སྨན་རྩིས་དྲ་བ། - བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས། >>


བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།  

བྱམས་པ་འཕྲིན་ལས་དང་ཐུབ་བསྟན་ཚེ་རིང་།

བོད་རབ་རྒྱལ་ལྕགས་ཡོས་(སྤྱི་ལོ་༡༩༥༡)ལོར་བོད་ཞི་བའི་བཅིངས་བཀྲོལ་ཐོབ་པ་དང་། ལྷག་པར་བོད་རབ་རྒྱལ་ས་ཕག་(སྤྱི་ལོ་༡༩༥༩) ལོར་ཟིང་འཁྲུག་ཞོད་འཇགས་བཏང་བའི་རྗེས་ཏང་དང་མི་དམངས་སྲིད་གཞུང་གིས་བོད་རིགས་མི་དམངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལས་དོན་ལ་ཐུགས་འཁུར་ཆེས་ཟབ་མོ་གནང་བ་དང་འབྲེལ་མེས་རྒྱལ་གསོ་རིག་གི་གལ་ཆེའི་གྲུབ་ཆ་བོད་ཀྱི་གསོ་རིག་འདི་ཉིད་རྒྱུད་འཛིན་དང༌། སྔོག་འདོན་ཕྱོགས་སྒྲིགགོང་མཐོ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་ཐོག་དེ་སྔའི་ལྕགས་པོ་རིའི་སྨན་དོན་མི་སྣ་རྣམས་ལྷ་ས་སྨན་རྩིས་ཁང་དུ་ཟླ་བསྒྲིལ་བཏང་སྟེ་ལས་བཟོ་མི་གྲངས་བརྒྱད་ཅུ་ཙམ་ལས་གྲུབ་པའི་ལྷ་ས་གྲོང་ཁྱེར་དམག་དོན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་སྒོ་བསྟེན་སྨན་ཁང་ཨང་གཉིས་པ་ཞེས་མིང་བསྒྱུར་གནང་སྟེ་བཙུགས་ནས་རྒྱལ་ཁབ་ཀྱི་སྒྲིག་ཁོངས་སུ་འཇོག་གནང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་མི་དམངས་ཀྱི་སྨན་ཁང་ཞིག་ཏུ་གྱུར་ཅིང་། དེར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་དང༌། དངོས་སློབ་མཁས་པ་ཅན་མི་གསུམ་བཅས་ཀྱིས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་གནང་བར་ཉིན་རེ་བཞིན་ནད་པ་འཕར་སྣོན་བྱུང་། དེ་ནས་བཟུང་དཔལ་འབྱོར་འགྲོ་གྲོན་མཐའ་དག་སྲིད་གཞུང་ནས་འགན་བཞེས་གནང་བ་དང་། རྒྱ་ཆེའི་མི་དམངས་ལ་རིན་མེད་སྨན་སྦྱིན་གཏོང་དགོས་པའི་གཏན་འབེབས་གནང་བ་བཅས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་འདི་རྒྱུད་འཛིན་འདོན་སྤེལ་གྱིས་དངོས་འབྲེལ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་བརྒྱུད་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུཪ་ཆབ་སྲིད་ལམ་ཕྱོགས་དང་། སྒྲིག་འཛུགས། དབུ་འཛིན། དཔལ་འབྱོར་སྟོབས་ཤུགས་བཅས་ཀྱི་ཐོག་ནས་འགན་སྲུང་བྱུང་།
            དེ་རྗེས་བོད་རབ་རྒྱལ་ལྕགས་གླང་(སྤྱི་ལོ་ ༡༩༦༡)ལོའི་ཟླ་ ༥ པར་མི་དམངས་སྲིད་གཞུང་གིས་མཁས་དབང་མཁྱེན་རབ་ནོར་བུའི་ཕྱག་རོགས་སུ་དངོས་སློབ་སྨན་རྩིས་སྨྲ་བ་བྱམས་པ་འཕྲིན་ལས་གཏོང་གནང་ཐོག་ལོ་དེའི་སྤྱི་ཟླ་ ༩ པའི་ནང་ལྷ་ས་ཁུལ་གྱི་བོད་ལུགས་སྨན་པའི་འཐུས་མི་ཚོགས་ཆེན་བསྐོང་ཚོགས་དང་འབྲེལ་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྲིད་བྱུས་དོན་འཁྱོལ་བྱེད་འགོ་ཚུགས། ལྷ་ས་སྨན་རྩིས་ཁང་ཞེས་པའི་མཚན་མིང་བསྐྱར་གསོ་དང་མཁས་དབང་མཁྱེན་རབ་ནོར་བུ་ཡོན་ཀྲང་བགྲེས་པ་དང་། དངོས་སློབ་བྱམས་པ་འཕྲིན་ལས་ཡོན་ཀྲང་གཞོན་པར་བསྐོ་བཞག་གནང་། ལོ་མཇུག་ཏུ་ལྕགས་རི་དང་སྨན་རྩིས་ཁང་གི་སྨན་སློབ་མི་བཅུ་འབྲིང་རིམ་བོད་སྨན་ཆེད་ལས་ཐོན་པ་དང་།
            ཁོང་ཚོའི་སློབ་ཐོན་ལག་འཁྱེར་སྟེང་ཡོན་ཀྲང་བགྲེས་གཞོན་རྣམ་གཉིས་ཀྱིས་དམ་ཕྲུག་སྦྱར་མ་གསོལ་ཪས་བསྩལ། སྐབས་དེར་སྨན་རྩིས་ཁང་ལ་སློབ་ཕྲུག་གསར་པ་བསྡུ་མ་ཐུབ་པ་དང་། རྒྱ་ཆེའི་མང་ཚོགས་ལ་སྨན་བཅོས་བྱེད་རྒྱུའི་ལས་འགན་ཧ་ཅང་ལྕི་བས་སྨན་རྩིས་སློབ་གྲྭ་དེ་ཉིད་སྨན་ཁང་དུ་འཕེལ་རྒྱས་ཕྱིན་པ་དང་། སྔར་ཡོད་སྒོ་བསྟེན་སྨན་ཁང་གཅིག་ལས་མེད་པ་དེས་མ་ལྡེང་བར་ཁོག་ནད་དང་། ཕྱི་བཅོས།
            དབང་པོ་ལྔའི་སྡེ་ཁག བུད་མེད་ཕྲུ་གུའི་སྡེ་ཁག སྨན་སྤྲོད་ཁང་སོགས་དབྱེ་འཛུགས་ཀྱིས་བོད་ལུགས་གསོ་རིག་གི་ལོ་རྒྱུས་ཐོག་སྡེ་ཁག་དབྱེ་བའི་སྲོལ་ལུགས་ཐེངས་དང་པོ་བཏོད་པ་དང་འབྲེལ་ནད་ཐོ་འགོད་རྒྱུ་དང་། ནད་དེབ་འབྲི་བའི་སྲོལ་ལུགས་ཀྱང་བཏོད་ཅིང་། ད་དུང་ཀྲུང་ལུགས་ཀྱི་གསེར་ཁབ་སྡེ་ཁག་ཅེས་པ་ཁ་སྣོན་མཛད་པ་སོགས་ཀྱིས་ནད་པའི་དགོས་མཁོ་སྐོང་ཐུབ་པ་བྱུང༌། སྨན་པ་ཚོས་ཕྱོགས་གཅིག་ནས་སྒོ་བསྟེན་དུ་ནད་པ་བལྟ་བ་དང་། ཕྱོགས་གཞན་ཞིག་ནས་དབྱར་དུས་རིང་ལ་སྨན་འཐོག་འགྲོ་རྒྱུ་དང་། སྟོན་དཔྱིད་གཉིས་ཀར་ཞིང་འབྲོག་ཁུལ་དུ་སྐོར་བསྐྱོད་འགྲོ་རྒྱུ། རྒྱུན་གཏན་སྨན་སྦྱོར་ལས་ཀ་དང་། སྨན་བརྡུངས། རིལ་བུ་བསྒྲིལ་རྒྱུ། ཐ་ན་ཐུན་ཤོག་རྒྱག་རྒྱུའི་ལས་ཀ་ཡན་ཆད་སྔར་སྲོལ་ཇི་ལྟ་བ་དཀའ་ངལ་ཁྱད་བསད་ཀྱིས་རྒྱུན་འཁྱོངས་བྱས།
            བོད་རབ་རྒྱལ་ཆུ་སྟག་(སྤྱི་ལོ་༡༩༦༢)ལོར་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་གི་དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཚེ་རིང་སོགས་གཙོ་བཅོས་སྨན་པའི་ཚད་གཞི་ལོང་ངེས་ཀྱི་སྨན་པ་མཁས་པ་ཁག་གཅིག་སྨན་རྩིས་ཁང་ལ་སྔ་རྟིང་དུ་གདན་ཞུ་བྱས། སླར་ཡང་ལྕགས་རི་དང་སྨན་རྩིས་ཁང་གི་སྨན་སློབ་མི་གྲངས་བཅོ་ལྔ་འབྲིང་རིམ་བོད་སྨན་ཆེད་ལས་སློབ་གྲྭ་ཐོན་ནས་སྨན་པའི་དཔུང་ཁག་རྒྱ་ཆེར་འཕར་སྣོན་བྱུང་།
            དུས་ཡུན་རིང་པོ་ཞིག་ནས་འབྲེལ་ཡོད་དབུ་ཁྲིད་འགའ་ཤས་དང་ཡོན་ཀྲང་མཁྱེན་རབ་ནོར་བུའི་ཐུགས་ཉེ་དཀར་བ་ཚོས་རིན་ཆེན་རཏྣ་བསམ་འཕེལ་གྱི་ཕྱག་བཞེས་བརྒྱུད་སྤེལ་གནང་རྒྱུར་སྐུལ་ལྕག་ཡང་ཡང་གནང་བར་བརྟེན་ལོ་མཇུག་ཏུ་རཏྣ་བསམ་འཕེལ་གྱི་སྦྱོར་ཚད་ཟིན་བྲིས་ངོ་མ་གསོལ་རས་བསྩལ་ཞིང་།
            སྨན་གཉེར་ཚོས་ཧུར་བརྩོན་ཆེན་པོས་གྲ་སྒྲིག་ལས་ཀ་བྱེད་བཞིན་པའི་སྐབས་སུ་ཡོན་ཀྲང་མཆོག་མགུལ་ཆམ་ལྟ་བུའི་སྙུང་གཞི་ཕོག་ནས་བོད་རབ་རྒྱལ་ཆུ་སྟག་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་(སྤྱི་ལོ་༡༩༦༣.༡༢.༢༥)ཉིན་གྱི་ཐོ་རེངས་སྐབས་དགོངས་པ་གཞན་དོན་དུ་གཤེགས་ཤིང་། དགོངས་རྫོགས་ཀྱི་བཞེད་དོན་རྣམས་སྨན་ཁང་ཡོངས་ཀྱིས་དང་བས་ཀུན་ནས་བསླངས་ཏེ་སྔར་ཡོད་སྡེ་སྲིད་སྐབས་བཞེངས་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་རྣམས་ལ་གོས་གཤམ་དང༌། གྲུའུ་རྩེའི་ཞལ་ཁེབས་གསར་བརྗེས་ཀྱིས་མཚོན་བླ་སློབ་དམ་ཚིག་འབྲེལ་བའི་འདས་མཆོད་ཚུལ་བཞིན་བསྒྲུབས་པར་བརྟེན་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་གཞག་མཐའ་དག་གེགས་མེད་ལམ་ལྷོངས་ཀྱི་ངང་གནས་ཐུབ་པ་བྱུང་བར་མངོན་ནོ།།
            བོད་རབ་རྒྱལ་ཆུ་ཡོས་(སྤྱི་ལོ་༡༩༦༣)ལོའི་ཟླ་ ༣ པའི་ནང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དངོས་སློབ་བྱམས་པ་འཕྲིན་ལས་ལ་ཡོན་ཀྲང་སྐུ་བགྲེས་པ་དང༌། མིག་བྱེད་དགེ་རྒན་ཀུན་དགའ་ཕུན་ཚོགས་མཆོག་དང་། བླ་སྨན་ངག་དབང་ཆོས་གྲགས་རྣམ་གཉིས་ཡོན་ཀྲང་སྐུ་གཞོན་པའི་གོ་གནས་བསྐོ་བཞག་གནང་། དེ་སྔོན་ཡོན་ཀྲང་དམ་པ་འཚོ་བཞུགས་སྐབས་སྨན་རྩིས་བརྒྱུད་འཛིན་གསོ་སྐྱོང་བྱེད་ཆེད་སློབ་ཕྲུག་བསྡུ་རྒྱུའི་རེ་འདུན་ཐེངས་མང་གནང་བ་ལྟར་གོང་རིམ་ནས་ལྷ་ས་སློབ་འབྲིང་ཐོན་པའི་སློབ་ཕྲུག་སོགས་ཕོ་མོ་ཁྱོན་མི་གྲངས་༤༥ཙམ་སྨན་རྩིས་ཁང་དུ་བསྐོང་བསྡུ་གནང་སྟེ་སྨན་སློབ་འཛིན་གྲྭ་ཆེད་འཛུགས་དང་། དགེ་རྒན་ཆེད་བསྐོས་ཀྱིས་གཞུང་ལུགས་སློབ་ཁྲིད་དང་ཉམས་ལེན་གྱིས་མཚོན་སློབ་སྟོན་ཚུལ་བཞིན་མཛད་སྟབས་ད་ལྟ་སློབ་མ་དེ་རྣམས་མང་ཆེ་བ་མིང་དོན་མཚུངས་པའི་ལག་རྩལ་རྐང་འཛིན་པའི་སྟོབས་ཤུགས་སུ་གྱུར་ཡོད།
            བོད་རབ་རྒྱལ་ཤིང་འབྲུག་(སྤྱི་ལོ་༡༩༦༤)ལོར་སྒོ་བསྟེན་སྨན་བཅོས་ཀྱི་དགོས་མཁོ་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་ཆེད་དུ་མི་དམངས་སྲིད་གཞུང་ནས་ཆོག་མཆན་གནང་སྟེ་བོད་སྨན་བཟོ་གྲྭ་གསར་འཛུགས་མཛད་པ་དང་། དེ་འཕྲལ་པེ་ཅིང་ཐུང་རན་ཐང་སྨན་བཟོ་གྲྭར་ཆེད་མངགས་མི་བཏང་ནས་རིལ་བུ་བཟོ་རྒྱུ་སོགས་ལག་རྩལ་གསར་པ་བསླབས་པས་རིལ་བུ་བཟོ་རྒྱུའི་དཀའ་ངལ་ཐག་གཅོད་ཐུབ་པ་དང་སྦྲགས་ཕྱེ་མ་འཐག་པའི་འཕྲུལ་འཁོར་བེད་སྤྱོད་བྱས་པས་ལོ་དེར་སྨན་གྱི་ཐོན་སྐྱེད་འཕར་སྣོན་ཆེན་པོ་བྱུང་།
ཡང་ལོ་དེར་གོང་རིམ་སྲིད་གཞུང་གི་མཛུབ་སྟོན་ལྟར་གྲོང་ཁྱེར་སྨན་རྩིས་ཁང་ནས་སྨན་པ་མི་གྲངས་དྲུག་ཟུར་འཐེན་དང་། དམངས་ཁྲོད་བོད་ལུགས་སྨན་པ་ཁག་ཅིག་བསྡུ་ལེན་གྱིས་ཀོང་པོ་སྨིན་གླིང་དང་། ཉིང་ཁྲི། རྒྱ་མདའ། མལ་གྲོ་གུང་དཀར། འཕན་པོ་ལྷུན་གྲུབ། འདམ་གཞུང༌། སྙེ་མོ། སྟག་རྩེ། ཆུ་ཤུར། སྟོད་ལུང་བདེ་ཆེན་སོགས་གྲོང་ཁྱེར་དང་རྫོང་ཁག་བཅུ་གཅིག་ལ་བོད་ལུགས་སྒོ་བསྟེན་སྨན་བཅོས་ཁང་ཐེངས་དང་པོ་བཙུགས། བོད་རབ་རྒྱལ་ཤིང་སྦྲུལ་(སྤྱི་ལོ་༡༩༦༥)ལོར་བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས་པའི་སྔ་ནུབ་ཏུ་སྒོ་བསྟེན་སྨན་ཁང་རྒྱ་བསྐྱེད་གནང་ནས་ཉལ་ཁྲི་༣༠ལས་གྲུབ་པའི་ནད་ཁང་ཐེངས་དང་པོ་བཙུགས་གནང་བ་དང་། སྨན་ཁང་ནས་རང་སྐྱོང་ལྗོངས་དངོས་སུ་བཙུགས་པའི་ལེགས་སྐྱེས་ཆེད་<<བོད་ཀྱི་གསོ་རིག་དང་སྨན་རྫས་ལ་བརྟག་དཔྱད་རགས་ཙམ་བྱས་པ་>>ཞེས་པའི་དེབ་རྩོམ་འབྲི་བྱས་པ་དང་། དེ་བཞིན་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི་སྲོལ་ལུགས་བཏོད་ནས་སྨན་པ་རྒན་རབས་ཚོས་རིང་མོའི་མཐོང་གོམས་མྱོང་རྟོགས་རྣམས་ཕྱོགས་བསྡོམས་རྩོམ་འབྲི་མཛད་དགོས་ཀྱི་ཞབས་བསྐུལ་མཐུན་རྐྱེན་བསྩལ་བ་བཞིན་མཁས་དབང་དགེ་རྒན་རྣམ་པས་ཀྱང་ཕོ་བ་དང་། མཁལ་མ། འབམ་ནད། ཆམ་པ། གྲིབ་སྐྱོན། དམུ་ཆུ། མོ་ནད་བཅས་ཀྱི་ཉམས་མྱོང་ཡིག་ཆ་བརྩམས་ནས་ངོ་སྤྲོད་གནང་བ་སོགས་མདོར་ན་བོད་ཀྱི་གསོ་བ་རིག་པ་བརྒྱུད་འཛིན་དར་སྤེལ་གྱིས་མཚོན་རྣམ་དཀར་དགེ་བའི་ལེགས་ཚོགས་ཀྱི་དཔྱིད་དཔལ་བཞད་པའི་དུས་དེ་ཙམ་ན་གཡོན་ཐལ་འདུ་ཤེས་ཀྱི་ཤན་ཞུགས་པའམ་མི་བཞིའི་ངན་ཚོགས་ཀྱིས་གློ་བུར་སྨག་རུམ་མུན་པའི་སྤྲིན་ནག་སྟུག་པོས་སྐབས་ཤིག་རིང་བོད་ཀྱི་རིག་གནས་དང་སློབ་གསོ་སོགས་ཉེ་བར་བཅོམ་པ་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་རིག་གནས་དངོས་པོ་རིན་ཐང་བྲལ་བ་མང་པོ་རྩ་མེད་བཏང་བ་མ་ཟད། སྨན་རིག་འཛིན་པ་རྣམས་ལའང་གོད་ཆག་དང་། ཆག་སྒོ་ཆེས་ཆེ་བ་བྱུང་བ་དང་།། རྗེས་འཛིན་སློབ་མ་རྣམས་ཀྱང་གཞོན་ནུ་ཤེས་ཡོན་ཅན་གྱི་ཁོངས་སུ་བརྩིས་ནས་ཞིང་འབྲོག་ཁུལ་དུ་ཁྱིམ་གཞིས་འཛུགས་པར་བཏང་བ་སོགས་བོད་ཀྱི་གསོ་བ་རིག་པའི་དཔག་བསམ་གྱི་ལྗོན་པ་འདི་ཉིད་བརྒྱུད་འཛིན་དར་སྤེལ་ཐད་འདོགས་འོས་པའི་འབྲས་བུ་མ་བཏགས་པའི་ཁར་ད་དུང་ལོ་སྡོང་སྐམ་པའི་གནས་སུའང་གྱུར་ཉེར་ཡོད་པའི་སྐབས་ལྷ་སའི་སློབ་ཆུང་ཐོན་པའི་སློབ་ཕྲུག་༡༨གསར་དུ་བསྐོང་བསྡུ་དང་དགེ་རྒན་ཆེད་བསྐོས་གནང༌། འོན་ཀྱང་སྨན་གཞུང་བློ་འཛིན་དང་སློབ་ཁྲིད་བྱེད་རྒྱུའི་ཐད་གཡོན་ཐལ་ལམ་ཕྱོགས་ཀྱི་རྐྱེན་པས་ཆོག་དང་མི་ཆོག་གིས་སློབ་སྦྱོང་བྱ་རྒྱུར་བཀག་རྒྱ་མི་ཉུང་བ་ཞིག་བྱུང་བ་ཡིན་ནོ།།
            བོད་རབ་རྒྱལ་ཆུ་བྱི་(སྤྱི་ལོ་༡༩༧༣)ལོར་གསར་འཛུགས་མཛད་པའི་གྲོང་ཁྱེར་ལྷ་སའི་འབྲིང་རིམ་འཕྲོད་བསྟེན་སློབ་གྲྭའི་ནང་བོད་སྨན་འཛིན་གྲྭ་འཛུགས་གནང་མཛད་དེ་སྔ་ཕྱིར་སློབ་མ་མི་གྲངས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་བསྐྱེད་བསྲིངས་ཀྱིས་མང་ཆེ་བ་ས་གནས་ཁག་ཏུ་ལས་བགོས་མཛད།
            བོད་རབ་རྒྱལ་ཤིང་སྟག་(སྤྱི་ལོ་༡༩༧༤)ལོར་གྲོང་ཁྱེར་སྨན་རྩིས་ཁང་དུ་སྨན་པ་བགྲེས་གྲས་ཀྱིས་གཙོ་བོར་བྱས་པའི་མི་གྲངས་བརྒྱད་ལས་གྲུབ་པའི“བོད་ལུགས་གསོ་རིག་ཞིབ་འཇུག་ཚོགས་ཆུང་”ཞེས་པ་ཐེངས་དང་པོ་འཛུགས་གནང་མཛད་པའི་རྗེས་ཚོགས་ཆུང་དེས་སྔ་སོར་སེམས་ནུས་གཅིག་བསྡུས་ཀྱིས་རིག་གནས་གསར་བརྗེའི་ནང་ཐོར་ཞིག་དང་ཉམས་ཆག་ཆེས་ཆེར་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གནའ་བོའི་གསུང་རབ་རྣམས་འཚོལ་བསྡུ་དང་ལེགས་བསྒྲིག་དོ་དམ་བྱས་པ་དང་། ཕྱོགས་མཚུངས་རྒྱུན་དུ་ན་མང་ཞིང་རྟག་ཏུ་མཐོང་རྒྱུ་ཡོད་པའི་ཕོ་བ་སྨུག་པོའི་དཔེ་མཚོན་ནད་པ་བདམས་གསེས་ཀྱིས་སྨན་བཅོས་རྟོག་ཞིབ་བྱས་པ་བརྒྱུད་བརྒྱ་ཆ་དགུ་བཅུ་ཡན་མངོན་གསལ་གྱི་བཅོས་སྐྱེད་བྱུང་བ་ལས་ཐོབ་པའི་ངོས་འཛིན་དང་ཉམས་མྱོང་གསར་པ་རྣམས་ཕྱོགས་བསྡོམས་ཁ་སྣོན་གྱིས་<<བོད་སྨན་གྱི་ཕོ་བ་སྨུག་པོའི་བཅོས་ཐབས་>>ཞེས་པའི་དེབ་རྐྱང་པ་ཞིག་རྩོམ་སྒྲིག་གིས་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་དང་། ལོ་དེར་རྒྱལ་ཁབ་སྨན་གྱི་ཚིག་མཛོད་ནང་མི་རིགས་སྨན་རྫས་ཁག་ཅིག་བསྡུ་ལེན་ཡང་གནང་།
            བོད་རབ་རྒྱལ་ཤིང་ཡོས་(སྤྱི་ལོ་༡༩༧༥)ལོར་རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ཏེ་མགྱོགས་མྱུར་ངང་ཞིང་འབྲོག་ས་ཁུལ་དུ་སྨན་པ་དཀོན་པ་དང་སྨན་ཉུང་བའི་རྣམ་པར་འགྱུར་ལྡོག་གཏོང་བ། རང་མཁོ་རང་ཐོན་དང་དཀའ་སྤྱད་འབད་བརྩོན་གྱི་བྱེད་ཕྱོགས་དར་སྤེལ་བཏང་ནས་སྨན་རིགས་རྣམས་རང་འཐུ། རང་སྦྱོར། རང་སྤྱོད་བྱ་རྒྱུ་བཅས་ཀྱི་ཆེད་སྨན་པ་རྐང་རྗེན་མའི་<<བོད་སྨན་སྦྱོར་སྡེ་གསར་བསྒྲིགས་>>ཟེར་བའི་དེབ་འདི་རྩོམ་བསྒྲིགས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་བཅུ་འཁོར་བར་ལེགས་སྐྱེས་སུ་ཕུལ། དེ་རྗེས་མེ་འབྲུག་དང་། མེ་སྦྲུལ་(སྤྱི་ལོ་༡༩༧༦-༡༩༧༧) ལོ་སོ་སོར་ཀྲུང་དབྱང་འཕྲོད་བསྟེན་པུའུ་ནས་བོད་སྨན་བརྟག་དཔྱད་བྱེད་མཁན་གྱི་ལས་དོན་ཚོགས་ཆུང་དང་གློག་བརྙན་པར་རྒྱག་བྱེད་མི་ཚོགས་ཆུང་སྔ་ཕྱིར་ཐེངས་གཉིས་གཏོང་གནང་མཛད་པས་བོད་ཀྱི་གསོ་རིག་དང་སྨན་རིག་ཅེས་པའི་ཚོན་ཁྲ་ཅན་གྱི་ཚན་རིག་སློབ་གསོའི་གློག་བརྙན་དཔར་གཞི་ཁག་གཉིས་བཟོས་རྗེས་མི་རིང་བར་རྒྱལ་ཡོངས་ས་གནས་ཁག་ལ་བསྟན། དེ་དང་ཆབས་ཅིག་ཚོན་ཁྲ་ཅན་གྱི་སྨན་ཐང་༨ ༠ནང་གསེས་དཔར་རིས་བཞི་སྟོང་ལྷག་ཙམ་གྱི་ཁ་བྱང་དང་བཅས་པ་རྒྱ་ཡིག་ཏུ་བསྒྱུར་ནས་ཀྲུང་དབྱང་འཕྲོད་བསྟེན་པུའུ་ལ་ཕུལ། ངེདེ་བཞིན་མེ་སྦྲུལ་དང་ས་རྟ་(སྤྱི་ལོ་ ༡༩༧༧-༡༩༧༨)ལོ་སོ་སོར་ཞིང་ཆེན་དང་། རང་སྐྱོང་ལྗོངས་དྲུག་གིས་ཐེངས་དང་པོ་དང་ཐེངས་གཉིས་པའི་བོད་སྨན་ཚད་གཞི་གཏན་ལ་འབེབས་པའི་ཚོགས་འདུས་སྔ་ཕྱིར་བོད་སྨན་རྐྱང་པ་རྣམ་གྲངས་ ༡༧༤ དང་། སྦྱོར་ཚད་ཁག་ ༢༩༠ བོད་སྨན་ཚད་གཞིའི་ཁོངས་སུ་ཚུད་པ་དེ་དག་གིས་ཕྱིན་ཆད་བོད་སྨན་ཐོན་སྐྱེད་དང་། མཁོ་འདོན། བེད་སྤྱོད། ཞིབ་བཤེར་བཅས་བྱེད་པར་གཞི་འཛིན་ས་ཡོད་པ་དང་། མང་ཚོགས་ཀྱིས་བོད་སྨན་བསྟེན་པར་ཉེན་ཁ་མེད་པའི་ཕན་ཆ་བྱུང་བ་བཅས་སོ།། །།

 

འདི་ནི་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པ་《ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ། སྟོད་ཆ། 》 ཞེས་པ་ནས་ཟུར་འདོན་ཞུས།།  






མཐའ་མའི་འདོན་ཐེངས་།: 20.09.2024 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།