སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད།

དང་པོ། སྤྱི་དོན་ངོ་སྤྲོད་མདོར་བསྡུས།

གངས་ཅན་བོད་ཀྱི་མི་རིགས་དང་རིག་གནས་ལ་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་པ་ལས་གཞན་རྗེས་སུ་འཛིན་པའི་གསོ་བ་རིག་པ་འདི་ནི་དཔལ་ལྡན་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པ་ལྟར་འགྲོ་བའི་ལུས་སེམས་ཀྱི་རྣམ་གཞག་དང་ཆགས་གནས་འཇིག་གསུམ་གྱི་གཞི་རྩའི་གནས་ལུགས་འབྱུང་བའི་རྫས་རྒྱུན་ལ་བརྟེན་ནས་གྲུབ་ཚུལ་བསྟན་ཅིང༌། ལུས་ཀྱི་འབྱུང་ཁམས་མ་སྙོམས་པ་འཕེལ་ཟད་འཁྲུགས་པའི་ནད་ཀྱི་ངོ་བོར་ལྟ་བ་གང་ཞིག ནད་ཀྱི་རྒྱུ་མ་རིག་པས་བསྐྱེད་པའི་དུག་གསུམ་གྱི་འབྲས་བུར་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་བསྟན་པ་དང༌། མི་འདོད་ནད་ཀྱི་གདུང་བ་དེ་ཡང་ཕྱིའི་འབྱུང་རྫས་ཀྱི་ནུས་སྟོབས་ཡོན་ཏན་ལ་བརྟེན་ནས་གསོ་ཐབས་ཀྱི་གཉེན་པོའི་རྣམ་གཞག་བསྟན་པ་བཅས་ཀྱི་རིག་པའི་ལྟ་གྲུབ་ནང་ཐུན་མོང་མ་ཡིན་པའི་རྫས་སྔགས་ཏིང་འཛིན་གསུམ་གྱི་ཁྱད་ཆོས་འབུར་དུ་ཐོན་ཅིང་། གསོ་བ་རིག་པའི་ཆ་ལག་གི་འཐུས་སྒོ་ཀུན་ནས་ཚང་བའི་བོད་ཀྱི་རིག་གཞུང་ཞིག་ཡིན་ལ། དེང་གི་ཆར་དངོས་གཙོ་སྨྲ་བའི་ཚན་རིག་པས་དཔྱད་བྱའི་ཡུལ་དུ་འགྱུར་བཞིན་པའི་རིག་གཞུང་ཞིག་ཀྱང་ཆགས་ཡོད།

 

དེ་ཡང་གསོ་རིག་རྒྱུད་བཞིའི་ནང་དུ། འགྲོ་དྲུག་གཙོ་བོར་གྱུར་བའི་མི་ལུས་ལ། །མི་ན་གནས་དང་ན་བ་གསོ་བ་དང༌། །ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུས་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་འགྱུར། །ཞེས་གསུངས་པ་ལྟར་གསོ་བྱའི་ཡུལ་དུ་གྱུར་བའི་འགྲོ་བ་རིགས་དྲུག་ལས་གཙོ་བོ་ཟག་བཅས་ཉེར་ལེན་གྱི་ལུས་ཕུང་དེ་བཞིན་མི་ན་པར་གནས་ཤིང་ན་བ་གསོ་བའི་སླད་དུ་བོད་ཀྱི་གསོ་བ་རིག་པ་འདི་བསྟན་པ་དང༌། མི་ན་བར་གནས་ཐབས་སུ་ཕྱིའི་ཁོར་ཡུག་དང༌། ནམ་དུས། ཡུལ་ལུང༌། མིའི་རང་བཞིན་དང་གོམས་གཤིས་སོགས་ཀྱི་སྤང་བླང་ལ་བརྟེན་ནས་ནད་རིགས་སྔོན་འགོག་གི་ཤེས་བྱའི་ནང་དོན་ཕུན་སུམ་ཚོགས་པ་ལྡན་ཡོད་ལ། གཞན་དབང་སྔོན་ལས་དང༌། ལྟར་སྣང་འཕྲལ་ནད། ཀུན་བཏགས་གདོན་ནད། ཡོངས་གྲུབ་ཚེ་ནད་བཅས་གཞི་རྩའི་ལྟ་གྲུབ་ཏུ་བཟུང་ནས་ལུས་ཁམས་མ་སྙོམས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་གསོ་བྱའི་ཡུལ་དུ་ལྟ་ཞིང༌། འབྱུང་ཁམས་མ་སྙོམས་པའི་ནད་སྟོབས་ཆེ་ཆུང་ལ་གཅིག་ལ་གཅིག་བརྟེན་གྱི་ལྟ་གྲུབ་གཞིར་བཟུང་སྟེ་ཟས་སྤྱོད་སྨན་དཔྱད་ཀྱི་གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུའི་སྒོ་ནས་ཞིབ་ཚགས་སུ་གསུངས་པ་དང༌།

 

དེ་ལྟར་གསོ་བ་པོ་སྟེ་སྨན་པའི་ཆ་རྐྱེན་དུ་ཡང་དཔལ་ལྡན་རྒྱུད་ལས། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང༌། །དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང༌། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག །ཅེས་གསོ་དཔྱད་ཀྱི་ལས་དོན་གང་ཡང་ཆོས་སྤྱོད་ཀྱི་བགྱི་བའི་སྒོ་ནས་གཞན་དོན་གཤའ་མར་བརྩོན་པའི་སྨན་པའི་མཚན་ཉིད་དང་བཅས་དགོས་སོགས་ཆོས་བཞིའི་ནང་དོན་ཕུན་སུམ་ཚོགས་པས་ཀུན་ནས་བརྒྱན་པའི་གསོ་དཔྱད་ཀྱི་གཞུང་ལུགས་ཤིག་ཡིན།

 

བོད་ཀྱི་གསོ་དཔྱད་མཐའ་དག་གི་མ་ཕྱིའམ་མན་ངག་ཀུན་གྱི་འབྱུང་གནས་ནི། དུས་རབས་བརྒྱད་པའི་ནང་གི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མ་ཕྱི་མཛད་ཅིང་དུས་རབས་བཅུ་གཉིས་པའི་ནང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ལེགས་བཅོས་གཏན་འབེབས་མཛད་པའི་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་གི་བདག་ཉིད་ཅན་གྱི་དཔལ་ལྡན་རྒྱུད་བཞི་ཤོ་ལོ་ཀ་ ༥༩༠༠ ཡོད་པ་དེ་ཡིན་ཞིང༌། དེ་ལ་རྩ་རྒྱུད་ཀྱི་ལེའུ་དྲུག་གིས་བོད་ཀྱི་གསོ་བ་རིག་པའི་རྣམ་གཞག་སྤྱི་དང་མན་ངག་ཀུན་གྱི་ས་བོན་བསྟན་པ་དང༌། བཤད་རྒྱུད་ཀྱི་ལེའུ་སོ་གཅིག་གིས་བོད་ཀྱི་གསོ་བ་རིག་པའི་སྤྱི་ཁོག་མཐའ་དག་གནས་བཅུ་གཅིག་གི་སྒོ་ནས་གསལ་བར་བསྟན་ཅིང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་རྒྱུད་ཀྱི་ལེའུ་གོ་གཉིས་ཀྱིས་ནད་ཀྱི་རྣམ་གྲངས་ཆིག་སྟོང་དྲུག་བརྒྱ་བཅུ་དྲུག་ཏུ་དབྱེ་བའི་བཅོས་ཐབས་ཀྱི་དགོས་པ་མ་ཚང་བ་མེད་པར་གསུངས་པ་དང༌། ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ལེའུ་ཉེར་བདུན་གྱིས་རྒྱུད་དང་མན་ངག་ཀུན་གྱི་སྙིང་པོ་ཧྲིལ་གྱིས་བསྡུས་ཏེ་ནད་ཀྱི་སྟེང་ཐོགས་མེད་དུ་སྤྱོད་ཆོག་པའི་གཞུང་ལུགས་རྩ་ཆེན་ཞིག་དང་འགྲོ་བ་གང་གིས་ཐོས་པས་སྤྲོ་བ་དཔག་མེད་དུ་སྐྱེད་པའི་ཁྱད་ཆོས་བླ་མེད་དུ་ལྡན་པ་ཞིག་ཡིན། དེ་ཡང་ཇི་སྐད་དུ་རྗེ་གཡུ་ཐོག་པས། གསེར་གཡུའི་སྒྲོམ་བུར་ལག་པ་བཅུག་པ་བཞིན།།རང་ལ་ནམ་དགོས་དུས་ན་སྤྱད་པས་ཆོག །ཅེས་གསུངས་པ་དོན་ལ་གནས་པས་སོ།།

 

གཞན་ཡང་གསོ་དཔྱད་གཞན་ལ་མེད་པའི་ལུས་སེམས་ལ་འདོད་ཚུལ་དམིགས་བསལ་བ་ཞིག་ཡོད་པ་ནི། དཔལ་ལྡན་རྒྱུད་བཞི་ལས། ལུས་ཀྱི་མཚན་ཉིད་རྣམ་པ་གཉིས་ཡིན་ཏེ། །གནོད་བྱ་ཁམས་དང་གནོད་བྱེད་ཉེས་པའོ། །ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་པོ། །ཕན་ཚུན་གཅིག་ལ་གཅིག་རྟེན་རག་ལུས་པས། །ཆགས་གནས་འཇིག་པའི་རྩ་བ་ཡིན་ཕྱིར་ལུས། །ཞེས་གསུངས་པ་ལྟར་བདག་གཅིག་འབྲེལ་དང༌། རྒྱུ་འབྲས། ལས་འབྲས། གཅིག་ཐ་དད་བཅས་ཀྱི་ལྟ་གྲུབ་རང་བཞིན་གྱི་རྒྱུ་མཚན་ལྡན་པའི་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་ལ་བརྟེན་ནས་ལུས་ཆགས་པའི་རྒྱུར་རླུང་མཁྲིས་བད་ཀན་གསུམ་དང༌། མ་རིག་པ་རྒྱུ་བྱས་པའི་དུག་གསུམ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་ནད་སྐྱེད་པའི་ལྟ་གྲུབ་འདིས་ལུས་སེམས་འབྲེལ་བ་དང༌། འཚར་ལོངས། གཅིག་བརྟེན་གྱི་འབྲེལ་བ་དང་འགལ་རྐྱེན་གྱི་འདུ་འཕྲོད་དབང་གིས་ལུས་ནད་ཀྱིས་སེམས་ནད་དང་སེམས་ངལ་གྱིས་ལུས་ནད་སྐྱེད་པ་དང༌། དེ་མཐུན་གྱི་གསོ་ཐབས་རྣམ་གཞག་ཀྱང་ཧྲིལ་གྱིས་བསྡུས་ཏེ་གསུངས་པ་ནི་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ཐབས་བཅོས་དང་ཁྱད་ཆོས་ཤིག་ཡིན།

 

དེ་ཡང་༼རླུང་༽ཞེས་པ་ལུས་ཀྱི་འགུལ་བསྐྱོད་དང༌། འབྱིན་རྔུབ། བརྐྱང་བརྐུམ་སོགས་ཀྱི་ལས་བྱེད་ཅིང་ལུས་ཁམས་ཀྱི་ཆ་ཤས་ཡང་རྩུབ་སོགས་མཚན་ཉིད་དྲུག་ལྡན་གྱི་འབྱུང་བ་རླུང་གི་རང་བཞིན་ཅན་ཞིག་ལ་བརྗོད་པ་དང༌། ༼མཁྲིས་པ་༽ཞེས་པ་བཀྲེས་སྐོམ་དང༌། ལུས་མདངས་གསལ་བར་བྱེད་པ། སྙིང་དཔའ་ཞིང་བློ་དང་ལྡན་པར་བྱེད་པ་སོགས་མདོར་ན་ལུས་དྲོད་ཀྱི་ཆ་ཤས་སྐྱེད་པའི་ཚ་རྣོ་སོགས་མཚན་ཉིད་བདུན་ལྡན་གྱི་འབྱུང་བ་མེའི་རང་བཞིན་ཅན་ཞིག་ལ་བརྗོད་ཅིང༌། ༼བད་ཀན་༽ཞེས་པ་ལུས་དང་སེམས་བརྟན་ཞིང་འཇམ་ལ་སྣུམ་པ་སོགས་ཀྱི་ལས་བྱེད་པའི་ལུས་ཁམས་ཀྱི་ཆ་ཤས་ལྕི་རྟུལ་སོགས་མཚན་ཉིད་བདུན་ལྡན་གྱི་འབྱུང་བ་ས་ཆུའི་རང་བཞིན་ཅན་ཞིག་ལ་བརྗོད་པ་ཡིན་པས། ལུས་ནད་གཉེན་པོ་འབྱུང་བའི་རྫས་རྒྱུན་ལ་བརྟེན་ནས་གྲུབ་ཚུལ་བསྟན་དོན་ཡང་ཚུལ་འདི་ལ་ཐུག་ཡོད།

 

གཉིས་པ། བོད་ཀྱི་གསོ་བ་རིག་པའི་ལག་ལེན་དངོས་དང་འབྲེལ་ནས་ངོ་སྤྲོད་མདོར་བསྡུས།

གསོ་རིག་བརྟག་ཐབས་རིག་པ།

བརྟག་ཐབས་རིག་པར་ཉེས་པ་དངོས་སྟོན་གྱི་བརྟག་ཐབས་དང༌། ངན་གཡོ་སྐྱོན་བརྟག སྤང་བླང་མུ་བཞིའི་བརྟག་ཐབས། ཚ་གྲང་གལ་མདོ་སོགས་བྱེ་བྲག་གི་བརྟག་ཐབས་རྣམ་གྲངས་ཤིན་ཏུ་མང་ཡང༌། ས་བོན་གྱི་ཚུལ་དུ་བསྡུས་ཏེ་རྩ་རྒྱུད་ལས། ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །ཞེས་བརྟག་ཐབས་ཐམས་ཅད་ཀྱི་མདོ་དོན་སྨན་པའི་མིག་གིས་བལྟ་བ་དང༌། སོར་མོས་རེག་པ། ངག་གིས་དྲིས་ཏེ་བརྟག་ཐབས་ཀྱི་རྣམ་གྲངས་གསུམ་དུ་བསྡུས་ཏེ་བསྟན་ཡོད།

༡༽ མིག་གིས་བལྟ་བའི་བརྟག་པ་ནི།

ནད་པའི་ལུས་ཀྱི་བོངས་དབྱིབས་དང༌། ཁ་དོག་སོགས་དང༌། ཁྱད་པར་དུ་ལྕེ་དང་དྲི་ཆུར་བརྟག་པའོ།།

༢༽ སོར་མོས་རེག་པའི་བརྟག་པ་ནི།

ནད་པའི་ལུས་ཀྱི་ཚ་གྲང་དང༌། འབུར་འཇམ་སོགས། ཁྱད་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཟུང་མཁྲིག་མའི་འཕར་རྩའི་རྒྱུ་བར་ཚོན་ཀན་ཆག་གསུམ་གྱིས་སྤྱི་དོན་བཅུ་གསུམ་གྱི་གནད་ཀ་མ་ནོར་བར་བརྟག་པ་ཡིན།

༣༽ ངག་གིས་དྲི་བའི་བརྟག་པ་ནི།

ནད་པར་ནད་ཀྱི་སློང་རྐྱེན་དང༌། ན་བའི་གནས། ནད་ཀྱི་ལྡང་དུས། སྔར་བཅོསཀྱི་ལོ་རྒྱུས་སོགས་ནད་པར་དྲིས་ཏེ་བརྟག་པའི་ཐབས་བརྗོད་པའོ།།

 

གསོ་རིག་གི་བཅོས་ཐབས་རིག་པ།

ནད་རིགས་བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གིས་དབྱེ་བའི་རྣམ་གྲངས་མཐའ་ཡས་པ་མཆིས་ཀྱང་མདོ་དོན་ནི་སྤྱོད་ལམ་ཟས་སྨན་དཔྱད་བཅས་སུ་མ་འདུས་པ་མེད། དེ་ཡང་ཟས་སྤྱོད་གཉིས་ཀྱི་སྒོ་ནས་ནད་རིགས་སྔོན་འགོག་དང་ནད་སྟོབས་ཆུང་བའི་གསོ་ཐབས་ལ་གཅེས་པར་འཛིན་པ་དང༌། ནད་སྟོབས་ཆེ་ཞིང་ཟས་སྤྱོད་ཀྱིས་ཕན་སྐྱེད་མེད་པར་སྨན་དཔྱད་ཀྱི་ལག་ལེན་རིམ་པར་བཅོས་ཐབས་བྱེད་སྲོལ་ནི་གཞི་རྩའི་ཤེས་བྱ་ཞིག་ཡིན།

 

དེ་ལས་བདུད་རྩི་སྨན་གྱི་སྦྱོར་བར་ལག་ལེན་གྱི་སྙིང་པོར་ཞི་སྦྱོང་གཉིས་སུ་དབྱེ་སྟེ་གསུངས་པ་ལས་ཞི་བྱེད་ཀྱི་ལག་ལེན་ལ་ཐང་དང༌། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར། ཐལ་སྨན། ཁཎྜ། སྨན་ཆང༌། རིན་པོ་ཆེའི་སྦྱོར་བ། སྔོ་སྦྱོར་བཅས་རྣམ་གྲངས་བཅུ་རུ་བསྟན་པ་དང༌། སྦྱོང་བྱེད་ཀྱི་ལག་ལེན་ལ་སྣུམ་འཆོས་དང༌། བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོངས་བཅས་ནད་ཀྱི་ངོ་བོ་དང་གནས་སོགས་ལ་གཞིགས་ནས་གསུངས་ཡོད་སྟབས། བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོར་མཛོ་ཁལ་ལུག་ཁལ་ལྟ་བུའི་བཅོས་ཐབས་ཀྱི་གནད་ཀ་ཡོངས་སུ་ཚང་བའི་ཁྱད་ཆོས་ལྡན་ཡོད་ལ། དེ་དག་བཟོ་སྦྱོར་གྱི་སྨན་རྒྱུར་ཡང་ས་སྨན་དང༌། རྡོ་སྨན། ཤིང་སྨན། རྩི་སྨན། སྔོ་སྨན། རིན་པོ་ཆེའི་སྨན་སོགས་སྨན་གྱི་སྡེ་བརྒྱད་དུ་དབྱེ་བའི་ཁྱབ་ཁོངས་སུ་སྨན་རྫས་སྟོང་ཕྲག་བརྒལ་བའི་རོ་ནུས་ཞུ་གསུམ་གྱི་ནུས་སྟོབས་ཡོན་ཏན་སོགས་ལས་ཇི་ལྟར་བྱེད་པའི་རྣམ་བཤད་གསལ་བའི་གཞུང་ལུགས་ཀྱང་བསྟར་ཆགས་སུ་བོད་ཀྱི་མཁས་པས་མཛད་པར་བརྟེན་ནས། དེང་གི་ཆར་འཛམ་གླིང་སྨན་རྫས་རིག་པའི་འཛིན་མའི་ཞིང་འདིར་གཡུར་དུ་ཟ་བའི་འབྲས་ལྡན་གྱི་དཔག་བསམ་ལྗོན་ཤིང་ཞིག་གི་ཁྱད་ཆོས་དང་གཉིས་སུ་མེད་པའི་བོད་ཀྱི་གསོ་བ་རིག་པའི་གཟི་ངོམ་རྒྱས་བཞིན་ཡོད།

 

དཔྱད་ཅེས་པ་རྒྱུད་ལས། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང༌། །ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ། །དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ། །ཞེས་གསུངས་པ་ལྟར་ལུས་ཀྱི་ཕྱིའི་སྟོད་སྨད་བར་གསུམ་གྱི་གསང་གནས་ཁྱད་པར་ཅན་ལ་འཇམ་རྩུབ་དྲག་པོའི་བཅོས་ཐབས་ལ་བརྟེན་ནས་ནང་གི་ནད་གཞི་ཕྱིར་དངོས་སུ་འབྱིན་པའམ་ཞི་བར་བྱེད་པའི་ཐབས་དེ་ལ་དཔྱད་ཅེས་བྱ་བ་ཡིན། དེ་ལ་གཏར་གའི་ལག་ལེན་དང༌། སྲེག དུགས། ལུམས། བྱུག་པ། ཐུར་མ་བཅས་ཀྱི་བཅོས་ཐབས་རྣམ་གྲངས་དང་ཐུན་མོང་མིན་པའི་གསོ་རིག་གི་ཁྱད་ཆོས་བླ་མེད་དུ་ངོམ་པའི་རྩ་ཆེའི་གཞུང་ལུགས་ཤིག་ཡིན་ནོ།།

 

ནད་གདོན་ཀུན་འཇོམས་གསོ་དཔྱད་རྒྱུད་བཞི་ལས།།

གསོ་བྱ་གསོ་བྱེད་གསོ་བའི་ཐབས་ཚུལ་སོགས།།

ལེགས་པར་བསྟན་པའི་ངོ་མཚར་མན་ངག་འབུམ།།

ལུས་ཅན་ཚེ་སྲོག་སྦྱིན་པའི་དཔལ་དུ་ཐོབ།།

ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:01 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།