་ཅིག་ཀྱང་ཡོད་པས་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་ཉར་ཚགས་བྱས་པའི་སྨན་གཞུང་སྔ་ཤོས་ཀྱི་གྲས་ཤིག་ཡིན།

ཕྱོགས་མཚུངས་རྒྱལ་པོ་ཉིད་ཀྱིས་ཁྲོམ་གྱི་ཡུལ་ནས་མཁས་པ་ཆེན་པོ་ག་ལེ་ནོས་ཀྱི་གདུང་རྒྱུད་ལས་བྱུང་བའི་བི་ཇི་ཙན་པ་ཤི་ལ་ཧ་བྱ་བ་དཔོན་སློབ་དང་བཅས་པ་བོས་ནས་ཉམས་སད་པའི་སླད་དུ་རྒྱལ་པོས་སྙུང་རྫུ་བཏབ་སྟེ་བརྟག་ཏུ་བཅུག་པས་ཇི་ལྟ་བ་བཞིན་ཐིག་ནས་ཁ་དམར་གསལ་བས་རྒྱལ་པོ་ངོ་མཚར་ཞིང་དགྱེས་ཆེ་ནས་སྔར་ཡབ་མེས་ཀྱིས་གྲགས་པའི་བཀའ་གཙིགས་བཅུ་གཉིས་སྟེང༌། ང་ནི་མགོ་ནག་ཡོངས་ཀྱི་ལྷ་ཡིན་ཞིང༌། །དེས་ཀྱང་རྗེ་རུ་འཁུར་བས་ལྷ་རྗེར་ཐོགས། །ཞེས་བསྣན་པའི་བཀའ་གཙིགས་བཅུ་གསུམ་ཞེས་པ་བསྒྲགས་ཤིང་བཀས་བསྒོས་ནས་བླ་སྨན་དུ་དབང་བསྐུར། མཁས་དབང་དེས་རྒྱུད་ཤེལ་གྱི་མེ་ལོང་སོགས་སྨན་གཞུང་མང་པོ་བརྩམས། ད་དུང་རྒྱ་ནག་གི་དྲང་སྲོང་གིས་མཛད་པའི་རིན་ཆེན་དབྱིག་ལེའུ་བདུན་ཅུ་པ་དང༌། དྲང་སྲོང་རྒྱུན་ཤེས་ཀྱིས་མཛད་པའི་བྱང་ཁོག་ཁྲེམས་ཀྱི་མདོ་སོགས་རྒྱ་དཀར་ནག་ནས་དར་བའི་གསོ་རིག་སྐོར་གྱི་སྨན་གཞུང་མང་པོ་བོད་སྐད་དུ་བསྒྱུར་ཐོག་རྒྱལ་པོ་ལ་ཕུལ་ནས་དེ་རྣམས་གཅིག་ཏུ་བསྡུས་ཏེ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལས་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་ཞེས་གྲགས། དེ་རྗེས་ཙན་པ་ཤི་ལ་ཧས་སྲིད་བསྐྱངས་ནས་བི་ཇིའི་གདུང་རྒྱུད་མུ་མཐུད་སྤེལ་བར་མཛད་ཅིང༌། སློབ་བརྒྱུད་ལ་ཡང་སྟོང་གཞེར་མེས་པོ་དང༌། བྲང་ཏི་རྒྱལ་མཉེས་མཁར་ཕུག ཞང་ལྷ་མོ་གཟི་གསུམ་གྱི་གཙོས་མང་དུ་བྱུང་ཞིང༌། དེ་རྣམས་བླ་སྨན་དུའང་དབང་བསྐུར་བར་གྲགས་སོ། །དེ་ནས་ཙན་པ་ཤི་ལ་ཧ་རང་ཡུལ་དུ་བྱོན་ཁར་སྲས་ལ་གདམས་པ་བེ་བུམ་ནག་པོའི་སྐོར་སོགས་དང༌། མགོ་བྱང་ཁོག་ཡན་ལག་འདུ་བ་ཐོར་བུ་དང་བཅས་པའི་བཅོས་ཐབས་རྩ་བའི་མན་ངག་དོན་བརྒྱད་པ་རྣམས་ལ་བི་ཇིའི་པོ་ཏི་ཁ་སེར་དུ་གྲགས་པ་རྣམས་ཕུལ་བ་ལས་རྒྱལ་པོའི་བླ་ཡིག་འོད་འབར་དུ་གྲགས་སོ། །

དེ་ནས་སྟོད་ལུང་སྐྱིད་སྣར་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་བླ་སྨན་པ་གཡུ་ཐོག་ཁྱུང་པོ་རྡོ་རྗེའི་སྲས་སུ་བོད་ལྕགས་རྟ་༼སྤྱི་ལོ་༧༠༨ལོར་འཁྲུངས་པའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞུ་བ་དེ་རིག་པའི་གནས་སྤྱི་དང༌། ལྷག་པར་གསོ་རིག་རྒྱ་མཚོའི་ཕ་མཐར་སོན་པའི་གྲགས་པ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གསན་ཏེ་ཆོས་བློན་ཏ་རག་ཅན་གདན་ཞུ་མཛད་པར་མངགས་སོ། །དེ་ནས་གཡུ་ཐོག་ཆེན་པོས་ཆོས་བློན་དང་འགྲོགས་ནས་བསམ་ཡས་དབུ་རྩེ་རིགས་གསུམ་དུ་ཕེབས་པ་དང༌། རྒྱལ་པོ་ཡབ་སྲས་ཀྱིས་ཉམས་སད་པའི་ཕྱིར་དེར་ཡོད་བྲང་ཏི་རྒྱལ་མཉེས་མཁར་ཕུག་ལ་སོགས་པ་བོད་ཀྱི་སྨན་པ་མཁས་པ་རྣམས་དང་རྩོད་དུ་བཅུག་པ་དང༌། གཡུ་ཐོག་ཆེན་པོས། བདག་དང་གཞན་གཉིས་རྩོད་པ་བྱེད་པ་ལ། །དཔང་པོ་ཐུབ་པའི་སྨན་པ་བོད་ན་མེད། །བདག་ནི་གསོ་དཔྱད་རྒྱ་མཚོའི་ཕ་རོལ་སོན། །དྲིས་པའི་ལན་ལ་ཐོགས་མེད་ལན་ཡང་འདེབས། །ཞེས་སོགས་གསུངས་པ་དང༌། སྨན་པ་ཀུན་གྱིས་བཅོས་མི་ཐུབ་པའི་ནད་པ་ཁག་གཅིག་བཅོས་སུ་བཅུག་པའི་ཚེ་གཡུ་ཐོག་ཆེན་པོ་རྩོད་པ་ལས་རྒྱལ་ཞིང་ནད་པ་དེ་རྣམས་ཀྱང་གསོས་སྟབས་གཞུང་ལུགས་དང་ལག་ལེན་ཅི་ཐད་ནས་ཉམས་སད་དེ་སྙན་གྲགས་ཀྱི་བ་དན་འཕྱར་བས་ན་རྒྱལ་པོ་ཉིད་དགྱེས་ཤིང་དད་པར་གྱུར་ནས་གཡུ་ཐོག་ཆེན་པོ་རྒྱལ་པོ་ཡབ་སྲས་གཉིས་ཀའི་བླ་སྨན་དུ་དབང་བསྐུར་ཞིང༌། ཆིབས་སྒ་དང་བཅས་པའི་བྱ་དགའ་སྩལ་ཐོག་ཆེད་བསྟོད་ཀྱི་ཕྱིར། བོད་ཡུལ་དབུས་སུ་གཡུ་ཐོག་ཡོན་ཏན་མགོན། །བོད་ཀྱི་རྗེ་འབངས་བསོད་ནམས་དཔལ་དུ་བྱུང༌། །སྨན་པ་ཀུན་གྱི་རྗེ་རུ་ཁྱེད་ཁུར་ལ། ཁྱེད་ཀྱི་ཐུགས་རྗེ་ཚ་ཟེར་རྒྱས་པའི་མཐུས། །གསོ་དཔྱད་བསྟན་པ་བོད་དུ་དར་བར་མཛོད། །ཅེས་པའི་བཀའ་ཡང་སྩལ་བར་གྲགས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པར་ཡབ་མེས་རྣམས་ཀྱིས་གསོ་རིག་གི་བཀའ་སྲོལ་ལེགས་པར་བཏོད་དེ་དར་རྒྱས་བྱུང་མོད་ཀྱི་ངེད་ཀྱིས་ཀྱང་ཕྱོགས་ཀྱི་སྨན་པ་མང་དུ་བསགས་ནས་སྔོན་ཆད་མ་བསྒྱུར་བའི་རིགས་མཐའ་དག་དར་བར་བྱའོ་དགོངས་ཏེ་ཆོས་རྒྱལ་ཉིད་ཀྱིས་གསེར་མང་པོ་བསྐུར་ནས་ཕྱོགས་མཐའི་སྨན་པ་རྣམས་གདན་འདྲེན་པར་ཕོ་ཉ་མངགས་པ་ལས་ཕྱོགས་རིས་ཀྱི་སྨན་པ་མི་དགུ་སྤྱན་དྲངས་པའི་རྗེས་ཕོ་བྲང་དུ་སྣེ་ལེན་གྱ་ནོམ་པ་བཤམས་ཐོག དེ་རྣམས་ཀྱིས་སོ་སོའི་སྐད་ལ་བྱང་པའི་ལོ་ཙཱ་བ་དང་བཅས་ནས་ཡུལ་ཁམས་སོ་སོའི་གསོ་དཔྱད་ཀྱི་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་དགོས་པའི་འདུན་པ་མཛད་སྟབས་ཕྱོགས་མཐའི་སྨན་པ་སོ་སོས་ཕྱོགས་མཐའ་ནས་དར་བའི་གསོ་དཔྱད་ཀྱི་གཞུང་ཇི་སྙེད་ཅིག་བསྒྱུར་བ་རྣམས་རྒྱལ་པོར་ཕུལ་བས་ཐུགས་ལ་བབས་ཤིང་དགྱེས་པ་དང་འབངས་ལ་ཡང་ཤིན་ཏུ་སྨན་པར་གྱུར་པས་ན། རྒྱལ་པོས་ཆེད་བསྟོད་མཛད་དེ། འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། །བོད་འབངས་མགོ་ནག་ཡོངས་ཀྱིས་བཀུར་བར་གྱིས། །ཅི་ཕྱིར་འདི་ནི་ཚེ་སྲོག་སྟེར་བའི་ཕྱིར། །ཞེས་དང༌། སྨན་པ་ཕ་ཡིན་ནད་པ་སྙིང་རྗེས་སྐྱོང༌། །ནད་པ་བུ་ཡིན་ངན་མཚང་ཕྱིར་མ་བརྗོད། །ཅེས་སོགས་བཀའ་སྩལ་ཞིང་གཙིགས་ཆེ་བར་གནང༌། དེ་ལྟར་བསྒྱུར་བའི་གསོ་རིག་གི་གཞུང་ལུགས་རྣམས་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་དེར་རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ་ཞེས་གྲགས་སོ། །

ལྷག་ཏུ་རང་ཅག་བོད་སྨན་ཡོངས་ཀྱི་གཙུག་རྒྱན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང༌། བརྒྱུད་ནས་བརྒྱུད་ཀྱི་རྒྱལ་པོའི་བླ་སྨན་བྲང་ཏི་རྒྱལ་མཉེས་མཁར་ཕུག་ལ་སོགས་པས་མཐའ་བཞིའི་ཕྱོགས་རིགས་སྨན་པ་རྣམས་དང་གསོ་རིག་སྐོར་ལ་ཕན་ཚུན་ཉམས་མྱོང་མང་པོ་གསུང་རེས་གནང་བ་དང༌། ཐ་ན་གནད་དོན་འགའ་ཤས་ཐད་ལ་རྩོད་ལན་གནང་རེས་མཛད་པའི་གནས་ཚུལ་ལ་གཞིགས་ན་དེའི་དུས་སུ་བོད་ཀྱི་གསོ་རིག་ཡར་རྒྱས་གོང་འཕེལ་ཡོང་ཆེད་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་སྔར་ན་མ་གྲགས་པ་ཞིག་བྱུང་བར་མངོན་ཞིང༌། གཡུ་ཐོག་ཆེན་པོ་དང་ཕྱོགས་རིགས་སྨན་པ་ཕན་ཚུན་དྲི་བ་དྲིས་ལན་མཛད་པའི་ནང་གཡུ་ཐོག་ཆེན་པོས། བོད་ཡུལ་སོགས་ལ་གསོ་བ་རིག་པའི་བཀའ་བབས་ཚུལ་སྐོར་དང༌། གསོ་དཔྱད་ཡན་ལག་བརྒྱད་པ་དང༌། ནད་ཡན་ལག་བརྒྱད་པ། སྨན་ཡན་ལག་བརྒྱད་པ་སོགས་ཀྱི་དྲི་བར་འགྲེལ་བཤད་ཡང་དག་པར་བསྐྱོན་པས་མཐར་ཕྱོགས་རིགས་སྨན་པ་དགུ་པོ་ངོ་མཚར་སྐྱེས་ཏེ་བོད་ན་འདི་ལྟ་བུའི་སྐྱེས་མཆོག་དམ་པ་བཞུགས་པ་ཡ་མཚན་གསུངས་ནས་གཡུ་ཐོག་པ་ལ་བསྟོད་པ་འདི་ཕུལ་ལོ། །སྔོན་བསགས་སྦྱངས་པའི་ཡོན་ཏན་རབ་རྒྱས་ཤིང༌། །འགྲོ་བ་མགོན་མེད་རྣམས་ཀྱི་མགོན་གཅིག་པུ། །གཡུ་ཐོག་པ་ཞེས་ཟླ་མེད་མཁས་པའི་མཆོག །གྲུབ་པའི་གྲགས་སྙན་འབར་བ་ཁྱོད་ཕྱག་འཚལ། །ཁྱད་པར་གསོ་རིག་གཞུང་ལུགས་བསྟན་པའི་སྲོག །ཉམ་ཐག་འགྲོ་བ་ནད་པའི་སྐྱབས་གཅིག་པུ། །བོད་ཡུལ་མུན་པ་སེལ་བའི་ཉི་མ་མཆོག །གཡུ་ཐོག་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ་ཞབས་སྤྱི་བོར་བླངས་ནས་སྐྱབས་མགོན་དམ་པར་མངའ་གསོལ། ཡང་གཡུ་ཐོག་པ་ཆེན་པོས་རྗེས་སུ་བོད་དུ་ཡང་མཁས་པ་མི་དགུར་གྲགས་པ་རིམ་ཅན་དུ་འབྱུང་བ་དེ་དག་གིས་ཀྱང་རིམ་པར་སོ་སོའི་ཁྱད་ཆོས་དང་བསྟུན་ནས་གསོ་རིག་གི་གཞུང་མང་པོ་རྩོམ་གནང་མཛད་རྒྱུ་ཡིན་པ་མ་འོངས་ལུང་བསྟན་དུ་གསུངས། དམ་པ་དེས་སྔ་ཕྱིར་བལ་ཡུལ་དང་རྒྱ་གར་དུ་ལན་གསུམ་དང༌། རྒྱ་ནག་ལ་ལན་གཉིས། དེ་མིན་དབུས་གཙང་དང༌། དྭགས་ཀོང༌། མངའ་རིས། ཀློ་ཡུལ། ཙཱ་རི་སོགས་ས་གནས་མང་པོར་ཕེབས་ཏེ་སྨན་དཔྱད་ཀྱི་གཞུང་དང༌། ལག་ལེན་རྒྱ་ཆེན་པོའི་སྒོ་ནས་འགྲོ་ཕན་རྒྱ་ཆེར་མཛད་ཅིང༌། བུ་སློབ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་གནང༌། ཕྱི་རབས་ཀྱི་དོན་དུ་ལག་ལེན་གསལ་སྒྲོན་དང༌། ཉམས་ཡིག་མཐོང་བ་དོན་ལྡན། འཁྲིད་ཡིག་བརྒྱ་དང་རྩ་གཅིག རོ་བཀྲ་དང་བྱང་ཁོག་གསང་དབྱེ། ཐུར་དཔྱད། མེ་བཙའ། གཏར་ག་སོགས་ཀྱི་སྨན་གཞུང་དུ་མ་བརྩམས། ཁྱད་པར་སློབ་མ་རྣམས་ལ་གདམས་ངག་བསླབ་བྱའི་སྙིང་པོ། ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་གཡོ་བོར་ལ་བྱང་ཆུབ་སེམས་ཀྱི་གཞི་བཟུང༌། འགྲོ་བ་ནད་པའི་དོན་དུ་གཉེར། མཐོ་གྲོགས་དང་ཁེ་ཚོང་མ་བྱེད་པར་ངན་སློང་མཐའ་ནས་སྐྱོངས། མི་ངོ་ཟས་ངོ་ལ་མ་བལྟ་བར་ནད་ལ་ཕན་པའི་སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཁྱབ་པའི་སྨན་པ་མཛོད། བདག་བཟུང་གི་གནས་མ་བརྟེན་པར་རྒྱལ་ཁམས་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས། ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་བརྩེ་བས་སྐྱོངས། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། རྟ་དྲེལ་གཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། སྒོ་གསུམ་ཆོས་ལ་འབད་ལ་ཕྱི་མའི་ལམ་སྣ་ཟུངས། ཞེས་ཀྱང་གསུངས་སོ། །

དེ་ཡང་ཆོས་རྒྱལ་རིམ་བྱོན་གྱི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དེ་དཔྱིད་ཀྱི་དཔལ་ཡོན་དར་བ་ལྟར་རིས་སུ་མ་ཆད་པའི་གསོ་རིག་གི་གཞུང་ལུགས་དང༌། ལག་ལེན་གྱིས་མཚོན་ཕྱོགས་གང་ཐད་ནས་དར་ཁྱབ་ཆེས་ཆེ་བ་ཞིག་བྱུང་དང་འབྱུང་བཞིན་པའི་ཁར། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བོད་ཀྱི་གསོ་རིག་བསྟན་པ་དགུང་དུ་བཏེགས་པའི་མཛད་རྗེས་རླབས་ཆེ་བའི་ནང་ཆེས་མཆོག་ཏུ་གྱུར་པ་ནི་གསོ་རིག་རྒྱུད་བཞི་འཆད་ཉན་དར་སྤེལ་གནང་བས་སློབ་འབངས་ཡོངས་ནས་སྨན་བླ་གཉིས་པ་ལྟ་བུར་དད་པ་དང་བསྔགས་བརྗོད་ཞུས་ཡོད།

དེ་ལྟར་ན་ཡང་རྒྱུད་བཞི་འདི་ལ་བཀའ་བསྟན་སོགས་བཞེད་པ་མི་འདྲ་བ་དང༌། ལུང་རིགས་ཐ་དད་ཀྱི་སྒྲུབ་བྱེད་བཀོད་པའི་བཤད་ཚུལ་མང་པོ་ཡོད་པ་ལས། བཀའ་ལ་འདོད་པ་ཁ་ཅིག་གིས་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་དྲངས་ཏེ། སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་སྟོན་པས་སྨན་པའི་རྒྱལ་པོའི་སྐུར་བཞེངས་ཏེ་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཏུ་རྒྱུད་བཞི་གསུངས་པ་དང༌། ལྟ་ན་སྡུག་དེ་ཡང་ཨོ་རྒྱན་ཡུལ་སོགས་བཞེད་པ་སྣ་ཚོགས་ཀྱི་ངོས་འཛིན་མཛད་པ། ཡང་རྒྱུད་བཞིའི་ནང༌། སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། །ཞེས་སོགས་རིག་བྱེད་ཀྱི་གཏམ་རྒྱུད་ཡོད་པས་སྟོན་པའི་གསུང་ཡིན་ཚུལ་འགོག་པ། ཐང་ཡིག་ནང༌། རྒྱ་ནག་སྨན་པ་ཧ་ཤང་དེ་ཝ་དང༌། །བླ་སྨན་ཉང་བཙན་ཤི་ལ་ལ་སོགས་པས། །ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང༌། །སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུར། །ཞེས་རྒྱུད་བཞི་རྒྱ་ནག་ནས་བསྒྱུར་བར་འདོད་པ། དེ་མིན་བཻ་རོ་རྒྱ་གར་དུ་ཕེབས་ནས་པཎ་ཆེན་ཙན་དྲ་དེ་ཝ་ལ་རྒྱུད་བཞི་ཞུས་ཏེ་ཕྱིར་ཕེབས་དུས་གཡུ་ཐོག་རྒྱ་གར་དུ་ཕེབས་པ་དང་མཇལ་ནས་གཡུ་ཐོག་གིས་བདག་རྒྱ་གར་ནས་མ་འཁོར་བར་རྒྱུད་བཞི་གཏེར་དུ་སྦོས་ཞེས་གསུངས་ཚུལ། ཡང་གཡུ་ཐོག་ངོ་མས་སློབ་དཔོན་ཙན་དྲ་དེ་ཝའི་དྲུང་ནས་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་ཞུས་པའི་སྐོར། ད་དུང་འགའ་རེས་སློབ་དཔོན་པདྨ་དང༌། ཁ་ཆེ་ཟླ་དགའ། བཻ་རོ་གསུམ་གྱིས་མཛད་ཅེས་དང༌། ཡང་གྲྭ་པ་མངོན་ཤེས་དང༌། དབུས་པ་དར་གྲགས། རོག་སྟོན་དཀོན་མཆོག་སྐྱབས་གསུམ་གྱིས་སྐྱིད་སྨད་ཚལ་པ་སྣའི་རི་གདོང་དུ་མཛད་ཅེས་དང༌། གཞན་ཡང་གཡུ་ཐོག་པས་མཛད་དེ་འཕྲལ་གཏེར་དུ་སྦས་པ་སོགས་ལ་སྔོན་གྱི་མཁས་དབང་གཞན་དྲིང་མི་འཇོག་པའི་བཀའ་དྲིན་ཅན་རྣམས་ཀྱིས་དཔྱད་གཟོད་ཐུབ་པའི་སྒོ་ནས་ཞིབ་འཇུག་གནང་བ་དང༌། ལུང་རིགས་རྣམ་དག་གི་ཁུངས་ལུང་མང་པོ་དྲངས་གནང་མཛད་པའི་ནང་ནས་ཆ་ཙམ་མཚོན་ན་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་གསུངས་པ་དང༌། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ལས། འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཆེན་འདི་ལུང་རིགས་ཀྱི་དཔྱད་པ་ཤིན་ཏུ་བཟོད་ཅིང་དེས་མཛད་པའི་སྨན་དཔྱད་སྤྱིའི་རྣམ་གཞག་ཕྱོགས་གཅིག་ཏུ་བསྡུས་པའི་གཞུང་མཁས་པའི་ཡིད་འཕྲོག་དང༌། ལག་ལེན་གཅེས་བསྡུས་རེག་པས་ནད་སེལ་ཞེས་བྱ་བ་མཁས་རློམ་གཞན་ལས་ཀྱང་ཁྱད་ཞུགས་པའི་ལེགས་བཤད་ཅིག་སྣང་བས་རྒོལ་བར་ག་ལ་སྤོབས་ཞེས་གདེང་འཇོག་ཆེས་ཆེར་མཛད་པ་དང༌། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང༌། བོད་སྨན་མཁས་པས་བརྩམས་པའི་རྒྱུད་བཞི་བསླབས། །ཞེས་གསུངས་ཤིང༌། རྩིས་གཞུང་ཉེར་མཁོ་བུམ་བཟང་ལས། གཞན་ཡང་མཁས་གྲུབ་གཡུ་ཐོག་པས། །འཕགས་ཡུལ་རྒྱ་ནག་ཆུ་བཞིན་ཉུལ། །ཀུན་གྱི་བཅུད་བསྡུས་རྒྱུད་བཞི་བརྩམས། །འདི་ལ་རྒོལ་དུ་གཞན་ཅི་ནུས། །ཞེས་དང༌། དེ་བཞིན་ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་ནང༌། གསོ་བ་རིག་པ་ལས་བྱུང་བའི་མིང་གི་རྣམ་གྲངས་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་དང༌། སློབ་དཔོན་དཔའ་བོའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་འགྲེལ་པ་ཁ་ཆེ་ཟླ་བ་མངོན་དགས་མཛད་པ་གླེགས་བམ་གཉིས་རྣམས་ནི་རྒྱ་གར་གྱི་སྨན་གཞུང་དང༌། བོད་ཀྱི་སྨན་གཞུང་ནི་གཡུ་ཐོག་པ་གསར་རྙིང་གཉིས་བྱུང་བའི་རྙིང་མ་ནི་སྟོད་ལུང་སྐྱིད་སྣར་སྐུ་འཁྲུངས་ཤིང་བདེ་གཤེགས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས། བསམ་ཡས་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྨན་པ་ཡང་མཛད་པ་དེས་རྒྱུད་བཞི་མཛད་པར་གྲགས་ཤིང༌། བསམ་ཡས་དབུ་རྩེར་གཏེར་དུའང་སྦས། ཕྱིས་སུ་གྲྭ་ཐང་པ་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་ཡིན་ཡང་ཟེར་རོ་ཞེས་གསུངས་པ་བཅས་ཀྱིས་དོན་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་དེས་མི་ལོ་༡༢༥ བར་གསོ་དཔྱད་ཁོ་ནས་འགྲོ་དོན་མཐའ་ཡས་པ་བསྐྱངས་པ་དང༌། སྐབས་དེའི་རིང་རང་ཅག་བོད་ཀྱི་མི་རབས་སྔ་མས་གསར་བསྐྲུན་གནང་བའི་སྨན་གཞུང་གི་རྨང་གཞི་དང༌། ཕྱོགས་མཚུངས་རྒྱ་གར་དང༌། བལ་ཡུལ། ཁ་ཆེ། ཁྲོམ་སོགས་ཀྱི་གསོ་རིག་གི་ཕུན་སུམ་ཚོགས་པའི་ཉིང་ཁུ་དང༌། ལྷག་པར་རྒྱ་ནག་གི་ཀྲུང་དབྱིའི་སྨན་གྱི་ངོ་མཚར་ཆེ་བའི་ཁྱད་ཆོས་རྣམས་བསྡུ་ལེན་གྱིས་རྒྱུད་བཞི་མཛད་པ་ནི་གསོ་རིག་གི་སྤྱི་དོན་དང༌། གཞུང་ལུགས་ཀྱི་རྣམ་བཤད། ནད་ཐོག་གི་ཉམས་མྱོང༌། སྨན་བཅོས་ཀྱི་ཐབས་ཤེས་སོགས་དོན་དངོས་དུ་མའི་སྟེང་ནས་ར་འཕྲོད་འཕེར་ཐུབ། དེ་ནས་གཡུ་ཐོག་ཆེན་པོ་དགུང་ལོ་ལྔ་བཅུ་ང་ལྔ་ཙམ་བཞེས་པའི་དུས་སློབ་མ་བདེ་བ་དཔལ་ཕྱག་ཕྱིར་ཁྲིད་ནས་ཀོང་པོར་བྱོན་ཏེ་ལོ་བཅུ་ཙམ་བཞུགས་པས་སློབ་མ་སུམ་བརྒྱ་ལྷག་ཙམ་འདུ་བ་བྱུང༌། དེ་རྣམས་ལ་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་གནང་བས་སྨན་པ་འབུམ་རམས་པ་བྱ་བ་ལྔ་བཅུ་ཙམ་དང༌། སྨན་པ་རབ་འབྱམས་པ་བྱ་བ་ཡང་ལྔ་བཅུ་ཙམ་བྱུང༌། སྨན་པ་དཀའ་བཅུ་པ་བྱ་བ་བརྒྱ་ཙམ། སྨན་པ་བསྡུས་ར་བ་བྱ་བ་སོགས་དཔྱད་འགོ་ཐོན་པའི་སྨན་པ་མཁས་པ་མང་པོ་བྱུང༌། དེ་ནས་རིམ་བཞིན་སློབ་མ་སྟོང་ཙམ་འདུས་པས་ཀོང་པོའི་སྨན་ལུང་བྱ་བར་སྨན་གྱི་དགོན་པ་ལྟ་ན་སྡུག་བྱ་བ་བཏབ་སྟེ། སྨན་པའི་རིགས་སུ་གྱུར་པའི་བྱ་བྲལ་བ་ཐམས་ཅད་བཤད་ཉན་གྱི་སྒྲོ་འདོགས་ཆོད་པ་དང༌། འགྲོ་ཕན་ཤིན་ཏུ་ཆེ་བའི་བཀའ་དྲིན་བཟང་པོར་སྩལ་བས་སྔར་ནས་ད་བར་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཚོས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་ལ་དད་གུས་ཚད་མེད་ཞུ་བ་དང༌། ཕྱོགས་མཚུངས་རྒྱ་བལ་ཧོར་ཡུལ་སོགས་ཀྱི་ཡུལ་གྲུར་ཡང་མཚན་སྙན་ཧ་ཅང་ཆེ་བ་ཞིག་ཡིན་ནོ། །

གཞན་ཡང་སྔ་རྗེས་སུ་ད་དུང་གསོ་དཔྱད་མུ་ཏིག་ཕྲེང་བ་དང༌། མཁས་ཁྱད་ངོ་མཚར་བཞི་སྤྲུག ཁྱད་པར་ཟབ་པ་རྣམ་གསུམ། ཡང་སྦས་གབ་པ་བཅོ་བརྒྱད། ཁ་ཐོར་རིན་ཆེན་སྤུངས་པ་སོགས་རྒྱུད་ཀྱི་ཆ་ལག་དང་གསོ་དཔྱད་ཀྱི་དཔེ་མང་པོ་བརྩམས་པར་མཛད་པ་དག་གིས་མི་རིགས་རང་ཉིད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་བྱ་གཞག་ཐད་གཞལ་བར་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད་པ་དེར་ཆོས་རྒྱལ་མཆོག་ཤིན་ཏུ་དགྱེས་ཏེ་བཀའ་སྩལ་བར། འགྲེལ་ཚད་དོན་ལྡན་གཡུ་ཐོག་པ། །སྨན་པ་ཆེ་མཆོག་གཙོ་བོ་རྒྱལ། །ཁྱད་པར་གསོ་དཔྱད་བསྟན་པ་སྤེལ། །བཀའ་དྲིན་ཆེའོ་གཡུ་ཐོག་པ། །ཞེས་ཆེད་བསྟོད་དང་འབྲེལ་དྭགས་ཀོང་ཁྱུང་གསུམ་བྱ་དགར་བསྩལ་བར་གྲགས་ལ། དེ་བཞིན་རྒྱལ་པོའི་བླ་སྨན་ཆེན་པོ་བདུན་སོགས་བོད་སྨན་མཁས་པ་རྣམས་ཀྱིས་ཀྱང་མོས་གུས་དད་གསུམ་གྱི་སྒོ་ནས་འདི་ལྟར་གསོལ་ཏེ། གསོ་རིག་ལ་སོགས་བསྟན་པའི་སྲོག་ཤིང་འཛིན། །གངས་ཅན་ལྗོངས་འདིར་ཕན་བདེའི་སྒྲོན་མེ་སྤར། །འགྲོ་བའི་གཙུག་རྒྱན་སྨན་པའི་དེད་དཔོན་ཆེ། །བདག་ཅག་རྣམས་ཀྱི་མགོན་སྐྱབས་ཨེ་མ་མཚར། །ཞེས་པ་སོགས་ཀྱིས་མཆོད་པར་བྱས་ཤིང༌། དུས་དེའི་ཚེ་གཡུ་ཐོག་ཆེན་པོས་ཀྱང་རང་ཉིད་ཀྱི་བསྟན་བཅོས་བརྩམས་པའི་ཆེ་བ་བརྗོད་དེ་གསུངས་པར། བོད་ཀྱི་མངའ་བདག་གཙོ་མཛད་པའི། །འདིར་ཚོགས་བོད་ཀྱི་སྨན་པ་རྣམས། །མཁས་པ་གཡུ་ཐོག་མགོན་པོ་ངས། །རྒྱ་གར་ཡུལ་ལ་ལན་གསུམ་ཕྱིན། །བླ་མ་གྲུབ་ཐོབ་འགའ་དང་མཇལ། །གདམས་ངག་རྒྱལ་པོའི་དཀོར་མཛོད་ཐོབ། །རོ་བཀྲ་འཕྲུལ་གྱི་མེ་ལོང་ཤེས། །བྱང་ཁོག་གསང་དབྱེའི་མཛུབ་བཙུགས་ཤེས། །ཐུར་དཔྱད་གནད་ཀྱི་ལྡེ་མིག་ཤེས། །ཞེས་སོགས་གསུངས་པ་ལྟར། བདག་ཉིད་ཆེན་པོ་དེས་མཛད་པའི་གསོ་རིག་གི་གཞི་རྩའི་གནས་ལུགས་དང་བཅས་པའི་ནང་དོན་རྣམས་ཚན་རིག་དང་མཐུན་པའི་སྒོ་ནས་འགྲེལ་བཤད་མཛད་པ་དེ་དག་གིས་བོད་ཀྱི་གསོ་བ་རིག་པ་ཆུ་ཚད་གསར་པ་ཞིག་ཏུ་འཕུར་མཆོངས་བྱུང་བ་དང་འབྲེལ་དུས་དེ་ནས་བཟུང་མི་རིགས་རང་ཉིད་ཀྱི་གསོ་རིག་འདི་དེ་བས་བརྒྱུད་རིམ་དང་ལྡན་ཞིང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་དང༌། ལག་ལེན་གྱི་ཐོག་ནས་འཕེལ་རྒྱས་འགྲོ་ཐུབ་པའང་བྱུང༌། དེ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཐུགས་བསྐྱེད་ལྷག་བསམ་བཟང་པོས་བླ་སྨན་བདུན་དང༌། གངས་ཅན་ལོ་པཎ་ཡོངས་ཀྱི་གཙུག་རྒྱན་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་མཆོག་བཅས་ལ་རྙེད་བཀུར་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་ཞུས་ཏེ་ཕྱི་རབས་ནད་པའི་དོན་དུ་གསོ་དཔྱད་ཁྱད་འཕགས་རིན་ཆེན་འཁྲུངས་དཔེ་གསུངས་པར་བསྐུལ་མ་མཛད་པ་ལྟར་བླ་སྨན་བདུན་གྱིས་སྒྲོལ་མའི་སྔོ་འབུམ་མམ་གསོ་དཔྱད་སྔོ་སྣ་ཚོགས་ཀྱི་འཁྲུངས་དཔེ་བསྟན་པ་ཞེས་པ་གསུངས་པ་ལས། གནས་གཞི་ཆེན་པོ་ཁྱད་འཕགས་བྲག་དམར་བསམ་ཡས་སུ། །ཡོན་ཏན་ཁྱད་འཕགས་སྤྲུལ་སྐུ་འགྲོ་དོན་མཛད། །རྗེ་རྒྱལ་གཞན་ལས་ཁྱད་འཕགས་ཁྲི་སྲོང་ལྡེ་བཙན་གྱིས། །བླ་སྨན་གཞན་ལས་ཁྱད་འཕགས་རྣམ་བདུན་ལ། །དར་ཟབ་གདན་བཏིང་ཞལ་ཟས་བདུད་རྩི་དྲངས། གསེར་དངུལ་ལ་སོགས་གང་དགྱེས་ནོར་རྣམས་ཕུལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ནས། །མཐའ་ཡས་སེམས་ཅན་ནད་ལས་གྲོལ་བའི་ཕྱིར། །གསོ་དཔྱད་ཁྱད་འཕགས་རིན་ཆེན་འཁྲུངས་དཔེ་ཞུས། །ཞེས་གསལ་བ་དང༌། ལོ་ཆེན་བཻ་རོ་ཙ་ན་མཆོག་གིས། ཕྱི་རབས་ཀྱི་དོན་དུ་སྨན་གྱི་འཁྲུངས་དཔེ་བཀོད་པའི་འཇམ་དབྱངས་སྔོ་འབུམ་མམ་གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ཞེས་པ་སྨན་སྣ་བརྒྱ་དང་བདུན་ཅུ་དོན་བཞི་ཙམ་ཡོད་པ་གསར་དུ་བརྩམས་ནས་རྒྱལ་པོར་ཕུལ་བ་ལས། ཁྲི་སྲོང་ལྡེ་བཙན་བསྐུལ་ནས་བཻ་རོ་ཙ་ན་ནི། བདག་གིས་བསམ་རྒྱ་ཆེར་བསྐྱེད་ནས། རྒྱ་གར་ཡུལ་ཁམས་ཀུན་ཏུ་དཀའ་བ་སྤྱད་པའི་ནོར་བུ་འདི། བི་བྱི་མཁས་པས་ཐོག་མར་དགེ་མཛེས་དམ་ལས་རྙེད། ཕྱི་རབས་དོན་དུ་གདམས་ངག་འཁྲུངས་དཔེ་གུད་དུ་བཀོད། མན་ངག་ཡིན་པས་དུམ་བུ་ཁྲིགས་སུ་བྱས། བརྗེད་ཀྱིས་དོགས་པས་ནན་ཏན་ཡི་གེར་བྲིས། ཤིན་ཏུ་དཀོན་པས་སེམས་ལ་གཏེར་དུ་སྦོས། གཉིས་དང་གསུམ་ལས་སྤེལ་ན་བདག་གཞན་ན་ར་ཀན། མངའ་བདག་ཆེན་པོ་ཁྱེད་ལ་བདག་གིས་གཏད། ཅེས་སོགས་གསུངས་པ་ལྟར་སྐབས་དེར་བོད་ཀྱི་སྨན་རིགས་ནང་སྐྱེ་དངོས་དང༌། སྲོག་ཆགས། གཏེར་དངོས་བཅས་དབྱེ་བ་ཕྱེ་ཐུབ་པ་དེའི་སྟེང་དུ་སྨན་གྱི་འདྲ་ཡིག་དང༌། རོ་ནུས། སྦྱར་ཐབས་སོགས་བསྟན་པ་མ་ཟད། སྨན་རྫས་ཁག་གཅིག་བོད་ལྗོངས་ཁོ་ནར་མ་གཏོགས་ཡུལ་ལུང་གཞན་པ་གང་ལའང་མེད་པའི་ཁྱད་ཆོས་སྐོར་གསུངས་ཡོད་པའི་འཁྲུངས་དཔེ་དེ་གཉིས་ཐོན་པ་དེས་བོད་ཀྱི་སྨན་རྫས་རིག་པ་སླར་ཡང་འཕེལ་རྒྱས་གསར་པ་ཞིག་ལ་སླེབས་པའི་མཚོན་རྟགས་འགོག་མེད་དུ་འཆར་བ་བཞིན་ནོ། །

དེ་རྗེས་སྤྱི་ལོའི་དུས་རབས་དགུ་པའི་ནང་བོད་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ་བོད་མི་རིགས་འདི་ཉིད་ཡུན་གནས་དར་རྒྱས་ཡོང་ཕྱིར་ཆོས་རྒྱལ་རིམ་བྱོན་རྣམས་ཀྱི་རྗེས་འབྲངས་མཛད་དེ་སྐུ་ཉིད་ཀྱིས་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་གྱིས་མཚོན་མཁྱེན་རབ་རྒྱས་པའི་བོད་ཀྱི་ལོ་ཙཱ་བ་རྣམས་དང་འཕགས་ཡུལ་གྱི་པཎྜི་ཏ་ཛི་ན་མི་ཏྲ་སོགས་སྤྱན་དྲངས་ནས་སྔར་བསྒྱུར་ཟིན་པའི་མདོ་རྒྱུད་བསྟན་བཅོས་ཀྱི་རིགས་རྣམས་སྐད་གསར་བཅད་ཀྱིས་གཅིག་གྱུར་གཏན་ལ་ཕབ་པ་དང༌། འཕགས་ཡུལ་གྱི་སློབ་དཔོན་ཉི་མས་གསུངས་པར་མཛད་པའི་གསོ་བ་རིག་པའི་གཞུང་གཅེས་པར་གྲུབ་པ་སོགས་གསར་པ་མང་པོ་བསྒྱུར་གནང་མཛད་ནས་བོད་ཀྱི་རིག་གནས་མཐའ་དག་ཡར་རྒྱས་མུ་མཐུད་ཕྱིན་པས་སྨན་གྱི་བཅོས་ལུགས་བཞི་དང་དཔྱད་མཁན་གྱི་གབ་རྩེ་ལྔ་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་པ་རྣམས་རྒྱལ་པོ་འདི་ཡན་མ་ཉམས་པར་གནས་ཏེ་བདེ་སྐྱིད་ཀྱི་སྣང་བ་ཆེས་ཆེར་རྒྱས་ཤིང་སྐྱེ་རྒུ་མཐའ་དག་སྲིད་པའི་དཔལ་ཡོན་འཛད་མེད་དུ་ལོངས་སྤྱོད་པའི་བསྐལ་བ་བྱུང་བ་དེ་ལྟར་ཡང་། རྒྱལ་པོ་འུ་དུམ་བཙན་པོས་རྒྱལ་སྲིད་བསྐྱངས་སྐབས་འབངས་གྱེན་ལོག་བྱུང་བ་སོགས་སྲིད་དོན་གྱི་ཡོ་ལང་ལ་བརྟེན་ནས་བོད་ཁམས་འདི་ཉིད་སླར་ཡང་རྒྱལ་ཕྲན་སིལ་བུར་འགྲོ་བའི་འགོ་ཚུགས་ཡོད།

དེ་ནས་སྤྱི་ལོའི་དུས་རབས་བཅུ་པའི་ནང་མངའ་བདག་འོད་སྲུང་ཡབ་སྲས་ཀྱི་སྐུ་དུས་སུ་འཕགས་ཡུལ་གྱི་པཎྜི་ཏ་དྷརྨ་ཤྲཱི་ཝརྨ་དང༌། སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན། མར་ལོ་རིག་པའི་གཞོན་ནུ། དབྱུག་གུ་དགེ་སློང་ཤཱཀྱ་བློ་གྲོས་བཅས་ཀྱིས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་ཞེས་པའི་གཞུང་ཆེན་པོ་བོད་ཡིག་ཏུ་བསྒྱུར་གནང་མཛད་པ་དང༌། ལྷག་པར་དུ་བོད་རིགས་ན་གཞོན་ཤེས་རབ་ཅན་ཉི་ཤུ་རྩ་བདུན་རྒྱ་གར་དུ་སློབ་གཉེར་བྱེད་པར་མངགས་རུང་མང་ཆེ་བ་ས་ཡུལ་མ་འཕྲོད་པ་སོགས་ཀྱིས་སྦྱངས་འབྲས་མ་ཐོན་པར་ལྔ་ལམ་དུ་སོང་། འོན་ཀྱང་ལོ་ཆེན་རིན་ཆེན་བཟང་པོ་དང༌། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་སློབ་འགོ་ཐོན་ཏེ་བོད་དུ་ཕྱིར་བྱོན། ལྷག་པར་ལོ་ཆེན་རིན་ཆེན་བཟང་པོ་ཞེས་པ་ཕྱི་ནང་རིག་གནས་ཀྱི་གཙུག་ལག་རྒྱ་མཚོའི་ཕ་རོལ་དུ་སོན་པ་དེ་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཟང་པོའི་མཐུན་རྐྱེན་དང་ལྷག་བསམ་གྱི་བསྐུལ་མ་གནང་བར་བརྟེན་ལོ་ཆེན་རིན་ཆེན་བཟང་པོས་འཕགས་ཡུལ་གྱི་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་བོད་ཡིག་ཏུ་ཡང་དག་པར་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད་ཅིང༌། དེས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་སྔར་བས་འཕེལ་རྒྱས་དང་ལེགས་སྒྲིག་བྱེད་རྒྱུར་སྤྱོད་པའི་དཔྱད་གཞིའི་ཡིག་རིགས་ཚད་ལྡན་ཞིག་ཏུ་གྱུར་སྟབས་ཕྱིས་ཤིང་པར་བརྐོས་ནས་བསྟན་འགྱུར་གྱི་ཁོངས་སུ་འཇོག་གནང་མཛད་ཡོད་ཅིང༌། ཕྱོགས་མཚུངས་ལོ་ཆེན་ཉིད་ཀྱིས་སྣོད་ལྡན་གྱི་སློབ་བརྒྱུད་མང་པོ་གསོ་སྐྱོང་མཛད་པའི་ནང་ནས་མཁས་པའི་གྲགས་པ་ཆེ་བ་མང་མོ་སྨན་བཙུན་དང༌། མྱང་འདས་སེང་གེ་སྒྲ། ཤཱཀྱ་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ལེ་སྟེ་སྤུ་ཧྲེང་གི་སྨན་པ་མི་བཞི་བྱ་བ་སོགས་བྱུང་ཞིང༌། དེ་དག་གི་ནང་ནས་ཀྱང་མང་མོ་སྨན་བཙུན་ཞུ་བ་ནི་མཁས་པའི་རྩེར་སོན་ནས་དབུས་གཙང་གི་སྨན་པ་ཕལ་མོ་ཆེས་མཇལ་ཞིང་ཞབས་ལ་གཏུགས། ལྷག་པར་དེས་ལྷ་རྩེ་མང་མཁར་གྱི་ཆེར་རྗེ་ཏི་པང་ལ་གཞུང་ཟླ་ཟེར་མན་ངག་དང་བཅས་པ་རྫོགས་པར་གནང༌། དེས་ཀྱང་རང་གི་སྲས་བྱང་ཆུབ་འོད་དང༌། ཨུ་ལང་བཀྲ་ཤིས་མཁར། དགྲ་ལས་རྒྱལ་པོ་གསུམ་ལ་གནང་བས་ཨུ་ལང་བཀྲ་ཤིས་མཁར་ནི་གཞུང་འགྲེལ་ལག་ལེན་ཀུན་ལ་མཁས་པར་གྱུར་ཐོག་སློབ་བརྒྱུད་ཀྱང་དབོན་ཇོ་བཀྲ་དང་འབྲོ་ཚ་ཇོ་ནག་སོགས་བྱུང་བ་རྣམས་ལ་སྔ་རབས་ཀྱི་སྨན་བླ་ལྟ་བུ་བཅུར་གྲགས་ཤིང༌། དེ་དག་ལས་མང་མཁར་ཆེར་རྗེའི་བརྒྱུད་པ་ཞང་སྟོན་ཞིག་པོའམ་ཐུགས་རྗེའི་ཁྲི་འོད་ཀྱིས་ཞུས་པ་ན་དེ་ཉིད་སྨན་དཔྱད་ཀྱི་རིག་པ་མཐར་ཕྱིན་པར་གྱུར་ཏེ་ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེ་འབར་དང༌། ས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག དཀའ་ཚོམས་གེགས་སེལ་གནམ་ལྕགས་འཁོར་ལོ། ཡན་ལག་བརྒྱད་པའི་ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱས་བསྡུས་གཉིས། ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩི་ཐིགས་པ་རྣམས་བརྩམས། གཞུང་ལ་ཡང་ནག་མཆན་ལེགས་པར་བཏབ། སློབ་བརྒྱུད་ཀྱང་དུ་མ་བྱུང་བའི་ནང་ནས་གཙང་སྟོད་དར་མ་མགོན་པོས་ཀྱང་སློབ་མའི་དོན་དུ་ཟིན་ཏིག་དང༌། བུའི་དོན་དུ་ཡང་ཏིག་ཅེས་པའི་མན་ངག་གི་ཡིག་འཇོག་མཛད། དེ་དག་གི་བརྒྱུད་འཛིན་པ་བོ་དོང་རོག་ཚོའི་སྐོར་ན་མང་བར་གྲགས་ལ། ཞང་ཞུང་པ་ཤེས་རབ་འོད་ཀྱིས་ཀྱང་སངས་རྒྱས་ཁོག་འབུགས་གསེར་གྱི་བང་མཛོད་ཅེས་པ་སོགས་མཛད་དེ་གཡུ་ཐོག་རྒྱ་གར་རྡོ་རྗེ་སོགས་ལ་གནང་ནས་སློབ་བརྒྱུད་ཀྱང་སྤེལ་བར་གྲགས་ཤིང༌། མདོར་ན་ལོ་ཆེན་དེ་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ནས་སླར་ཡང་སྟོད་ཕྱོགས་གཙང་གི་རྒྱུད་དུ་བོད་ཀྱི་སྨན་པ་གཞན་ཕན་ཅན་རྣམས་དགྱེས་ཤིང་གསོ་དཔྱད་ཀྱི་བསྟན་པ་དགུང་ན་གྲགས་སོ། །

དེ་རྗེས་བོད་ཆུ་བྱི་ལོར་སྤྱི་ལོ་༡༠༡༢ སྐུ་འཁྲུངས་ཤིང་མདོ་སྔགས་ཀྱི་གཞུང་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་མཚན་དངོས་དབང་ཕྱུག་འབར་བ་ཞུ་བ་དེས་ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་བསམ་ཡས་དབུ་རྩེ་ཀ་བ་བུམ་པ་ཅན་ནས་དེ་སྔ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་བཻ་རོ་ཙ་ན་གཉིས་ཀྱིས་གཏེར་དུ་སྦས་པའི་རྒྱུད་བཞི་དེ་ཉིད་གཏེར་ནས་བཞེས་ཏེ་བཤུས། མ་ཕྱི་རང་སར་བཞུགས་པར་གྲགས་ཏེ་བུ་དཔེ་ལོ་གཅིག་གསང་སྟེ་ཉམས་ལེན་མཛད་ཅིང་ཕྱིས་སུ་གཞུང་མན་ངག་དང་བཅས་པ་ཡར་ལུང་གི་དགེ་བཤེས་ཁུ་སྟོན་དབུས་པ་དར་མ་གྲགས་པ་ལ་གནང༌།

ཡང་དུས་དེ་ཙམ་ན་སྟོད་ལྷ་རྩེ་མང་མཁར་ཚ་ལུང་དུ་སྐུ་འཁྲུངས་ཤིང༌། རུས་བརྒྱུད་རོག་ཡིན་པའི་སྟོད་སྟོན་ནམ་རོག་སྟོན་དཀོན་མཆོག་སྐྱབས་ཞུ་བ་དེས་འཕགས་ཡུལ་ཏུ་བྱོན་ཏེ་ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མའི་དྲུང་ནས་གསོ་དཔྱད་ཡན་ལག་བརྒྱད་པ་རྫོགས་པར་གསན་ནས་ཕྱིར་བྱོན་ཐོག་གཞུང་གི་ས་བཅད་བསྡུས་དོན་དྲྭ་བ་ཞེས་པ་བརྩམས་ཤིང་གཞུང་ལ་ཡང་མཆན་བུ་བཏབ།

གཞན་ཡང་དུས་རབས་དེའི་ཡས་མས་སུ་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་ཞུ་བ་དེས་ཀྱང་འཕགས་ཡུལ་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ་དང༌། ཁ་ཆེ་ཟླ་དགས་མཛད་པའི་སྨན་མིང་སྒྲ་སྦྱོར་ངེས་པ་གཉིས་བསྒྱུར་ཅིང༌། ཅོང་ཞིའི་གདམས་པ་ཡང་མཛད་དོ། །

ཡང་རབ་བྱུང་དང་པོའི་མེ་འབྲུག་ལོ་སྤྱི་ལོ་༡༠༧༦ ཙམ་ལ་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་རྒྱལ་པོའི་བླ་སྨན་པ་བྷ་རོ་ཕྱག་རྡུམ་བཙུན་མོའི་ནད་བཅོས་པའི་ཚེ་མི་ཚངས་སྤྱོད་པའི་ཉེས་པ་ཤོར་བས་གསོད་པར་ཕངས་ཏེ་ཕྱག་བཅད་པས་ཕྱག་རྡུམ་ཞེས་སུ་གྲགས་སམ་སྐྱེས་བུ་མེ་ལྷ་ཞུ་བ་གསོ་རིག་གི་རྒྱ་མཚོའི་ཕ་མཐར་སོན་པའི་མཁས་དབང་དེ་བོད་དུ་བྱོན་ནས་སྙན་བརྒྱུད་བེ་བུམ་ནག་པོ་དང༌། ཆུང་དཔྱད་བེ་བུམ་སྔོན་པོ། འབུམ་ཁུ་ཚུར། རྡོ་སྐོར་ཕྱི་ནང་གསང་གསུམ་སོགས་མན་ངག་གི་ཡིག་སྣ་མང་དུ་མཛད་པ་དང་འབྲེལ་མཐའ་བཞི་དང༌། དགོན། སྟོང་སོགས་སློབ་མ་ཡང་བསྐྱངས་པར་གྲགས་སོ། །

དེ་བཞིན་རབ་བྱུང་དང་པོའི་ས་ལུག་སྤྱི་ལོ་༡༠༧༧ ནས་༡༡༥༥ལོར་སྐུ་འཁྲུངས་ཤིང་བཀའ་བརྒྱུད་གོང་མ་རྣམ་གསུམ་གྱི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེའམ་ཟླ་འོད་གཞོན་ནུས་ལྷོ་དྭགས་པོའི་རྒྱུད་དུ་སྨན་དཔྱད་བསྐྱངས་ནས་བརྒྱད་པའི་དོན་བསྡུས་མཛད། ལྷག་པར་ཕན་ནུས་ཆེ་ཞིང་འཐུ་སྒྲུབ་བདེ་ལ་ཀོང་རོང་ཁུལ་དུ་སྐད་གྲགས་ཀྱང་ཡོད་པའི་སྨན་སྦྱོར་དྭགས་སྨན་བཅོ་ལྔ་ཞེས་པ་སོགས་གསར་བཏོད་མཛད། །

རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་༡༡༣༦ལོར་འཁྲུངས་པའི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་སྨན་བླ་གཉིས་པ་ལྟ་བུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་སྙན་པའི་གྲགས་པ་ས་སྟེང་ཡོངས་ལ་ཁྱབ་པ་འདི་ཉིད་བྱུང༌། སྐྱེས་མཆོག་དེས་ཆུང་ངུའི་སྐབས་ནས་བྱིས་པ་ཚོགས་པའི་དབུས་སུ་རྩ་ཆུའི་བརྟག་པ་དང༌། ས་རྡོ་སྔོ་སོགས་ལ་སྨན་ངོས་འཛིན་གྱི་ཚུལ་མཛད་པ་སོགས་བཟང་པོའི་བག་ཆགས་ལྷན་སྐྱེས་སུ་ཡོད་པ་དང༌། དགུང་ལོ་བརྒྱད་ནས་རིག་གནས་སྤྱི་དང༌། ཁྱད་པར་གསོ་རིག་གཞུང་ལུགས་ལ་གསན་བསམ་གནང་སྟེ་སྨན་དཔྱད་ཀྱི་འགྲོ་དོན་བསྐྱངས། དེ་ནས་གཡུ་ཐོག་ཆེན་པོ་དགུང་ལོ་བཅུ་བཞི་ཙམ་ལ་གོང་གི་སྟོད་སྟོན་ནམ་རོག་སྟོན་དཀོན་མཆོག་སྐྱབས་ཞུ་བ་དེ་དབུས་སུ་གྲྭ་སྐོར་ལ་བྱོན་པའི་ལམ་བར་དུ་ཞབས་འབམ་གྱིས་སྙུང་ནས་གཡུ་ཐོག་ཆེན་པོ་བསྟེན་པས་སྙུན་ལས་གྲོལ་ཞིང་དགའ་བཞིན་དུ་དབུས་སུ་བྱོན། ལོ་གཉིས་ཙམ་བཞུགས་པས་རོག་སྟོན་ལ་ཡང་ནད་ཤིན་ཏུ་ཐུ་བ་ཞིག་གིས་ཐེབས་པས་སྨན་པ་འགའ་ལ་གཏུགས་པས་དྲག་སྐྱེད་ཅི་ཡང་མ་བྱུང་བ་དབུས་པ་དར་གྲགས་ཀྱི་དྲུང་དུ་བཅར་ཏེ་འཕྲོད་བསྟེན་བགྱིས་པས་ནད་ལས་གྲོལ། དེ་ལ་བརྟེན་ནས་དབུས་པ་དར་གྲགས་ལ་རོག་སྟོན་གྱིས་གཡུ་དྲུག་དམར་ནམ་མཁའ་གསལ་བ་ནས་ཁལ་སྟོང་རི་བ་ཞིག་ཡོད་པ་དེ་ཕུལ་ཏེ་གསོ་དཔྱད་ཀྱི་སློབ་དཔོན་ཞུས་ནས་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་ཞུས་ནས་འགྲོ་བ་ནད་པའི་དོན་མཛད་པར་གྲགས། དེ་ནས་རོག་སྟོན་ཕྱིར་བྱོན་དུས་ལམ་བར་དུ་གཡུ་ཐོག་པའི་དྲིན་གཟོ་བ་དང༌། རྒྱུད་འདི་ཕུལ་ན་མ་འོངས་པར་འགྲོ་ཕན་རྒྱ་ཆེར་ཡོང་བར་དགོངས་ནས་རྒྱུད་ཀྱི་མན་ངག་གཞུང་འགྲེལ་དང་བཅས་པ་ཡོངས་སུ་བསྩལ་བས་གཡུ་ཐོག་པ་ཤིན་ཏུ་མཉེས་པའི་ངང་རོག་སྟོན་ལ་འབུལ་བ་གྱ་ནོམ་པ་ཕུལ་ཞིང༌། རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་གྲོལ་བར་རྗེ་ཉིད་ཀྱིས་ཟབ་བཞེས་སུ་མཛད། དགུང་ལོ་བཅོ་བརྒྱད་ཙམ་ནས་བཟུང་འཕགས་ཡུལ་དུ་ལན་དྲུག་དང༌། དེ་བཞིན་བལ་ཡུལ་དང༌། སིངྒ་ལ། གསེར་གླིང་ཚུན་ཆད་དུ་ཕེབས་ནས་མཁས་གྲུབ་དུ་མ་ལས་གསོ་དཔྱད་གསན་བཞེས་མཛད། ཉིད་ཀྱི་གསུང་ལས་ཀྱང༌། རྒྱལ་བའི་བཀའ་མཆོག་ཡན་ལག་བརྒྱད་པ་དང༌། །ཀླུ་སྒྲུབ་གཞུང་དང་ཟླ་ཟེར་དཀར་ནག་དང༌། །དྲང་སྲོང་ལུགས་དང་ཕ་ཁོལ་གཞུང་རྣམས་དང༌། རྒྱ་གར་རྒྱ་ནག་མཁས་པའི་གཞུང་རྣམས་དང༌། །བོད་དང་ལི་ཡུལ་སྨན་པའི་ཉམས་མྱོང་དང༌། །མཁའ་འགྲོའི་ལུང་དང་བུ་སློབ་བསོད་ནམས་ཀྱིས། །རྒྱ་ཆེའི་གཞུང་དང་བླ་མ་མང་བསྟེན་ནས། །སྐྱེ་བ་སྔོན་དུ་རང་རྒྱུད་སྦྱངས་པ་ལས། །ད་ལྟ་གཡུ་ཐོག་རིག་པ་ཁོང་ན་ཤར། །ཞེས་གསུངས་པ་དང༌། དེ་ལྟ་བུའི་མཁས་མཆོག་དེ་ཉིད་ཀྱིས་ཕྱི་རབས་ནད་པ་རྣམས་དང་བུ་སློབ་དོན་དུ། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། །ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར། །ཞེས་གསུངས་ཏེ་སྨན་གཞུང་མང་པོ་ཐུགས་རྩོམ་གནང༌། དེའི་ནང་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང༌། དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་པ་མཐོང་བའི་མེ་ལོང༌།རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ་ལག་ལེན་པོད་ཆུང༌། མན་ངག་ཤོག་དྲིལ་སྐོར་གསུམ། ཉམས་ཡིག་བུ་དོན་མ་ལ་སོགས་པ་ཡིན། ཁྱད་པར་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་གྱི་ལྗོངས་སུ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་བ་དང༌། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་རྒྱུད་བཞི་ལ་བུའི་དོན་དུ་གསེར་མཆན་དང༌། སློབ་མའི་དོན་དུ་ཟོང་མཆན་གཉིས་བཏབ། རྒྱུད་བཞི་རྩ་བར་མ་ཚང་བ་རྣམས་གོང་དུ་བརྗོད་པའི་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཀྱིས་རྒྱ་ནག་གི་འགྱུར་ཟླ་བའི་རྒྱལ་པོ་སོགས་ཀྱི་ཉིང་ཁུ་དང༌། བོད་ཀྱི་ཡུལ་དུས་དང་མཚུངས་པར་རྩ་རྒྱུད་དུ་རྒྱུད་ལེའི་གྲངས་དང༌། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང༌། མ་བུ་དགྲ་གྲོགས། ཇ་དཀར་ཡོལ་སོགས་པ། མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་མང་པོ་བསྣན་པར་མཛད། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས་ནས་སྐལ་ལྡན་གྱི་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ལ་བུམ་པ་གང་བྱོའི་ཚུལ་དུ་སྩལ། རྗེ་འདི་ལ་བུ་སློབ་ནམ་མཁའི་སྐར་ཚོགས་བཞིན་བགྲངས་པར་མི་དཔྱོད་པ་བྱུང་བའི་གཙོ་བོ་སྣོད་ལྡན་སྐལ་བཟང་གི་སློབ་བུ་གོང་སྨོས་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དབུ་མཛད་པའི་ལྗང་སྨན་ལེབ་སེ་དང༌། འབལ་སྨན་ཉི་མ། སྟོན་པ་ཨ་ཚེས། ཤག་རམ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ། དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དང་དོན་མཐུན་པ་སུམ་བརྒྱར་ཉེ་བ་བྱུང༌། མདོར་ན་གཡུ་ཐོག་ཆེན་པོའི་སྐུ་ཚེ་གཅིག་གི་རིང་ལ་འཕགས་བོད་ཀྱི་མཁས་པ་མང་པོའི་ཞལ་མཇལ་ཞིང༌། གདམས་པ་སྣ་ཚོགས་ཐོས་པ་དང༌། ལྷག་ཏུ་དགེ་བའི་བཤེས་གཉེན་གྱི་ཞབས་ལ་གཏུགས་ནས་སྨན་དཔྱད་བསྐྱངས་ཏེ་འགྲོ་ཕན་ཆེད་དུ་མི་ལོ་མང་པོ་བཞུགས་པའི་རིང་བུ་སློབ་དོན་དུ་ཤོག་དྲིལ་སྐོར་གསུམ་བཀོད་དེ་སྐུ་ཚེ་དོན་དང་ལྡན་པའི་ངང་ནས་མཐར་ཕྱིན་པར་བརྟེན་ཉིད་ཀྱི་ཞལ་ནས་ཀྱང༌། ཀུན་དང་ཞལ་མཇལ་གདམས་པ་སྣ་ཚོགས་ཐོས། །བླ་མ་བསྟེན་དང་གསོ་དཔྱད་བསྐྱངས་པ་ཡིས། །མི་ལོ་མང་དུ་འཇིག་རྟེན་ཁམས་སུ་བསྡད། །བུ་སློབ་དོན་དུ་ཤོག་དྲིལ་སྐོར་གསུམ་བཀོད། །ད་ནི་གཡུ་ཐོག་ཤི་ཡང་འགྱོད་པ་མེད། །ཅེས་གསུངས་ནས་དགུང་ལོ་དོན་དྲུག་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །དམ་པ་དེའི་སློབ་མའི་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ཞུ་བ་དེས་ཆུང་བྱིས་པའི་དུས་ནས་རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དེ་རྗེས་གཡུ་ཐོག་པ་ཉིད་ཀྱི་རྣམ་ཐར་གསན་པའི་ཚེ་ཐུགས་དབང་འཕྲོགས་ནས་གསོ་དཔྱད་ཀྱི་གདམས་པ་དོན་དུ་གཉེར་བར་དགོངས་ཏེ་སྒོ་གསུམ་གུས་པའི་སྒོ་ནས་ལོ་གྲངས་དུ་མའི་རིང་རྗེ་ཉིད་ཀྱི་ཞབས་ལ་གཏུགས་ཤིང༌། མཉེས་པ་རྣམ་གསུམ་ཀྱིས་མཆོད་ཅིང་དགྱེས་པར་ཞུས་པས་ན་རྗེ་ཉིད་ཀྱིས་གཞུང་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་དང་བཅས་པ་ལྷག་མ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་སྩལ། འཕྱུགས་གོལ་མེད་པའི་གཟབ་གནད་མཐའ་དག་ནི་བསྟན། ལྷག་པར་དུ་རྗེ་ཉིད་ཀྱི་ཐུགས་སྲས་དམ་པར་དབང་བསྐུར་ཏེ། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པའི་བཀའ་གཏད་ཅིང༌། ཇི་སྲིད་འཁོར་བ་མ་སྟོངས་པར་འགྲོ་བ་སེམས་ཅན་གྱི་དོན་དུ་མཛད་མཐའ་མེད་པའི་འཕྲིན་ལས་རྒྱས་པའི་ཐུགས་སྨོན་དང་བཅས་གདམས་པར་མཛད་དོ། །དེས་ན་རྗེ་གཡུ་ཐོག་ཆེན་པོའི་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཕྱིས་གཡུ་ཐོག་ཆེན་པོའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་དང༌། གསང་བའི་རྣམ་ཐར་བྱ་བ་དང་རྐང་འབམ་གསོ་བའི་སྙན་བརྒྱུད་ཟིན་བྲིས། བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ཆུང་གསལ་སྒྲོན་དང་། འབུམ་ནག་གསལ་སྒྲོན། བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པ་རྣམ་གསུམ་སོགས་མཛད་ནས་དཔལ་ལྡན་རྒྱུད་བཞི་ཡི་འཕྲིན་ལས་རྒྱ་ཆེར་བསྐྱངས་པར་གྲགས་སོ། །

ཡང་དུས་དེའི་སྔ་རྗེས་སུ་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱི་སྐུ་དུས་སུ་བྲང་ཏི་ཞེས་པ་རོང་ངུར་མིག་ཏུ་བྱུང་བ་དེ་དག་གི་ཐོག་མ་ཆོས་རྒྱལ་གྱི་བློན་པོ་དང༌། བླ་སྨན་ཟུང་དུ་འཇུག་པ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏི་དར་མ་སྙིང་པོ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པ་བྱུང་བ་བརྒྱུད་ནས་བརྒྱུད་ཀྱི་ཆོས་རྒྱལ་གྱི་བླ་སྨན་དུ་དབང་བསྐུར་བ་དེ་དག་གིས་བདུད་རྩི་ཡུར་འདྲེན་ལ་སོགས་པ་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡེ་གེར་བཏབ་པ་ལ་བྲང་ཏིའི་པོད་ཁྲ་དང་པོད་དམར་དུ་གྲགས་པ་དེ་རྣམས་ཀྱི་ལོ་རྒྱུས་ལས་རིམ་བཞིན་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་བྲང་ཏི་འཇམ་དཔལ་བཟང་པོ་ཞུ་བ་དེས་ཡབ་བྲང་ཏི་བསོད་ནམས་འབུམ་གྱི་དྲུང་ནས་ཡན་ལག་བརྒྱད་པ་རྩ་འགྲེལ་ལ་སོགས་པ་གསན་སྐྱོང་མཛད་པ་དང༌། དེ་ནས་ཉང་སྟོད་སྒོ་བཞི་རེ་ཐང་དུ་བྱོན་ནས་གཡུ་ཐོག་འཇམ་དཔལ་སོགས་སློབ་དཔོན་དུ་མ་བསྟེན་ཏེ་རྒྱུད་བཞི་ཆ་ལག་དང་བཅས་པ་གཡུ་ཐོག་པའི་ཕྱག་ལེན་མན་ངག་རྣམས་གསན་ཅིང་ཐུགས་སུ་ཆུད་པར་མཛད། དེ་རྗེས་རྩིས་ཕུ་བྱ་མོ་ཁུད་དུ་བྱང་སྨན་པ་སློབ་དཔོན་ཡེ་ཤེས་བཟང་པོ་བསྟེན་ནས་བསྟན་བཅོས་ཡན་ལག་བརྒྱད་པ་རྒྱས་པར་གསན་ཅིང༌། མདོར་ན་བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ་ཆེ་ལ་དབང་འབྱོར་བའི་མཁས་པ་ཆེན་པོའི་གྲགས་པ་རྒྱས་པ་ན་ས་སྐྱའི་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞུ་བ་དེས་གདན་སར་སྤྱན་དྲངས་ཏེ་བླ་སྨན་དུ་བསྐོས། ཡན་ལག་བརྒྱད་པ་དང་བཅས་པའི་གསོ་དཔྱད་སྨན་གྱི་རིག་པའི་འཆད་ཉན་གྱི་སྲོལ་བཏོད། ས་སྐྱ་སྨན་གྲོང་པ་ཞེས་པའི་མཚན་གསོལ་བ་དེས་ཕྱི་རྒྱུད་སྡེ་ཚན་ལྔའི་ལག་ལེན་པོད་ཆུང་དང་། བྱ་འདྲེའི་བཅོས་སོགས་བརྩམས་ནས་སྲས་ལ་གདམས། སྲས་བགྲེས་པ་བྲང་ཏི་རྒྱལ་བ་བཟང་པོས་རང་གི་ཡབ་དང་བི་ཇི་དཔལ་མགོན་སོགས་བསྟེན་ནས་གཞུང་མན་མན་ངག་ལག་ལེན་རྣམས་ཐུགས་སུ་ཆུད་པར་མཛད། ཉང་སྟོད་རེ་ཐང་དུ་བྱོན་ནས་གཡུ་ཐོག་འཇམ་དཔལ་གྱི་སྲས་གཡུ་ཐོག་འཚོ་བྱེད་ལ་རྒྱུད་བཞི་ཆ་ལག་དང་བཅས་པ་དང༌། ལག་ལེན་པོད་ཆུང་ལ་སོགས་པའི་མན་ངག་དུ་མ་གསན་ནས་བཤད་པ་མཛད། སླར་ཡབ་ཀྱི་གདན་ས་བཟུང་ནས་རྒྱུད་ཀྱི་འཆད་ཉན་བཙུགས། ས་སྐྱའི་གདུང་བརྒྱུད་རིན་པོ་ཆེ་ཁུ་དབོན་གྱི་བླ་སྨན་དང༌། སྟོད་སྨད་ཀྱི་སློབ་མ་དུ་མ་ལ་གཞུང་དང་གདམས་ངག་རྣམས་སེར་སྣ་མེད་པར་གནང༌། སློབ་མ་རང་མགོ་ཐོན་པ་མང་བ་སོགས་འགྲོ་དོན་ཆེ་བ་བྱུང༌། ལྷག་པར་དུ་སྲས་ཆུང་བ་གཞོན་ནུ་ནས་རབ་ཏུ་བྱུང་བའི་བྲང་ཏི་དཔལ་ལྡན་འཚོ་བྱེད་དེས་དཔལ་ལྡན་ས་སྐྱ་པ་ལས་བརྒྱུད་པའི་ཡན་ལག་བརྒྱད་པའི་ཁྲིད་རྒྱུན་རྣམས་བླ་མ་དམ་པའི་དངོས་སློབ་གནས་དྲུག་པ་སློབ་དཔོན་མཚུངས་མེད་ལས་གསན་ཅིང༌། རང་ཉིད་ཀྱི་གཅེན་དང་ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་དུ་བསྟེན་ནས་རྒྱུད་བཞི་ཆ་ལག་དང་བཅས་པའི་ཚིག་དོན་དང་ཕྱག་ལེན་རྣམས་ཡོངས་སུ་རྫོགས་པར་ཞུས། དེ་ཡང་ཐོས་ཙམ་མ་ཡིན་པར་ཁོང་དུ་ཆུད་པར་གསན་ནས་རྒྱུད་དང་བརྒྱད་པ་ཟུང་འབྲེལ་གྱི་འཆད་ཉན་ལོ་རེ་བཞིན་མ་ཆག་པ་མཛད་ནས་གསོ་དཔྱད་ལ་མཁྱེན་རབ་རྒྱས་ཏེ་སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པའི་བསྟན་དོན་ཁོ་ན་གཉེར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་སྨན་པ་མཛད། གསུང་རྩོམ་ཡང་ཡན་ལག་བརྒྱད་པའི་ཁོག་འབུགས་དང༌། མདོ་གནས་ཀྱི་འགྲེལ་པ། རྒྱུད་ཀྱི་ཁོག་འབུགས་ཤེས་བྱ་རབ་གསལ་དང༌། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་རབ་གསལ་དང་།མ་ལ་ཡའི་དཀའ་འགྲེལ། ཕྱི་རྒྱུད་ཀྱི་འགྲེལ་པ་ཚུལ་གསུམ་སྣང་བ་དང༌། རྩ་མདོའི་རྒྱ་ཆེར་འགྲེལ་པ་ཉི་མའི་འོད་ཟེར། ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུ། ཕྱི་རྒྱུད་ཀྱི་སྨན་སྦྱོར་དཔེ་རིས། བྱང་ཁོག་གི་ཐིག་འགྲེམས་གསལ་སྒྲོན། ཐང་ཕྱེའི་འགྲེལ་པ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད་དེ་གསོ་རིག་གི་བསྟན་པ་དང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། དེའི་སྐུ་ཚ་བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱིས་ཀྱང་རང་གི་ཡབ་མེས་རྣམས་ཀྱི་མྱོང་གྲུབ་ཕྱག་ལེན་དང༌། ཁྱད་པར་དུ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་དགོངས་པ་བཅས་དཀར་པོ་དྲུག་སྦྱོར་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཤིན་ཏུ་ཟབ་པའི་མན་ངག་གསེར་བྲེ་མ་དང་། དངུལ་བྲེ་མ་སོགས་མཛད་ཅིང༌། གཞན་ཡང་བྲང་ཏི་རྡོ་རྗེ་དཔལ་བཟང་ཞུ་བ་དེས་གསེར་བྲེ་ཆུང་བ་དང༌། བྲང་ཏི་དཔལ་འབྱོར་དོན་གྲུབ་ཞུ་བ་དེས་མན་ངག་དངུལ་བྲེ་མཛད་པ་སོགས་ས་སྐྱ་སྨན་གྲོང་དུ་བྲང་ཏི་ཡབ་སྲས་ཀྱི་སྲོལ་བཞིན་སྨན་དཔྱད་ཀྱི་བསྟན་པའི་འགྲོ་དོན་རྒྱ་ཆེར་བསྐྱངས་པར་གྲགས་སོ། །

གཞན་ཡང་བོད་རབ་བྱུང་བཞི་པའི་ལྕགས་རྟ་སྤྱི་ལོ་༡༢༣༠ ལོར་འཁྲུངས་པའི་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཐུན་མོང་མ་ཡིན་པའི་གཞུང་དངུལ་ཆུ་གྲུབ་པའི་བསྟན་བཅོས་ཞེས་པ་བསྒྱུར་གནང་མཛད་པ་དང་དེའི་དོན་འགྲེལ་དངུལ་ཆུ་སྐོར་གསུམ་གྱི་བསྟན་བཅོས་ཞེས་པ་བསྒྱུར་གནང་མཛད་པ་དང་དེའི་དོན་འགྲེལ་དངུལ་ཆུ་སྐོར་གསུམ་གྱི་བསྟན་བཅོས་དང༌། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཞལ་གདམས་དངུལ་བུམ། སྙན་རྒྱུད་བེ་བུམ་སོགས་བརྩམས་གནང་མཛད་པ་དང༌། དེའི་སློབ་མའི་གཙོ་བོ་བོད་རབ་བྱུང་ལྔ་པའི་ཤིང་སྤྲེལ་ལོ་མངའ་རིས་མང་ཡུལ་དུ་སྤྱི་ལོ་༡༢༨༩ ལོར་སྐུ་འཁྲུངས་པའི་གནས་ལྔ་རིག་པའི་དབང་ཕྱུག་ཀརྨ་རང་བྱུང་རྡོ་རྗེ་ཞུ་བ་དེས་སྨན་སྣ་བརྒྱད་བརྒྱ་སུམ་ཅུ་ལྷག་ཙམ་གྱི་སྨན་ནུས་སོགས་ཞིབ་ཕྲ་འཁོད་པའི་སྔོ་འབུམ་རྒྱས་ཤོས་སྨན་མིང་རྒྱ་མཚོ་ཞེས་སྐད་གྲགས་ཡོད་པའི་སྨན་རྫས་རིག་པའི་བསྟན་བཅོས་ཚད་ལྡན་ཞིག་མཛད་པར་ཕྱིས་ཀྱི་སྨན་པ་མཁས་པ་མང་པོས་ཀྱང་སྨན་མིང་རྒྱ་མཚོ་ཞེས་པ་གཞུང་ཤིན་ཏུ་དག་པར་གཟིགས་ཏེ་སྔོ་འབུམ་མང་པོའི་གཞི་བཟུང་ས་ཞིག་ཏུ་གྱུར་ནས་ལུང་དུ་འདྲེན་པར་མཛད།

དེ་བཞིན་བོད་རབ་བྱུང་དྲུག་པའི་ཤིང་གླང་སྤྱི་ལོ་༡༣༦༡ ལོར་གཙང་སྟོད་ཀྱི་ཆབ་འོག་ངམ་རིང་རྫོང་གི་འོལ་ཀ་ལྷ་རྩེར་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞུ་བ་དེས་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་བོད་ཁམས་སྐྱེ་འགྲོའི་དོན་དུ་རྣམ་དཀར་གྱི་འགྲོ་དོན་རྒྱ་ཆེར་མཛད་ཅིང༌། ལྷག་པར་དུ་ལྷ་ལྡན་གྱི་ལྕགས་པོ་རིའི་ལྷ་ཁང་གི་ཐོག་མའི་རྨང་གཞི་བཏིང་ནས་སྨན་རྒྱལ་རི་ཞེས་མཚན་གསོལ་བ་དང༌། འདུ་བ་སྤྱི་སྙོམས་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་པོ་དང༌། གཉན་རིམས་སོགས་ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པའི་རིལ་བུ་དམར་པོ་དང་བཅས་པའི་མན་ངག་མང་པོ་བརྩམས་གནང་མཛད་པ་རྣམས་དབུས་གཙང་སྟོད་སྨད་བར་གསུམ་གྱི་སྨན་པ་ཀུན་ལ་གདམས་པར་མཛད་དོ། །

དེ་བཞིན་བོད་རབ་བྱུང་དྲུག་པའི་ཤིང་ཡོས་སྟོད་ལྷོའི་འབྲོག་སྡེ་ཞིག་ཏུ་སྐུ་འཁྲུངས་པའི་བོ་དོང་པཎྜི་ཏ་ཆེན་པོ་འཇིགས་མེད་གྲགས་པ་ཞུ་བ་དེས་བྱིས་པའི་ནད་རིགས་བཅོས་ཐབས་དང༌། ཆུང་དཔྱད་པདྨ་གཅེས་ཕྲེང་སོགས་མཛད་པ་དང༌། དེ་བཞིན་བོད་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་༡༩༠༥ལོར་སྐུ་འཁྲུངས་པའི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ཞུ་བ་དེས་ཀྱང་གསོ་རིག་ཆོས་འབྱུང་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག་དང༌། སྨན་གྱི་ལག་ལེན་གཅེས་བསྡུས་ལེའུ་བཅུ་པ་རེག་པའི་ནད་སེལ། གསོ་རིག་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་སྟོན་པའི་མེ་ལོང་། རིག་གནས་ཀུན་ཤེས་སོགས་མཛད་ཅིང༌། མདོར་ན་བསིལ་ལྡན་གྱི་ལྗོངས་འདིར་གསོ་དཔྱད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་མཁན་སྔ་ཕྱིར་སྨན་པ་དགེ་བའི་བཤེས་གཉེན་མང་དག་ཅིག་བྱོན་ཏེ་འགྲོ་ཕན་རྣམ་དག་གི་མཛད་བཟང་བསྐྱངས་པ་དང༌། དེ་དག་གིས་མཛད་པའི་བསྟན་བཅོས་ཁ་ཐོར་ཀྱང་ཧ་ཅང་མང་བར་གྲགས།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

སྤྱི་ལོའི་དུས་རབས་བཅོ་ལྔ་པ་ཙམ་ནས་འགོ་ཚུགས་ཏེ་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཐོག་བྱང་ལུགས་དང་ཟུར་ལུགས་ཞེས་ཉི་ཟླ་ལྟར་གྲགས་པའི་སྲོལ་ལུགས་ཆེན་པོ་གཉིས་སུ་བྱུང་ཞིང༌། སྲོལ་ལུགས་དེ་གཉིས་ཀས་དཔལ་ལྡན་རྒྱུད་བཞི་སྤྱིའི་རྩ་འཛིན་དང་སློབ་སྟོན་ཕྱོགས་ཁབ་ཏུ་བཟུང་ཐོག་ཕྱོགས་སོ་སོའི་ལུང་རིགས་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་དེ་ཉིད་དག་བཅོས་ཀྱིས་རྒྱ་ཆེར་བཀྲོལ་བ་དང་ཕྱོགས་མཚུངས་སོ་སོའི་ཁྱད་ཆོས་དངོས་དང་ཟུང་འབྲེལ་གྱིས་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་དང་ལེགས་བསྒྲིགས་མཛད་པ་དག་གིས་བོད་ཀྱི་གསོ་བ་རིག་པ་འདིར་རིག་པའི་གཞུང་ལུགས་དང་ལག་ལེན་གང་ཐད་ནས་ནང་དོན་ཁ་གསབ་ཀྱིས་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུར་བསྐུལ་མ་ཆེས་ཆེ་བ་ཞིག་བྱུང་བར་མངོན་ཅིང༌། དེ་ཡང་བྱང་པ་ནི་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་༡༣༩༥ ལོར་སྟོད་ངམ་རིང་དུ་སྐུ་འཁྲུངས་པའི་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་གིས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། པཎ་ཆེན་ནགས་ཀྱི་རིན་ཆེན་སོགས་ཚད་ལྡན་གྱི་ཡོངས་འཛིན་དུ་མའི་དྲུང་ནས་མདོ་སྔགས་ཀྱིས་མཚོན་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པ་དང་རྒྱ་ནག་གོང་མ་ཏཱ་མིང་གིས་ཏའི་སི་ཏུའི་གོ་ས་གནང༌། ལྷག་པར་གསོ་རིག་ལ་སྦྱངས་པ་ཕུལ་དུ་ཕྱིན་སྟབས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ལེའུ་བརྒྱ་དང་ཉི་ཤུའི་བདག་ཉིད་ཅན་ཞིག་དང༌། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་གསལ་བྱེད་སྒྲོལ་མ། བཤད་རྒྱུད་ཀྱི་འགྲེལ་པ་བདུད་རྩིའི་ཆུ་རྒྱུན་དང༌། ཊིཀ་ཆུང་དོན་གསལ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ། སྨན་གཞུང་རིན་ཆེན་སྒྲོམ་བུ། རྩོམ་པ་ཆུང་བ། རྒྱུད་བཞིའི་དཀའ་འཕྲང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། སྲོག་གཅོད་ནད་དགུའི་དབྱེ་བ། འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་མན་ངག་འཕྲུལ་གྱི་ཡིག་ཆུང་། སེང་གེ་རྩེའི་འཚོ་བྱེད་ཀྱི་དྲིས་ལན་སོགས་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་སྟོད་བྱང་ཁུལ་གྱི་ས་བབས་དང༌། གནམ་གཤིས། འཚོ་བ་སྤྱོད་སྟངས་སོགས་ཀྱི་ཁྱད་ཆོས་དངོས་དང་བསྟུན་ནས་སྨན་བཅོས་བྱ་ཐབས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་གནང་སྟེ་གཞུང་འགྲེལ་བརྩམས་པ་དང༌། སྨན་སྦྱོར་གསར་བཟོ། ཐ་ན་སྨན་རྫས་ངོས་འཛིན་སོགས་ལའང་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་དར་སྤེལ་གཏོང་གནང་མཛད་པ་བཅས་ལ་བརྟེན་ནས་བྱང་ལུགས་ཞེས་པའི་སྲོལ་བཏོད་པར་མཛད་དོ། །

མཁས་པ་ཆེན་པོ་དེར་ཞལ་གྱི་སློབ་མ་བགྲང་ལས་འདས་པ་ཡོད་པའི་ནང་ནས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་མཁས་མཆོག་བསོད་ནམས་རྡོ་རྗེའི་སྲས་སུ་འཁྲུངས་པ་རྗེ་ཉིད་ཀྱི་གསོ་རིག་གི་སློབ་མ་དང་བླ་སྨན་ཟུང་དུ་འབྲེལ་བ་དད་ཅིང་བརྩོན་འགྲུས་དང་ལྡན་པ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་གྱིས་སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་གསོ་དཔྱད་ཀྱིས་མཚོན་རིག་པའི་གནས་ཀུན་གྱི་ལུང་འགྲེལ་མན་ངག་དང་བཅས་པ་གསན་པ་དང༌། གཞན་ཡང་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་དུ་མ་བསྟེན་གནང་མཛད་པ་བཅས་ལ་བརྟེན་ནས་བོད་གངས་ཅན་གྱི་ཡུལ་ན་དར་རོ་ཅོག་གི་གསོ་དཔྱད་མཐའ་དག་ལ་མཁྱེན་རབ་རྒྱས་པའི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གྲགས་ལ། མཁས་དབང་དེས་༼གསོ་དཔྱད་ཀྱི་རྒྱལ་པོ་༽ཞེས་པའི་བསྟན་བཅོས་དང༌། བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་༼གནས་ལུགས་རབ་གསལ་༽དང༌། རྩ་མདོའི་འགྲེལ་པ་༼སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་༽༼མ་ལ་ཡ་ཡི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང༌། ༽རྒྱུད་བཞིའི་འགྲེལ་པ་༼བཀོད་པ་རྣམ་བཞི་༽དང༌། ༼རྒྱུན་རྣམ་པ་བཞི།༽༼ཁྱད་འཕགས་སྤྱི་སྨན།༽ ༼ངོ་མཚར་སྤྱི་སྨན་༽༼རིམས་བཅོས་མི་ལ་སྲོག་སྦྱིན་༽སོགས་མཛད་ཐོག་རྒྱལ་པོ་པཎྜི་ཏའི་བརྟུལ་ཞུགས་འཆང་བ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་དར་རྒྱས་སུ་མཛད་པ་ཡིན་ནོ། །

དེ་རྗེས་སྐྱེས་མཆོག་མིའི་ཉི་མའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་ཞུ་བ་དེས་ཡབ་མེས་རྣམས་ཀྱི་དྲུང་ནས་གསོ་དཔྱད་ཀྱི་ལུང་འགྲེལ་མན་ངག་དང་བཅས་པ་གསན། སྦྱངས་པའི་རྩལ་རྫོགས་ཏེ་བཤད་རྒྱུད་ཀྱི་འགྲེལ་པ་༼ལེགས་བཤད་ནོར་བུ་༽དང༌། ཕྱི་རྒྱུད་ཀྱི་འགྲེལ་པ་༼དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པ་ཀུན་ཤེས་༽༼ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ།༽༼རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་༽བཅས་མཛད་པ་དང༌། ཡང་དེའི་སྲས་དྲང་སྲོང་བསོད་ནམས་ཡེ་ཤེས་རྒྱལ་མཚན་ཞུ་བ་དེས་ཀྱང་ཡབ་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་གསོ་རིག་གི་གདམས་ངག་སྙན་བརྒྱུད་སོགས་བུམ་པ་གང་བྱོའི་ཚུལ་དུ་བཞེས། ཕྱིས་རིན་སྤུངས་པའི་བླ་སྨན་དུ་གྱུར། ༼གསོ་རིག་ཁོག་འབུགས་པད་དཀར་རྒྱས་པའི་ཉིན་བྱེད་༽དང༌། བཤད་རྒྱུད་ཀྱི་འགྲེལ་པ་༼བཀླགས་པའི་དོན་ཐམས་ཅད་འགྲུབ་པའམ་འགྲེལ་ཆེན་དྲི་མེད་ཀུན་གསལ་༽སོགས་མཛད། ལྷག་པར་དུ་བྱང་པ་ཡབ་སྲས་རིམ་བྱོན་གྱིས་བོད་དུ་སྔ་ཕྱིར་བྱུང་བའི་སྔོ་འབུམ་ཁག་རྣམས་ལ་ལུང་རིགས་ཀྱི་སྒོ་ནས་ཞིབ་དཔྱད་གོ་བསྡུར་དང༌། རང་གི་ཐུན་མོང་མ་ཡིན་པའི་དམིགས་བསལ་ཁྱད་ཆོས་ཀྱིས་ཟུར་བརྒྱན་ཏེ་གཞུང་དང་ལག་ལེན་རྣམ་དག་གི་སྒོ་ནས་སྨན་གྱི་འབྱུང་ཁུངས་དང༌། ངོ་བོ་ངོས་འཛིན། བཟང་ངན་དབྱེ་བ། བསིལ་དྲོད་སྐྱེ་གནས་ཀྱི་ཁྱད་པར། མིང་གི་ངེས་པ། བོངས་དབྱིབས་ཁ་དོག་སོགས་ཀྱི་ཁྱད་པར་གྱི་གནས་ལུགས་ཞིབ་རྒྱས་འཁོད་པའི་༼སྔོ་འབུམ་སྨན་གྱི་གཏེར་མཛོད་༽ཅེས་པ་ཞིག་མཛད་ཡོད་པར་གཞིགས་ན་བྱང་ལུགས་སྨྲ་བ་ཚོས་སྨན་རྫས་སྐོར་ལའང་ཞིབ་འཇུག་རྒྱ་ཆེན་པོ་གནང་སྟེ་བྱང་ལུགས་ཀྱི་བཞེད་པ་རྣམས་འཕེལ་རྒྱས་གཏོང་གནང་མཛད་དོ། །

དེ་བཞིན་མཁས་དབང་རྣམ་རྒྱལ་གྲགས་བཟང་གི་སློབ་མའི་གཙོ་བོར་གྱུར་པ་གཅིག་ནི་ལྷུན་སྡིངས་པ་ལེགས་གྲུབ་དཔལ་ཞུ་བ་དེ་ཡིན་ཞིང༌། དེས་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གི་ཞབས་ནས་གསོ་རིག་གི་གཞུང་བཤད་གདམས་པ་མང་དུ་གསན་ཅིང་མཁས་པར་གྱུར་པ་ན་རྗེ་ཉིད་ཀྱི་བུ་ཆེན་དུ་མངའ་གསོལ་བ་དང༌། དེའི་སྲས་ལྷུན་སྡིངས་པ་ཤེས་རབ་དཔལ་ལྡན་དང༌། དེའི་སྲས་ལྷུན་སྡིངས་པ་བསྟན་པ་དར་རྒྱས། དེའི་སྲས་བསོད་ནམས་ཆོས་འཕེལ། དེའི་སྲས་ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་བཅས་སྨན་པའི་གདུང་རྒྱུད་མི་ཉམས་པར་བྱུང་བ་དེ་དག་གི་ནང་ནས་ཀྱང་སྲས་བདུད་རྩི་འགྱུར་མེད་ཞུ་བ་དེ་གསོ་རིག་ལ་མཆོག་ཏུ་མཁས་པས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་མཛད་པ་དང་འབྲེལ་ད་དུང་ཇོ་ནང་པས་ཕྱིས་རྟག་བརྟན་པར་མར་གྲགས་པའི་༼དཔལ་ལྡན་རྒྱུད་བཞི་༽དཔར་དུ་བརྐོ་བའི་ཚེ་དོ་དམ་པ་དང་ཞུས་ཆེན་གྱི་ཐུགས་འགན་ཡང་བཞེས། ལྷག་པར་གསུང་རྩོམ་ཡང་བྱང་པ་ཡབ་སྲས་ཀྱི་བཞེད་པ་གཙོ་བོར་སྟོན་པའི་༼གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་༽ཞེས་པ་བརྩམས།

དེའི་སྲས་ལྷུང་སྡིངས་རྣམ་རྒྱལ་རྡོ་རྗེ་ཞུ་བ་དེས་ནམ་འཚོའི་བར་ཤེས་བྱ་སྤྱི་དང༌། ལྷག་པར་གསོ་རིག་ལ་སྦྱངས་པ་མི་བཤོལ་བར་མཛད། རང་གི་ཡབ་མེས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་གཞུང་འགྲེལ་ལག་ལེན་མན་ངག་དང་བཅས་པ་ཉམས་སུ་བཞེས་པས་མཁས་པའི་གྲགས་པའང་རྒྱས། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་སྤྱན་སྔར་ཐོགས་ཏེ་འབྲུ་ཕོགས་སོགས་བསྩལ་ནས་དེར་གནས་སྨན་པ་རྣམས་ལ་ཡུལ་ཐིག་དང༌། སྡོང་འགྲེམས་ཆིག་བརྒྱུད་ཀྱི་ཞལ་ཤེས་རྣམས་འཁྲིད་དུ་འཇུག་རྒྱུའི་དགོངས་གཞི་ཡང་མཛད། ཕྱིས་སྲིད་སྐྱོང་པཎྜི་ཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཀྱང་མཁས་མཆོག་དེ་དང་འདྲི་རྨེད་མང་དུ་མཛད་པ་བརྒྱུད་གཞུང་བཤད་དང༌། སྨན་ངོ༌། ཡུལ་ཐིག རྩ་ཐིག སྡོང་འགྲེམས་སོགས་དོ་ཟླ་བྲལ་བར་གཟིགས་ཏེ་སྐུ་ཉིད་ཀྱིས་ཀྱང་དེའི་དྲུང་ནས་ཡུལ་ཐིག་དང༌། སྡོང་འགྲེམས་སོགས་ཆིག་བརྒྱུད་ཀྱི་ཞལ་གདམས་དུ་མ་གསན་པ་ཡིན་ནོ། །

གཞན་ཡང་གོང་ཁ་བ་ཆོས་ཀྱི་རྡོ་རྗེའི་སློབ་བརྒྱུད་དམ་བྲང་ཏིའི་རྗེས་སུ་ཞུགས་ནས་མཁས་པའི་གོ་སར་སླེབས་པའི་གོང་སྨན་པ་དཀོན་མཆོག་བདེ་ལེགས་ཞུ་བ་དེས་གངས་ལྗོངས་ན་གྲགས་པའི་གསོ་རིག་གི་གཞུང་ཕལ་མོ་ཆེ་གཟིགས་ཤིང་དཔྱད། མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཀྱང་ཁོལ་དུ་ཕྱུངས་ནས་རྩོམ་པ་ཁྲིགས་སུ་བསྡེབས་པར་མཛད་པ་སྟེ། གསོ་རིག་༼དགོས་འདོད་ཀུན་འབྱུང་ངམ་བདུད་རྩི་ཐིགས་པ་༽ཞེས་བྱ་བ་དང༌། དེ་བཞིན་མན་ངག་༼པོད་དམར་༽དང༌། ༼པོད་ནག༽ ༼པོད་ཁྲ་༽ཕྱི་རྒྱུད་དཀའ་འགྲེལ་༼གནད་ཐམས་ཅད་གསལ་བའི་སྒྲོན་མེ།༽དེ་བཞིན་༼ བརྒྱུད་པའི་རྣམ་ཐར་༽༼སྨན་མིང་བརྡ་སྤྲོད།༽༼རྒྱུད་ཀྱི་དཀའ་འཕྲང་འགྲོལ་བའི་ཤོག་སེར་༽ཏེ་པོད་བདུན། རྩ་ཆུའི་གནད་འགྲེལ་༼ཞལ་གྱི་གདམས་པ་དམར་འབྱིན་༽༼སྔོའི་འཁྲུངས་དཔེ་དོན་བསྡུས་༽༼རོ་ནུས་ཀྱི་སྡེབ་སྦྱོར་༽གཞན་ཡང་རྒྱུད་ལ་མཆན་རྒྱས་པར་བཏབ་པས། ༼རྒྱུད་ཆེན་ཕྲ་མོ་བེ་བུམ་སེང་ལྡེང་༽དུ་གྲགས་པ་སོགས་མཛད་པ་དང༌། མཁས་མཆོག་དེའི་སྐལ་ལྡན་གྱི་ཐུགས་སྲས་སམ་སྐུ་ཚ་གོང་སྨན་པ་དཀོན་མཆོག་ཕན་དར་ཞུ་བ་དེས་ཀྱང་དྲང་སྲོང་བརྒྱུད་པའི་གསོལ་འདེབས་༼རྫོགས་ལྡན་མ་༽དང༌། ༼དངུལ་ཆུ་གྲུབ་པའི་བསྟན་བཅོས་༽༼གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ་༽༼དགོས་པ་དོན་འདུས་༽༼དགོས་པ་ཀུན་འདུས་༽༼ཉམས་ཡིག་བརྒྱ་རྩ་༽རྩ་རྒྱུད་ཀྱི་འགྲེལ་པ་༼མེ་ལོང་མཐོང་གསལ་༽སྨན་ནག་ཆེན་མོའི་དཀར་ཆག་སོགས་མཛད་ཅིང་མཁས་དབང་དེར་སློབ་མ་ཀ་བཞི་གདུང་བརྒྱད་དུ་གྲགས་པ་རྣམས་ཡོད་པའི་ནང་ནས་ཚ་རོང་ཆོས་རྗེ་དཔའ་ལྡན་རྒྱལ་མཚན་ཞུ་བ་དེས་ཚ་རོང་པའི་༼སྙན་བརྒྱུད་བེ་བུམ་༽བྱ་བ་དང༌། དེའི་དབོན་པོ་ནམ་མཁའ་བདེ་ལེགས་ཞུ་བ་དེས་ཀྱང་རྒྱུད་བཞིའི་སྤྱི་དོན་༼ལེགས་བཤད་སྣང་བ་༽དང༌། མན་ངག་ཐོར་བུ་སྣ་ཚོགས་པའི་སྐོར་༼བདུད་རྩི་ཕྲེང་བ།༽༼གཅོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་༽དང་དེའི་བཅོས་ཐབས་༼རྡོ་རྗེ་ཕ་ལམ་༽སོགས་མཛད་པ་དང༌། སྒང་པ་དཔལ་མགོན་ལྷུན་གྲུབ་ཀྱིས་ཀྱང་གསོ་རིག་སྤྱི་དོན་༼ལེགས་བཤད་ཕྲེང་བ་༽ དང༌། ༼དུས་བཞིའི་ངོས་འཛིན་འཁྲུལ་སྤོང༌།༽དེ་བཞིན་ཕྱག་རྡོར་མགོན་པོས་༼གཅེས་བསྡུས་རིན་ཆེན་ཕྲེང་བ་༽དང་༼ཕྱི་རྒྱུད་ས་བཅད་༽སོགས་དང༌། འབྲོང་རྩེའི་ལྷ་སྲས་རིན་ཆེན་རྒྱ་མཚོ་ཞུ་བ་དེས་ཀྱང་༼འབྲོང་རྩེའི་བེ་བུམ་༽ ཞེས་པའང་མཛད་ཅིང༌། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཚོན་རིམ་བྱོན་གྱི་མཁས་གྲུབ་དུ་མས་སྟོད་ལུགས་སམ་བྱང་ལུགས་ཞེས་པའི་སྲོལ་བཏོད་ཅིང་དར་རྒྱས་མཛད་པ་ཡིན་ནོ། །

ཟུར་ལུགས་ཞེས་པ་ནི་བོད་ཀྱི་ལྷོ་ཕྱོགས་དྭགས་ཀོང་གཙོ་གྱུར་གྱིས་ཟུར་ལུགས་ཐོག་མ་ཚངས་སྤྱོད་བརྟུལ་ཞུགས་འཛིན་པ་མཁས་མཆོག་དབང་ཕྱུག་གྲགས་པ་དང༌། ངེས་དོན་མངོན་དུ་གྱུར་པ་རིག་འཛིན་ཕུན་ཚོགས་སོགས་བྱུང་ཞིང༌། དེ་རྗེས་རབ་བྱུང་བདུན་པའི་ས་ལུག་སྤྱི་ལོ་༡༤༣༩ ལོར་ཤར་དྭགས་པོ་ལ་ཐོག་ཟུར་མཁར་དུ་སྐུ་འཁྲུངས་པའི་རྗེ་མཉམ་ཉིད་རྡོ་རྗེའམ་ཨ་བོ་ཆོས་རྗེ་ཞུ་བ་དེས་རང་གི་ཡབ་རིག་འཛིན་ཕུན་ཚོགས་དང༌། ཁྲུས་ཁང་ལོ་ཙཱ་བ། ཤ་ར་རམ་འབྱམས་པ། སྨན་དོན་དབང་ཕྱུག་བཟང་པོ་སོགས་དམ་པ་དུ་མ་བསྟེན་ནས་རིག་གནས་སྤྱི་དང༌། ཁྱད་པར་གསོ་རིག་ལ་སྦྱངས་པའི་རྩལ་ཐོན། འགྲོ་བ་ནད་པའི་དོན་མཛད། ལྷག་པར་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་བྱུང་བའི་༼བྱེ་བ་རིང་བསྲེལ་༽ཞེས་ནང་དོན་རེར་ལེ་ཚན་རེ་ཕྱེ་བའི་ལེ་ཚན་བཞི་བརྒྱ་བཅུ་དྲུག་གི་བདག་ཉིད་ཅན་ཚད་དང་ལྡན་པའི་མན་ངག་ཉམས་ཡིག་གི་བསྟན་བཅོས་ཆེན་པོ་ཞིག་དང༌། ༼རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཕྲ་མོ་༽སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་༼དྲི་ཚིག་དངུལ་དཀར་མེ་ལོང་༽༼ལེགས་བཤད་ཉི་ཟེར།༽༼ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིག༽༼རང་གཞན་ལ་ཕན་པའི་བསླབ་བྱ་༽སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད། དེ་བཞིན་ལྷོ་ཁ་དང༌། དྭགས་ཀོང་ས་ཁུལ་གྱི་གཉལ་ལོར་བྱར་གསུམ། ཨེ་ཉང་ཀོང་གསུམ་རྒྱུད་ཀྱི་སྨན་པ་རྣམས་འདུས་ཏེ་སྐུ་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་༼རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད་༽དང༌། ༼རོ་སྐོར་ལྕགས་ཀྱི་ཕྲེང་བ་༽༼བདུད་རྩི་རྫིང་བུ་༽༼བདུད་རྩི་གཏེར་མཛོད་༽སོགས་སྨན་རྫས་ཁག་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་བཅས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་འཆད་སྤེལ་དང༌། སྨན་ངོ་སྤྲོད་པ་སོགས་མདོར་ན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྷོ་རོང་གི་རྒྱུད་དུ་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ་ཞིང་དཔལ་ལྡན་ཟུར་ལུགས་ཀྱི་སྲོལ་རྒྱ་ཆེན་པོར་བཏོད་པར་མཛད་དོ། །

དེ་ལྟ་བུའི་བདག་ཉིད་ཆེན་པོ་དེའི་སློབ་བརྒྱུད་ཀྱི་གྲས་སུ་མཐར་ཕྱིན་གྱི་སློབ་མ་བཞི་ལ་སོགས་པ་ཡོད་པའི་ནང་ནས་ལག་ལེན་མཐར་ཕྱིན་སྐྱེམས་པ་ཚེ་འབུམ་རྡོ་རྗེའི་སློབ་མ་སྐྱེམས་པ་ཚེ་དབང་ཞུ་བ་དེས་རྩ་རྒྱུད་ཀྱི་འགྲེལ་པ་༼སྨྲ་བ་མཆོག་ཐོབ་༽ དང༌། བཤད་རྒྱུད་འགྲེལ་པ་༼ཚིག་དོན་ཉི་མ་༽མན་རྒྱུད་འགྲེལ་པ་༼བདེ་བའི་འདོད་འཇོ་༽ ཕྱི་རྒྱུད་འགྲེལ་པ་༼ལག་ལེན་གསལ་བྱེད་༽སྨན་དཔྱད་ལག་ལེན་༼ཚེ་དབང་བརྒྱ་རྩ་༽ བཅས་མཛད། དེ་བཞིན་སྟོད་ལུང་གླང་གྲོང་དུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱི་གདུང་རྒྱུད་ལས་འཁྲུངས་པའི་མཚན་ཤཱཀྱ་དབང་ཕྱུག་གམ་མཚོ་སྨད་མཁན་ཆེན་དུ་གྲགས་པ་དེས་༼ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་༽དང༌། ཕྱི་རྒྱུད་ཀྱི་འགྲེལ་པ་༼དཀའ་གནད་གསལ་སྒྲོན་རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ་༽༼ལག་ལེན་དམར་ཁྲིད་དུ་བསྡེབས་པ་སྙིང་པོ་བསྡུས་པ་༽སོགས་མཛད་ལ་གླང་བུ་ཆོས་རྗེ་སོགས་བུ་སློབ་ཀྱང་མང་བར་གྲགས། གཞན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བླ་སྨན་པ་ཡིན་པའི་འཚོ་བྱེད་པདྨ་དཀར་པོའི་སྲས་བྱར་པོ་པཎ་ཆེན་ཞུ་བ་དེས་རང་གི་ཡབ་མེས་རྣམས་ཀྱི་སྲོལ་ལུགས་དང༌། ལྷག་པར་སྐྱེམས་པ་ཚེ་དབང་གི་ཞབས་ལ་གཏུགས་ནས་ཟུར་མཁར་བའི་སྲོལ་ལུགས་ལ་སྦྱངས་པ་མཛད་པའི་རྗེས་རྒྱུད་བཞིའི་འགྲེལ་པ་དང་༼ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ་༽༼བྱེ་བ་རིང་བསྲེལ་གྱི་དཀར་ཆག༽སོགས་མཛད།

ལྷག་པར་དུ་བོད་རབ་བྱུང་དགུ་པའི་ས་སྦྲུལ་སྤྱི་ལོ་༡༥༠༩ ལོར་ཟུར་མཁར་གོང་མའི་རིགས་སུ་འཁྲུངས་པའི་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་གྱིས་སྐུ་ན་ཆུང་དུས་ནས་ཡབ་མེས་ཀྱི་རྒྱུན་ལས་གསོ་དཔྱད་གསན་ཞིང་ལྷག་པར་མཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་དང༌། སྐྱོགས་ལོའམ་སྨོན་གྲུབ་ལོ་ཙཱ་བ། འདི་ནས་སྙན་ངག་གསན། གཞན་ཡང་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ༌། དེ་བཞིན་དཔོན་ཚང་ཕན་དར། གུ་གེ་བ་འ་པ་ཚེ་རིང༌། བི་བྱིའི་དབོན་པོ་སོགས་བྱང་པའི་སྐུ་མཆེད་བཅས་ཀྱི་ཞབས་ལ་གཏུགས་ནས་གསོ་དཔྱད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གསན་རྗེས་བྱེ་བ་རིང་བསྲེལ་གྱི་དཀར་ཆག་༼མཁས་པའི་ཡིད་འཕྲོག་༽དང༌། ༼སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག༽དེ་བཞིན་དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་༼འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ་༽བྱང་པའི་རྒྱུད་གཞི་བཀའ་སྒྲུབ་ཀྱི་ལན་༼དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ་༽གོང་སྨན་དཀོན་མཆོག་ཕན་དར་ལ་༼ དྲི་བ་ཙུ་ཏིའི་འཁྲི་ཤིང་༽༼མ་ནུའི་དྲིས་ལན།༽༼ཆུ་སྐོལ་གྱི་རྣམ་བཤད་༽ག་བུར་དང༌། གུར་གུམ། ཙན་དན་སོགས་ཀྱི་སྐྱོན་སེལ་འགའ་ཞིག་སོགས་བསྟན་བཅོས་ཆེ་ཆུང་མང་པོ་མཛད། དེ་རྗེས་སྐུ་ཚེའི་སྨད་ཙམ་ལ་གཡུ་ཐོག་པ་ཉིད་ཀྱི་ཡིག་ཆ་དངོས་འཚོལ་བར་དགོངས་ནས་ཉང་སྨད་དུ་བྱོན་ཏེ་འཚོལ་ཞིབ་མཛད་པ་ན་མཐར་ས་ཆ་དེ་ནས་གཡུ་ཐོག་གསར་མའི་༼རྒྱུད་བཞི་ཕྱག་དྲེག་མ་༽ཕྱག་སོན་བྱུང་རྗེས་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ནས་ལོ་བཞིའི་རིང་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རྩ་བཤད་༼མེས་པོའི་ཞལ་ལུང་༽གཉིས་དང༌། ཕྱི་རྒྱུད་རྩ་ཆུའི་༼མེས་པོའི་ཞལ་ལུང་༽བཅས་བསྟན་བཅོས་ཆེན་པོ་གསུམ་གསར་རྩོམ་མཛད། དེ་ནས་ལྷོ་ཁ་གྲྭ་ཐང་དུ་ཕེབས་དུས་ཡར་རྒྱབ་པས་སྦྱིན་བདག་མཛད་པར་བརྟེན་སྐུ་ཉིད་ནས་༼རྒྱུད་བཞི་༽ཡི་མ་ཟིན་ལ་ཞུས་ཆེན་དག་བཅོས་མཛད་དེ་གསོ་རིག་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་ད་ལྟ་༼གྲྭ་ཐང་རྒྱུད་བཞི་༽ཞེས་པའི་སྐད་གྲགས་ཅན་དེ་དཔར་དུ་བརྐོས་གནང་བ་དེས་བོད་ཀྱི་ས་གནས་རྒྱ་ཆེན་པོར་རྒྱུད་བཞི་འཆད་ཉན་དར་སྤེལ་འགྲོ་རྒྱུར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་བྱུང་ནས་གཞལ་བར་མི་ནུས་པའི་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད། མཐར་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་༼མུན་སེལ་སྒྲོན་མེ་༽མཛད་པ་དང༌། གསོ་རིག་ཆོས་འབྱུང་༼ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་རམ་གཏན་པ་མེད་པའི་ཆོས་སྦྱིན་༽ཞེས་པའི་མཇུག་མཛད་འཕྲོར་ལུས་ཏེ་གཟུགས་སྐུའི་བཀོད་པ་བསྡུས།
གཞན་ཡང་ཟུར་ལུགས་ཀྱི་བརྒྱུད་འཛིན་པ་མང་ཐོས་ཟླ་བའི་དབང་པོ་དང༌། སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། བྱང་ངོས་ནང་སོ་དར་རྒྱས། ཉི་ཐང་སྨན་མཁྱེན་བློ་བཟང་རྒྱ་མཚོ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་པ་སོགས་མདོར་ན་མཁས་མཆོག་རིམ་བྱོན་རྣམས་ཀྱིས་གཞུང་བཤད་དང༌། ལག་ལེན་ཕུན་སུམ་ཚོགས་པའི་སྨན་གཞུང་ཇི་སྙེད་ཅིག་བརྩམས་པ་དང༌། ནད་པ་རྒྱ་ཆེན་པོར་སྨན་བཅོས་ཀྱི་སྒོ་ནས་འགྲོ་ཕན་བླ་ན་མེད་པའི་མཛད་རྗེས་མངོན་པར་འཕགས་ཤིང་ཇི་སྲིད་བར་ཟུར་ལུགས་ཀྱི་སྲོལ་རྒྱུན་མི་ཉམས་དར་ཞིང་རྒྱས་པར་མཛད་དོ། །

ཡང་དུས་དེའི་ཚེ་བོད་རབ་བྱུང་བཅུ་པའི་ཤིང་ལུག་སྤྱི་ལོ་༡༤༩༥ ལོར་སྐུ་འཁྲུངས་པའི་འབྲི་ཁུང་ཆོས་ཀྱི་གྲགས་པས་རྗེ་ཀརྨ་རང་བྱུང་རྡོ་རྗེའི་སློབ་བརྒྱུད་ཞྭ་དམར་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང༌། ཟུར་ལུགས་ཀྱི་སློབ་བརྒྱུད་ལས་བྱུང་བའི་ཀོང་པོ་བ་འཚོ་བྱེད་དཀོན་མཆོག་རྒྱལ་མཚན་སོགས་སློབ་དཔོན་གྱི་དྲུང་ནས་གསོ་དཔྱད་གསན་སྦྱོང་གིས་མཁྱེན་རབ་རྒྱས་པ་ན། རྒྱུད་བཞིར་༼བཀའ་མཆན་༽ཞེས་པ་དང༌། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་གྲངས་ངེས་༼ཞལ་ལུང་མཛེས་རྒྱན་༽རིན་ཆེན་རིལ་ནག་ཆེན་མོའི་ཟིན་བྲིས་༼མཁས་པ་དགའ་བྱེད་༽འབམ་བཅོས་༼ཚེ་འཛིན་སྲོག་སྐྱོབ་༽ ཆུ་བཅོས་༼གསང་བ་སྦུབས་འདྲེན་༽ཉེར་ལྔ་བརྒྱ་རྩའི་སྦྱོར་བ་སོགས་མཛད་ནས་འབྲི་ལུགས་ཞེས་པའི་སྲོལ་བཏོད། དེའི་སློབ་མའི་གཙོ་བོ་སྙེ་མོ་གཞུ་སྟོད་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་སྤྱི་ལོ་༡༦༥༥ལོར་སྐུ་འཁྲུངས་པའི་དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བསྟན་པས་༼གཅེས་བསྡུས་ཕན་བདེའི་སྙིང་པོ་༽དང༌། རྒྱུད་བཞིའི་༼དཀའ་གནད་དོགས་སེལ་༽གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་ཞལ་ལུང་༼ བདུད་རྩི་ཆུ་རྒྱུན་༽སོགས་མཛད་ཅིང༌། དེའི་སློབ་མ་དཔོན་ཚང་ཡེ་ཤེས་ཀྱིས་རྒྱལ་པོ་ལྷ་བཟང་གི་བླ་སྨན་མཛད་པར་གྲགས། དེས་ཀྱང་གཅེས་བསྡུས་༼ཕན་བདེའི་ཆར་རྒྱུན་༽དང༌། དངུལ་ཆུ་བཙོ་བཀྲུའི་ཟ་འཆིངས་ལག་ལེན་༼གསང་མཛོད་སྦས་པའི་ལྡེ་མིག་༽སོགས་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཕན་ནུས་ཤིན་ཏུ་ཆེ་བའི་སྨན་རྫས་རིགས་པའི་གཞུང་ལུགས་མང་པོ་བརྩམས་ནས་འགྲོ་ཕན་མཛད་འཕྲིན་བཟང་པོ་ཡར་ཟླའི་དཔལ་ལ་འགྲན་པར་བྱུང་ངོ༌། །

དེ་ཡང་བོད་རབ་བྱུང་བཅུ་པ་མེ་སྦྲུལ་སྤྱི་ལོ་༡༦༡༧ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་པའི་ཀུན་མཁྱེན་ལྔ་པ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་དབང་གྱུར་པ་ན་རྗེ་ཉིད་ཀྱི་མཁྱེན་གཟིགས་ཀྱི་འཕྲིན་ལས་ལ་བརྟེན་ནས་བོད་ཀྱི་མདོ་སྔགས་རིག་གནས་སྤྱི་དང༌། ལྷག་པར་གསོ་རིག་དང་སྨན་རིག་གི་བྱ་གཞག་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་ཐུགས་བསྐྱེད་བཟང་པོའི་ཉེར་ལེན་ལས་ཐོག་མར་ྋརྒྱལ་དབང་ལྔ་པ་མཆོག་གི་ཚུར་མཐོང་བློ་ཡི་སྣང་ངོར་གསོ་དཔྱད་རྒྱུད་ཀྱི་ཉམས་ཁྲིད་མཁས་གྲུབ་ཆེན་པོ་ཁྲ་ཚང་པ་ལས་བཞེས་པ་དང༌། རྒྱུད་བཞིས་མཚོན་བདུད་རྩི་བུམ་པ་དང༌། བྱེ་བ་རིང་བསྲེལ། གོང་སྨན་པའི་ཉམས་ཡིག་སོགས་གསོ་དཔྱད་ཀྱི་གཞུང་མང་ཆེས་བའི་ལུང་ཁྲིད་དང་ཁྱད་པར་གཡུ་ཐོག་པའི་གདམས་ཟབ་རྣམས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་ཚད་ལྡན་གྱི་བཤེས་གཉེན་དུ་མའི་དྲུང་ནས་གསན་བཞེས་གནང་ཞིང་དོན་ལའང་གཞིགས་པ་བཅུག ལྷག་པར་ྋརྒྱང་དབང་ལྔ་པ་མཆོག་གིས་ཐོག་མར་བྱང་ངོས་ནང་སོ་དར་རྒྱས་ཀྱི་རེ་བསྐུལ་ཞུས་པ་བཞིན་འཕྲིན་ལས་ཀྱི་བྱེད་པ་སློབ་དཔོན་དོན་གྲུབ་དཔལ་བ་དང༌། དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན་བཅས་ལ་ཞུས་དག་གནང་དགོས་པའི་འགན་དབང་སྩལ་ཏེ་༼གྲྭ་ཐང་རྒྱུད་བཞི་༽འདི་ཉིད་སོར་བཞག་གིས་ཞུས་དག་མཛད་དེ་དཔར་གཞི་གསར་བསྐྲུན་དང་འབྲེལ་ ྋརྒྱལ་དབང་ལྔ་པ་མཆོག་གིས་མཛད་བྱང་གི་བཀའ་རྩོམ་བཟང་པོས་བརྒྱན་པ་བསྩལ། དེ་དང་ཆབས་ཅིག་ཟུར་མཁར་བློ་གྲོས་རྒྱལ་པོའི་རྩ་བཤད་གཉིས་ཀྱི་འགྲེལ་པ་༼མེས་པོའི་ཞལ་ལུང་༽དང༌། ཕྱི་རྒྱུད་ཆུ་མདོ་ཡན་གྱི་འགྲེལ་པ་༼མེས་པོའི་ཞལ་ལུང་༽ཞེས་བྱ་བའི་མ་ཟིན་ཆེན་པོ་འདི་རྣམས་སྐུ་ཉིད་ཀྱི་བླ་སྨན་པ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་གཉིས་ལ་དག་ཞུས་དགོས་པའི་བཀའ་ཁྱབ་དང༌། རྗེ་བླ་མ་ཉིད་ནས་ཀྱང་ལྗགས་ཞུས་ཚད་ལྡན་སྩལ་ཏེ་པར་གཞི་གསར་དུ་བསྐོས་གནང་མཛད། དེ་བཞིན་དར་མོ་སྨན་རམས་པས་མ་དཔེ་འཚོལ་བསྡུ་གནང་བ་དང༌། ལྔ་པ་ཆེན་པོའི་བཀའི་གནང་བ་ཐོབ་པར་བརྟེན་གཡུ་ཐོག་གསར་རྙིང་གི་༼རྣམ་ཐར་༽མ་དཔེ་ཇི་སོན་ལྟར་༼ཆ་ལག་བཅོ་བརྒྱད་༽ཅེས་པ་བསྡུ་བསྒྲིགས་མཛད་དེ་པར་གཞི་གསར་བརྐོས་ཀྱང་མཛད། གཞན་ཡང་གོང་གསལ་དར་མོ་སྨན་རམས་པ་མཆོག་གིས་མཛད་པའི་མན་རྒྱུད་འགྲེལ་པ་མེས་པོའི་ཞལ་ལུང་༼ལེགས་བཤད་གསེར་རྒྱན་༽དང༌། ཕྱི་རྒྱུད་རྩ་ཆུ་མན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་༼དཀའ་གནད་རྡོ་རྗེའི་མདུད་འགྲོལ་༽གཉིས་ཀྱང་པར་གཞི་གསར་བརྐོས་གནང༌། ལྷག་པར་དུ་བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་ཆེད་ལྔ་པ་ཆེན་པོས་ཐོག་མར་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་སློབ་གྲྭ་འགྲོ་ཕན་གླིང་བྱ་བ་ཞིག་གསར་དུ་བཙུགས་ཏེ་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོར་སློབ་དཔོན་དང༌། བྱང་ངོས་ནང་སོ་དར་རྒྱས་དོ་དམ་པར་བསྐོ་བཞག་མཛད། དེ་བཞིན་གཞིས་ཀ་བསམ་འགྲུབ་རྩེར་ཚ་རོང་པས་དོ་དམ་པའི་འགན་བཞེས་ཏེ་གསོ་རིག་གི་སློབ་གྲྭ་དྲང་སྲོང་འདུས་པའི་གླིང་ཞེས་པ་དང༌། དེ་རྗེས་རྩེ་ཕོ་བྲང་གི་ཤར་ཆེན་ལྕོག་དང༌། གཡུལ་རྒྱལ་ལྕོག གསང་ཕུ་ཉི་མ་ཐང་སོ་སོར་བྱང་ངོས་པ་དང་དར་མོ་སྨན་རམས་པའི་སློབ་གྲྭ་བྱ་བའང་འཛུགས་གནང་གིས་སློབ་མར་མཐུན་རྐྱེན་གང་ཐད་ནས་མི་དམན་པར་ཐུགས་རྗེས་བསྐྱངས། གཞན་ཡང་ྋརྒྱལ་དབང་ལྔ་པ་མཆོག་གི་སྐུ་ཚེའི་སྨད་ཙམ་ལ་ལྷོ་ཁ་གྲྭ་ཕྱི་ནས་སྟོད་ལུགས་པ་གནས་ལུགས་ཞུ་བ་ཆེད་མངགས་གདན་ཞུས་ཀྱིས་འཕགས་ཡུལ་གྱི་རྣལ་འབྱོར་པ་མི་ཏྲ་ཛོ་ཀིའི་ལུགས་ཀྱི་མིག་འབྱེད་དང༌། བོད་ལུགས་ཀྱི་མིག་འབྱེད་གཅེས་བསྡུས། གཙང་སྟོད་དར་མ་མགོན་པོའི་སློབ་བརྒྱུད་དགེ་སློང་གཞན་ཕན་དང༌། གཉའ་ནང་ནམ་མཁའ་ལྷ་བཅས་གདན་ཞུས་ཀྱིས་བྱང་པའི་རྒྱུད་འགྲེལ་དང་གདམས་ངག་སྐོར་དང༌། གྲུབ་ཐོབ་ཨོ་རྒྱན་པའི་ཕྱག་ལེན་དངུལ་ཆུ་བཙོ་བཀྲུའི་སྐོར་རྣམས་དར་མོ་སྨན་རམས་པ་དང༌། ལྷག་བསམ་གྱིས་མཚོན་གཉུག་མར་གནས་པའི་སྨན་པ་རྣམས་ལ་ལུང་སྦྱིན་སློབ་ཁྲིད་ཆེད་གཉེར་དགོས་པའི་བཀའི་གནང་བ་སྦྱིན། ད་དུང་ྋརྒྱལ་དབང་ལྔ་པ་མཆོག་གིས་སྐྱེ་འགྲོའི་སྲོག་སྐྱོབ་ཕན་བདེར་དགོངས་ནས་སྲིད་ན་དཀོན་ཞིང་རྙེད་པར་དཀའ་བའི་རིན་པོ་ཆེ་སྣ་ཚོགས་དང༌། སྔོན་བྱོན་མཁས་གྲུབ་དུ་མའི་ཁྱད་འཕགས་ཀྱི་རིན་ཆེན་རིལ་བུའི་ཕབས་རྟ་ཚད་ལྡན་གྱི་སྨན་རྫས་དུ་མ་ལོངས་སུ་སྤྱོད་པའི་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང༌། ཚ་སྦྱོར། དབང་རིལ་རྟ་རི་མ། དབང་རིལ་ཤེལ་དཀར་མཆོད་རྟེན། དབང་ཕྱུག་ཆེན་པོའི་གསུང་གི་རྒྱུད་མེ་ལྕེ་འབར་བའི་དགོངས་དོན་དུག་འཇོམས་དབང་རིལ་སོགས་ཕོན་ཆེ་བ་བསྡུ་སྒྲུབ་ཚུལ་བཞིན་བགྱིས་ཏེ་དགེ་བའི་རྒྱུན་བཟང་བཙུགས་གནང་མཛད་པ་སོགས་འགྲོ་ཕན་གྱི་མཛད་པ་དག་བླ་ན་མངོན་པར་འཕགས་སོ། །

དེ་ནས་བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ་༡༦༥༣ ལོར་ལྷ་སའི་བྱང་ངོས་ཉང་བྲན་གྲོང་སྨད་གཞིས་ཀར་སྐུ་འཁྲུངས་པའི་སངས་རྒྱས་རྒྱ་མཚོས་སྐུ་ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ཐུགས་ལ་གཞོལ། དགུང་ལོ་བརྒྱད་ནས་བཟུང་ྋརྒྱལ་དབང་ལྔ་པ་མཆོག་གི་ཐུགས་སྲས་དམ་པར་གྱུར་ཅིང་། ཆོས་སྲིད་གཉིས་ཀའི་སྲིད་སྐྱོང་གི་འགན་བཞེས་དགོས་པའི་བཀའ་ནན་ཕེབས་པ་ལ་བརྟེན་ནས་རང་ལོ་ཉེར་བདུན་སྟེང་སྲིད་སྐྱོང་གི་ཐུགས་འགན་ལོ་ངོ་ཉེར་དྲུག་རིང་བསྐྱངས་ནས་མཚན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་གྲགས། སྲིད་སྐྱོང་པཎྜི་ཏ་ཆེན་པོ་དེས་སྔ་སོར་དཔར་དུ་བརྐོས་པའི་༼གྲྭ་ཐང་རྒྱུད་བཞིའི ༽དཔར་གཞིར་བསྐྱར་དུ་དཔྱད་པ་ཞིབ་མོར་མཛད་པའི་སྒོ་ནས་དག་བཅོས་དང༌། ཚིག་དོན་གང་ཅིར་སྲི་ཞུའི་བྱི་དོར་སྔར་ན་མ་བྱུང་བ་ཞིག་མཛད་དེ་པར་བྱང་སྨོན་ཚིག་ཁྱད་པར་ཅན་གྱིས་བརྒྱན་ཏེ་དཔར་གཞི་གསར་བརྐོས་མཛད་ནས་རྒྱ་ཁྱབ་ཏུ་དར་སྤེལ་ཤུགས་ཆེན་བྱུང་བ་དེ་དག་གི་ཉེར་ལེན་ལས་མི་རིང་བར་མདོ་སྨད་སྐུ་འབུམ་བྱམས་པ་གླིང་དང༌། ཁམས་ཕྱོགས་སྡེ་དགེ་པར་ཁང་ཆེན་མོ་སོགས་ལ་རིམ་བཞིན་ལྷ་སའི་རྒྱུད་བཞིར་གཞི་བཅོལ་ཏེ་ཡང་བསྐྱར་པར་དུ་བརྐོས། དེ་རྗེས་ལྔ་པ་ཆེན་པོས་བསྐྱར་དུ་སངས་རྒྱས་རྒྱ་མཚོ་མཆོག་ལ་སྐུ་ཡོན་གང་ཅིར་བརྩོན་པ་གནང་དགོས་པའི་སློབ་སྟོན་དང་འབྲེལ་གསོ་རིག་སྐོར་ནས་ཐུགས་འཛིན་དང༌། གཞུང་བཤད་མན་ངག་ལག་ལེན་དང་བཅས་པའི་མཚོན་དབང་ལུང་ཁྲིད་སོགས་དགེ་བའི་བཤེས་གཉེན་ཆེན་པོ་ཁྱབ་བདག་ཁྲ་ཚང་པ་དང༌། ཟུར་ཆོས་དབྱིངས་རང་གྲོལ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་བཞེས་པས་གང་ཉིད་གསོ་དཔྱད་བསྟན་པའི་རྩ་ལག་དར་པར་གྱུར་པའི་ཐུགས་རྒྱུད་སྨིན་པར་མཛད། དེ་ལྟར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དེས་བོད་ཀྱི་གསོ་རིག་འཆད་ཉན་དར་སྤེལ་ཡོང་བ་དང༌། ལུས་ཅན་མཐའ་དག་ཕན་བདེའི་འབྲས་བུ་ཡུན་ནས་ཡུན་དུ་ལོངས་སྤྱོད་ཕྱིར་རྗེས་འཛིན་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་རྩ་བ་དཔལ་ལྡན་༼རྒྱུད་བཞི་༽ཡི་འབྲུ་འགྲེལ་༼ གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུར་སྔོན་པོའི་མལླི་ཀ་༽ཞེས་པ་དཔེ་ཚད་ཤོག་ལྷེ་སྟོང་དང་ཉིས་བརྒྱ་སྐོར་ལོངས་པ་གསར་རྩོམ་དང་འབྲེལ་དེའི་ནང་དོན་རྣམས་ལེགས་པར་བཀྲོལ་ཕྱིར་མཁས་བླུན་བར་མ་དང་བཅས་པ་ཀུན་གྱིས་བདེ་བླག་ཏུ་རྟོགས་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་ཆ་༧༩ ཆ་ཚང་བ་ཕྱོགས་བསྒྲིགས་གནང༌། དེའི་ནང་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རོ་བཀྲ་དང༌། དབྱེ་གསང༌། སྨན་རྫས་ཆ་བྱད་ཙམ་མ་ཟད། གཞུང་འཆད་ཚུལ་གྱི་མཚོན་པའི་ནང་དོན་ཇི་མ་ཇི་བཞིན་དཔེ་རིས་སུ་ཕབ་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་གནང་མཛད་པ་དང་འབྲེལ་མཁས་པ་ཆོས་ཀྱི་རྗེས་སུ་འབྲངས་པའི་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་དོན་དངོས་ལ་ཟབ་འཇུག་གིས་རི་མོ་མཁས་ཅན་ལྷོ་བྲག་བསྟན་འཛིན་ནོར་བུར་ཕུང་པོ་དངོས་ལ་བལྟས་ཏེ་རོ་བཀྲའི་དཔེ་རིས་བྲིས་སུ་བཅུག་ཐོག་ཟུར་བལྟའི་དཔྱད་གཞིར་བཀོད་དེ་གཞུང་འགྲེལ་དུའང་གསལ་ཁ་མཛད། ད་དུང་མན་རྒྱུད་ཁ་སྐོང་དང་འཕེལ་རྒྱས་སུ་བཏང་ནས་༼མན་ངག་ལྷན་ཐབས་༽ཞེས་པ་ལེའུ་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་བདག་ཉིད་ཅན་དང༌། སྨན་གྱི་ཆོས་འབྱུང་༼ཁོག་འབུགས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་༽སོགས་བསྟན་བཅོས་ཇི་སྙེད་ཅིག་གསར་རྩོམ་གནང༌། ལྷག་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ྋརྒྱལ་བ་ལྔ་པའི་དགོངས་བཞེད་འགྲུབ་པའི་ཆེད་དུ་ལྷ་ས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་དང༌། སྐུ་ངོ་མས་སྨན་གཞུང་སློབ་ཁྲིད་བསྐྱངས་པ་དང༌། ལོ་རེ་གནངས་འཆར་སྨན་སྣེ་འཛོམ་པོ་ཡོད་པའི་ལྷ་སའི་བྱང་ཤར་ངོས་ཀྱི་རི་རྒྱུད་དུ་སྐུ་ངོ་མ་ཕེབས་ཏེ་སྨན་པ་ཚོར་བདུད་རྩི་སྨན་གྱི་ངོ་བོ་ངོས་འཛིན་དང་བཅས་པ་མཐོང་བ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར་ངོ་སྤྲོད་བཀའ་དྲིན་བསྐྱངས་པ་སོགས་བོད་ལྗོངས་ཡོངས་ལ་ཕན་བདེའི་སྒོ་འཕར་བརྒྱ་ཕྲག་ཏུ་འབྱེད་པའི་མཛད་རྗེས་བརྗོད་ལས་འདས། དམ་པ་དེའི་སློབ་མའི་གཙོ་བོ་སྨིན་གླིང་ངག་དབང་སངས་རྒྱས་དཔལ་བཟང་ཞུ་བ་དེས་༼ ལྷན་ཐབས་ཀྱི་ལྡེ་མིག་རྒྱ་མདུད་༽ཅེས་པ་ཆིག་བརྒྱུད་ཀྱི་གདམས་པ་ལྷུག་པར་བཀྲོལ་བའི་ལེགས་བཤད་དང་ཕྱོགས་མཚུངས་མན་ངག་ལྷན་ཐབས་ཀྱི་གཅེས་བསྡུས་ཟུར་བརྒྱན་ཕྱི་མ་༼ལྡེ་མིག་སྦས་དོན་ཀུན་གསལ་༽ཞེས་བྱ་བ་སོགས་ཀྱང་མཛད་ཡོད་པར་གྲགས་སོ། ། ལྷག་པར་ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས་པའི་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཞུ་བ་དེས་མཁས་གྲུབ་གྱི་བདག་ཉིད་ཆེན་པོ་དྲང་སྲོང་བསྟན་འཛིན་རྒྱལ་པོ་དང༌། གླིང་སྟོད་ཆོས་རྗེ། ཉི་ཐང་བློ་བཟང་རྒྱ་མཚོ་སོགས་སློབ་དཔོན་དུ་མ་བསྟེན་ནས་གསོ་དཔྱད་ལ་མཁྱེན་པ་རབ་ཏུ་རྒྱས་པ་ན་ལྔ་པ་ཆེན་པོའི་གཟིགས་པ་ཆེ་བ་དང༌། སྡེ་སྲིད་རིན་པོ་ཆེས་ཀྱང་སྨན་བླ་ལྟ་བུ་འདུག་ཅེས་བསྔགས་བརྗོད་གནང་བ་བཞིན་ཀུན་མཁྱེན་ལྔ་པ་ཆེན་པོའི་བླ་སྨན་དུ་དབང་བསྐུར། རྗེ་དེ་ཉིད་ཀྱིས་གདམས་ངག་ལག་ལེན་གྱི་སྙིང་པོ་བསྡུས་པའི་༼མན་ངག་བཀའ་རྒྱ་མ་༽ དང༌། རྩ་རྒྱུད་ཀྱི་སྡོང་འགྲེམས་༼ལེགས་བཤད་གསེར་གྱི་ལྡེ་མིག་༽བཤད་རྒྱུད་ཀྱི་དཀའ་བའི་འབྲུ་འགྲེལ་༼ལེགས་བཤད་གསེར་གྱི་ཐུར་མ་༽བཤད་རྒྱུད་ཀྱི་ཚིག་འགྲེལ་༼གསེར་མཆན་རྣམ་བཀྲ་གླེགས་བམ་གན་མཛོད་༽མན་ངག་རྒྱུད་ཀྱི་འབྲུ་འགྲེལ་༼དཀའ་འཕྲང་མུན་སེལ་སྒྲོན་མེ།༽ནུས་པ་རྐྱང་སེལ་གྱི་ཚིག་དོན་འགྲེལ་པ་༼མེས་པོའི་དགོངས་རྒྱན།༽ ཕྱི་རྒྱུད་རྩ་མདོའི་འབྲུ་འགྲེལ་༼ལེགས་བཤད་སྒྲ་རྒྱན།༽༼ཕྱི་མ་རྒྱུད་ཀྱི་མཆན་འགྲེལ་མུན་སེལ་སྒྲོན་མེ་༽རྐྱང་སེལ་གྱི་སྐད་དོད་བྱེ་བྲག་རྟོགས་བྱེད་ལས་༼ཉེར་མཁོ་ཁོལ་དུ་ཕྱུང་བ།༽རིན་ཆེན་སྨན་རྫས་སྐོར་གླེང་བ་༼ལེགས་བཤད་བཻ་ཌཱུར་དཀར་པོའི་ཕྲེང་བ།༽གསོ་རིག་ཆོས་འབྱུང་༼སྐལ་བཟང་འགྲོ་བའི་མྱུར་ལམ།༽རིན་ཆེན་རིལ་བུའི་སྦྱོར་སྡེ་༼སྨན་རྒྱལ་དགོངས་པའི་མེ་ལོང༌།༽དངུལ་ཆུའི་ལག་ལེན་༼བཀླགས་པའི་དོན་ཀུན་གྲུབ་པ།༽རིན་ཆེན་རིལ་བུའི་གཏོང་ཚུལ་༼ཞལ་ཤེས་རྡོ་རྗེ་ཕ་ལམ།༽དུག་འཇོམས་དབང་རིལ་གྱི་སྦྱོར་བ་༼གཞན་ཕན་ཟླ་བ་གསར་པའི་ཟིལ་མངར།༽གཞན་ཡང་དར་མོ་སྨན་རམས་པ་རང་གི་མན་རྒྱུད་མེས་པོའི་ཞལ་ལུང་༼ལེགས་བཤད་གསེར་རྒྱན་༽ཞེས་པ་དང༌། ལྔ་པ་ཆེན་པོའི་བཀའ་བཞིན་དར་མོ་བ་རང་དང༌། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་རྣམ་གཉིས་ཀྱིས་ཕྱི་རྒྱུད་རྩ་ཆུ་མན་གྱི་འགྲེལ་པ་མེས་པོའི་ཞལ་ལུང་༼དཀའ་གནད་རྡོ་རྗེའི་མདུད་འགྲོལ་༽ཞེས་པ་གསར་རྩོམ་གནང་བ་དང༌། གཡུ་ཐོག་པ་གསར་རྙིང་གི་༼རྣམ་ཐར་༽ཕྱོགས་སྒྲིག་མཛད་པར་ྋརྒྱལ་དབང་ལྔ་པས་པར་བྱང་བཀའ་དྲིན་དུ་སྩལ་བ་དང༌། ༼བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དཀའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད་༽ཅེས་པ་སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་གསར་རྩོམ་མཛད་པས་མཚོན་གཞན་ཕན་རྗེས་འཛིན་གྱི་རིག་པ་འདི་ཉིད་དར་རྒྱས་ཡུན་གནས་ཡོང་ཕྱིར་ལེགས་སྐྱེས་མང་དག་ཅིག་ཕུལ་བ་དང༌། རྗེས་འཛིན་སློབ་མ་སྨན་རམས་པ་བློ་གྲོས་ཆོས་འཕེལ་སོགས་མང་པོ་ཐོན་ཏེ་འགྲོ་ཕན་རྒྱ་ཆེར་བྱུང་སྟབས་བོད་ལྗོངས་དང༌། མཚོ་སྔོན། ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དང༌། ཐ་ན་སོག་ཡུལ་བཅས་པར་དམ་པ་དེའི་སྙན་གྲགས་ཤིན་ཏུ་ཆེ། མདོར་ན་ྋརྒྱལ་བ་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཛད་འཕྲིན་བཟང་པོའི་ཉེར་ལེན་ལས་བོད་ལྗོངས་ཡོངས་ལ་བོད་ཀྱི་གསོ་རིག་དར་རྒྱས་ཆེས་ཆེར་བྱུང་བ་མ་ཟད། མདོ་སྨད་ཨ་མདོ་ཁུལ་དང༌། ཁམས་ཕྱོགས། སོག་ཡུལ་བཅས་པར་གསོ་དཔྱད་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་གནས་སུ་གྱུར་པའི་སྐལ་བཟང་རྫོགས་ལྡན་དཔལ་ལ་འགྲན་པ་ཞིག་བྱུང་བ་ཡིན་ནོ། །

བོད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྤྱི་ལོ་༡༧༠༠ ལོར་སྐུ་འཁྲུངས་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཐོག་མའི་སྨན་དཔྱད་གསན་ཡུལ་ནི་ཟུར་མཁར་ཕྱི་མའི་སློབ་བརྒྱུད་འཛིན་པ་འབྲི་ཁུང་དཔོན་ཚང་ཡེ་ཤེས་དང་ཀརྨ་བསྟན་འཕེལ་སོགས་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་གིས་མཚོན་རིག་གནས་མཐའ་དག་གསན་སྦྱོང་མཛད། སྐུ་གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི་རྩལ་རྫོགས། སྔ་ཕྱིར་རྒྱ་དཀར་ནག་དང་བལ་ཡུལ་སོགས་ཉེ་འཁོར་གྱི་ཡུལ་གྲུ་ཕལ་མོ་ཆེར་བྱོན། ངལ་བ་མང་པོ་ཁུར་དུ་བཟོད་ནས་དེ་ཚོའི་སྐད་ཡིག་རྣམས་བསླབས་ཏེ་མཁྱེན་སྤྱན་ཡངས་པོར་དབྱེ། ཤེས་རབ་ཀྱི་སྒྲོན་མེ་བཏེགས། འཕགས་ཡུལ་ནུབ་ཕྱོགས་ཕྲེང་གི་སྨན་པ་ཨེ་གྲོ་སེ་དང༌། ནི་རྨ་ཐི་སོགས་ཕྱི་ནང་གི་མཁས་པ་དུ་མའི་དྲུང་ནས་གསོ་དཔྱད་ཀྱིས་མཚོན་གཞུང་དང་གདམས་པ་མང་པོ་གསན། བཤད་རྒྱུན་དང་དཀའ་གནད་རིགས་འདྲི་མོལ་མཛད། མཐར་རིག་གནས་མཐའ་དག་ལ་མཁྱེན་རབ་རྒྱས་ཏེ་རྩོད་བྲལ་གྱི་པཎྜི་ཏ་ཆེན་པོར་གྱུར་པ་ན་གྲགས་པའི་བ་དན་ཕྱོགས་བཅུར་གཡོ། མཁས་དབང་དེས་རྒྱ་བོད་ལུགས་གཉིས་ཀྱི་རྩའི་བལྟ་གནས་དང་འབྲུམ་བཅོས་སོགས་གསོ་དཔྱད་གསར་འགྱུར་སྣ་ཚོགས་༼ཕན་བདེའི་འབྱུང་གནས་༽དང༌། ༼མིག་འབྱེད་ལག་ལེན་༽སོགས་ལེ་ཚན་དུ་མ་ཡོད་པའི་གསོ་དཔྱད་གསར་བསྒྱུར་རིགས་མཛད། ལྷག་པར་སྡེ་དགེ་དཔལ་སྤུངས་ཆོས་འཁོར་གླིང་དུ་གསོ་རིག་གིས་མཚོན་བཅུ་ཕྲག་རིག་པའི་བཤད་གྲྭ་བཙུགས་ཏེ་སྐུ་ངོ་མས་འཛིན་སྐྱོང་འཆད་སྤེལ་གྱི་ཐུགས་འགན་བཞེས་པ་སོགས་རྣམ་དཀར་དགེ་བའི་འཕྲིན་ལས་ལ་བརྟེན་ནས་སྨད་མདོ་ཁམས་ཡུལ་དུ་གསོ་རིག་གི་བསྟན་པའི་སྲོལ་སྔར་བས་དར་ཞིང་རྒྱས་པར་མཛད་དོ། །

ཀུན་གཟིགས་ཆེན་པོ་དེར་སྔ་ཕྱིར་བྱུང་བའི་སྣོད་ལྡན་གྱི་སློབ་མའི་གྲས་སུ་གྲགས་ཆེ་བ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་དང༌། འབེ་ལོ་ཚེ་དབང་ཀུན་ཁྱབ། ཆོས་རྒྱལ་བསྟན་པ་ཚེ་རིང༌། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་སོགས་བྱུང་བའི་ནང་ནས་དབོན་ཀརྨ་ངེས་ལེགས་བསྟན་འཛིན་ཀྱིས་སྨན་བསྡུས་ཨེ་༼ཕན་བདེའི་ནོར་བུའི་བང་མཛོད་༽དང༌། ཝཾ་༼ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་བ་གསར་པ་༽སོགས་མཛད།
དེ་བཞིན་སྡེ་དགེ་རྒྱལ་པོའམ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བོད་རབ་བྱུང་བཅུ་གཉིས་པའི་ཆུ་གླང་སྤྱི་ལོ་༡༧༣༣ ལོར་སྔ་སོར་རྒྱུད་བཞིའི་པར་རྩར་གཞི་བཅོལ་ཏེ་སྡེ་དགེའི་པར་མ་ཞེས་པ་བརྐོས་ནས་དཔར་དུ་བསྐྲུན་པ་དང་འབྲེལ་སྔ་ཕྱིར་རྒྱལ་པོ་ཡབ་སྲས་ཀྱིས་༼བཻ་སྔོན་༽དང་༼ཆ་ལག་བཅོ་བརྒྱད་༽༼སྨན་དཔྱད་ཟླ་བའི་རྒྱལ་པོ་༽མན་ངག་༼བྱེ་བ་རིང་བསྲེལ་༽མན་ངག་༼བཀའ་རྒྱ་མ་༽སྨན་བསྡུས་༼ཨེ་ཝཾ་༽སོགས་གསོ་རིག་གི་བསྟན་བཅོས་ཚད་ལྡན་མང་པོ་པར་བརྐོས་དཔར་བསྐྲུན་མཛད་པ་བཅས་ལ་བརྟེན་ནས་གཏན་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་དབྱེ་བར་མཛད་དོ། །

དེ་བཞིན་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་སྤྱི་ལོ་༡༧༢༠ལོར་བི་བྱིའི་གདུང་རྒྱུད་ལས་འཁྲུངས་པའི་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་ཀུན་གཟིགས་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། ཁམས་སྤྲུལ་མཁས་དབང་ཀུན་དགའ་བསྟན་འཛིན། ཀཿཐོག་དགེ་རྩེ་ཚེ་དབང་ནོར་བུ་སོགས་བཤེས་གཉེན་དམ་པའི་དྲུང་ནས་གསོ་རིག་གིས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་གསན་སྦྱོང་མཛད་དེ་མཁྱེན་རབ་རྒྱས་པ་ན། བཤུལ་རིང་གཏུམ་པོས་འཚེ་བ་སོགས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ཟི་ཁྲོན་གྱི་འོ་མིན་ཤན་དང༌། ཡུན་ནན་གྱི་འཇང་དང༌། འཇུས། དེ་བཞིན་རྒྱ་གར་སོགས་ཕྱོགས་མཐའ་མང་པོ་བསྐོར་ནས་སྨན་རྫས་ཀྱི་རིགས་མཐའ་དག་ལ་རྟོག་ཞིབ་དཔྱིས་ཕྱིན་པ་མཛད་རྗེས་རབ་བྱུང་བཅུ་གསུམ་པའི་མེ་ལུག་སྤྱི་ལོ་༡༧༨༧ ལོར་སྐད་གྲགས་ཡོད་པའི་སྨན་རྫས་རིག་པའི་བསྟན་བཅོས་ཚད་ལྡན་ཏེ། བདུད་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་༼དྲི་མེད་ཤེལ་གོང་༽དང༌། བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་༼དྲི་མེད་ཤེལ་ཕྲེང་༽ཞེས་པ་རྩ་འགྲེལ་གཉིས་དང༌། སྨན་གྱི་ལག་ལེན་གཅེས་བསྡུས་༼ཀུན་གསལ་སྣང་མཛོད་༽གཏར་གའི་གདམས་པ་༼ཉེས་འཁྲུགས་རྙོག་དྲུངས་འབྱིན་བྱེད་ཀེ་ཏ་ཀ༽ མེ་བཙའི་གདམས་པ་༼ཤེལ་དཀར་མེ་ལོང༌།༽ རོ་བསྡེབས་སྦྱོར་བ་༼དོན་ཚང་ཚིག་བསྡུས།༽ཉེར་ལྔ་བརྒྱ་རྩའི་སྦྱོར་བ་༼བདུད་རྩི་ཤེལ་དཀར་ཕྲེང་བའམ་མཁས་མང་ཡོངས་ཀྱི་མགུལ་རྒྱན།༽གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་༼དྲང་སྲོང་དགྱེས་པའི་འཛུམ་ཕྲེང་༽སོགས་ལེ་ཚན་དྲུག་ཅུ་རེ་གསུམ་ཙམ་མཛད་པ་བཅས་མདོར་ན་མཁས་དབང་འདིས་བོད་ཀྱི་གསོ་དཔྱད་སྨན་གྱི་རིག་པར་ཁ་སྐོང་དང་འཕེལ་རྒྱས་ཀྱི་མཛད་དྲིན་གཞལ་བར་མི་ནུས་པ་འཇོག་གནང་མཛད།

དེ་ནས་ཀུན་གཟིགས་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡང་སྲིད་སི་ཏུ་པདྨ་ཉིན་བྱེད་ཀྱི་སློབ་མ་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ནས་གཅེས་བསྡུས་༼ འཆི་མེད་ནོར་ཕྲེང་༽མ་བུ་དང༌། རིན་ཆེན་རཏྣ་བསམ་འཕེལ་དང༌། དབང་རིལ་རྟ་རི་མའི་སྦྱོར་སྡེ། ༼རྒྱུད་བཞིའི་དཀའ་གནད་གསལ་འགྲེལ་༽སོགས་མཛད།

ཡང་སི་ཏུའི་ཡང་སློབ་བམ་སྡེ་དགེ་རྒྱལ་པོའི་བླ་སྨན་པ་མགོན་བསམ་གྱི་སློབ་མ་ཆོས་གྲགས་རྒྱ་མཚོ་ཞུ་བ་དེས་ཆུང་དུས་ནས་གསོ་རིག་ལ་གསན་བསམ་མཛད། མཁྱེན་རབ་རྒྱས་ཏེ་སྡེ་དགེ་རྒྱལ་པོའི་བླ་སྨན་དུ་དབང་བསྐུར། ཕྱིས་འཚོ་བྱེད་ལས་དང་པོར་ཉེ་བར་མཁོ་བ་༼ནད་སྨན་སྤྲོད་པའི་ཉམས་ཡིག་༽དང༌། དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་སྨན་གྱི་ཕྱག་བཞེས་སྐོར་གྱི་ཡིག་འཇོག་མཛད།

དེ་བཞིན་བླ་སྨན་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྤྱི་ལོ་༡༨༢༠ ལོར་སྐུ་འཁྲུངས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཚོ་བྱེད་ཚེ་དབང་རབ་བརྟན་སོགས་སློབ་དཔོན་བཅུ་ཕྲག་ལྔ་ལྷག་ཙམ་གྱི་དྲུང་ནས་གསོ་རིག་གིས་མཚོན་རིག་གནས་མཐའ་དག་གསན་སྦྱོང་མཛད། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། གསོ་རིག་སྐོར་ལ་ཡང་༼རྒྱུད་བཞིའི་བསྡུས་དོན་སྙིང་པོ་༽དང༌། ༼སྨན་དཔྱད་ཉེར་མཁོ་སྣ་ཚོགས་༽ སྨན་ངོ་དོགས་སེལ་༼བདུད་རྩི་ཟེགས་མ་༽སོགས་ལེ་ཚན་ཐོར་བུ་མང་པོ་མཛད།

ཕྱོགས་མཚུངས་སྐུ་ཉིད་ཀྱི་བླ་སློབ་གཉིས་ཀ་ཡིན་པ་སྟེ། བོད་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་༡༨༡༣ ལོར་སྐུ་འཁྲུངས་པའི་ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། སི་ཏུ་པདྨ་ཉིན་བྱེད་སོགས་མཚན་ཉིད་དང་ལྡན་པའི་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་གིས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་གསན་པ་ན་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། གྲགས་པའི་བ་དན་ཕྱོགས་ཀུན་ཁྱབ། ལྷག་པར་དུ་གསོ་དཔྱད་སྨན་གྱི་རིག་པར་ཕྱག་ལེན་དཔྱིས་ཕྱིན་པ་མཛད་རྗེས་འཚོ་བྱེད་ལས་དང་པོར་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་བསྡུས་༼བདུད་རྩི་ཐིགས་པ་༽ དང༌། ཟིན་ཏིག་མཛེས་རྒྱན་༼བདུད་རྩི་སྨན་མཛོད་༽དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་༼ འཚོ་བྱེད་མཁས་པའི་སྙིང་བཅུད་༽ལྕགས་ཁམས་ཐལ་བཟོའི་ལག་ལེན་༼འཚོ་མཛད་མཁས་པའི་ཁྱད་ནོར།༽གསོ་རིག་གིས་མཚོན་པའི་རིག་གནས་ཀུན་གྱི་སྤྱི་དོན་དང་འབྱུང་ཚུལ་སྐོར་གྱི་རྣམ་བཤད་༼ཤེས་བྱ་ཀུན་ཁྱབ་མཛོད་༽སོགས་ཚད་ལྡན་གྱི་བསྟན་བཅོས་དུ་མ་མཛད། མདོ་སྔགས་རིག་གནས་ཀུན་ལ་འཕྲིན་ལས་ཤིན་ཏུ་ཆེ། མཁྱེན་བརྒྱའི་བདག་ཉིད་ཆེན་པོ་དེའི་སྐལ་ལྡན་གྱི་སློབ་མའི་གྲས་སུ་འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་རྒྱ་མཚོ་དང༌། མཁན་ཆེན་བཀྲ་ཤིས་འོད་ཟེར། མཁས་དབང་ཆོས་གྲགས་རྒྱ་མཚོ། ཀརྨ་མཁའ་ཁྱབ་རྡོ་རྗེ་སོགས་དུ་མ་བྱུང༌།

བོད་རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ་༡༨༤༦ ལོར་སྐུ་འཁྲུངས་པའི་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། མཁན་ཆེན་པདྨ་རྡོ་རྗེ། ལབ་སྐྱབས་མགོན་དགྱེས་རབ་རྡོ་རྗེ། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་མཁས་གྲགས་ཆེ་བའི་སློབ་དཔོན་གཞན་དུ་མའི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལ་གསན་བསམ་དཔྱིས་ཕྱིན་པ་མཛད་དེ་མཁྱེན་རབ་ཡོངས་སུ་རྫོགས། སྨྲ་བའི་སེང་གེའི་སྐྱེས་བུ་ཆེན་པོར་གྱུར། གསོ་རིག་སྐོར་ལ་ཡང་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་༼འདོད་འབྱུང་ནོར་བུའི་མེ་ལོང་༽དང༌། མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་སྐོར་༼ཕན་བདེའི་བང་མཛོད།༽ ༼རྩ་ཆུའི་འགྲེལ་པ།༽ ༼སྨན་སྦྱོར་བདུད་རྩི་ཐིག་ལེ།༽ ༼ལུས་ལ་ཉེ་བར་མཁོ་བའི་སྐབས་བརྒྱད་པ་༽ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་ཏུ་བཀོད་པ་༼ཟུག་རྔུ་ཀུན་སེལ་༽དང་༼ཙིནྟ་མ་ཎི༽སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་མཛད། སྨྲ་བའི་སེང་གེ་མཆོག་གི་སྣོད་ལྡན་གྱི་སློབ་མའི་གྲས་སུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རྒྱལ་ཚབ། མཁན་ཆེན་ཀུན་དཔལ་སོགས་མཁས་བརྒྱུད་དུ་མ་བྱུང༌། དེ་བཞིན་མཁན་ཆེན་བཀྲ་ཤིས་འོད་ཟེར་གྱི་སློབ་མ་སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་ཞུ་བ་དེས་རྩ་རྒྱུད་ཀྱི་འགྲེལ་པ་༼རབ་དྭངས་ཆུ་ཤེལ་མེ་ལོང་༽དང༌། བཤད་རྒྱུད་ཀྱི་འགྲེལ་པ་༼དོན་གསལ་རབ་ཏུ་སྣང་བའི་ཉིན་བྱེད་༽སྨན་སྦྱོར་གཅེས་བསྡུས་༼གཏེར་མཛོད་དམ་མན་ངག་བདུད་རྩི་རོལ་མཚོ་༽སོགས་ཚད་ལྡན་གྱི་བསྟན་བཅོས་དག་མཛད་པ་བཅས་མདོར་ན་རིམ་བྱོན་གྱི་མཁས་དབང་དེ་རྣམས་ཀྱི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ནས་མདོ་ཁམས་ལྷོ་རྒྱུད་ཁུལ་དུ་གསོ་རིག་གི་བསྟན་པའི་རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་གསོ་བར་མཛད་དོ། །

དེ་བཞིན་མདོ་སྨད་བྱང་ཤར་ཁུལ་དུ་ཡང་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཆུ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཉིད་སྐུ་འབུམ་དགོན་གྱི་ཚོགས་ཆེན་མཁན་པོའི་ཁྲི་བཞུགས་སྐབས་ཏེ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་སྤྱི་ལོ་༡༧༡༡ལོར་སྐུ་འབུམ་བྱམས་པ་གླིང་དུ་སྨན་པ་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་ཞེས་པ་གསར་འཛུགས་ཀྱིས་བོད་རིགས་ཙམ་མ་ཟད། སོག་རིགས་ཀྱིས་མཚོན་སྐལ་ལྡན་གྱི་སློབ་མ་མང་པོ་ཡང་བོད་ཀྱི་གསོ་རིག་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་བསྩལ་བ་དང་འབྲེལ། ལྷ་སའི་༼རྒྱུད་བཞི་༽པར་མ་གཞིར་བཟུང་ནས་སྐུ་འབུམ་པར་གཞི་གསར་བསྐྲུན་མཛད་པ་དང༌། ཕྱོགས་མཚུངས་རྗེ་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་སྐུ་ཉིད་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་སྤྱི་ལོ་༡༧༢༤ལོར་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ཞེས་པ་འཛུགས་གཉེར་མཛད་པ་དང༌། ད་དུང་སྐབས་དེར་ཡུལ་དེའི་རྒྱལ་པོ་སོག་པོ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་འདུན་པ་ལྟར་ྋརྒྱལ་དབང་སྐལ་བཟང་རྒྱ་མཚོས་རྒྱལ་པོ་དེ་ཉིད་ཀྱི་བླ་སྨན་དུ་མངགས་པར་མཛད་པའི་ལྕགས་རི་བ་མཁས་པའི་དབང་པོ་གཙང་སྨན་ཡེ་ཤེས་བཟང་པོ་ཞུ་བ་དེ་སློབ་དཔོན་དུ་བསྐོ་བཞག་མཛད་པ་ན་སྐུ་ཉིད་ཀྱི་སྣོད་ལྡན་སློབ་མའི་གྲས་སུ་ཡང་བོད་རིགས་ཙམ་མ་ཟད། སོག་རིགས་སོགས་སློབ་བརྒྱུད་མང་པོ་བྱུང་བ་དེ་དག་ལ་གསོ་རིག་གི་གཞུང་འཆད་སྤེལ་དང༌། མན་ངག་ལག་ལེན་དམར་ཁྲིད་ཀྱིས་མཚོན་མཐོང་བ་བརྒྱུད་པའི་ཕྱག་ལེན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཞིང༌། ལྷག་པར་མཁས་དབང་དེས་ངལ་བའི་ཁུར་ལྕི་ཐེག་པར་བཟོད་དེ་སྐུ་ཉིད་ངོ་བསྐྱོད་ཀྱིས་སློབ་མ་འཁྲིད་ནས་ཨ་མཆོག་ཕྱོགས་རྒྱུད་ཀྱི་གཉན་རྗེ་གུང་སྔོན་དང༌། སྔོ་ལ་གཡུ་རྩེ། མཛོད་དགེའི་ཕྱོགས་ཀྱི་མར་ཁུའི་རྫ་རྒྱུད་དང༌། སྐུ་བླ་སྤུན་གསུམ། ཀླུ་ཆུ་སྟོད་ཀྱི་ཀླུའི་ཆབ་བྲག མཛོ་མོ་རུ་རྩེ་སོགས་རྨ་འགྲམ་དང་རྩེ་འགྲམ་གྱི་རྫ་རི་དང༌། བྲག་རི། སྤང་རི་བཅས་དུ་མར་འགྲིམས་ནས་སྨན་རྫས་རྟོག་ཞིབ་དང༌། སྨན་ངོ་སྤྲོད་པ་སོགས་ལ་བརྟེན་ནས་གསོ་རིག་གི་བསྟན་པའི་སྲི་ཞུ་དང་འགྲོ་དོན་རྒྱ་ཆེན་པོ་བསྐྱངས། ད་དུང་༼བྱང་ཁོག་ཡུལ་ཐིག་རྩ་འགྲེལ་༽དང༌། བདུད་རྩི་སྨན་ནག་ཆེན་མོའི་སྦྱོར་ལུགས། རྨ་རིགས་ཀུན་གྱི་ཡང་ཤུན་༼ནོར་བུའི་དོ་ཤལ་མཛེས་རྒྱན་༽བྱ་བ་སོགས་མཛད། སྐུ་ཉིད་ཀྱི་ཕུལ་བྱུང་གི་སློབ་མའི་གྲས་ནས་རྡོ་རྗེ་རབ་འབྱམས་དང༌། སོག་པོ་མེར་རྒན་ཨེམ་རྗེ་བློ་བཟང་དར་རྒྱས་ཞུ་བ་གཉིས་ཀྱིས་ཀྱང་ཕྱིས་སློབ་དཔོན་གྱི་ཐུགས་འགན་བཞེས་ཏེ་གསོ་རིག་གི་བསྟན་པའི་སྲོལ་རྒྱུན་མི་ཉམས་པར་དར་བར་མཛད་པ་དང༌། དེ་བཞིན་ཨ་མདོ་ཁུལ་གྱི་བྱ་ཁྱུང་དགོན་པ་དང༌། ར་རྒྱ་བཀྲ་ཤིས་འབྱུང་གནས། གསེར་ཁོག་དང་ཅོ་ནེ། ལྷ་མོ་བཅས་སུའང་སྔ་ཕྱིར་སྨན་གྲྭ་བཙུགས་ནས་གསོ་རིག་དར་ཁྱབ་བྱུང་ཞིང༌། མདོར་ན་མདོ་སྨད་བྱང་ཤར་ཁུལ་གྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དང༌། དཔལ་བཀྲ་ཤིས་འཁྱིལ་སོགས་སུ་སྨན་གྲྭ་བཙུགས་ནས་རིས་སུ་མ་ཆད་པའི་སྣོད་ལྡན་གྱི་སློབ་མ་མང་པོ་བསྐྱེད་བསྲིངས་མཛད་པ་དག་གིས་མདོ་སྨད་བྱང་ཤར་ཁུལ་ཡོངས་སུ་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་ཆེན་པོ་བྱུང་།

ལྷག་པར་དུ་དུས་དེ་ཙམ་ནས་ལྕགས་རི་འགྲོ་ཕན་གླིང་ནས་འཚོ་བྱེད་མཁས་པ་བློ་བཟང་ཆོས་འཕེལ་དང༌། སྐལ་བཟང་ཡར་འཕེལ་གཉིས་ཕྱི་སོག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པའི་བླ་སྨན་དང་འཇམ་དབྱངས་མཁས་གྲུབ་ལྕང་སྐྱ་རིན་པོ་ཆེའི་བླ་སྨན་དུ་གཏོང་གནང་མཛད་པ་དང༌། བོད་རབ་བྱུང་བཅུ་གཉིས་པའི་ཤིང་གླང་སྤྱི་ལོ་༡༧༤༥ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གཡུང་ཧཱ་ཀུང་ངམ་དགའ་ལྡན་བྱིན་ཆགས་གླིང་དུ་སྨན་གྲྭ་སྟེ་བོད་ལུགས་གསོ་རིག་སློབ་གྲྭ་བཙུགས་ནས་རིས་མེད་ཀྱི་སློབ་མ་བསྐྱེད་བསྲིངས་བྱུང་བའི་ཁར། སོག་ཡུལ་གྱི་ཧལ་ཧ་དང་ཞེ་ཧོར་སོགས་དགོན་སྡེ་ཆེ་གྲས་མང་པོའི་ནང་དུའང་བོད་ཀྱི་གསོ་རིག་སློབ་སྦྱོང་བྱེད་པའི་སྨན་པ་གྲྭ་ཚང་བཙུགས་པ་སོགས་ལ་བརྟེན་ནས་སོག་ཡུལ་གྱི་ནང་དུའང་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་བྱུང་བ་དང་འབྲེལ་སྔ་ཕྱིར་ཁུལ་དེ་ཚོའི་རྒྱུད་དུ་ཚེ་རིག་འཛིན་པའི་སྐྱེས་བུ་དམ་པ་དུ་མ་བྱོན་པའི་ནང་ནས་མཁས་ཤིང་གྲགས་པ་ཆེ་བ་ནི། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། རོང་པ་མཚན་སྒྲོག་པདྨ་བཛྲའམ་འཇམ་དཔལ་བསྟན་པ་རབ་རྒྱས། སོག་པོ་ངག་དབང་ཝང༌། སྨིན་གྲོལ་ནོ་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས། ལྕང་ལུང་པཎྜི་ཏ་བློ་བཟང་ཆོས་འཕེལ། སོག་པོ་བ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་དང་ལུང་རིགས་བསྟན་དར་སོགས་བྱུང་ཞིང༌། དེ་དག་གི་ནང་ནས་ཀྱང་བོད་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ་༡༧༠༤ -༡༧༨༨ལོར་སྐུ་འཁྲུངས་པའི་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ཀྱིས་༼གསོ་དཔྱད་བདུད་རྩི་ཆུ་རྒྱུན་༽དང༌། སྨན་རྫས་ཀྱི་མངོན་བརྗོད་དང་ངོས་འཛིན་༼ཤེལ་དཀར་མེ་ལོང་༽སྨན་དཔྱད་ཤིན་ཏུ་བསྡུས་པ་༼བདུད་རྩི་དགའ་སྟོན།༽གསོ་བ་རིག་པའི་མན་ངག་ཤིན་ཏུ་ཉུང་བསྡུས་༼བདུད་རྩི་ཐིགས་པ་༽སོགས་མཛད་པ་དང༌། སྨིན་གྲོལ་ནོ་མི་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་༼གསོ་རིག་སྤྱི་བཤད་༽དང༌། སྨན་ངོས་འཛིན་ཉེར་མཁོ་༼ཨུཏྤལ་ཆུན་པོ།༽ རིམས་སྲུང་དགུ་སྦྱོར་སོགས་མཛད། སོག་པོ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཞུ་བ་དེས་གསོ་དཔྱད་བདུད་རྩི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་ཤར་བ་༼མཛེས་མཚར་མིག་རྒྱན་༽ཞེས་པ་སྨན་རྫས་ཀྱི་དཔེ་རིས་དང་བཅས་པ་གསལ་བའི་བསྟན་བཅོས་དང་༼ལྕགས་ཁམས་ཐལ་བཟོའི་༽སྐོར་སོགས་མཛད་ལ། ལུང་རིགས་བསྟན་དར་ཀྱིས་རྒྱུད་བཞིའི་བརྡ་དོན་གོ་དཀའ་བ་འགའ་ཞིག་བཀྲོལ་བ་༼རྣམ་རྒྱལ་གསེར་མདོག་ཕྲེང་བ་༽༼རྒྱུད་བཞིའི་མཐའ་དཔྱོད་༽ཅེས་པའང་མཛད། གཞན་ཡང་སྟོད་ལ་དྭགས་དང༌། འབྲུག་ཡུལ། འབྲས་ལྗོངས། བལ་ཡུལ། རྒྱ་གར་སོགས་སུ་ཡང་སྔ་ཕྱིར་བོད་ཀྱི་གསོ་རིག་དར་ཁྱབ་ཕྱིན་ཡོད།

བོད་རབ་ཚེས་མེ་བྱི་སྤྱི་ལོ་༡༨༧༦ ལོར་སྐུ་འཁྲུངས་པའི་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་ཀྱི་གསོ་རིག་དང་སྨན་གྱི་རིག་པ་འདི་བཞིན་སྐྱེ་འགྲོ་དྲག་ཞན་མཐོ་དམའ་སྤྱི་དང༌། ལྷག་པར་བྲོ་འཚལ་བ་ཉམ་ཐག་དག་ལ་སྨན་པ་ཁྱད་དུ་འཕགས་པར་གཟིགས་ཏེ་ཅི་ནས་ཀྱང་དར་རྒྱས་ཡོང་བར་དགོངས་ཏེ་སྔ་སོར་ལྕགས་རི་འགྲོ་ཕན་གླིང་གི་དོ་དམ་ལ་ཤུགས་སྣོན་ཡོང་ཆེད་སྤྱི་ལོ་༡༨༨༨ལོར་ལྕགས་རི་བ་འཚོ་བྱེད་མཁས་པ་བློ་བཟང་བཟང་པོ་དང༌། བསྟན་འཛིན་རྒྱ་མཚོ་ཞུ་བ་གཉིས་ལ་བླ་སྨན་གྱི་གདན་ཐོབ་སྩལ་ཐོག་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་འཆད་སྤེལ་གྱིས་མཚོན་པའི་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱིས་གསོ་རིག་བསྟན་པ་དགུང་དུ་འདེགས་དགོས་པར་བཀས་བསྐུལ། ལྷག་པར་བླ་སྨན་པ་བསྟན་འཛིན་རྒྱ་མཚོར་འགན་དབང་དང་མཐུན་རྐྱེན་ཡོངས་སུ་བསྩལ་ཏེ་སྔར་ཞོལ་དཔར་ཁང་དུ་བཞུགས་པའི་དཔལ་ལྡན་༼རྒྱུད་བཞི་༽དང༌། འགྲེལ་པ་༼བཻ་སྔོན།༽ མན་ངག་༼ལྷན་ཐབས།༽༼ཤེལ་གོང་༽རྩ་འགྲེལ། སི་ཏུའི་༼འགྲེལ་ཆེན་༽སོགས་ཚད་ལྡན་བསྟན་བཅོས་དག་གི་པར་གཞི་ཆེས་བགྲེས་ཟད་དུ་གྱུར་པ་རྣམས་པར་གཞི་གསར་དུ་བརྐོས་ཐོག་ལྕགས་རི་གྲྭ་ཚང་རང་དུ་པར་ཁང་ཆེད་འཛུགས་ཀྱིས་དཔར་དུ་བསྐྲུན་པར་མཛད་པ་ན་ཕྱིས་ལྕགས་རིའི་པར་མ་ད་ལྟ་ལྷ་ལྡན་སྨན་རྩིས་ཁང་དུ་བཞུགས། ཞེས་ཀྱང་གྲགས། དེ་རྗེས་སྤྱི་ལོ་༡༨༩༧ལོར་ཟུར་ལུགས་ཀྱི་བཞེད་པ་འཛིན་པའི་འཚོ་བྱེད་མཁས་པ་ཆང་ཁྱིམ་པ་བྱམས་པ་ཐུབ་དབང་ལ་བླ་སྨན་མཁན་ཆུང་གི་གདན་ཐོབ་བསྩལ་བ་དང༌། བྱང་ལུགས་ཀྱི་བཞེད་པ་འཛིན་པའི་སྟོད་ཤེལ་དཀར་ཆོས་སྡེའི་བྱ་སྦུག་དམ་ཆོས་དཔལ་ལྡན་ལ་བླ་སྨན་ལས་ཚན་པའི་གདན་ཐོབ་གནང་སྟེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་གསོ་རིག་འཆད་སྤེལ་གྱི་འགན་དབང་རྣམས་བསྩལ། ཕྱོགས་སོ་སོའི་བཞེད་པའི་གདམས་ངག་ཕྱག་ལེན་ལ་བརྟེན་ནས་སློབ་མ་བསྐྱེད་བསྲིངས་ཀྱིས་འབུར་ཐོན་ཡོང་བར་བྱེད་དགོས་པའི་བཀས་ནན་ཆེས་གདམས་པར་མཛད་ཅིང༌། སློབ་དཔོན་གཉིས་ཀྱིས་ཀྱང་མགོན་པོ་གང་གི་བཀའི་གནང་བ་ཇི་ཕེབས་བཞིན་ཐུགས་ནུས་མཐའ་དག་ཕྱུང་སྟེ་བསྐྱེད་བསྲིངས་མཛད་པའི་སྣོད་ལྡན་འབུར་ཐོན་གྱི་སློབ་མ་ཐེངས་དང་པོའི་གྲས་སུ་ལྷུན་གྲུབ་གྲགས་པ་དང༌། ཐེངས་གཉིས་པའི་གྲས་སུ་ལྷོ་ཁ་བ་མཁྱེན་རབ་ནོར་བུ་དང༌། ཚུལ་ཁྲིམས་སྙན་གྲགས། སྐལ་བཟང་ལེགས་བཤད། ཐུབ་བསྟན་དར་རྒྱས་སོགས་མང་པོ་ཐོན་པ་དེ་དག་གིས་སློབ་དཔོན་གཉིས་ཐུན་མོང་མ་ཡིན་པའི་བཞེད་པའི་གདམས་ངག་ཕྱག་ལེན་དང་བཅས་པ་བརྒྱུད་འཛིན་དར་སྤེལ་གྱིས་དུས་ད་ལྟའི་བར་དུའང་འཕྲིན་ལས་ཆེ་བར་མངོན། དེའི་ནང་ནས་བྱམས་པ་ཐུབ་དབང་མཆོག་གིས་རང་རིགས་ཀྱི་རིགས་རྒྱུད་སྐྱེ་འཕེལ་དང༌། སྤྱི་འབངས་ཀྱི་དངོས་ཡོད་བདེ་སྡུག་དང་འབྲེལ་བ་ཡོད་པའི་གནད་དོན་ཏེ་སྔ་སོར་རང་ལྗོངས་སུ་མ་བུ་བདེ་གྲོལ་དང༌། བྱིས་པའི་བདེ་སྲུང་གསོ་ཚགས་སྐོར་གྱི་ཤེས་བྱའི་ལག་རྩལ་ལམ་བྱ་ཐབས་ཚུལ་བཞིན་མེད་པའི་རྐྱེན་གྱིས་རྒྱ་ཁྱབ་ཏུ་བྱིས་པ་འཆི་གོད་མང་བ་སོགས་ཀྱི་ཉེས་པ་མང་དག་མཆིས་པ་རྣམས་ཉེ་བར་ཞི་ནས་མི་རིགས་འདི་ཉིད་སྐྱེ་མཆེད་གཙང་ཞིང་ལང་ཚོ་བདེ་ལྡན་དང༌། ཤེས་རིག་བཀྲ་ཞིང་བློ་གྲོས་རྒྱས་པ་བཅས་ཡོང་ཕྱིར་རྗེ་དེ་ཉིད་ཀྱིས་ཐུགས་ནུས་ཆེན་པོས་བྱིས་པ་གསོ་ཚགས་བསྐྱེད་བསྲིངས་དང༌། ནད་བཅོས་སྔོན་འགོག་གི་སྨན་རིགས་བེད་སྤྱོད་བྱེད་སྟངས་སོགས་བྱིས་པའི་བདེ་སྲུང་གི་ཤེས་བྱའི་ནང་དོན་ཁག་དོན་ཚན་བཅུ་དགུ་ལ་བགོས་ནས་རྒྱས་བཤད་མཛད་པའི་དཔེ་དེབ་༼བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་༽ཞེས་པ་ཡིག་འབྲུ་ཉིས་སྟོང་སུམ་བརྒྱ་ལྷག་ཙམ་ཡོད་པ་ཞིག་ལྗགས་རྩོམ་དཔར་བསྐྲུན་དང༌། དེ་བཞིན་བྱིས་ནད་འགོག་བཅོས་ཀྱི་སྨན་སྦྱོར་ཁག་བརྒྱད་གསར་བཟོ་བཅས་མཛད་རྗེས་སྨན་དང་དཔེ་དེབ་རྣམས་སྲིད་འཛིན་གྱི་ཐོག་ནས་རྒྱ་ཁྱབ་རྫོང་གཞིས་ཁག་ཏུ་འགྲེམས་སྤེལ་གྱིས་ཡུལ་ལུང་སོ་སོའི་སྦྲུམ་ལྡན་གྱི་སྐྱེ་བོ་དྲག་ཞན་དང་མཐོ་དམན་གྱི་དབྱེ་བ་མི་འབྱེད་པར་ཀུན་ལ་སྨན་དང་དཔེ་དེབ་བཅས་པ་འགྲེམས་སྤྲོད་དྲིལ་བསྒྲགས་དང༌། བེད་སྤྱོད་གསལ་བཤད་བྱེད་དགོས་པ་དང་སླད་ལམ་ལུགས་ཅན་དུའང་འགྱུར་བ་བྱེད་དགོས་པའི་གཏན་འབེབས་མཛད།

ལྷག་པར་དུ་གོང་གི་སྣོད་ལྡན་གྱི་སློབ་མ་དེ་དག་གི་ནང་ནས་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་སྤྱི་ལོ་༡༨༨༣ ལོར་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གི་ཉེ་འདབས་བྱ་ས་འོག་མོ་ཞེས་པར་ཡབ་ཀྲང་ལགས་དང་ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་འཁྲུངས་པའི་དད་བརྩོན་ཤེས་རབ་ཆེ་ཞིང༌། གསོ་རིག་གི་བསྟན་པའི་མིག་རྒྱན་དུ་གྱུར་པའི་སྐྱེས་མཆོག་དམ་པ་མཁྱེན་རབ་ནོར་བུ་སྐུ་ཆུང་ངུའི་དུས་ནས་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་སློབ་གཉེར་མཛད་པའི་སྐབས་དམ་པའི་རང་རྟགས་འགོག་མེད་དུ་མངོན་པ་ན་དགོན་པས་དྲག་རེ་འདེམས་སྒྲུག་གིས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་སློབ་གཉེར་དུ་མངགས་པའི་རྗེས། རྗེ་འདིས་འགྲོ་ཕན་དོན་གཉེར་གྱི་ཐུགས་རྒྱུད་བཟང་པོས་ཀུན་ནས་བསླངས་ཏེ་འདུ་འཛི་གཡེང་བ་ལེ་ལོའི་ནོངས་པ་མཐའ་དག་གཏན་བྲལ་གྱིས་ངལ་བའི་ཁུར་མང་ཐེག་པར་བཟོད་ཅིང༌། དད་བརྩོན་ཆེན་པོས་ཐོག་མར་ལྕགས་རིར་བཞུགས་སྐབས་ཀྱི་དགེ་རྒན་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་གྱི་སློབ་མ་གནང་བ་དང༌། དེ་རྗེས་སྔ་ཕྱིར་མཁས་པའི་དབང་པོ་བླ་སྨན་སྤྱི་མཁན་བྱམས་པ་ཐུབ་དབང་དང༌། གནས་ལྔའི་དབང་ཕྱུག་རྡོ་རྗེ་རྒྱལ་མཚན། མཁས་དབང་འཇམ་དཔལ་རོལ་པའི་བློ་གྲོས། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན། ཙཱ་རི་ཅིག་ཅར་གདུང་འཛིན་རིན་པོ་ཆེ། དྷརྨ་སེང་གེའི་ཞལ་སློབ་བླ་མ་འཇིགས་མེད་འཕྲིན་ལས་སོགས་རིས་མེད་ཀྱི་སློབ་དཔོན་དུ་མའི་དྲུང་ནས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱིས་མཚོན་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་དཔྱིས་ཕྱིན་པ་མཛད་དེ་མཁྱེན་དཔྱོད་ཀྱི་རྩལ་རྫོགས་པར་གྱུར་རོ། །

དེ་རྗེས་རབ་ཚེས་ལྕགས་ཁྱི་སྤྱི་ལོ་༡༩༡༢ལོར་དགུང་ལོ་ཉེར་དགུའི་ཐོག་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང༌། སྨན་དཔེ་རྩོམ་སྒྲིག་གི་ཕྱག་ལས་དང༌། སྨན་གཞུང་ལ་ཞིབ་འཇུག་གནང་བའི་འགོ་ཚུགས། གསོ་བ་རིག་པ་ནས་བཤད་པའི་ལུས་ཐིག་༼ཟླ་བ་ནོར་བུའི་མེ་ལོང་༽ལ། བཻ་སྔོན་དང་བྲིས་ཆ་སོགས་སྒོ་དུ་མར་ཞིབ་རྟོག་ནན་ཏན་གནང་ནས་མཆན་འགྲེལ་ལེགས་པར་སྐྱོན་པ་དང༌། དེ་རྗེས་རབ་ཚེས་ཆུ་གླང་སྤྱི་ལོ་༡༩༡༣ལོར་མི་དབང་བཤད་སྒྲ་བློན་ཆེན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་རྒྱ་གར་སོགས་ཕྱི་རྒྱལ་དུ་བྱོན་པའི་ཚེ་ན་ཡང་ཕྱི་རྒྱལ་གྱི་ནད་པ་གསོས་དཀའ་བའི་རིགས་འགའ་ཞིག་ལ་སྨན་བཅོས་ཀྱིས་བདེ་བླག་ཏུ་གསོ་བར་མཛད་པ་དང༌། ཡུལ་དེ་ཚོའི་མཁས་དབང་དག་དང་གསོ་དཔྱད་སྐོར་ལ་དྲི་མོལ་མཛད་པས་གསོ་རིག་མཁས་པའི་མཚན་སྙན་ཐོབ། དེ་རྗེས་དམ་པ་དེ་སྨན་རྩིས་སོགས་རིག་གནས་གང་ལ་ཡང་མཁྱེན་རྒྱ་ཆེ་བས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་སྐུ་བཅར་བླ་སྨན་གཞོན་པའི་གོ་གནས་བསྩལ་བའི་ཁར། ལྷག་པར་རབ་ཚེས་མེ་འབྲུག་སྤྱི་ལོ་༡༩༡༦ལོར་གསོ་རིག་སློབ་གསོ་དང༌། སྨན་བཅོས་ལག་རྩལ། སྨན་རྫས་སྦྱོར་བཟོ། གནམ་རིག་སྐར་རྩིས། རིག་གནས་སྐད་ཡིག་བཅས་ཕྱོགས་བསྡུས་བྱས་པའི་སློབ་གྲྭ་ཆེན་མོ་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་ཐོག་གཞུང་སྲིད་ཀྱིས་ཐད་ཀའི་དོ་དམ་བྱེད་པའི་སྡེ་ཚན་གྱི་ཁོངས་སུ་མཛད། བླ་སྨན་པ་སྤྱི་མཁན་བྱམས་པ་ཐུབ་དབང་ལ་སྤྱི་ཁྱབ་དབུ་འཛིན་དང༌། སྨན་རྩིས་རིག་གནས་གང་ལ་མཁྱེན་རབ་རྒྱས་པའི་འབྲས་སྤུངས་སྨན་སྦྱིན་པ་མཁྱེན་རབ་ནོར་བུ་མཆོག་ལ་བླ་སྨན་སྐུ་གཞོན་དང་ཞབས་སྡོད་ལས་ཚན་ཆེ་བའི་གཟེངས་བསྟོད་དང་འབྲེལ་སློབ་གྲྭའི་དོ་དམ་དང་འཛིན་སྐྱོང་འཆད་སྤེལ་གྱི་དབུ་འཛིན་ལྕགས་རིའི་དབུ་འཛིན་གཅིག་ལྕོགས་དུ་བསྐོ་བཞག་གནང༌། ལྷག་པར་དུ་སླད་ཡུལ་ཁམས་ཀུན་ཏུ་ཁྱབ་ཅིང་རིས་མེད་ཀྱི་འབངས་སྐྱེ་འགྲོ་ཀུན་གྱི་བདེ་རྩར་སྨན་ཐུབ་པ་ཡོང་རྒྱུའི་རྩ་དོན་ལ་གཞིགས་ནས་སློབ་མ་བསྡུ་བའི་སྲོལ་ལུགས་ཐད་རིག་གནས་ཀྱི་རྨང་གཞི་དང༌། སྒྲིག་འཛུགས་ཀྱི་རང་བཞིན། འཚོ་བའི་ཁག་ཐེག་བཅས་ཡོད་པའི་ཕྱོགས་མཐའི་དགོན་པ་ཁག་དང༌། དམག་སྒར་ཁག་ནས་བསྡུ་རྒྱུ་དང༌། ཕན་བདེ་དང་དུ་བླངས་པའི་སྒེར་བཞག་གི་སློབ་མ་ཡང་ཡོད་ཆོག་ཅིང༌། འབྱུང་འགྱུར་སློབ་གྲྭ་ཐོན་རྗེས་དེ་ཡོང་དེར་བསྐྱོད་ཀྱི་སྲོལ་ལམ་བཅས་གཏན་འབེབས་མཛད་པ་དང་འབྲེལ་སློབ་གྲྭར་སྡོད་བཞིན་པའི་དགེ་སློབ་ཚོར་ཡང་གནས་མལ་གྱི་མཐུན་རྐྱེན་བསྩལ་བ་སོགས་མདོར་ན་མཁས་པའི་དབང་པོ་མཁྱེན་རབ་ནོར་བུ་མཆོག་གིས་འགྲོ་ཕན་ལ་ལྷག་བསམ་རྣམ་པར་དཀར་བའི་ཐུགས་རྒྱུད་བཟང་པོས་ཀུན་ནས་བསླངས་ཏེ་ཡངས་པའི་མཁྱེན་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྔ་སོར་མི་དབང་སྡེ་སྲིད་མཆོག་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་སྲོལ་བཏོད་དར་སྤེལ་མཛད་པའི་སྲོལ་རྒྱུན་བཟང་པོ་རྣམས་བརྒྱུད་འཛིན་གྱིས་སྨན་རྩིས་འགྲོ་ཕན་གླིང་དུ་སྲོལ་བཏོད་དར་སྤེལ་མཛད་པའི་སྲོལ་རྒྱུན་བཟང་པོ་རྣམས་བརྒྱུད་འཛིན་གྱིས་སྨན་རྩིས་འགྲོ་ཕན་གླིང་དུ་ཚན་ཁག་སྒྲིག་གཞི་དང༌། གཞུང་ཚད་སློབ་ཡུན། གཞུང་ལུགས་འཆད་སྤེལ། ལག་ལེན་དམར་ཁྲིད། རྒྱུགས་འབུལ་དང་སློབ་ཐོན་ལམ་ལུགས། སྨན་རྫས་འཐུ་སྒྲུབ་དང་སྦྱོར་བཟོས་མཚོན་པའི་སྒྲིག་སྲོལ་ལམ་ལུགས་ཁག་ཆ་ཚང་ཞིག་གང་ལ་དེ་འཚམས་དང༌། གསར་བཏོད་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་སྒོ་ནས་གཏན་འབེབས་མཛད།

དེ་བཞིན་སྨན་རྩིས་འགྲོ་ཕན་གླིང་རང་དུ་སྒོ་བསྟེན་སྨན་བཅོས་ཀྱི་ལམ་སྲོལ་བཙུགས་ཏེ་དུས་ཚོད་དང༌། མི་གྲངས། ས་ཁུལ་སོགས་ཀྱི་ཚད་བཀག་གང་ཡང་མེད་ཁར་སྨན་རིན་སྤྲོད་རྒྱུ་ཡོད་མེད་ལ་མ་ལྟོས་པར་རིས་མེད་ཀྱི་ནད་པ་མཐའ་དག་ལ་སྣེ་ལེན་སྨན་བཅོས་ཀྱིས་ནད་གཞི་དང་བསྟུན་ནས་སྨན་སྤྲོད་པ་དང༌། ནོར་ཕོངས་ཉམ་ཐག་དག་གིས་སྨན་རིན་ཕུལ་ཡང་ཕྱིར་སློག་གནང་བ་སོགས་གཞན་ཕན་དོན་གཉེར་དང༌། དེ་བཞིན་ས་གནས་ཁག་ཏུ་ནད་ཡམས་བྱུང་སྐབས་སྐོར་བསྐྱོད་སྨན་བཅོས་མི་སྣ་གཏོང་བ་དང༌། ལྷག་པར་ཕྱོགས་མཐའ་ནས་འོངས་པའི་ཟས་ནོར་དབུལ་ཞིང་ཆགས་རྟེན་མེད་པའི་དབང་པོ་སྐྱོན་ཅན་ནམ་ནད་མནར་ཉམ་ཐག་རིགས་ལ་ཆེད་མངགས་བལྟ་སྐྱོང་དང་སྨན་བཅོས་ཀྱི་གོ་སྐབས་ཐོབ་ཆེད་སྨན་རྩིས་འགྲོ་ཕན་གླིང་གི་ཉེ་འགྲམ་དུ་“སྤྲང་ཚང་” ཞེས་རྭ་སྒོར་དང་བཅས་པའི་ཁང་མིག་ཉི་ཤུ་ལྷག་ཙམ་གསར་རྒྱག་གིས་གནས་སྡོད་བྱེད་པའི་མཐུན་རྐྱེན་གནང་བ་དང་འབྲེལ་ཉམ་ཐག་དམིགས་བསལ་ཅན་འགའ་ཞིག་སྨན་ཁང་རང་དུ་ཉར་ཏེ་འཚོ་གོས་ཀྱི་མཐུན་རྐྱེན་གནང་བ་དང་འབྲེལ་སྨན་པ་དང་དུས་ཚོད་གཏན་འཁེལ་གྱིས་རིན་མེད་སྨན་སྦྱིན་གྱིས་སྨན་བཅོས་བྱེད་པ་དང༌། ད་དུང་ཆེས་ཉམ་ཐག་པའི་རིགས་ལ་ལག་ཁྱེར་གནང་སྟེ་ཟླ་རེའི་དུས་ཚིགས་ངེས་ཅན་དུས་སུ་སྐུ་ཉིད་ཀྱི་ཕོགས་ཐོབ་ནས་འགྲོ་གྲོན་བཏང་སྟེ་རྩམ་པ་དང་ལག་དངུལ་སོགས་ཟང་ཟིང་གི་གནང་སྦྱིན་ཐོབ་ཆོག་པའི་སྲོལ་ལུགས་འཛུགས་གནང་མཛད། ལྷག་པར་ལོ་རེའི་བོད་ཟླ་དང་པོ་དང་བཞི་པའི་ཡར་ངོའི་དུས་ཚིགས་རིང་ཉམ་ཐག་ངན་སློང་ཚང་མ་ལྷ་སའི་གླིང་སྐོར་ལྷོ་བྱང་རྒྱུད་དུ་རུབ་བསྡུས་སློང་མོ་བྱེད་པའི་སྐབས་དང་བསྟུན་ཏེ་སྨན་པ་ཆེད་གཏོང་གིས་རིན་མེད་སྨན་སྦྱིན་གྱིས་སྐོར་བསྐྱོད་སྨན་བཅོས་བྱེད་པའི་སྲོལ་ལམ་འཛུགས་པར་མཛད་པ་བཅས་ལ་བརྟེན་ནས་རིས་སུ་མ་ཆད་པའི་བྲོ་འཚལ་བ་ཉམ་ཐག་དག་ལ་གདུང་སེལ་སྲོག་སྦྱིན་བྱེད་པའི་ལེགས་ལམ་བཏོད་པར་མཛད། གཞན་ཡང་སྔ་སོར་ལྕགས་རི་འགྲོ་ཕན་གླིང་དུ་ཚོན་ཁྲ་ཅན་གྱི་དཔེ་རིས་སྨན་ཐང་ངོ་གྲངས་བདུན་ཅུ་དོན་དགུ་ཡོད་པ་རྣམས་བར་སྐབས་གཡར་བརྗེད་བོར་བརླག་གིས་ངོ་གྲངས་སོ་གཅིག་ལས་མེད་གཤིས་ྋརྒྱལ་དབང་མཆོག་གི་བཀའ་དགོངས་ལྟར་རྗེ་ཉིད་ཀྱིས་ཐུགས་འགན་བཞེས་ཏེ་བསྐྱར་བྲིས་ཁ་གསབ་མཛད་སྟབས་དུས་ད་ལྟའི་བར་དུའང་ཆ་ཚང་བཞུགས། དེ་བཞིན་སྐུ་ཉིད་ནས་གསོ་རིག་སྐོར་ལ་རྩ་རྒྱུད་སྡོང་འགྲེམས་༼གསོ་རིག་རྒྱ་མཚོའི་སྙིང་པོ་༽དང༌། བཤད་རྒྱུད་ཀྱི་སྡོང་འགྲེམས་༼ཟླ་ཤེལ་ནོར་བུའི་མེ་ལོང༌༽གསོ་ཚུལ་གསོ་ཐབས་ཀྱི་སྡོང་འགྲེམས་༼ནོར་བུ་བཻ་ཌཱུརྱའི་ཕྲེང་བ་༽ ཕྱི་རྒྱུད་སྡོམ་ཚིག་༼གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་༽ནད་མིང་ཚིགས་བཅད་༼རིན་ཆེན་ཕྲེང་བ་༽ ལག་ལེན་ཉེར་མཁོའི་སྨན་གྱི་སྦྱོར་དཔེ་༼བདུད་རྩིའི་བུམ་བཟང༌ ༽ བྱིས་པ་བཙའ་ཐབས་༼ཀུན་ཕན་ཟླ་བའི་མེ་ལོང༌༽ བྱིས་པའི་ནད་རིགས་མ་ལུས་བཅོས་པའི་༼ཉམས་ཡིག་༽ སྨན་སྦྱོར་གྱི་ནུས་པ་ཕྱོགས་བསྡུས་༼ཕན་བདེའི་ལེགས་བཤད་༽ ཁྲོག་སྨན་འཁྲུངས་དཔེ་༼ཡིད་བཞིན་འདོད་འཇོའི་བུམ་བཟང༌༽ བདུད་རྩི་སྔོ་ཡི་འཁྲུངས་དཔེ་རྒྱས་པ་༼འཚོ་བྱེད་གཞོན་ནུའི་སྙིང་ནོར་༽ སྔོ་སྨན་འཁྲུངས་དཔེ་བསྡུས་པ་༼ངོ་མཚར་གསེར་གྱི་སྙེ་མ་༽དང༌། རྩིས་དཀར་ནག་སྐོར་སོགས་ཚད་ལྡན་གྱི་བསྟན་བཅོས་ཇི་སྙེད་ཅིག་མཛད་ཁར་ད་དུང་གསོ་དཔྱད་ལས་དང་པོར་ཉེ་བར་མཁོ་བ་༼ནད་སྨན་སྤྲོད་པའི་ཉམས་ཡིག་༽ དང༌། གཏར་རྩའི་སྡོམ་ཚིག་༼གཞོན་ནུའི་ངག་རྒྱན་༽ སྔོ་སྦྱོར་༼བདུད་རྩི་ཐིགས་པ་༽༼ལྔ་པ་འཕྲོད་༽སོགས་ཉེར་མཁོའི་ལག་ལེན་སྐོར་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚད་ལྡན་བསྟན་བཅོས་མང་པོ་པར་གཞི་བརྐོས་ཏེ་དཔར་བསྐྲུན་མཛད་པ་སོགས་ལ་བརྟེན་ནས་ལྟེམས་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་དབྱེ་གནང་མཛད་པ་དང༌། ལྷག་པར་སློབ་དཔོན་འདི་ཉིད་ཀྱིས་སྔ་ཕྱིར་གསོ་སྐྱོང་བསྐྱེད་བསྲིངས་མཛད་དེ་གོ་འཕེར་རང་རྐྱ་ཐུབ་པའི་སྐལ་ལྡན་གྱི་སློབ་མ་དང༌། ཡང་སློབ་བཅས་པ་སྟོང་ཕྲག་ལྷག་ཙམ་བྱུང་བ་རྣམས་བོད་ཀྱི་ཡུལ་གྲུ་སྤྱི་དང་། བྱེ་བྲག་ཏུ་སྟོད་ལ་དྭགས་དང༌། འབྲས་ལྗོངས། འབྲུག་ཡུལ་སོགས་སུའང་ཁྱབ་ནས་སྨན་རྩིས་ཀྱི་བསྟན་པ་དར་རྒྱས་བྱུང་སྟེ་རིས་མེད་ཀྱི་འབངས་སྐྱེ་འགྲོའི་འཚོ་གནས་དང་བཅས་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པ་སོགས་མདོར་ན་རྗེ་འདི་ཉིད་ཀྱིས་ཇི་སྲིད་ནམ་འཚོའི་བར་རང་དོར་གཞན་གཅེས་དང་། འགྲོ་ཕན་དོན་གཉེར་གྱིས་རིམ་བྱོན་མཁས་དབང་དུ་མའི་མན་ངག་ཟབ་དོན་གྱི་ལེགས་བཤད་མཐའ་དག་ལ་གཟིགས་པའི་སྤྱན་དཀྱུས་ཡངས་ཤིང་ཉམས་ལེན་ཕྱག་བཞེས་ལ་དབང་འབྱོར་ཏེ་ཐུགས་བརྩེ་བ་ཆེན་པོས་སྐལ་ལྡན་གྱི་སློབ་མ་རྗེས་སུ་བཟུང་ནས་འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་འཇུག་པ་ཆེས་ཟབ་ཅིང་རྒྱ་ཆེ་བ་བཅས་ལ་བརྟེན་ནས་བོད་གངས་ཅན་པའི་སྨན་རྩིས་རིག་གནས་ཀྱི་བསྟན་པ་སྤྱི་དང། །བོད་འབངས་སྐྱེ་འགྲོའི་བདེ་དོན་ལ་སྲི་ཞུ་དཔྱིས་ཕྱིན་ཅིང་སྲིད་ན་མངོན་པར་འཕགས་ཤིང་དཔག་པར་དཀའ་བའི་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་སྟབས་རྗེ་དེ་ཉིད་ཀྱི་མཚན་སྙན་དང། རྗེ་དེས་འཛིན་སྐྱོང་འཕེལ་རྒྱས་མཛད་པའི་སྨན་རྩིས་འགྲོ་ཕན་གླིང་གི་མཚན་སྙན་གྱི་གྲགས་པའི་བ་དན་ཕྱོགས་བཅུར་གཡོ་ཞིང་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་སྒོ་གསུམ་དད་པའི་སྒོ་ནས་མཆོད་པའི་ཡུལ་དུ་གྱུར་པ་མ་ཟད། དུས་ད་ལྟའི་སྐབས་སུའང་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་ཁྱབ་པར་གྱུར་ཏེ་རྒྱ་ནག་གིས་བོད་ལ་དབང་བསྒྱུར་མ་བྱས་པར་དུ་གསོ་རིག་གི་བསྟན་པ་དང་བསྟན་འཛིན་གྱི་སྐྱེ་བོ་བགྲང་གིས་མི་ལང་པ་ཞིག་བྱུང་ཡོད་དོ ། །

དེའི་རྗེའི་བོད་གཞིས་བྱེས་གཉིས་སུ་གྱེས་པའི་དུས་འགྱུར་ཡ་ང་ཞིང་ལོ་རྒྱུས་ལ་མ་གྲགས་པའི་གནས་སྟངས་ཚབས་ཆེན་ཞིག་བྱུང་ནའང་། སྤྱིར་བོད་ཀྱི་རིག་གནས་དང་ཡང་སྒོས་སྨན་རྩིས་བསྟན་པའི་བྱ་བཞག་ལ་བོད་གཞིས་བྱེས་གཉིས་སུ་དམ་པའི་རྣམ་ཐར་ལྷུར་ལེན་ཅིང་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་རླབས་པོ་ཆེ་འཇོག་གནང་མཛད་མཁན་མཁས་པའི་དབང་པོ་ཁྲོ་རུ་ཚེ་རྣམ་དང་། མཁས་དབང་བྱམས་པ་འཕྲིན་ལས། བླ་སྨན་བསྟན་འཛིན་ཆོས་གྲགས། བླ་སྨན་དབང་རྒྱལ་ལ་སོགས་པའི་བོད་ཀྱི་གསོ་རིག་མཁས་དབང་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་སྤྱི་བོར་བཀུར་བའི་ཐུགས་རྗེ་བཀའ་དྲིན་གྱིས་ཡུལ་དུས་གནས་བབ་ལ་བསྟུན་ནས་གསོ་རིག་བསྟན་པ་ལ་མཛད་རྗེས་བླ་ན་མ་མཆིས་པ་བཞག་གནང་མཛད་པ་ནི། དཔེར་ན། གཞིས་སུ་ལྷ་ལྡན་སྨན་རྩིས་ཁང་གིས་གཙོས་པའི་བོད་ཁམས་ཀྱི་སྨན་རྩིས་ཁང་རིམ་པའི་འཛུགས་བསྐྲུན་དང་བྱེད་སྒོ་རྣམ་བཞག་ཀུན་འཐུས་ཚང་གནང་བ་དང་། ཁྱད་པར་དུ་གསོ་རིག་གཞུང་ལུགས་ཐད་ལ་ཕྱག་རྩོམ་རིན་ཐང་བྲལ་བ་སྔར་ན་མ་མཆིས་པ་མང་པོ་མཛད་པ་དང་། དེ་བཞིན་དུ་བྱེས་སུ་གྱར་བའི་མཁས་དབང་དག་གིས་ཀྱང་གསོ་རིག་བསྟན་པའི་བྱ་བཞག་ཆེད་བཙན་བྱོལ་སྨན་རྩིས་ཁང་ཞེས་པ་འདི་གསར་བཙུགས་ཀྱིས་སྔར་མེད་ཀྱི་གནས་ལ་གཞི་རྒྱ་ཆེ་བའི་བསྟི་གནས་འདི་ལྟ་བུ་ཞིག་འཛུགས་སྐྲུན་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཀྱི་རིན་ཐང་ཆུང་ངུ་ཞིག་གཏན་ནས་མིན། ད་དུང་འདི་ནའང་གཞུང་ལུགས་ལ་ཐོས་བསམ་བྱེད་སའི་མཐོ་སློབ་ཡོད་པ་མ་ཟད། སྨན་སྦྱོར་ཁང་དང་། ནད་བཅོས་ཁང་ལ་སོགས་པ་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལས་ཁུངས་མ་ལག་མང་པོ་ཡོད་ཅིང་། ཁྱད་པར་དུ་སྨན་སྦྱོར་གྱི་ལག་རྩལ་དང་སྤུས་ཚད་ཧ་ཅང་མཐོ་ལ་ལོ་བསྟུད་མར་སྨན་གསར་བཟོ་བྱེད་བཞིན་པའི་ཁར་བོད་ཀྱི་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དངུལ་ཆུ་བཙོ་བཀྲུ་ཆེ་མོ་ཡང་བསྟར་ཆགས་སུ་ལག་ལེན་སྟར་བཞིན་པ་བཅས་བོད་ཀྱི་སྨན་རྩིས་བྱ་བཞག་ལ་སྔར་ལས་ལྷག་པའི་འཕུར་མཆོང་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་རྡོ་རིང་ལ་འགོད་འོས་པ་ཞིག་ཡིན།། །།

མཐའ་མའི་འདོན་ཐེངས་།: 18.03.2011 ཉིན། 8:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།