སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

བོད་ཀྱི་གསོ་བ་རིག་པའི་བྱུང་རབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


བོད་ཀྱི་གསོ་བ་རིག་པའི་བྱུང་རབས་མདོ་ཙམ།

 

མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་གང་ཉིད་ཀྱི་ལུང་གིས་བསྟན་ཅིང་།  འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་བའི་བོད་གངས་ཅན་གྱི་ཡུལ་འདིར། སྔོན་བྱོན་མེས་པོ་གོང་མ་དག་གི་བློ་གྲོས་ཀྱི་གཤོག་རྩལ་དང་ལྷག་བསམ་གྱི་རླབས་ཕྲེང་།  སྙིང་སྟོབས་ཀྱི་གོ་ཆ་ལས་བརྡོལ་བའི་ཤེས་རིག་དཀོར་མཛོད་རྣམ་པར་རྒྱས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་། དེ་ཡང་བློ་རིག་བཀྲ་ཞིང་ལས་ལ་བརྩོན་པ། བྱམས་དང་སྙིང་རྗེ་ལྡན་པའི་བོད་མི་རིགས་འདིས་ལོ་ངོ་ཁྲི་ཕྲག་གི་སྔོན་ནས་འཛམ་གླིང་གི་ཡང་རྩེར་འཚོ་གནས་བྱས་པའི་བརྒྱུད་རིམ་ནང་མར་ཁུས་རྨ་ཁ་གསོ་པ་དང་། ཆུ་ཁོལ་གྱིས་ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བ་སེལ་བ། ཆང་གི་སྦང་མས་སྐྲངས་པ་འཇོམས་ཤིང་རྨ་འཇིབ་ཀྱི་གསོ་ཐབས་སོགས་གསོ་རིག་གི་རྨང་གཞིའི་བྱེད་ཐབས་སྣ་མང་གསར་རྙེད་བྱུང་།

 

ཕྱིི་ལོའི་སྔོན་ནས་སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་དཔྱད་ཇི་སྙེད་གསར་རྩོམ་གནང་ཞིང་།  དུས་རབས་བཞི་པ་སྟེ་ལྷ་ཐོ་ཐོ་རི་སྙན་བཙན་སྐབས་སྨན་པ་དུང་གི་ཐོར་ཅོག་ཅན་སོགས་དང་།  འ་ཞའི་༼འ་ཞ་ནི་བོད་ཤར་ཕྱོགས་མཚོ་སྔོན་པོའི་ལྷོ་ནུབ༽སྨན་པ་མཁས་པས་བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྤྱན་ཕྱེ་བ་སོགས་གསོ་དཔྱད་ལག་རྩལ་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་བ་གང་མང་རིམ་པར་བྱོན། ལྷག་དོན་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ་པ་ནས། མཁས་མཛངས་ཡོངས་སུ་ལྡན་པའི་རྒྱལ་བློན་རིམ་བྱོན་གྱིས་ཆོས་སྲིད་ཀྱི་བྱ་བ་ལེགས་པར་བསྐྱངས་པའི་ལོ་ངོ་ཉིས་སྟོང་ལྷག་གི་དུས་ཡུན་ནང་། པཎ་གྲུབ་རིགས་པ་སྨྲ་བ་དུ་མས་བཅུ་ཕྲག་རིག་གནས་ཀུན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་བླ་ན་འབར་ཞིང་། དུས་རབས་བདུན་པའི་ནང་རྒྱ་དཀར་ནག་སོགས་ནས་སྨན་པ་མཁས་ཅན་མང་པོ་གདན་ཞུས་ཀྱིས་གསོ་དཔྱད་རིག་པར་དཔྱད་བསྡུར་བརྒྱུད་དེ་དག་གི་སྙིང་བཅུད་བསྡུས་པ་མི་འཇིགས་པའི་མཚོན་ཆ་ཞེས་པའི་སྨན་དཔྱད་གཞུང་ལུགས་བརྩམས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བསམ་ཡས་གཙུག་ལག་མི་འགྱུར་གླིང་དུ་ནུབ་ནས་ཞང་ཞུང་དང་དོལ་བོ། ཤར་ནས་འ་ཞ་དང་གྲུ་གུ་སོགས་ན་ཡོད་པའི་བོད་པའི་སྨན་པ་གྲགས་ཅན་རྣམས་དང་། རྒྱ་དཀར་ནག་དང་། བལ་བོ།  ཏ་ཟིག་སོགས་ཕྱིའི་རྒྱལ་ཁབ་ཁག་གི་གྲགས་ཅན་སྨན་པ་གདན་དྲངས་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་དང་པོ་གཟི་བརྗིད་ངང་བསྐྱངས།

 

ཁྱད་པར་སྨན་བླ་བདེ་བར་གཤེགས་པ་བརྒྱད་ཀྱིས་ཇི་ལྟར་སྨོན་ལམ་བཏབ་པ་ལྟར་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ་སྟེ། སངས་རྒྱས་སྨན་པའི་རྒྱལ་པོ་དང་གཉིས་སུ་མེད་པའི་རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་གང་ཉིད་སྐྱེ་འགྲོའི་ནད་གདོན་གཞོམ་པར་མཛད་པའི་མགོན་དཔུང་དམ་པར་བྱོན་ཞིང་། བོད་དུ་སྔར་ནས་ཡོད་པའི་ནད་སེལ་བཅོས་ཐབས་ཁག་ཕྱོགས་གཅིག་ཏུ་བཏུས་པའི་ཁར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་དཔྱད་སྙིང་བཅུད་བསྡུ་ལེན་གྱིས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་ཕྱི་མོ་གསར་རྩོམ་མཛད་པ་དང་། དུས་རབས་བརྒྱད་པའི་ནང་ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་ར་ཐོག་མ་ཆེད་འཛུགས་ཀྱིས་སྨན་པ་བསྡུས་གྲྭ་བ་དང་། དཀའ་བཅུ་བ། རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་གཞུང་ཚད་ཆེད་སྒྲིག་གནང་སྟེ་སྨན་སློབ་གྲངས་སུམ་བརྒྱ་ལྷག་བསྡུ་བཞེས་མཛད་པ་སོགས་ལུས་ཅན་རྣམས་མི་ན་བར་ཡུན་རིང་གནས་པ་དང་། ན་བ་གསོ་བ་སོགས་ལ་མཛད་རྗེས་བརྗོད་ལས་འདས།

  
 དུས་དེ་ནས་བཟུང་དེང་གི་བར་བོད་ཀྱི་གསོ་བ་རིག་པ་ནི།  ལུས་ཅན་ཡོངས་ཀྱི་ལུས་སེམས་འཕྲོད་བཞེས་ཀྱི་རྩ་ལག་དམ་པར་གྱུར་བའི་མཛད་རྗེས་ཀྱི་བ་དན་མངོན་པར་མཐོ། གཞན་ཡང་གཏེར་སྟོན་གྲྭ་མངོན་ཤེས་སོགས་དང་།  ལྷག་པར་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་རྒྱུད་བཞིར་ཁ་སྐོང་ཆ་ལག་དང་བཅས་པར་མཛད། སུམ་སྟོན་ཡེ་ཤེས་གཟུངས་དང་། བྱང་ཟུར་རྣམ་གཉིས་སོགས་ནས ྋརྒྱལ་མཆོག་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་ལས་སྐྱེས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན་མཁྱེན་རབ་ནོར་བུ། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་བླ་མེད་ཐུགས་རྗེ་ལས་འཁྲུངས་པའི་འཚོ་བྱེད་མཁས་དབང་རྣམ་པའི་བར་མཐོང་བ་བརྒྱུད་པའི་ཕྱག་ལེན་དང་གཞུང་བཤད་མན་ངག་ཟམ་མ་ཆད་པར་བོད་ཀྱི་གསོ་རིག་བསྟན་པ་རྒྱུན་འཛིན་དར་སྤེལ་བྱུང་བ་དེས་བོད་མདོ་དབུས་ཁམས་གསུམ་ཙམ་དུ་མ་ཟད། ཤར་ནས་ཆེན་པོ་ཧོར་དང་། ནུབ་ནས་ལ་དྭགས། ལྷོ་ནས་འབྲུག་སོགས་སུ་ཆེས་དར་ཁྱབ་ཀྱིས་འགྲོ་བའི་ཕན་བདེའི་དཔལ་དུ་ཤར་བའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཤིན་ཏུ་རིང་།

 

དེ་ལྟར་སྐྱེས་ཆེན་དམ་པ་དེ་དག་གིས་དེང་བར་རྒྱུན་འཛིན་གནང་བའི་བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་གསོ་དཔྱད་དུ་མའི་སྙིང་བཅུད་འདུས་པས་ནང་དོན་ཕུན་སུམ་ཚོགས་པ་དང་། ལུས་སེམས་གཉིས་ཀའི་ནད་ཀུན་སེལ་བར་བྱེད་པའི་གསོ་རིག་ཀུན་ལས་ཆེས་གསོ་དཔྱད་རྙིང་ཤོས་ཤིག་ཡིན་པས་དེང་གི་ཚན་རིག་ལག་རྩལ་གྱི་འཕྲོད་བཞེས་བྱ་བཞག་ལས་ཀྱང་གཏིང་ཟབ་པའི་ནད་བཅོས་ལག་ལེན་མི་ཉུང་བ་ཞིག་ཡོད་པ་ནི་ངོ་མཚར་སྐྱེ་བའི་གནས་སུ་གྱུར།

འཚོ་བྱེད་མཁན་པོའི་མཁྱེན་བརྩེའི་འཛུམ་པ་ལས།

ལྔ་རིག་ཡ་གྱལ་གསོ་དཔྱད་རིག་པའི་གཏེར།།

གང་ལས་ཇི་ལྟར་མཆེད་པའི་ངེས་དོན་གྱི།།

འགྱུར་མེད་རྡོ་རིང་གཏན་ཚིགས་འདི་ན་གསལ།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།