སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ངོ་སྤྲོད་རགས་ཙམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.02.2011
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ།

 

བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ངོ་སྤྲོད་རགས་ཙམ་བཞུགས་སོ།།


ཁྲོ་རུ་ཚེ་རྣམ།

བོད་ཀྱི་བཅུ་ཕྲག་རིག་པ་ནི། བོད་ཀྱི་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་ཆེས་སྔ་མོ་ནས་གསོག་འཇོག་དང༌། ཕྱོགས་བསྡོམས་གནང་བའི་རིག་གཞུང་གི་སྡོམ་ཚིག་ཅིག་རེད་ལ། ནང་དོན་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་བློས་ལྕོགས་དཀའ་བ་ནི་བོད་རིག་པའི་མཁས་དབང་རྣམས་ཀྱིས་མཁྱེན་གསལ་ལྟར་ཡིན། འདིར་གླེང་བྱ་ནི། རིག་གནས་ཆེ་བ་ལྔའི་ཡ་གྱལ་བོད་ཀྱི་གསོ་བ་རིག་པ་ཞེས་བོད་མི་རིགས་ཀྱིས་ནད་བཅོས་སྔོན་འགོག་གི་བརྒྱུད་རིམ་ནང་སྲོལ་གཏོད་དང་དར་སྤེལ་བྱུང་ཞིང༌། བོད་མི་རིགས་ཡོངས་ཀྱི་འཚོ་གནས་ཙམ་དུ་མ་ཟད། སྤུན་ཟླ་མི་རིགས་གཞན་གྱི་འཚོ་གནས་ཐད་ལའང་བྱས་རྗེས་རླབས་པོ་ཆེ་བཞག་མྱོང་བའི་རིག་གཞུང་དེ་ཡིན།
བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་ཡིག་རིགས་ལས་གསལ་བ་ནས་ད་བར་མི་ལོ་༢༡༢༣ སོང་ཡོད། དེའི་རིང་བོད་ཀྱི་སྤྱི་ཚོགས་འགྱུར་བ་མང་པོ་བྱུང་ཡང་རིག་གཞུང་འདི་འཐོར་ཞིག་ཏུ་མ་ཤོར་བར་ཉར་ཚགས་བྱེད་ཐུབ་པ་དེ་ནི་བོད་མི་དམངས་ཀྱི་གཟི་བརྗིད་ཅིག་རེད་ལ། བོད་མིས་འཛམ་གླིང་འཕྲོད་བསྟེན་བྱ་གཞག་ཐོག་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་རེད་སྙམ། རིག་གཞུང་བླ་ན་མེད་པ་དེའི་ཆེས་རྩ་བའི་རྨང་གཞིར་གྱུར་པ་དེ་ནི། འབྱུང་བ་ལྔའམ་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་སྐྱེ་འཇིག་བྱེད་ཐུབ་པའི་ནུས་སྟོབས་མངའ་བ་དེ་རེད། དེ་ནི་བོད་ལུགས་གསོ་རིག་གི་ཐུན་མོང་མིན་པའི་རིག་གཞུང་གི་ལྟ་བ་ཞིག་ཡིན། གསོ་བྱ་འགྲོ་བའི་ལུས་ཉིད་འབྱུང་བ་ལྔ་ལས་གྲུབ་པ་ཞིག་དང༌། མངལ་དུ་ཆགས་ནས་དུས་རིམ་གསུམ་ནང་འཕེལ་ཏེ་བཙའ་བར་མངོན་དུ་ཕྱོགས་པའི་བར་གྱི་འཕེལ་རིམ་འགྱུར་ཚུལ་དང༌། བདེ་སྲུང་གི་དོ་སྣང་བྱ་ཚུལ་སོགས་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པའི་སྒོ་ནས་རིག་གཞུང་གི་ལྟ་བ་གསལ་པོ་ཚུགས་ཡོད། དེ་དག་དེང་རབས་གསོ་རིག་གི་འཕྲུལ་ཆས་ཀྱིས་བསྟན་པའི་མངལ་དུ་འཕེལ་རིམ་གྱི་དཔྱད་འབྲས་དང་ཕལ་ཆེ་བ་མཐུན་ཡོད་པས་ན། ཁོང་ཚོ་དབང་མེད་དུ་ངོ་མཚར་སྐྱེ་བ་དང༌། དུས་དེ་ཙམ་ནས་དེ་ལྟ་བུའི་རིག་གཞུང་ཁུངས་ཐུབ་ཆགས་ཡོད་པ་ཧ་ཅང་རླབས་ཆེན་རེད་ཅེས་བསྟོད་བསྔགས་ཅི་ཆེ་བྱེད་ཀྱི་ཡོད། དེ་ལྟར་འབྱུང་ལྔས་བསྐྱེད་དེ་རིམ་བཞིན་འཚར་ལོངས་འབྱུང་བའི་ལུས་དེ་ཉིད་ནི་ལུས་ཟུངས་བདུན་དང་དྲི་མ་གསུམ་རྣམས་འཚོགས་ཤིང་འདུས་པའི་བདག་ཉིད་དེའི་སྤྱི་གཙུག་གི་སྐྲ་ནས་རྐང་མཐིལ་བར་གྱི་གྲུབ་ཆ་དང༌། གནས་ལུགས། རྣམ་གྲངས། ལྡང་ཚད་སོགས་ཞིབ་ཅིང་ཕྲ་བར་བསྟན་ནས། གལ་ཏེ་རྣམ་པར་མ་གྱུར་པའམ། འདུ་བ་ཆ་སྙོམས་པར་གནས་ན་ནད་མེད་དང༌། རྣམ་པར་གྱུར་པའམ་ཕྱི་ནང་གི་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱུར་པ་ལ་ནད་ཅན་དུ་ངོས་འཛིན་གྱི་ཡོད། མདོར་ན། ཆགས་ཤིང་སྐྱེས་ནས་བཟུང་སྟེ་མཐའ་མ་འཆི་བའི་བར་གྱི་བྱ་བ་དེ་ཐམས་ཅད་འབྱུང་བས་བྱེད་པ་ཡིན་ནོ།།
དེ་ལྟར་ནད་ཀྱི་འབྱུང་རྩའམ། ཇི་ལྟར་ནད་དུ་གྱུར་པ་ཤེས་ནས་ནད་རིགས་གང་ཡིན་མ་ནོར་བར་ངོས་བཟུང་བ་ངོས་འཛིན་རྟགས་ཀྱི་རིག་པ་ལ་རྣམ་གྲངས་མང་པོ་བསྟན་ཀྱང་བལྟ་རེག་འདྲི་གསུམ་ལ་འདུ་སྟེ། དང་པོ་མིག་གིས་བལྟ་བ་ནི། ལྕེ་དང༌། མིག་སྤྲིན་སོགས་དབང་པོ་རྣམས་དང༌། གདོང་དང༌། སེན་མོ། ལུད་པ། བཤང་བ་སོགས་ལ་བལྟ་བ་དང༌། ཆུའི་མདོག་དང༌། རླངས་པ། ཀུ་ཡ་དང༌། སྤྲིས་མ་སོགས་ལ་བལྟ་བའོ། ། གཉིས་པ་ལག་པས་རེག་པ་ལ། བརྡ་སྦྱོར་འཕྲིན་པ་རྩ་ཡི་ངོ་བོ་དང༌། དཔངས། གྲངས་བཅས་ཀྱི་བརྟག་པ་གཙོ་བོར་བྱས་པ་དང༌། ལུས་སྟོད་སྨད་ཀུན་གྱི་རེག་བྱ་ཚ་གྲང༌། འབུར་འཇམ་ལ་སོགས་པ་ཡང་བརྟག་པ་ཡིན་ནོ། །གསུམ་པ་འདྲི་བས་ནི། རྣ་བའི་ཡུལ་དུ་བྱུང་བའི་སྒྲ་ལ་བརྟག་པ་སྟེ། ཁྱད་པར་དུ་ནད་ཀྱི་སློང་རྐྱེན་དང༌། ན་ལུགས། མཚན་ཉིད་བཅས་གང་ཡིན་ཞིབ་པར་དཔྱད་དེ་ནད་རིགས་བྱེ་བྲག་རྣམས་འབྱེད་ནུས་པ་ཡིན་ནོ།།
གོང་གསལ་བརྟག་ཐབས་གསུམ་ལ་རིམ་པ་བཞིན་དུ་མཐོང་བ་ཡུལ་གྱི་རིག་པའི་བརྟག་ཐབས་དང༌། དཔྱོད་པ་དོན་གྱི་རིག་པའི་བརྟག་ཐབས། ཐོས་པ་སྒྲ་ཡི་རིག་པའི་བརྟག་ཐབས་ཞེས་ཟེར་བས་ནད་ཐམས་ཅད་མངོན་རྗེས་ཚད་མའི་རིག་པ་འདི་གསུམ་རེ་རེས་སམ། དེ་དག་ཕན་ཚུན་གཞོགས་འདེགས་ཀྱིས་རྟོགས་ནུས་པའི་དགེ་མཚན་ལྡན་ཡོད། དེང་གི་ཚན་རིག་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་སྨན་དཔྱད་ཀྱི་ཡོ་བྱད་བེད་སྤྱོད་ཀྱིས་ནད་གཞི་ངོས་འཛིན་བྱེད་པ་ཡང་བརྟག་ཐབས་འདི་གསུམ་གང་རུང་ལས་མ་འདས། དེ་ཡང་གཙོ་ཆེ་བ་མཐོང་བ་ཡུལ་རིག་གི་བརྟག་ཐབས་ནང་འདུས་པར་མངོན་ཏེ། མིག་གི་ཡུལ་དུ་གྱུར་པའི་བརྟག་པ་ཡིན་པའི་ཕྱིར་རོ། །བོད་ལུགས་གསོ་རིག་ནང་དུའང་དེ་ལྟ་བུའི་ཆ་བྱད་སྤྱད་དེ་ནད་ངོས་འཛིན་པའི་སྲོལ་སྔ་མོ་ནས་གཏོད་ཡོད། ཆ་བྱད་དཔྱད་ཀྱི་ལེའུའི་ནང་ཟུག་རྔུ་དང༌། གཞང་འབྲུམ་བརྟག་པའི་ཆ་བྱད་མི་འདྲ་བ་ཁག་ལྔ་ཙམ་བསྟན་ཡོད་པས་རིགས་པ་ཆ་མཚུངས་སུ་གྱུར་པ་ཡིན་ནོ། །དེང་སྐབས་ནད་ཐོག་ངོས་འཛིན་སྐབས་སུ་བརྟག་ཐབས་གསུམ་པོ་འདི་ལ་བརྟེན་ནས་འཕྲུལ་ཆས་དུ་མས་ནད་གཞི་རྩད་བཅད་ཀྱང་ངོས་འཛིན་གཏན་འཁེལ་མེད་པ། ཟུག་རྔུས་མནར་བ་དག་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ལྟ་བ་བེད་སྤྱད་དེ་ངོས་འཛིན་མི་དམན་ཙམ་བྱེད་ཐུབ་པའང་འབྱུང་བཞིན་ཡོད། ལྷག་པར་དུ་བོད་ལུགས་གསོ་རིག་གི་ནང༌། ཕྱི་ལུས་ཀྱི་ནང་འདུ་བ་འཕེལ་ཟད་འཁྲུགས་པ་གང་ཡིན་པ་དང༌། ནང་སེམས་ཀྱི་ནད་མ་རིག་དུག་གསུམ་མམ་ཀུན་བཏགས་འཁྲུལ་ཤེས་ལས་བྱུང་བའི་གདོན་ནད་ཇི་ལྟར་གྱུར་ཡོད་པ་གཉིས་པོ་རྟེན་དང་བརྟེན་པར་འབྲེལ་ཡང༌། སོ་སོའི་ཁྱད་པར་གྱི་ངོས་འཛིན་དང་འབྲེལ་བའི་ཁྱད་ཆོས་གཏན་འཁེལ་བྱས་ཏེ། ནད་དངོས་གང་ཡིན་གཏན་འགོག་དང་རྩ་བ་འབྱིན་པ་དམིགས་ཡུལ་གཙོ་བོར་འཛིན་གྱི་ཡོད།
ནད་གཞི་གཏན་འཁེལ་རྗེས། དེ་ཉིད་གསོ་བྱེད་ཀྱི་གཉེན་པོ་དུ་མ་ཞིག་བསྟན་ཡོད་ཀྱང༌། མདོར་ཧྲིལ་གྱིས་བསྡུ་ན། གཉེན་པོ་བཞི་ལྡན་གྱི་གསོ་ཐབས་ཐུན་མོང་མ་ཡིན་པས་བཅོས་དགོས། བོད་དུ་གསོ་དཔྱད་ཀྱི་ལག་ལེན་འགོ་ཚུགས་པ་ནས་ད་བར་སྨན་བཅོས་ཀྱི་ལག་ལེན་ཁྲོད་དུ་བེད་སྤྱོད་གནང་མུས་ཡིན། བོད་ཀྱི་སྨན་རྫས་རིག་པ་མཁས་ཅན་ཚོས་རང་བྱུང་ཁམས་ལས་སྨན་དུ་འགྲོ་བའི་རིགས་མཐའ་ཡས་པ་ཞིག་ཕྱོགས་བསྡོམས་དང༌། བཙལ་འཚོལ་གྱིས་གཏན་ལ་ཕབ་པར་མ་ཟད། སྨན་དུ་བཀོལ་ཤེས་ན། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་པའི་རིག་པའི་ལྟ་བ་རྙེད་ཡོད། སྦྱོར་སྡེབ་སྐབས། རོ་སྡེབ་དང༌། ནུས་སྡེབ། ཞུ་རྗེས་སྡེབ་པ་བཅས་ལ་བརྟེན་པའི་ཞི་བྱེད་དང༌། སྦྱོང་བྱེད་གཉིས་ཡོད། དེ་གཉིས་སོ་སོར་དངོས་སུ་བསྟན་པ་དང༌། གུད་དུ་སྦས་པའི་ཞི་སྦྱང་གི་དབྱེ་བ་འབྱེད་པའི་གཉེན་པོ་མཐའ་ཡས་སོ། །དེ་རྣམས་ཀྱི་སྨན་རྫས་སྦྱར་ཐབས་ཀྱི་ལག་ལེན་ཚུལ་བཞིན་བྱ་དགོས་ན། ཐོག་མར་སྨན་རྫས་ཀྱི་ངོས་འཛིན་མ་འཁྲུལ་བར་དུས་སུ་བཏུ་དགོས་པ་སོགས་ཡན་ལག་བདུན་ལྡན་གྱི་ཕྱག་ལེན་སྐྱོང་ཐུབ་པ་དགོས། དེ་ནས་སྦྱོར་སྡེབ་ཀྱི་ལག་ལེན་དངོས་ཀྱི་ནང་དུ་མཐོང་བརྒྱུད་ཀྱི་ཕྱག་ལེན་ངོ་མ་ཞིག་ཀྱང་ཡོད་དངོས། དེ་ལྟར་མ་བྱུང་བར་ཟིན་བྲིས་ཙམ་ལ་བལྟས་ཏེ་སྦྱར་མི་གཏུབ་ལ་སྦྱར་ཡང་ཚད་ལྡན་དུ་འགྱུར་མི་ཐུབ་པས་ན། འདི་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
བོད་ཀྱི་སྨན་རྫས་འབྱུང་ཁུངས་རྒྱ་ཆེ་ཞིང་རིགས་མང་བ་དང༌། བོད་ས་མཐོའི་ཡུལ་ཁམས་ས་བབ་དང༌། གནམ་གཤིས། དྭངས་གཙང་གི་མཁའ་རླུང་གཅས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་སྨན་སྣ་འབའ་ཞིག་ཡིན་པས། དེ་དག་གིས་ལོ་རྒྱུས་ཡུན་རིང་ནང་ནད་རིགས་ཀུན་གྱི་ཁ་གཏད་དུ་ལངས་ཏེ། སྔོ་ཤིང་གཏེར་རྫས་སོགས་སྨན་དུ་བསྒྱུར་གཏུབ་པའི་གསེར་སོགས་ལྕགས་ཁམས་ཐལ་བཟོའི་ལག་ལེན་དང༌། དངུལ་བཙོའི་ལག་ལེན་ངོ་མཚར་ལ་ཕུན་སུམ་ཚོགས་པ་བསགས་ཡོད་པས། དུས་ནམ་ཡང་འགྲོ་བའི་ལུས་ཁམས་ལ་འཕྲོད་ཆེ་ཞིང༌། ནད་རིགས་འགོག་བཅོས་ཀྱི་བྱ་གཞག་ཐོག་ནུས་པ་བླ་ན་མེད་པ་ཐོན་དང་ཐོན་རྒྱུ་རེད།
དཔྱད་ཀྱི་གཉེན་པོ་ནི། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པར་བྱེད་པའི་ཐབས་ཏེ། དེང་གི་སྔོན་ཐོན་འཕྲུལ་ཆས་ཀྱི་ཆ་བྱད་ལ་བརྟེན་ནས་གཤགས་བཅད་སོགས་བྱས་ཏེ་ནད་ཞི་བའི་ཐབས་བྱ་རྒྱུ་དེ་ཡིན། རང་ལུགས་སུ་དཔྱད་ལ་འཇམ་རྩུབ་དྲག་པོ་སྟེ་གསུམ་དུ་དབྱེ་ཡོད། དེ་དག་ལས་ཕལ་ཆེ་བ་དྲག་པོའི་དཔྱད་ཀྱི་ཁོངས་སུ་འདུས་ནས་ཡོད་དེ། འདྲལ་བ་དང༌། གཅོད་པ། འདྲུད་པ། འབྱིན་པ་བཅས་བྱེད་དགོས་པས། དེ་དག་གི་ལག་ཆའམ། བྱད་ཀྱང་རྣམ་གྲངས་མང་པོ་བསྟན་པར་སྤུས་ཚད་ལེགས་ཉེས་དང༌། ལག་རྩལ་མཐོ་དམན་ཙམ་མ་གཏོགས་དེང་སྐབས་ཟེར་བའི་གཤགས་དཔྱད་རིག་པ་མེད་པ་ནི་ག་ལ་ཡིན། ལོ་རྒྱུས་ཤིན་ཏུ་རིང་མོ་ནས་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་སྲོལ་གཏོད་ཅིང༌། ཕུང་པོ་བཤགས་དཔྱད་ཀྱིས་ལུས་ཁམས་གྲུབ་ཚུལ་ལ་ཡང་ཞིབ་འཇུག་བྱས་པ་དངོས་ཐོག་ནས་ཤེས་ཐུབ་བོ།།
ཟས་དང་སྤྱོད་ལམ་གྱི་གཉེན་པོ་ནི། ནད་ཅན་དང༌། ནད་མེད་གཉིས་ཀར་ཐུན་མོང་གི་གཉེན་པོ་སྟེ། ཟས་ནི་ཟས་སྐོམ་གཉིས་ལ་གོ་བས། ཕན་ཟས་དང༌། གནོད་ཟས་གཉིས་སུ་དབྱེ་བ་ཕྱེས་ཏེ། སྤང་བླང་གི་ཚུལ་ཞིབ་པར་བསྟན་ཡོད། སྤྱོད་ལམ་ནི། སྒོ་གསུམ་གྱི་སྤྱོད་པ་དག་དུས་དང༌། ཡུལ་ནད་ཅན་དང༌། ནད་མེད་བཅས་ཀྱི་གནས་བབ་ལ་ཕན་ཐབས་ཀྱི་དལ་འདུག་རྩོལ་སྤྱད། ལུས་སྦྱོང་བསམ་གཏན་སོགས་སྤང་བླང་ཚུལ་བཞིན་བྱ་རྒྱུ་དང༌། སེམས་ཀྱི་ནད་བཅོས་སྐབས། ཡིད་འོང་གི་གྲོགས་བསྟེན་པ། གཏམ་སྙན་དང༌། རོལ་དབྱངས་བསྟེན་པ་སོགས་སོ།།
གཉེན་པོ་བཞི་ལྡན་གྱི་གསོ་ཐབས་ཐུན་མོང་མིན་པ་འདི་གནའ་དུས་ནས་དར་མོད། དེའི་ནང་གི་གཉེན་པོ་བསྟེན་ཐབས་ཀྱི་རིག་པ་འགའ་ཞིག་ནི། དེང་རབས་གསོ་རིག་གིས་ཉེ་དུས་རྙེད་པའི་གསོ་ཐབས་གསར་པ་ཞིག་ཆགས་ཡོད། ལྷག་པར་དུ་བོད་ལུགས་གསོ་རིག་གིས་དེང་དུས་བཅོས་སྐྱེད་ཞན་པའི་ཡི་ཀན་དུ་འབོད་པ། དོན་དུ་མ་ཞུ་དྭངས་སྙིགས་འདྲེས་པ། དེ་བཞིན་ཟ་ཁུ་དང༌། ཕོ་སྨུག རླུང༌། རྩ་དཀར་སོགས་ཀྱི་ནད་རིགས་ལ་གཞན་དང་མི་འདྲ་བའི་བཅོས་སྐྱེད་མངོན་གསལ་ཐོན་ཡོད་པ་སོགས་ཤིན་ཏུ་བཅོས་དཀའ་ཞིང་ཐབས་ཟད་པ་དང་འདྲ་བའི་སྲོག་གཅོད་པའི་ནད་དེ་དང་དེ་འདྲ་བ་ཡོངས་སུ་བཅོས་ཏེ། རིས་མེད་ཀྱི་འགྲོ་བ་ཇི་སྙེད་ལ་ཕན་པའི་འབད་བརྩོན་དང༌། སྙིང་སྟོབས། ཡིད་ཆེས་བཅས་བྱེད་བཞིན་ཡོད།
དེ་ལྟ་བུའི་བྱ་གཞག་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་ཆེད། ཏང་གི་ཡང་དག་སྲིད་ཇུས་དང༌། ཀྲུང་དབྱང་འཕྲོད་བསྟེན་པུའི་ཤུགས་ཆེའི་རྒྱབ་སྐྱོར་དང༌། བོད་རང་སྐྱོང་ལྗོངས་ཏང་ཨུད་དང༌། མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོག སྤྱི་ལོ་༡༩༨༦ ལོར་ལྷ་སར་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་འཛུགས་རྒྱུའི་བཀའ་ཁྱབ་དང༌། གྲོན་དངུལ་གནང་བར་བརྟེན། སྤྱི་ལོ་༡༩༨༩ ལོའི་ཟླ་༩ ཚེས་༣ ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དངོས་སུ་དབུ་བརྙེས་པ་རེད། དེ་ནས་བཟུང་བར་མ་ཆད་པར་བོད་རང་སྐྱོང་ལྗོངས་ཁུལ་གཙོ་བོར་བྱས་པའི་བོད་ལུགས་སྨན་པ་མང་པོ་སྐྱེད་བསྲིངས་བྱས་པར་མ་ཟད། དེ་མིན་ཟི་ཁྲོན་དང༌། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་བོད་རིགས་ས་ཁུལ་ཁག་གི་འཐུས་ཚབ་རང་བཞིན་གྱི་སློབ་མ་དང༌། དར་མའི་ཆེད་ལས་མི་སྣ་མི་ཉུང་བ་གསོ་སྐྱོང་བྱས་པས་སྨན་པ་དཀོན་པའི་དཀའ་ངལ་སེལ་ཐུབ་པ་སོགས་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་བཞིན་ཡོད། ད་ལོ་ནས་བཟུང་ཞིང་ཆེན་དང༌། ལྗོངས་གཞན་གྱི་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་ཡང་བསྡུ་བ་ཡིན། དབྱིན་ཇིར་རྒྱལ་ཁབ་༡༡ ནས་ཡོང་བའི་སློབ་མ་མི་གྲངས་༣༠ ཙམ་ལ་བོད་ཀྱི་གསོ་རིག་སློབ་བཞིན་ཡོད། བོད་ལུགས་གསོ་རིག་སློབ་ཆེན་འདི་ནི། སྔ་རབས་རྙིང་པའི་ལུགས་སྲོལ་དགེ་མཚན་ལྡན་པ་རྣམས་བརྒྱུད་འཛིན་བྱེད་པ་དང༌། དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་མཁོ་བའི་ལམ་སྲོལ་གསར་པ་དང་ཡང་ཟུང་འབྲེལ་བྱེད་པའི་ཕྱོགས་གཉིས་ཀྱི་དགེ་མཚན་ལྡན་པའི་སྒོ་ནས་སྨན་རྩིས་གཉིས་ལྡན་གྱི་རྒྱུན་འཛིན་སློབ་མ་གསོ་སྐྱོང་བྱེད་སའི་ལྟེ་གནས་ཡིན་པར་མ་ཟད། བོད་ཀྱི་རིག་གནས་མཐའ་དག་སློབ་སྦྱོང་བྱེད་པའི་ལྟེ་གནས་ཤིག་ཏུ་འགྱུར་རྒྱུའི་མཐུན་རྐྱེན་ཚང་ཡོད།
བོད་དུ་སློབ་གྲྭ་འདི་འདྲ་ཞིག་ཚུགས་ཐུབ་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཧ་ཅང་དགའ་སྤྲོ་དང༌། ཡི་རངས་ཚད་མེད་གནང་གི་ཡོད་ལ། ཕྱིའི་རྒྱལ་ཁབ་མང་པོས་ཀྱང་གདེང་འཇོག་དང༌། ཡིད་སྨོན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་འབད་བརྩོན་ལྡབ་བརྒྱ་བསྐྱེད་ནས་རྒྱུན་འཛིན་སློབ་མ་སྤྱོད་གོ་འཕེར་བ་མང་ཙམ་གསོ་སྐྱོང་བྱེད་རྒྱུ་དང༌། བོད་ཀྱི་རིག་གནས་ནོར་བུའི་བང་མཛོད་དང་འདྲ་བ་འདི་དག་ལ་མཐོང་ཆེན་གྱིས་སློབ་སྦྱོང་དང༌། ཞིབ་འཇུག་མུ་མཐུད་བྱས་ནས་ཕྱོགས་གང་ཅིར་སྔར་སྲོལ་བཟང་པོ་མ་ཉམས་རྒྱུན་འཛིན་དང༌། དུས་བབ་གསར་པའི་ཁྱད་ཆོས་དང་བསྟུན་ཏེ་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་རྒྱུ་དེ་ནི་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་དང་ལྡན་པའི་ང་ཚོའི་འོས་འགན་དེ་ཡིན།
ཞེས་ཁྲོ་རུ་ཚེ་རྣམ་འབོད་པས་སྤྱི་ལོ་༡༩༩༨ ལོར་བྲིས་པའོ།། །།

མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།