སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་གསོ་དཔྱད་རིག་པ་ཐོག་མའི་འབྱུང་ཁུངས་ལ་རོབ་ཙམ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.09.2022
ཆེད་རྩོམ། >>



༄༅། །བོད་ཀྱི་གསོ་དཔྱད་རིག་པ་ཐོག་མའི་འབྱུང་ཁུངས་ལ་རོབ་ཙམ་དཔྱད་པ་གཟུར་གནས་དགྱེས་པའི་གཏམ།།

དཔྱད་ཞིབ་པ། སྨན་པ་ཆོས་ལོ་ཐར།


དང་པོ། གླེང་གཞི།

            བོད་གངས་ཅན་གྱི་ལྗོངས་སུ་དར་བའི་གསོ་དཔྱད་སྨན་གྱི་རིག་པ་འདི་ཇི་ལྟར་བྱུང་བ་དང་། འཕེལ་བའི་ཚུལ་དག་ཅུང་ཁ་གསལ་ཞིང་བརྒྱུད་རིམ་ལྡན་ལ། གོ་བདེ་བའི་ངག་གི་ལམ་ནས་མདོར་བསྡུས་ཙམ་ཞིག་སྟོན་ཐུབ་པའི་ཕྱིར་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་རིགས་རྣམས་ལ་གཞི་བཅོལ་ཏེ་ཞང་ཞུང་ངམ་གནའ་བོའི་བོད་ཁམས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་ནས་གླེང་བར་བྱ་བ་ལ།

            དེ་ཡང་རང་རེའི་མེས་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཁྲོད་ནས་བསགས་པའི་སྙིང་བཅུད་དེ་གསོ་དཔྱད་སྨན་གྱི་རིག་པ་འདི་ནི། བཅུ་ཕྲག་རིག་པའི་བང་མཛོད་ཁྲོད་དུ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་ཤིང། ཉིན་བྱེད་ཀྱི་དབང་པོ་བཞིན་འོད་སྣང་འཕྲོ་བ། ཡིད་བཞིན་གྱི་མཛོད་ལྟར་དགོས་འདོད་ཉིད་དུ་འབྱུང་ནུས་པ་ཞིག་ཡིན་ལ། འདི་ཉིད་ཐོག་མར་ཇི་ལྟར་བྱུང་བ་དང་འཕེལ་བའི་ཚུལ་གྱི་ལོ་རྒྱུས་དེར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་འཕེལ་འགྲིབ་ཀྱི་རྦ་རླབས་དྲག་ཏུ་འཁྲུག་ཅིང་། རྐྱེན་ངན་གྱི་བརྡབས་ཆག་སྣ་ཚོགས་ཕོག་པའི་དབང་གིས་ཕལ་ཆེར་ལྐོག་གྱུར་གྱི་གནས་སུ་ལྷུང་བས་རྗེས་དཔག་ཚད་མས་དཔྱད་གཞི་ལྟ་བུར་གྱུར་ཟིན་པ་དང་། དེའང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཆུ་བོའི་རྒྱུན་ལས་འདས་པའི་བྱུང་བ་གཅིག་རྗེས་གཅིག་གིས་བསྣན་པའི་གོ་རིམ་ཡུན་རིང་བ་སོགས་ཀྱིས་རྙོག་འཛིངས་ཆེ་ལ་དཔྱད་གཞིའི་རྒྱུ་ཆ་ཧ་ཅང་དཀོན་པོ་ཆགས་ཡོད་པར་མ་ཟད། མཇལ་དུ་རུང་བའི་དཔྱད་གཞིའི་ཡིག་རིགས་ཁག་གཅིག་གི་ནང་བཞེད་པ་མི་མཐུན་པ་དང་། ད་ལྟའི་མིའི་རྣམ་དཔྱོད་ལས་འདས་པའི་གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་དུ་མ་ཞིག་ཀྱང་ཚིག་གི་ལོ་མའི་རྒྱབ་ཏུ་གབ་ཡོད་པས། བོད་ཀྱི་གསོ་བ་རིག་པའི་ཐོག་མའི་བྱུང་ཁུངས་དངོས་སམ། ཡང་དག་ཅིག་བརྗོད་པར་འདོད་པ་ནི་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཟིན་ནའང་། ཤེས་ཡོན་དོན་དུ་གཉེར་བའི་རིག་ལྡན་རྣམས་ཀྱིས་ཐོག་མར་དོན་དུ་གཉེར་བྱའི་ཤེས་ཡོན་རིག་པའི་གཞུང་ལུགས་ཁག་གི་འབྱུང་ཁུངས་ཀྱི་ལོ་རྒྱུས་དང་། དེ་དག་གལ་འགངས་ཆེ་བའི་དགོས་པ་རྒྱུ་མཚན་རྣམས་སྔོན་འགྲོའི་ཚུལ་དུ་མཁྱེན་རྟོགས་གནང་དགོས་པ་གལ་ཆེ་བའི་ཚུལ་ནི། གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་༼རླངས་ཀྱི་པོ་ཏི་བསེ་རུ་༽ལས།  “ལར་སྐྱེས་པའི་མིས་རང་གི་སྐྱེས་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། མིས་རང་གི་ཆོ་འབྲང་མ་ཤེས་ན། གཡུ་ཕྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་” ཞེས་འབྱུང་བ་ལྟར་མིའི་རིགས་ཀྱིས་ལྔ་རབས་བྱུང་བའི་ལོ་རྒྱུས་ངེས་པར་དུ་ཤེས་དགོས་པ་དེ་ནི་མི་དང་དུད་འགྲོའི་བར་གྱི་དབྱེ་མཚམས་ཡིན་པ་ཙམ་སོགས་ནན་ཏན་གྱིས་བསྟན་ཡོད། དེ་བཞིན་ཉེ་རབས་ཀྱི་མཁས་པ་ཤེལ་དཀར་གླིང་པས་ཀྱང་། མི་རྣམས་ཀྱིས་རང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཙམ་མ་ཤེས་ན་དེའི་དཔེར། “སྤྲེའུ་མཚོར་ལྷུངས་ངང་པ་ནགས་འཁྱམས་བཞིན། ”ཞེས་གང་ཤོད་འདི་ཤོད་མེད་པ་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་རྒྱུ་ལས་མ་འདས་པར་གསུངས་པ་སོགས། བོད་ཀྱི་གསོ་དཔྱད་དོན་གཉེར་མཁན་ཞིག་ཡིན་ཕྱིན་དེའི་ལོ་རྒྱུས་ཀྱི་བྱུང་འཕེལ་རྣམས་ཕྲ་རགས་ལ་མ་ལྟོས་པར་ཤེས་རྟོགས་ངེས་ཅན་ཞིག་ཡོད་དགོས་པ་གལ་ཆེའི་རང་བཞིན་ལ་སོང་། དེང་གི་དུས་ཚེ་རིག་འཛིན་པ་གཙོས་ཕྱི་ནང་ལོ་རྒྱུས་སྨྲ་བ་ཀུན་གྱིས་རྒྱལ་ཁབ་དང་ཡུལ་གྲུ་གང་སར་ཞིབ་འཇུག་དང་ལྟ་བརྗོད་འདྲ་མིན་གྱི་དཔྱད་རྩོམ་སྤེལ་བ་མང་མོད། དེ་ལས་མང་ཆེ་བ་ཞིག་ནི་ཞིབ་འཇུག་དོན་དུ་གཉེར་ཁུལ་ཙམ་ལས་གཞུང་དོན་བཤུ་འབྲི་བྱས་པ་ཁོ་ནའི་ཞིབ་འཇུག་ཏུ་སོང་ཞིང་། དཔྱད་རྩོམ་གསར་པ་ཡིན་ཁུལ་དུ་ལགས་ཀྱང་དོན་དམ་པ་མེས་པོ་རྣམས་ཀྱི་དཔྱད་ཟིན་པ་དེ་སོ་སོའི་རིག་པ་ཡིན་ཁུལ་བྱས་པ་ཙམ་ལས་ཤེས་བྱ་གསར་པ་སྟོན་རྒྱུ་ཡོད་པ་ནི་ཤིན་ཏུ་དཀོན།

            ལྟ་ཚུལ་གཞན་ཞིག་ནི། གསོ་རིག་རྒྱུད་བཞི་དེ་སངས་རྒྱས་སྨན་བླས་གསུངས་པའི་བཀའ་འམ། ཡང་ན་སངས་རྒྱས་སྨན་བླའི་བྱིན་རླབས་ཞུགས་སམ། ཡང་ན་རྩོམ་པ་པོ་ནི་ཁྱད་དུ་འཕགས་པའི་ཁར་སངས་རྒྱས་སྨན་བླའི་སྤྲུལ་བ་ཉིད་དུ་སོང་སྟབས་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཆོས་སྲིད་རིག་གནས་བཅས་ལ་ཐུགས་བག་རབ་ཏུ་ཡངས་པའི་སྔོན་བྱོན་མཁས་གྲུབ་དུ་མས་དཔྱད་གསུམ་དག་པའི་ལུང་གིས་བསྲེགས་བཅད་བརྡར་གསུམ་བགྱིས་ཟིན་པ་ལ་རང་རེ་སོ་སྐྱེ་བ་དག་གིས་དེར་ཞིབ་འཇུག་བྱེད་དགོས་དོན་མེད་ལ་ཞིབ་འཇུག་ལོག་པར་གྱུར་ཚེ་ནག་ཉེས་བཟོད་ཐབས་མེད་པ་ཕོག་ངེས་ཡིན་སྙམ་པའི་ངང་ཚུལ་ཡང་རྒྱ་ཁྱབ་ཏུ་གནས་ཡོད།

            དཔྱོད་ལྡན་རྣམས་ཀྱིས་མཁྱེན་གསལ་བཞིན། རྒྱུ་མཚན་མ་ངེས་པ་སྣ་ཚོགས་དབང་གིས་ལོ་རྒྱུས་སྐོར་ཐག་གཅོད་རྒྱུ་ཤིན་ཏུ་དཀའ་བ་དང་། མང་མང་གི་ཁ་རྒྱུན་ལ་ཡིད་རྟོན་མི་རུང་བ་མང་དུ་ཡོད་པར་མ་ཟད། ཡིག་ཚང་དུ་བཀོད་པའི་ལོ་རྒྱུས་ཡིན་ཡང་ཡིད་རྟོན་མི་རུང་བ་མང་དུ་ཡོད། དཔེར་ན་ལོ་རྒྱུས་གྲགས་ཅན་༼སྦ་བཞེད་༽ཟེར་བ་དེ་སྦ་གསལ་སྣང་གིས་བྲིས་པ་རེད་ཅེས་ཡོངས་སུ་གྲགས་ཀྱང་། ནང་དོན་དང་ཚིག་སྦྱོར་སོགས་ལ་བལྟས་ན་དོགས་པ་ཤིན་ཏུ་ཆེ། ༼རྒྱལ་རབས་གསལ་བའི་མེ་ལོང་༽དེར་ཡང་ལོ་ཁམས་ལོ་ཚིགས་སོགས་སྔ་ཕྱི་འགལ་བ་མང་དུ་ཡོད་ལ། ༼བཀའ་ཆེམས་༽ཀྱི་སྐོར་དེ་ཡང་དཔྱད་མི་བཟོད་པ་ཤ་སྟག་ཡིན། དེ་བཞིན་སྡེ་སྲིད་ཀྱི་༼ཁོག་འབུགས་༽གཙོས་པའི་སྨན་གྱི་ཁོག་འབུགས་དེ་རིགས་ཀྱང་སྔོན་གྱི་བཤད་རྒྱུན་སྐྱོང་བ་ཙམ་ལས་དཔྱད་མི་བཟོད་དོ། །གལ་ཏེ་རྒྱུ་མཚན་ཅི་ཡང་མེད་པར་དངོས་བྱུང་གི་ལོ་རྒྱུས་ཁས་མི་ལེན་པའམ། ཆོས་ལུགས་དང་གྲུབ་མཐའི་ཕྱོགས་རིས་ཀྱིས་ཁས་མ་བླངས་པ་ཡིན་ན། བླུན་པོའི་རང་རྟགས་ལས་མ་འདས་པས་སྐྱོན་ཡིན་མོད། རང་གི་ལུང་དང་རིག་པའི་རྩལ་གྱིས་གཞན་གཞུང་དང་། གཞན་དག་གི་ལྟ་སྤྱོད་ཀྱི་སྐྱོན་མཐོང་ནས་གྲགས་པའི་རྗེས་འབྲང་གི་བླུན་པོའི་རྣམ་ཐར་སྐྱོང་མ་འདོད་པ་ཡིན་ན། དཔྱོད་ལྡན་མཁས་པའི་སྤྱོད་སྟངས་ཡིན་པས་སྐྱོན་ག་ལ་ཡིན། སྨན་པ་རེ་ཟུང་ཞིག་རང་ལ་ལེགས་ཉེས་ཤན་འབྱེད་པའི་ཆོས་རབ་རྣམ་འབྱེད་ཀྱི་རྩལ་ཅི་ཡང་མེད་པར། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འོལ་ཚོད་ཀྱིས་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་ཚུལ་དང་། བོད་མཁས་པས་བརྩམས་པའི་བསྟན་བཅོས་ཡིན་ཚུལ། དེ་གཉིས་ཀ་ཡིན་ཚུལ་གྱི་རྣམ་དབྱེ་འབྱེད་ཅིང་། རང་གི་རྨོངས་བློ་དང་མི་མཐུན་པའི་གསེར་རྡོག་ཀྱང་བོང་བའི་འདུ་ཤེས་ལས་མེད་ལ། རང་གི་རྨོངས་བློ་དང་མཐུན་པའི་རྟུག་པ་སྐམ་པོར་ཡང་རིན་ཆེན་དང་པོའི་འདུ་ཤེས་འཛིན། རེ་ཟུང་ཞིག་རང་ལུགས་ཀྱི་གཏད་སོ་ཅི་ཡང་མེད་པར། གཞན་དག་གིས་ཟེར་ཚད་དང་ལས་ཚད་ཀྱི་རྗེས་སུ་འབྲངས་ནས་རླུང་ཁའི་ཤིང་བལ་གྱི་བརྟུལ་ཞུགས་འཛིན་པ་ནི་ཅོལ་ཆུང་གི་འཆལ་རྟགས་ལས་བློ་གྲོས་ཀྱི་རྩལ་འཛོམས་པའི་མཁས་རྟགས་ག་ལ་ཡིན། དེས་ན་རང་ལ་རྣམ་དཔྱོད་ཀྱི་རྩལ་མེད་པར། མཁས་པ་ཡིན་ཚད་དང་། གཞུང་ལུགས་ཡོད་ཚད། ལྟ་བ་ཡོད་ཚད་ཁས་ལེན་པ་ལས་མཁས་བརྒྱ་བགྲོ་གླེང་གི་རིགས་ལམ་ཕྲ་མོའི་ལམ་ནས་གཏན་ལ་ཕབ་པའི་ཡང་དག་པའི་ལྟ་བ་ཞིག་གཞིར་བཟུང་ནས་བོད་རྒྱལ་ཁབ་དང་། སྨན་རྩིས་ཁང་གི་རང་ལུགས་སྐྱོང་ཞིང་སྤེལ་བར་བྱེད་རྒྱུ་ནི་དུས་རབས་ཀྱིས་རང་ཅག་ཚེ་རིག་འཛིན་པ་ཀུན་ལ་དཀྲིས་པའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཡིན་པར་སྙམ།

 

གཉིས་པ། གདོད་མའི་བོད་སྤྱི་ཚོགས་ཀྱི་ངོ་བོ་ཅུང་ཟད་གླེང་བ།

དེ་ལ་བོན་གྱི་དུས་རབས་དང་། ཆོས་ཀྱི་དུས་རབས་གཉིས་ལས། དང་པོ། བོན་གྱི་དུས་རབས་ནི་དུས་རབས་བདུན་པ་ཡན་ཆད་དེ། རང་ཅག་བོད་མི་རིགས་ཀྱི་གནའ་བོའི་ཆོས་ལུགས་ནི་བོན་ཡིན་པ་དང་། བོན་ལ་བརྟེན་པའི་གསོ་དཔྱད་ཀྱང་ཇི་སྙེད་ཅིག་ཡོད་པའི་ལོ་རྒྱུས་དངོས་དོན་དེ་རང་ཅག་གི་མཁས་དབང་མང་པོས་ཞལ་བཞེས་ཁས་ལེན་གྱི་བཞེད་པ་མཐུན་གྱི་ཡོད་ལ། དེ་ཡང་༼ཐུའུ་བཀན་གྲུབ་མཐའ་༽ལས། “བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། །འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི། །སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། །བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་། །” ཞེས་གསུངས་པ་བཞིན། གདོད་མའི་བོད་ཀྱི་རིགས་རྒྱུད་འདི་སྲིད་པ་ཀློང་གི་སྒོ་ང་ལས་བྱུང་བའམ་སྤྲེལ་སྲིན་འདུས་པ་ལས་བྱུང་བ། ལྷ་ཡུལ་ནས་མཆེད་པ། རྒྱ་གར་གྱི་ཤཱཀྱའི་རྒྱལ་རྒྱུད་ཅིག་བྲོས་བྱོལ་དུ་ཕེབས་པ་གང་ལྟར་ཡང་། ལོ་རྒྱུས་འཕེལ་འགྲོས་དབང་གིས་བོད་མི་རིགས་འདི་ཡང་མི་རིགས་གཞན་དག་དང་འདྲ་བར་སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་ཅན་དུ་གྱུར་ཏེ་རིམ་པར་འཕེལ་ཞིང་དར་བ་ལས་མཐར་མིའི་རྒྱལ་ཁམས་སུ་གྱུར་ནས་རི་དྭགས་རྒྱག་པ་སོགས་རང་འཚོའི་ཤེས་བྱ་ཕྲ་མོ་ནས་འགོ་ཚུགས་ཏེ་རིམ་བཞིན་རང་བྱུང་ཁམས་ཤེས་རྟོགས་དང་། བེད་སྤྱོད། བསྒྱུར་བཀོད་བཅས་བྱེད་པའི་ཤེས་བྱའི་རིགས་དར་ཞིང་ཇེ་རྒྱས་སུ་ཕྱིན་པ་དང་ཕྱོགས་མཚུངས་ཟས་མ་ཞུ་བའི་སྐབས་ཆུ་ཚན་འཐུང་བ་དང་། རྨ་ཁ་ནས་ཁྲག་ཐོན་སྐབས་རི་དྭགས་ཀྱི་པགས་སྤུས་གླན་པ་སོགས་ཀྱིས་མཚོན་གསོ་དཔྱད་ལག་ལེན་སྐོར་གྱི་མྱུ་གུའི་རིགས་ཀྱང་ཐོན་པ་དང་སྦྲགས་རུས་རྒྱུད་དང་། ཚོ་བ་ཁག་ཆགས་ཤིང་འཕེལ་དེ་སེ་དང་རྨུ་སོགས་རུས་ཆེན་པོ་བཞི་འམ་དྲུག་ཏུ་གྱེས་ནས་རིམ་བཞིན་རྒྱལ་ཕྲན་ཉེར་ལྔ། སིལ་མ་བཞི་བཅུ། གླིང་དགུ། སྟོང་སྡེ་བཅོ་བརྒྱད་སོགས་སུ་གྱུར་ནས་ཡུལ་ཡང་ཞང་ཞུང་སྒོ་ཕུགས་བར་གསུམ་སྟེ། ཞང་ཞུང་ཕུགས་(མངའ་རིས་དང་ལ་དྭགས་རྒྱུད་) ཞང་ཞུང་བར་(དབུས་གཙང་རྒྱུད་) ཞང་ཞུང་སྒོ་(མདོ་ཁམས་རྒྱུད་)བཅས་ཀྱི་སྲོལ་བྱུང་བར་གྲགས་ཞེས་༼བོན་གྱི་བསྟན་འབྱུང་༽དང་། ༼འབེལ་གཏམ་ལུང་གི་གཉེན་པོ་༽སོགས་ལས་གསུངས་པར་ར་སྤྲོད་ཀྱི་སྒྲུབ་བྱེད་ཁུངས་དང་ལྡན་པ་མང་པོ་ཞིག་ཡོད་པ་དང་།

            གཞན་ཡང་བོད་ཀྱི་ཡིག་ཚང་ཁུངས་ལྡན་དག་ལ་བརྟག་ན། བོད་ཅེས་པ་ཐོག་མར་ཡར་ཀླུང་ཚོ་བ་ཁག་ལ་གོ་དགོས་ཤིང་། དེ་དར་རྒྱས་ཆེན་པོ་བྱུང་ནས་རིམ་བཞིན་ཞང་ཞུང་དང་། སུམ་པ། ལོ་ཡུལ། འ་ཞ། དྲུ་གུ། འཇང་སོགས་དབང་དུ་བསྡུས་ནས་བོད་ཆེན་པོར་གྱུར་བ་སྟེ་ཆུང་བ་ནས་ཆེ་བར་དར་བ་ཡིན་ལ། ཞང་ཞུང་ནི་དེ་ལས་ལྡོག་སྟེ། ད་ལྟའི་བོད་ཁམས་ཕལ་མོ་ཆེ་ཐོག་མའི་དུས་སུ་ཞང་ཞུང་མངའ་རིས་སུ་གཏོགས་པ་བོན་གྱི་ཡིག་ཚང་དག་ཏུ་གསལ་ཞིང་དེ་རིམ་བཞིན་ཇེ་ཆུང་དུ་གྱུར་བ་དེའི་ཕྱིས་ཀྱི་ལོ་རྒྱུས་ལས་རྟོགས་ཐུབ། ཡར་ཀླུང་ཚོ་བ་ཁག་དར་རྒྱས་བྱུང་བ་ཆེས་སྔ་ན་ཡང་གཉའ་ཁྲི་བཙན་པོའི་སྔོན་དུ་བརྕི་རྒྱུ་མེད་དེ། ཞང་ཞུང་རྒྱལ་རྒྱུད་ནི་གཉའ་ཁྲི་བཙན་པོའི་སྔོན་ནས་བྱུང་ཡོད། ཤར་ཕྱོགས་ནས་ཁྱུང་བོ་རི་རྩེ་དྲུག་དང་ཚོ་བ་སོ་དགུ། རྒྱ་སྡེ་ཉེར་ལྔ་སོགས་ཞང་ཞུང་དུ་འདུས་པས་ད་ལྟའི་བོད་ཁམས་ཕལ་མོ་ཆེ་དང་པོའི་དུས་ལ་ཞང་ཞུང་དུ་གཏོགས་པ་བསྙོན་དུ་མེད།

            དེང་དུས་ཀྱི་ཚན་རིག་པ་ཁག་གཅིག་གིས་བསྐལ་བ་ཡ་ཐོག་གི་མིའི་འབྱུང་ཁུངས་དེ་ཉའི་རིགས་ལས་ཆད་པར་བཤད་ཡོད་ལ། ཡང་ཁག་གཅིག་གིས་སྤྲ་དང་སྤྲེའུ་འདྲ་བའི་གོག་འགྲོ་སེམས་ཅན་ཞིག་ལས་དུས་དང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་མི་རུ་གྱུར་ཚུལ་བཤད་ཡོད། ཐུབ་བསྟན་པའི་མཁས་པ་ཕལ་མོ་ཆེས་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་རང་རེ་མི་རིགས་འདི་མཆེད་པར་འདོད། བོན་བསྟན་མཁས་པ་དག་གིས་བཞེད་ཚུལ་ལ་ཐོག་མར་འབྱུང་བའི་ཁམས་རྣམས་ཇི་ལྟར་གྲུབ་ཅིང་འབྱུང་བའི་ནུས་ཤུགས་འདུས་པ་ལས་རྡུལ་ཕྲན་གྱི་ཕུང་པོ་དང་། དེ་ལས་སྣོད་བཅུད་ཀྱི་འཕེལ་རྒྱས་བྱུང་བའི་ཚུལ་༼སྲིད་པའི་མཛོད་སྦུག་གི་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་༽ལས། “ཕྱི་ནང་སྣོད་བཅུད་གང་ཡང་མ་སྲིད་པའི་སྔོན། ཅི་ཡང་མ་ཡིན་པའི་དབྱིངས། ནམ་མཁའི་སྟོང་ལྡན་ཕྱོད་སུམ་རྗེ་ཞེས་བྱ་བར་གནས་སོ།།” ཞེས་དང་། དེ་ལས། “འབྱུང་བ་ལྔའི་རུ་མར་ཡོད་དེ། མཐིང་མཆོག་གསལ་བའི་ནམ་མཁའ་དང་། རླུང་ཁ་སྟེ་ཡང་རྕོལ་དང་། མེ་ཁྲི་དམར་རྒྱལ་བ་དང་། ཆུ་ལྡེའོ་ཁ་ཤོ་དང་། ས་གླིང་བཞི་ལྡེགས་པ་དང་ལྔ་ནི་འབྱུང་ལྔར་གནས་སོ།། ”ཞེས་དང་ཡང་དེ་ལས། “འདེགས་པའི་རླུང་གི་གྲང་རྔབ་དང་། ཚ་བ་མེའི་དབལ་དྲོད་ལས། ཆུ་ཟིལ་དང་ཕྲོམ་དུ་ཆགས་སོ།། དེ་ལ་རྡུལ་ཕྲན་རབ་ཏུ་ཆགས་ཏེ། མཁའ་ལ་རྒྱུ་བའི་རླུང་གིས་བསྲུབས་པས། རླུང་དང་རི་རབ་ཀྱི་བར་དུ་བརྕེགས་ཏེ་ཆགས་སོ།། ” ཞེས་གསུངས་པ་ལྟར། འབྱུང་བའི་ཕུང་བོ་དེ་དག་ལས་བོད་ཡ་ཐོག་གི་མི་རྒྱུད་རྣམས་ཀྱི་འབྱུང་ཁུངས་དང་། བོན་གྱི་བསྟན་པ་དང་དེར་འབྲེལ་གྱི་ཤེས་རིག་རྣམས་ཐོག་མར་ཡུལ་གངས་ཆེན་པོ་ཏི་སེ་དང་མཚོ་མ་ཕམ་གྱི་ཡུལ་དུ་བཤད་ལ། མི་རྒྱུད་ཀྱི་ཐོག་མ་དེ་སྲིད་པ་ཀློང་གི་སྒོ་ང་ལས་བྱུང་བའི་སྲིད་པ་ཡེ་སྨོན་རྒྱལ་བོ་སྨོན་པའི་མི་བོ་ལུམ་ལུམ་ནས་རིམ་གྱིས་རྩ་བའི་རུས་ཆེན་བཞིའམ་མིའུ་གདོང་དྲུག་སོགས་བོད་ཀྱི་མི་རྒྱུད་རྣམས་མཆེད་ཅིང་འཕེལ་བར་གྱུར་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་མ་བསྣུབས་བར་དུ་ལོ་ངོ་ཉིས་སྟོང་ཙམ་གྱི་རིང་ལ་ལོ་རྒྱུས་གྱི་འཕེལ་འགྲོས་དང་བསྟུན་ནས་ཡུལ་ཁམས་རྒྱ་ཁྱོན་ཇི་སྙེད་ཅིག་ལ་དབང་བསྒྱུར་བྱས་མྱོང་ཚུལ་གསལ་ཡོད། འོན་ཀྱང་ད་ལྟ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ལ་ལས་བོད་ཀྱི་ལོ་རྒྱུས་དེ་བོད་རྒྱལ་སྲོང་བཙན་སྒམ་པོ་ནས་མ་གཏོགས་མི་རྩི་བར་མ་ཟད། དེའི་ཡར་སྔོན་གྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པའི་བོད་རྒྱལ་རིམ་བྱོན་གྱི་དུས་ལ་ངག་རྒྱུན་གྱི་དུས་རབས་ཞེས་མིང་བཏགས་ཤིང་། རྒྱལ་པོ་དེ་དག་ལོ་རྒྱུས་སྟེང་དུ་དངོས་སུ་གནས་མྱོང་མིན་ལའང་དོགས་པ་ཟོས།

ཡང་ཁག་གཅིག་གིས་བོད་ཀྱི་ལོ་རྒྱུས་སྟེང་དུ་ཁྱིམ་མཚེས་རྒྱ་དཀར་ནག་དང་རིག་གནས་བརྗེ་རེས་བྱས་པ་སོགས་ཀྱི་དོན་བྱ་ཁ་ཤས་ནེ་ཙོའི་བཟླས་བརྗོད་ཇི་བཞིན་ལྕེ་རྟེན་དུ་བཟུང་ཞིང་བོད་ཀྱི་རིག་གནས་ཀྱི་ཁུངས་ཐམས་ཅད་དེ་ཚོ་ལ་གཏུགས་དགོས་ཤིང་། དེ་ཚོ་མེད་ན་བོད་ལ་རིག་གནས་ཀྱི་འབྱུང་འཁུངས་མེད་པའི་ལྟ་ཚུལ་འཛིན་བཞིན་ཡོད། དེ་ནི་རང་རེའི་མེས་པོ་རྣམས་ཀྱི་ཤེས་འཇོན་ལ་གདེང་འཇོག་མ་ཐུབ་པ་དང་བོད་མི་རིགས་ཀྱི་ཡུན་རིང་པོའི་ལོ་རྒྱུས་དང་ཤེས་རིག་འོད་སྟོང་འབར་བའི་སྟེང་ཐལ་བ་བཀབ་པ་དང་གཉིས་སུ་མ་མཆིས་པས། དེ་དག་ནི་དོན་གྱིས་སྟོངས་པ་དང་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་ཞེན་གྱི་ཁོར་ཡུག་ཁོ་ན་ལས་མ་འདས་པས་ཐོས་མ་ཐག་ཏུ་རྣ་བར་གཟོན་པ་ཞིག་ཡིན་མོད། དེ་ལ་ཞིབ་ཏུ་བསམ་བློ་ཞིག་བཏང་ན་འབྱུང་རྐྱེན་དེར་གཤམ་གསལ་དོན་ཚན་གསུམ་འདུག་པར་སྙམ། བོད་སྔ་རབས་(སྲོང་བཙན་ཡན་)ཀྱི་ལོ་རྒྱུས་རྣམས་ནང་ཆོས་དང་འབྲེལ་མེད་དགོངས་ནས་སྲོང་བཙན་ཡར་སྔོན་གྱི་བོད་རྒྱལ་རིམ་བྱོན་ལ་མཚན་ཙམ་དང་དེ་དག་གི་དོན་བྱ་གཙོ་བོ་ཡང་ཉུང་ཟད་དམ་རེ་ཙམ་མ་གཏོགས་བརྗོད་མེད་ཅིང་། དེ་དག་གི་ལོ་རྒྱུས་ཞིབ་ཏུ་བཀོད་པའི་བསྟན་བཅོས་རེ་ཟུང་བྱུང་མྱོང་མོད་ད་ལྟ་མི་བཞུགས་པ་དང་གཅིག འབྲེལ་ཡོད་ཁྱིམ་མཚེས་རྒྱ་ནག་གི་༼ཐང་ཡིག་གསར་རྙིང་༽དང་ཡིག་ཚང་ཁག་སོགས་སུ་བོད་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་མོད། སྲོང་བཙན་ཡར་སྔོན་དུ་བོད་དང་འབྲེལ་བ་མེད་པས་སྐབས་དེའི་ལོ་རྒྱུས་བཀོད་པ་ཤིན་ཏུ་ཉུང་ལ་དེར་བཀོད་པའི་བོད་ཀྱི་རྒྱལ་པོ་ཆེས་སྔ་བ་ནི་འོག་གི་བཙན་གསུམ་གྱི་ཡ་གྱལ་ཁྲི་ཐོག་བཙན་ཡིན་ཞིང་དེའི་ཡར་སྔོན་གྱི་རྒྱལ་རབས་ཉེར་ལྔ་ཡི་མཚན་ཙམ་ཡང་བཀོད་མེད་པ་དང་གཉིས། བོན་གྱི་བསྟན་འབྱུང་རྣམས་སུ་སྲོང་བཙན་ཡང་སྔོན་གྱི་ལོ་རྒྱུས་ཅུང་ཟད་རེ་བཀོད་པ་ཙམ་ལས། གཙོ་ཆེར་ཞང་ཞུང་རྒྱལ་རྒྱུད་དང་། བོན་གྱི་ལྟ་སྒོམ་སྤྱོད་གསུམ། རིག་གནས་སོགས་ཅུང་ཞིབ་རྒྱས་སུ་བཀོད་པས། དེ་ལ་མི་རིགས་རང་གི་ནང་ཁུལ་ནས་གྲུབ་མཐའི་ཕྱོགས་ལྷུང་དབང་གིས་ཕན་ཚུན་གྱི་རིག་གནས་དང་། ཆོས་འབྱུང་ཁག་ལ་རྩད་གཅོད་དང་ཞིབ་འཇུག་བྱེད་པའི་ལུགས་སྲོལ་མེད་ཅིང་། མི་རིགས་གཞན་གྱི་མཁས་པ་རྣམས་ཡིག་ཚང་དེ་དག་ལ་བལྟ་བའི་མཐུན་རྐྱེན་མ་འཛོམས་པ་བཅས་གསུམ་ལ་བརྟེན་ནས་ཞིབ་འཇུག་དེ་གྲུབ་ཆའི་མ་ལག་ཆ་ཚང་བ་ཞིག་ལ་སླེབས་མེད་པ་རྟོགས་ཐུབ་པ་ཡིན་ནོ།།

གསུམ་པ། བོན་ལུགས་མཁས་པའི་བཞེད་ཚུལ་ལ་དཔྱད་པ།

བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་དུ་བྱོན་པ་དང་དུས་མཉམ་བོན་སྟོན་གཤེན་རབ་སྟོད་གངས་དཀར་ཏི་སེར་སྐུ་འཁྲུངས། དེས་གསོ་བྱེད་ས་བཅད་མདོ་དགུ་དང་། འགྲེལ་བ་ཟླ་ཟེར། འབུམ་དཀར་ནག་ཁྲ་གསུམ་སོགས་སྨན་དཔྱད་ཀྱི་གཞུང་ལེ་ལག་བཅུ་གསུམ་ཙམ་གསུངས་ཡོད་ཚུལ་བོན་གྱི་ཡིག་ཚང་དག་ལས་གསལ་ཞིང་། ༼ཞང་བོད་ལོ་རྒྱུས་ཏི་སེ་འོད་༽ལས། “རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་མཆེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞེད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་ལེགས་འཁྲུངས་ཏེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས།། ” ཞེས་གསུངས་ཡོད་པ་འདིས་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་བ་རིག་པའི་བསྟན་པ་ཇི་ལྟར་བསྐྱངས་པ་དང་། དེ་དུས་ནས་གསོ་དཔྱད་ཀྱི་གཞུང་ཟབ་ལ་རྒྱ་ཆེ་བ་གང་དང་གང་འདྲ་ཞིག་སྤེལ་ཡོད་པའི་སྐོར་རྣམས་རགས་ཙམ་བསྟན་ཡོད་ལ། གསོ་བྱེད་ཉིས་ཁྲི་ཆིག་སྟོང་ཐུགས་ལ་བཀྲ་ཞེས་པའི་དགོངས་དོན་དེ་༼མདོ་དྲི་མེད་གཟི་བརྗིད་༽ལས། “དཔྱད་ཀྱིས་(ཀྱི་)རྒྱུད་སྡེ་ཆེན་པོ་བཞུང་(གཞུང་)ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉིས་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་བཤད་པར་མཛད་དེ། རྒྱལ་སྲས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ།། ”ཞེས་གསལ་བ་དང་། ལྷག་པར་དུ་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་གསོ་རིག་ལོ་རྒྱུས་༼ཤེས་བྱ་སྤྱིའི་ཁོག་འབུགས་༽ལས། “ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་གསོི་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཞེས་བྱ་བ་སྤུ་རངས་སུ་བྱོན་པ་བཤད་པའི་ཕྱིར་རོ།། ”ཞེས་དང་། གཡུ་ཐོག་རྙིང་མའི་༼རྣམ་ཐར་༽ལས་ཀྱང་། “གཡུ་ཐོག་ཆེན་པོ་མཐའ་བཞིའི་མཁས་པ་དགུ་དང་ཞལ་འཛོམས་ཀྱིས་རྒྱ་གར་སྨན་པའི་དྲི་བར་ལན་བསྐྱོན་སྐབས། ཞང་ཞུང་གི་ལུགས་ལ་༼ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་༽དང་། གཡུང་དྲུང་བོན་གྱི་ལུགས་ལ་༼ནད་ཞི་བར་བྱེད་པ་དུགས་ལུམས་བྱུགས་གསུམ་གྱི་རྒྱུད་༽ཁྲོམ་གྱི་ལུགས་ལ་༼ཆུ་དཔྱད་ཟླ་བསིལ་གྱི་རྒྱུད་༽”བཅས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། དེ་བཞིན་༼བློན་པོ་བཀང་ཐང་༽ལས་ཀྱང་། “གཉའ་ཁྲི་བཙན་པོ་ཁྲིར་འཁོད་ཁར་དོགས་པ་དྲུག་བཏོན་པ་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད་ཅེས་པའི་ལམ་དུ། བོན་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་སྡེས་བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་ལན་བཏབ་”ཚུལ་འཁོད་པར་གཞིགས་ན་གང་ཞིག་ལུས་སྲོག་ལ་གནོད་ཅིང་འཚེ་བ་དུག་ཡིན་པ་དང་། གང་ཞིག་ལུས་ཁམས་ལ་ཕན་ཞིང་སྲོག་འཚོ་བ་སྨན་ཡིན་པ་དེ་དབྱེ་འབྱེད་ཐུབ་པའི་ཤེས་རིག་ཡོད་པ་མ་ཟད། སྨན་ལ་བརྟེན་ནས་དུག་སེལ་བའི་ཐབས་ཤེས་ཀྱི་ཡོད་པ་བསྟན་ཡོད། ད་དུང་སྐབས་དེར་མར་ཁུ་བཞུས་ཏེ་རྨ་ཁའི་ཁྲག་གཅོད་པ་དང་། རྨས་སྐྱོན་ལ་སྦང་མའི་འཇིབ་བྱེད་པའི་ཐབས་ཤེས་སོགས་ནི་སྤྱི་འབངས་ཀྱི་ཁྲོད་དུའང་ཡོངས་ཁྱབ་ཏུ་སྤེལ་གྱི་ཡོད་པ་རེད། ཕྱོགས་མཚུངས་ད་ལྟའི་གསོ་རིག་༼རྒྱུད་བཞིའི་༽ནང་དུའང་ད་ཏྲིག་དང་། དར་ཡ་ཀན། སླེ་ཏྲེས། དུར་བྱིད་སོགས་སྨན་མིང་དང་། ཏྲེས་སམ་སོགས་སྨན་སྦྱོར་མིང་། ཏྲེམ་སོགས་ནད་གཞིའི་མིང་ལྟ་བུས་མཚོན་ཞང་ཞུང་གི་བརྡ་རྙིང་མང་པོ་སོར་བཞག་མཛད་ཡོད་ལ། ད་དུང་དཔལ་ལྡན་༼རྒྱུད་བཞིའི་༽མཇུག་དོན་སྐབས་ཀྱི་གཟུངས་སྔགས་འགའ་ཞིག་ནི་བོན་ཆོས་ཀྱི་བརྡ་རྙིང་ཁོ་ན་སྤོ་བཤུས་མཛད་ཡོད་པ་བཅས་ཀྱི་ཐོག་ནས་ཀྱང་ཞང་ཞུང་བོན་ལ་བརྟེན་པའི་གསོ་དཔྱད་ཀྱི་གཞུང་ཡོད་པ་གསལ་བོར་མཚོན་ཐུབ་ཀྱི་ཡོད་པ་མ་ཟད། ད་ལྟའི་གསོ་རིག་༼རྒྱུད་བཞིའི་༽ནང་གི་དོན་གནད་མང་པོ་ཞིག་རྨང་གཞི་དེ་དག་གི་ཐོག་ཏུ་ཁ་སྐོང་འཕེལ་རྒྱས་མཛད་པ་ཞིག་ཡིན་པའང་དེང་དུས་ཀྱི་སྲོང་པོར་སྨྲ་བའི་མཁས་པ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

            མདོར་ན། གོང་གསལ་གྱི་དངོས་དོན་དེ་དག་ལས་བོད་ཀྱི་ཡུལ་འདིར་གནའ་དུས་བོན་གྱི་བསྟན་པ་དར་བའི་སྐབས་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་ཤེས་རིག་སྤྱི་དང་། ལྷག་པར་གསོ་དཔྱད་སྨན་གྱི་རིག་པ་དང་། རྕིས་ཀྱི་རིག་པའི་ཁུངས་དར་ཞིང་རྒྱས་ཏེ་གསོ་དཔྱད་དང་། གསོ་དཔྱད་ཀྱི་རྐང་འཛིན་པ། གསོ་དཔྱད་ཀྱི་གཞུང་། གསོ་དཔྱད་ཀྱི་བསྟན་པ་ཟེར་བ་ཡོད་པ་དང་། བོད་རིགས་རྣམས་མི་རིགས་རང་ཉིད་ཀྱི་གསོ་དཔྱད་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་པའང་ལུང་རིགས་ཚད་མས་གྲུབ་པ་ཞིག་ཡིན་ནོ།།

            དེང་དུས་དངོས་ཡོད་བོན་གྱི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་ཡིག་ཆ་ནི་༼བདུད་རྕི་བང་མཛོད་འབུམ་བཞི་༽རུ་གྲགས་པ། བུ་འཚོ་སྲིད་པའི་རྒྱལ་པོའི་གཏེར་མའི་སྐོར་རྩ་བ་ཐུགས་འབུམ་སྔོན་པོ། འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱེད་ནད་འབུམ་ནག་པོ། ཞེས་སུ་གྲགས་པ་འདི་བཞི་ཡོད་པ་དེ་རྣམས་ནི་མདོ་སྡེ་ཆེན་པོ་དགུ་རུ་གྲགས་པའི་ནང་ཚན་གྱི་འབུམ་བཞི་ཡིན་པ་དང་། དེང་དུས་ཡོངས་གྲགས་ཀྱི་རྒྱུད་བཞི་འདིའང་གཞི་རྩའི་འབྱུང་ཁུངས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔའི་ནང་ཚན་དུ་གྱུར་བ་ཞིག་སྟེ། རྒྱུད་བཞིར་གྲགས་པ་འདི་རྣམས་ལོ་ཆེན་བེེ་རོ་ཙ་ནས་བོན་གྱི་སྨན་གཞུང་ལས་བླངས་པ་ཞིག་ཡིན་པའི་རྟགས་སུ་ཞུ་བ་བོའི་འཁོར་དྲང་སྲོང་དང་། ནད་བཅོས་ཀྱི་སྔགས་(གནའ་བོའི་བོད་སྐད་དུ་བོན་ཞེས་པ་ནི་བཟླ་བའི་དོན་ཏེ། དེ་ནི་སྔགས་བཟླ་བའི་དོན་ཡིན་ལ། སུ་ཞིག་གིས་སྔགས་མང་དུ་བཟླ་ཞིང་། དེའི་མཐུ་ལ་བརྟེན་ནས་གནས་སྐབས་ཀྱི་དཀའ་ངལ་ཅི་རིགས་སེལ་ཐུབ་མཁན་དེ་ལ་བོན་པོ་ཞེས་པའི་ཐ་སྙད་བྱུང་འདུག སྔགས་བཟླ་བ་ཙམ་ཏུ་མ་ཟད། དུས་རིམ་གྱི་ནང་དུ་སྔགས་དང་འབྲེལ་བའི་ཆོ་ག་ཅི་རིགས་པ་དར་བ་དེ་ཀུན་ལ་བོན་ཀྱི་ཐ་སྙད་བྱུང་འདུག་པས་བོན་ཞེས་པ་དེ་ལུགས་གཅིག་ཁོ་ནའི་མིང་མ་ཡིན་པ་དེ་ཐོག་ནས་ཤེས་ཐུབ་པ་ཡིན།)རྣམས་ཞང་ཞུང་གི་སྐད་རང་སོར་བཞག་ཡོད་པ་སོགས་ཀྱི་ཤེས་ཐུབ་པའི་ཚུལ་ཉི་མ་བསྟན་འཛིན་(རབ་བྱུང་༡༤)གྱིས་མཛད་པའི་བཀའ་འགྱུར་སྒྲིག་བྱང་ནང་དུ་གསལ་བར་གསུངས་ཡོད། དཔྱད་ཀྱི་སྐོར་ཇི་ལྟར་དར་ཡོད་ཚུལ་ཡོངས་གྲགས་ཞལ་གསལ་བ་ཞིག་ནི་༼ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་༽ལས། “སྲས་དམུས་ལོང་དེ་འ་ཞའི་(མདོ་སྨད་ཙོང་ཁའི་ཡུལ་གྱི་རྒྱལ་ཕྲན་བྱེ་བྲག་ཅིག་གི་མིང་)སྨན་པས་ཕྱིང་ང་སྟག་རྕེར་མིག་ཕྱེ་བས་(ཕྱེས་པས་)སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་གྱིས་རྕྭ་ཟ་བ་མཐོང་བས་མཚན་བསྒྱུར་ནས་སྟག་རི་གཉན་གཟིགས་སུ་གྲགས་”པ་སོགས་ངོ་མཚར་བའི་གཏམ་ཡོད་པར་དཔགས་ན། བོད་ལ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ས་གནས་རང་བཞིན་ལྡན་པའི་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱས་པ་བརྒྱུད་བོད་ཀྱི་ཡུལ་ཐོན་སྐྱེས་དངོས་དང་། རྩི་ཤིང་། གཏེར་རྫས། སྲོག་ཆགས་སོགས་ཀྱི་སྨན་ལ་བརྟེན་ནས་ནད་གསོ་བའི་ཆོས་ཉིད་ངོས་འཛིན་ཐུབ་སྟེ། དེའི་མཇུག་བསྡོམས་ལ་དུག་ཡོད་ན་སྨན་ཡོད་ཅེས་པའི་ཚན་རིག་གི་གཏན་ཚིགས་རིག་པ་དང་མཐུན་པའི་བཤད་ཚུལ་བཀོད་ཡོད། གཞན་ཡང་མར་ལ་བརྟེན་ནས་ཁྲག་གཅོད་པ་དང་། ཆང་ལ་བརྟེན་ནས་རྨ་བཅོས་པ་སོགས་རྫས་སྦྱོར་རིག་པ་ལ་བརྟེན་ནས་ནད་རིགས་བཅོས་ཐབས་གནའ་སྔ་མོ་ནས་ཡོད་པ་དང་ལྷག་པར་དུ་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་གནའ་རབས་བོད་ཀྱི་སྨན་གཞུང་༼གསོ་རིག་རྒྱུ་ཆ་བདམ་བསྒྲིགས༽མདོར་བསྡུས་ཤིག་གི་ནང་། “དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ། དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ།། ”ཞེས་དང་། ཡང་དེའི་ནང་སྤང་རྒྱན་དང་། གུར་གུམ། ལྕུམ་རྩ་སོགས་སྐྱེ་དངོས་རིགས་ཀྱི་སྨན་སྣ་ཁ་ཉི་ཤུ་རྩ་བཞི། གླང་རྕི་དང་དོམ་མཁྲིས་སོགས་སྲོག་ཆགས་རིགས་ལས་བྱུང་བའི་སྨན་སྣ་ཁ་ཉི་ཤུ་རྩ་ལྔ། གསེར། གཡུ། དངུལ་ཆུ། རྒྱ་ཚ་སོགས་གཏེར་ཁ་རིགས་ལས་བྱུང་བའི་སྨན་སྣ་ཁ་བདུན་བཅས་ལ་བརྟེན་ནས་སྨན་བཅོས་བྱ་ཚུལ་འཁོད་འདུག་པ་མ་ཟད། སྨན་བཅོས་བྱ་ཐབས་དེ་དག་ནང་ནས་མང་པོ་ཞིག་དེང་སང་ཡང་ལག་ལེན་བསྟར་མུས་སུ་ཡོད་པ་སྤང་རྒྱན་གྱིས་མིད་པའི་ནད་ལ་ཕན་ཚུལ་དང་། དོམ་མཁྲིས་རྨ་ཁར་བཏབ་ན་ཁྲག་གཅོད། རྕངས་པའི་ཤས་རོ་ཙ་བྱེད་པ་སོགས་དང་། ད་དུང་སྨན་དཔྱད་ཡིག་ཆ་དེའི་ནང་། “དམྱིག་སེར་(མིག་སེར་)དང་། ཤ་སེར་དང་། སྣ་ཁྲག་དང་། ཀླད་གཟེར་དང་། ལྟག་དགྱི་འི་དཔྱེད་ལ་འདི་རྣམས་ནི་རིམས་ཚ་བ་ཞེས་བྱ་ཏེ། ནད་གྱིས་ཐེབས་ནས་ཞག་གསུམ་ལོན་པ་དང་། སྤྱི་བོའི་རྒྱ་སྲུབས་སུ་མྱེ་བཙའ་བདུན་བཏབ་བོ། ”ཞེས་འདུག་པ་དེ་དག་ལ་གཞིགས་ཚེ་སྐབས་དེར་མཁྲིས་པ་མིག་སེར་དང་། ཀླད་གཟེར། འཛུམ་བུ་ལྟག་དགྱེ་བཅས་ཀྱི་ནད་གཞི་ངོས་ཟིན་ཡོད་པ་གཏན་འཁེལ་ཞིང་། སྨན་བཅོས་སྐབས་སུ་ག་བུར་དང་། གུར་གུམ། ལྕུམ་རྩ་སོགས་ཀྱིས་རིམས་ཚད་དང་ཤ་སེར་ནད་ལ་ཕན་པའི་སྐོར་བཤད་པ་བཞིན་སྨན་གཞུང་༼རྒྱུད་བཞི་༽ནང་དུའང་། ག་བུར་གྱིས་རྒྱས་ཚད་གསོད་པ་དང་། གུར་གུམ་གྱིས་མཆིན་མཁྲིས་ཚ་བ་སེལ་བ། ལྕུམ་རྩས་མཁྲིས་པ་སྦྱོང་བ་སོགས་རྒྱུ་མཚན་གཅིག་མཚུངས་སུ་གསུངས་ཡོད་པས། ཞང་ཞུང་ཡུལ་ནི་སྔ་རབས་བོད་ཀྱི་རིག་གཞུང་འབྱུང་ཁུངས་ལྟེ་བ་ཡིན་པ་དང་སྨན་དཔྱད་སྐོར་ནས་བཤད་ན་ཡང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་ར་སྤྲོད་བྱས་འདུག

སྨྲས་པ། བྷོ་ཊའི་གསོ་རིག་གཞུང་བཟང་མན་ངག་འོ་མའི་མཚོ། །

གཏིང་མཐའ་འདི་ཞེས་ཁོ་བོས་དཔག་པར་ནུས་མིན་ཀྱང་། །

ཐོག་མའི་འབྱུང་ཁུངས་ཆ་ཙམ་དད་པའི་སྙིམ་པ་ཡིས། །

བཅུས་པའི་འཁུར་འདི་དང་དུ་བླངས་ལ་ནོངས་པ་ཅི། །

ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

 

བཞི་པ། ཐུབ་བསྟན་པའི་མཁས་པའི་བཞེད་ཚུལ་ལ་དཔྱད་པ།

བསིལ་ལྡན་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་གངས་ཅན་ལྗོངས་འདིར་གསོ་དཔྱད་ཀྱི་རིག་པ་བྱུང་ཚུལ་ལ། ༼ཁོག་འབུགས་ལེགས་བཤད་བེེཌཱུརྱའི་མེ་ལོང་།༽ དང་། ༼གསོ་རིག་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་།༽ སོགས་ཀྱི་དགོངས་དོན་ལྟར་ན། བོད་ཡུལ་འདིར་ཆོས་རྒྱལ་གནམ་རི་སྲོང་བཙན་ཡན་ལ་བོད་རང་ལ་ཡི་གེ་མེད་པས། སྨན་དཔྱད་ཀྱི་གཞུང་ལུགས་ལ་བརྟེན་པའི་བརྟག་ཚུལ་དང་གསོ་ཐབས་མེད་ཅིང་། ཟས་ལ་ཕན་གནོད་ཤེས་པ་ཙམ་དང་། རྨ་གསར་པ་ལ་མར་ཁུས་རྩ་ཁ་སྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་བོད་ཡུལ་འདིར་མི་ཆགས་པ་ནས་བཟུང་ཡོད་པར་ཁ་ཅིག་གིས་བཤད་ནའང་། གཡུ་ཐོག་གདུང་རབས་གོང་མའི་རྟོགས་བརྗོད་ཁག་ལས་ནད་པ་ནད་ཀྱིས་ཐེབས་ནས་ཤི་གསོས་ཐག་མ་ཆོད་བར་དུ་སྒོར་དབྱུང་བ་ལས་གསོ་ཐབས་མེད་པར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་བི་བྱི་དགའ་བྱེད་དང་སྲིང་མོ་བི་ལྷ་དགའ་མཛེས་གཉིས་ཀྱིས་གསོ་དཔྱད་ཀྱི་བསྟན་པ་བཙུགས། དེ་རྗེས་གནམ་རི་སྲོང་བཙན་གྱི་དུས་རྒྱ་ནག་ནས་སྨན་དང་རྩིས་ཀྱི་ཆ་ལག་འགའ་ཞིག་བླངས་པར་བཤད་ཀྱང་འདི་ཡིན་ཁོག་འབུགས་ཁག་གང་ལའང་གསལ་བར་མ་སྣང་། དེ་ནས་འཕགས་པ་འཇིག་རྟེན་དབང་ཕྱུག་མི་རྗེའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོ་རྒྱལ་སར་ཕེབས་ཏེ་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་སྐབས་སྨན་དཔྱད་ཆེན་མོར་གྲགས་པ་སོགས་སྨན་རྩིས་ཀྱི་ཆ་ལག་མང་པོ་བོད་དུ་བསྣམས་ཕེབས་པ་དང་། ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག སྟག་གཟིག་བཅས་ནས་སྨན་པ་གྲགས་ཅན་གསུམ་རྒྱལ་པོའི་སྙུན་གསོ་བའི་ཕྱིར་གདན་དྲངས་ཏེ་རྒྱལ་ཁབ་དེ་དག་གི་སྨན་དཔྱད་ཐམས་ཅད་ཀྱི་ཉིང་བཅུད་འདུས་པའི་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་༼མི་འཇིགས་མཚོན་ཆ་༽ཞེས་པ་བརྩམས་སུ་བཅུག། དེ་ལས། “ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོ་སྙབ་བཞིན། །བྷ་ར་དྷྭ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལེས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་། །ཧན་བན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས།། ”ཞེས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད། རྒྱ་དཀར་ནག་གཉིས་ཀྱི་སྨན་པ་ལ་རྒྱལ་པོས་བྱ་དགའ་གྱ་ནོམ་པ་ཕུལ་ཏེ་རང་རང་ཡུལ་དུ་བཞུད། སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ག་ལེས་ནོས་རྗེའི་བླ་སྨན་དུ་བཞུགས། ཕལ་ཆེར་ལྷ་སར་གཏན་ཆགས་ཤིང་བསྟན་བཅོས་ཀྱང་མང་དུ་བརྩམས་པར་གྲགས་སོ། ཡུམ་ཁབ་ཏུ་བཞེས་པའི་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་བྱ་བའི་བརྒྱུད་པ་དང་། འབྲིང་བ་གཡོར་པོར་བརྫངས་པས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུ་བཅར་བར་སོག་པོ་སྨན་པ་ཞེས་གླེང་། དེས་ད་དུང་རིགས་ངན་བཞི་ལ་སྨན་དཔྱད་སློབ་ཏུ་བཅུག་ནས་རིགས་བཟང་ངན་དང་མཐོ་དམན་མེད་པར་སྨན་དཔྱད་འཆོས་པ་སོགས། དེ་ནས་བཟུང་བོད་ཡུལ་འདིར་གསོ་བ་རིག་པའི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་རྣམས་བར་སྣང་མཁའ་དང་སྐར་ཚོགས་ལ་ཅོ་འདྲི་བ་ལྟ་བུ་ཞིག་བྱུང་ཚུལ་གོང་གསལ་ཁོག་འབུགས་གཙོས་ཆོས་འབྱུང་ཁག་ལ་གཅིག་མཚུངས་སུ་གསལ་ཡོད་པ་འདིར་དཔྱད་པར་བྱ་བ་ལ།

            ༡། གོང་གསལ་བཞེད་ཚུལ་ལ་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་༼ཤེས་བྱ་སྤྱིའི་ཁོག་འབུགས་༽ནང་ “ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིབ་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ།། ”ཞེས་གསུངས་པ་ནི་མཁས་དབང་གང་ཉིད་གཞན་གྱི་ཟེར་སྒྲོས་རྗེས་སུ་མི་འབྲངས་བར་དོན་ལ་དཔྱོད་པའི་བློ་གྲོས་ཀྱིས་ལོ་རྒྱུས་དང་མཐུན་པར་བཞག་པའི་སྡོམ་ཚིག་ཡང་དག་ཅིག་ཡིན་པར་སེམས།

            ༢། དེ་དང་ཕྱོགས་མཚུངས་གཉའ་ཁྲིའི་དུས་སུ་སྨན་དཔྱད་དར་ཚུལ་སྐོར། ཡར་རྗེ་ཨུ་རྒྱན་གླིང་པས་གཏེར་ནས་སྤྱན་དྲངས་པའི་བཀའ་ཐང་སྡེ་ལྔའི་ནང་ཚན་༼བློན་པོི་བཀའ་ཐང་༽ནང་། “བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ཀླུང་བཙན་ཐང་སྒོ་བཞིར་བྱོན་དུས་དོགས་པ་དྲུག་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད། ཅེས་གསུངས་པར།  རྩིབ་ལྷ་སྐར་མ་ཡོལ་སྡེས།  བོད་འདིར་རྐུ་ལ་ལན་ཡོད།  སྡང་ལ་བྱམས་ཡོད།  དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད། ”ཅེས་ཞུས་པའི་ནང་ནས་དུག་ལ་སྨན་ཡོད་ཅེས་པ་དེས་སྐབས་དེར་སྨན་དཔྱད་ཀྱི་སྲོལ་ཀ་དར་རྒྱས་བྱུང་སྟེ་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་ཤིན་ཏུ་གསལ།

            ༣། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་༼གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད༽ཅེས་པའི་ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་ཕྱོགས་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་ཕན་ཚུན་བགྲོ་གླེང་གནང་སྐབས། འཕགས་ཡུལ་གྱི་སྨན་པས། གསོ་བ་རིག་པའི་བཀའ་བབས་ཚུལ་ཇི་ལྟར་ཡིན་ཞེས་གཡུ་ཐོག་པར་དྲི་བ་བཏོན་དུས་རེ་རེ་བཞིན་ལན་བཏབ་པའི་ནང་། ཞང་ཞང་གི་ལུགས་ལ་ནད་ཐུར་དུ་བབས་པ་བཤལ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡུ་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་ཡོད་”ཅེས་གསལ་བ་ལྟར། བོད་ཀྱི་གསོ་རིག་༼རྒྱུད་བཞི་༽ཡི་ནང་ཚན་༼ཕྱི་མ་རྒྱུད་༽ཀྱི་སྦྱོང་བྱེད་ལས་ཀྱི་མདོ་ཞེས་པའི་ནང་བཤལ་གྱི་ལེའུ་ཡོད་པ་དང་། དེ་བཞིན་འཇམ་རྩུབ་དཔྱད་ཀྱི་མདོ་ཞེས་པར་འཇམ་པོའི་དཔྱད་དུགས་ལུམས་བྱུག་པ་གསུམ་གྱི་ལེའུ་སོ་སོར་ཡོད་པ་དེས་ཞང་བོད་གསོ་རིག་དབར་གྱི་ལོ་རྒྱུས་འབྲེལ་བ་དང་སྨན་དཔྱད་ཀྱི་རིག་པ་དེ་བོད་དུ་གནའ་རབས་ནས་དར་རྒྱས་བྱུང་ཡོད་པ་མཚོན་ཐུབ།

            ༤། རབ་བྱུང་དགུ་བའི་ནང་ཟུར་མཁར་བློ་གྲོས་རྒྱལ་པོས་གྲ་ཐང་རྒྱུད་བཞི་(སྤྱི་ལོི་ ༡༥༤༦ ལོར་ཟུར་མཁར་བློ་གྲོས་རྒྱལ་པོས་ལྷོ་ཁ་གྲ་ནང་རྫོང་གི་གྲ་ཐང་དགོན་པར་རྒྱུད་བཞི་ཞུ་དག་དང་པར་དུ་བརྐོས་པ་ལ་ཟེར།) ཞུ་དག་དང་། པར་བརྐོ་མཛད་དུས་དང་། དེ་རྗེས་མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་ནང་རྒྱུད་བཞིར་དག་བཅོས་གནང་སྐབས་འཕགས་ཡུལ་དང་། རྒྱ་ནག། ཏ་ཟིག་སོགས་ཀྱི་སྨན་གཞུང་དང་། ཡང་སྒོས་༼འཁོར་ལོ་རྒྱལ་པོའི་བེ་བུམ༽ལྟ་བུ་ཞང་ཞུང་གི་སྨན་གཞུང་ལ་གཞི་བཅོལ་མཛད་པ་མཇུག་བྱང་དུ་འཁོད་པར་གཞིགས་ཚེ། ལྷ་ཐོ་ཐོ་རི་སྙན་ཤལ་དང་སྲོང་བཙན་སྒམ་པོའི་དུས་རིམ་དེའི་ནང་གསོ་དཔྱད་ཀྱི་དབུ་བརྙེས་ཞེས་བརྗོད་པ་ནི་དོན་ལ་མི་གནས་ཤིང་། གསོ་བ་རིག་པའི་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་བོད་རང་གི་ཁྱད་ཆོས་ལྡན་པའི་གསོ་དཔྱད་ཀྱི་མ་ལག་ཆ་ཚང་བ་ཞིག་གྲུབ་པ་དང་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་ཤིག་ཡིན་པ་ནི་བསྙོན་དུ་མེད་ལ། སྲོང་བཙན་སྒམ་པོས་ཁྱིམ་མཚེས་ཡུལ་གྲུ་ཁག་ནས་མིང་དོན་མཚུངས་པའི་སྨན་པ་གྲགས་ཅན་གདན་དྲངས་པ་དང་འབྲེལ་ཕྱི་ཕྱོགས་ཀྱི་གསོ་རིག་གི་ཉིང་ཁུ་བསྡུ་ལེན་བྱེད་རྒྱུར་ཐུགས་དགོངས་བླ་ན་མེད་པ་ཞིག་བཞེས་ཡོད་པ་ནི་བོད་ཀྱི་གསོ་བ་རིག་པའི་ནང་གི་རི་ཛཾ། པར་པ་ཏ། ཨ་ག་རུ། ཀཎྚ་ཀ་རི། ཀུ་ཊ་ཛ། མ་ནུ་པ་ཏྲ་སོགས་ལེགས་སྦྱར་སྐད་ཇི་སྙེད་ཅིག་དང་། ལང་ཐང་ཙེ། ཧོང་ལེན། གི་ལྦང་། ཕྱི་རྒྱུད་སྐབས་ཀྱི་ཚོན་ཀན་ཆག་དང་གདགས་སྲིབ་རིག་པ་སོགས་རྒྱ་ནག་ཀྲུང་དབྱིའི་ཤུགས་རྐྱེན། ལྷག་པར་དུ་རྒྱུད་བཞི་ནང་དར་ཡ་ཀན་དང་། སླེ་ཏྲེས། ད་ཏྲིག མོན་ཆ་ར། བ་རུ་ར། ཏྲེས་སམ་ལྟ་བུ་སྔ་རབས་ཞང་ཞུང་གི་སྨན་མིང་བགྲང་གིས་མི་ལང་བ་མཐོང་རྒྱུ་ཡོད་པ་སོགས་གོང་ཞུས་དོན་དངོས་དེ་དག་ལས་བོད་ཀྱི་གསོ་བ་རིག་པ་དེ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་ནས་བཟུང་འཕེལ་རྒྱས་ཕྱིན་པ་ལས་དབུ་བརྙེས་པ་ཞིག་མིན་པ་བདེན་དཔང་དུ་གྲུབ་བོ། །

སྨྲས་པ། ཁ་བ་རི་བོར་གསོ་དཔྱད་བྱུང་ཚུལ་གྱི། །

གསལ་སྟོན་ཤེལ་དཀར་མེ་ལོང་གསར་བ་ཞིག།

འཚོ་མཛད་ཡིད་གཞུངས་འཚོ་བྱར་བཅས་པ་ཡི། །

བསོད་ནམས་མགྲོན་དུ་དེ་རིང་ཁོ་བོས་འགུགས། །

ཞེས་པ་ནི་བར་སྐབས་ངལ་གསོའི་ཚིགས་བཅད་དོ།། །།

 

ལྔ་པ། ༼རྒྱུད་བཞི་༽བཀའ་བསྟན་གང་ཡིན་ལ་དཔྱད་པ།

བོད་ཀྱི་གསོ་དཔྱད་རིག་པ་ཐམས་ཅད་ཀྱི་ཡང་སྙིང་༼རྒྱུད་བཞི་༽འདི་ཉིད་བཀའ་དང་བསྟན་བཅོས་གང་ཡིན་གྱི་སྐོར་ལ་བོད་སྔ་རབས་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་སྣ་ཚོགས་ཤིག་མཆིས་པ་མ་ཟད། དེ་བོད་དུ་གསོ་དཔྱད་རིག་པ་ཐོག་མའི་འབྱུང་ཁུངས་ཐད་ཀྱི་དཔྱད་གཞི་མེད་དུ་མི་རུང་བ་ཞིག་དང་། བོད་རྒྱལ་ཁབ་ཆེན་པོའི་གསོ་རིག་གི་བདག་དབང་དང་ཐད་ཀར་འབྲེལ་བའི་རྩ་ཆེའི་ལོ་རྒྱུས་ཤིག་ཆགས་ཡོད་པས། འདིར་ཕྱོགས་ལྷུང་གི་མཐའ་གཉིས་སྤངས་ཏེ་དཔྱད་བསྡུར་དང་ཕྱོགས་སྡོམ་ཙམ་ཞིག་འགོད་པར་བྱ་བ་ལ།

            དེ་ལ་དང་པོ་བཀའ་ཁོ་ན་ཡིན་པར་འདོད་མཁན་ནི་གཙོ་བོ་བྱང་ལུགས་ཡིན་ལ། ཟུར་ལུགས་དང་མདོ་སྟོད་སྨད་ཁུལ་དུ་དར་བའི་བྱང་ཟུར་འདྲེས་པ་སོགས་བོད་སྟོད་སྨད་བར་གསུམ་དུ་འཁྲུངས་པའི་སྨན་དཔྱད་ལ་མཁས་པར་གྲགས་པ་ཀུན་གྱིས་ཀྱང་ཡོངས་གྲགས་ལ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཡིན་པར་ཁས་ལེན་བྱེད། དེའི་རྒྱུ་མཚན་ནི་དཔལ་ལྡན་༼རྒྱུད་བཞི་༽བསྒྲིགས་ཚུལ་བཀའ་དང་མཐུན་ཞིང་བླ་བརྒྱུད་ཀྱང་སངས་རྒྱས་སྨན་གྱི་བླ་མའི་བར་དུ་ཐར་ཆགས་སུ་གྲུབ་ཡོད། ཁོག་འབུགས་རྙིང་ཤོས་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་བརྩམས་པའི་༼ཤེས་བྱ་རབ་གསལ་༽དང་། བྱང་པ་བཀྲ་ཤིས་དཔལ་བཟང་གིས་བརྩམས་པའི་༼རྣམ་ངེས་དཔག་བསམ་ལྗོན་ཤིང་༽མཚོ་སྨད་མཁན་ཆེན་སྐ་བ་ཤཱཀྱ་དབང་ཕྱུག་གིས་བརྩམས་པའི་༼ལེགས་བཤད་དངུལ་དཀར་མེ་ལོང་༽སོགས་སུ་གསུངས་ཡུལ་ཅུང་མི་མཐུན་ཙམ་ལས། “རྒྱུད་བཞི་སྟོན་པས་གསུངས། དྲང་སྲོང་ཡིད་ལས་སྐྱེས་ལ་གཏད། དེ་རྗེས་རི་བོ་གངས་ཅན་དུ་རྫུ་འཕྲུལ་གྱི་སྟོན་པའི་ཞལ་ནས་འོད་ཟེར་འཕྲོས་པས་ཡིད་ལས་སྐྱེས་བྱོན། འཚོ་བྱེད་གཞོན་ནུར་རྒྱུད་བཞི་གསུངས། དྲང་སྲོང་རྣམས་ཀྱིས་བསྡུས། བེེ་རོས་བོད་དུ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་གི་དུས་གཏེར་དུ་སྦས་པ། གྲ་བ་མངོན་ཤེས་ཀྱིས་བཏོན། གཡུ་ཐོག་པས་དར་རྒྱས་མཛད་”པའི་ཚུལ་སོགས་གསལ་ཡོད། ལྷག་པར་བྱང་པ་བཀྲ་ཤིས་དཔལ་བཟང་གིས་༼རྒྱུད་བཞི་བཀའ་སྒྲུབ་༽མཛད་ཡོད་ཅིང་། མི་དབང་སཱ་རའི་༼བེེ་དཀར་གཡའ་སེལ་༽ལས། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་དོན་གཅིག་ལ་རྒྱུད་བཞི་གསུངས་པར་བཤད་པ་དང་། སོག་པོ་ལུང་རིག་བསྟན་དར་གྱིས་མཛད་པ་༼གསོ་བ་རིག་པ་ཐམས་ཅད་ཀྱི་ཡང་རྩེ་དམ་པ་དཔལ་ལྡན་རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་སྔ་ཕྱི་གཉིས་དང་བེེ་ཌཱུརྱ་སྔོན་པོ་རྣམས་ཀྱི་མཐའ་དཔྱོད་ལེགས་པར་བཤད་པ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བ་༽ཞེས་པའི་ནང་། “དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། མུ་སྟེགས་ཐུབ་རྒྱལ་སྟེ་སློབ་དཔོན་དཔའ་བོ་གཉིས་རྒྱུད་འདིའི་རྒྱ་གར་གཏེར་སྟོན་ཡིན་ཞིང་། ”ཞེས་གསུངས་པ་སོགས་མདོ་དོན་རྒྱུད་འདི་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་མང་དག་ཅིག་ཡོད།

            ༼རྒྱུད་བཞི་༽འདི་བསྟན་བཅོས་སུ་བཞེད་མཁན་གཙོ་བོ་ནི། ཟུར་མཁར་བློ་གྲོས་རྒྱལ་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ཚང་ལོ་ཙཱ་བ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སི་ཏུ་པཎ་ཆེན། སྐྱེམས་པ་ཚེ་དབང་། འཚོ་བྱེད་ཆོས་སྐྱོང་དཔལ་བཟང་སོགས་མང་དུ་བྱུང་ཞིང་། དེ་ཡང་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་༼རྒྱུད་བཞི་བཀའ་བསྟན་གྱི་རྣམ་བཞག་མུན་སེལ་སྒྲོན་མེ་༽ལས། “རྒྱུད་བཞི་རྩོམ་མཁན་ནི་གཡུ་ཐོག་པ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཡིན་ནོ།། ”ཞེས་དང་། མངའ་རིས་འཚོ་བྱེད་ཆོས་སྐྱོང་དཔལ་བཟང་གིས་མཛད་པའི་༼གསོ་བ་རིག་པའི་ཁོག་འབུགས་བདུད་རྕི་ཆུ་རྒྱུན་༽ཞེས་པ་ལས། “རྒྱུད་བཞི་འདི་ཡང་དགོས་པའི་དབང་གིས་ཁ་འཕངས་པ་ཡིན་ཏེ་དོན་ལ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པ་ཡིན་མོད། དེང་སང་ས་སྐྱ་སྨན་གྲོང་པ། དྭགས་པོ་པཎྜིཏ། ཀོང་སྨན་བསོད་ནམས་བཀྲ་ཤིས་སོགས་མཁས་པ་རྣམས་བསྟན་བཅོས་ཡིན་པར་མཐུན་མོད། བླུན་པོ་གྲགས་པའི་རྗེས་སུ་འབྲངས་པ་ཕལ་ཆེར་བཀའ་ཡིན་ཟེར་བ་ལ་རྒྱུ་མཚན་ཅི་ཡང་མེད་པས་སྒྲུབ་བྱེད་ཆུང་།” ཞེས་བཀར་འདོད་མཁན་དག་ལ་བཀའ་བཀྱོན་ནན་ཙམ་གནང་ཡོད་པ་དང་། དེ་ཡང་༼སྐྱེམས་འགྲེལ་ལེགས་བཤད་སྨྲ་བའི་མཆོག་ཐོབ་༽ལས་ཀྱང་། “རྒྱུད་ཆེན་འདི་ཉིད་ནི། རྩོམ་གཞི་ལུང་གི་བརྒྱུད་པ། རྣམ་དཔྱད་འཆད་ཉན་གྱི་བརྒྱུད་པ། སྤྲུལ་བ་དོན་གྱི་བརྒྱུད་པ་གསུམ་གྱི་དང་པོ་ལྟར་ན། སངས་རྒྱས་སྨན་གྱི་བླ་བེེཌཱུརྱ་འོད་ཀྱི་རྒྱལ་པོའི་བཀའ་དང་། གཉིས་པ་ལྟར་ན་པཎྜི་ཏའི་བསྟན་བཅོས། གསུམ་པ་ལྟར་ན་རྗེ་བཙུན་མཧཱ་གུ་ཎས་གསོ་དཔྱད་གཞུང་ལུགས་བཏུས་ཏེ་མར་གྱི་སྙིང་པོ་ལྟར་གཅིག་ཏུ་དྲིལ་བ་ཡིན་ཏེ།” ཞེས་དང་། ཡང་དེ་ཉིད་ལས། “སློབ་དཔོན་གང་གིས་མཛད་པ། ཁུངས་གང་ལས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དགོས་ཆེད་གང་གི་ཕྱིར་བརྩམས་པ། དབུ་ཞབས་ཀྱི་ཚིག་དོན་སྟོན་པ་དང་ལྔ་ལས། དང་པོ་ནི། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད་གང་ལ་གང་འདུལ་གྱི་མཛད་པ་ཅན། གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་གྲགས་པ་དེ་ཉིད་ཀྱིས་མཛད་ལ།” ཞེས་གསུངས་ཡོད་པ་དང་། ཡང་སི་ཏུ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་༼ ཨེ་ཝཾ ༽ལས། “སྤྱིར་རིག་གནས་ཕལ་ཆེ་བ་ནི། རྒྱ་གར་ཆོས་ཀྱི་རྗེས་སུ་འབྲང་བར་འདུག་ལ། རྩིས་ནག་དང་ཀོང་ཙེའི་གཏོ་རྣམས་ནི་རྒྱ་ནག་པོའི་རྗེས་སུ་འབྲང་འདུག སྨན་འདི་ནི་རྒྱ་དཀར་ནག་དང་དེར་མ་འཐུས་པ་ཡུལ་ཕྲན་གཞན་ནས་ཀྱང་བླངས་པའི་གསོ་དཔྱད་རྣམས་ཀྱི་དོན་གྱི་ཆ་བསྡུས་ཤིང་། དེ་འང་བོད་ཡུལ་དུ་དར་བའི་སྨན་གྱི་རོ་ནུས་ཞུ་རྗེས་སོགས་སྔོན་གྱི་སློབ་དཔོན་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱིས་གཏན་ལ་ཕབ་པ་སྟེ། དེས་ན་སློབ་དཔོིན་དེ་དག་ནི་བོད་ཡུལ་གྱི་སྨན་གྱི་སྟོན་པར་གྱུར་ཅིང་། བསྟན་བཅོས་རྣམས་ཀྱང་བོད་གཞུང་དུ་གྱུར་བ་ཡིན་”ཞེས་པ་སོགས་མདོར་བསྡུ་ན་བཀའ་ཡིན་པར་འདོད་པ་དང་། བཀའ་དང་བསྟན་བཅོས་གཉིས་ཀར་འདོད་པ། བསྟན་བཅོས་ཁོ་ནར་འདོད་པ་དང་གསུམ་བྱུང་ཡོད།

            ༡། རྒྱུད་བཞི་འདི་བཀར་བཞེད་པ་དག་གིས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་དུ་གསུངས་པར་འདོད་པ་དང་། ཨུ་རྒྱན་གྱི་ཡུལ་དུ་གསུངས་པར་འདོད་པ། སྨན་གྱི་ནགས་སུ་གསུངས་པར་འདོད་པ་བཅས་གསུངས་ཡུལ་ཐད་བཞེད་པ་མི་མཐུན་པ་གསུམ་ཡོད་ལ།

            དེ་ཡང་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་གྱི་༼ཁོག་འབུགས་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོའམ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་༽ལས། “ཁ་ཅིག་རྡོ་རྗེ་གདན་ན་གསུངས་པར་འདོད་པ་སོགས་འདོད་པ་མི་གཅིག་པ་མང་པོ་རང་རང་སོ་སོའི་རྣམ་རྟོག་ལ་གང་ཤར་ཡི་གེར་བྲིས་པ་མ་གཏོགས། དེ་དག་རྣམས་ལ་ཁུངས་དང་རྒྱུ་མཚན་ལུང་རིགས་དང་འབྲེལ་བ་སྤུ་ཙམ་ཡང་མི་སྣང་ངོ་”ཞེས་དང་། “ཨུ་རྒྱན་གྱི་ཡུལ་དུ་གསུངས་པར་འདོད་པ་ཡང་དོན་མ་གོ་བའི་ཨུ་རྒྱན་གྱི་ཡུལ་མིག་གིས་མ་མཐོང་བ་གཞིར་བཞག་གི་གཏམ་མ་གཏོགས་ཁུངས་དང་རྒྱུ་མཚན་འབྲེལ་བའི་གཏམ་མ་ཡིན་ནོ།།”ཞེས་དགག་བཞག་མཛད་འདུག་ལ། བྱང་པ་བཀྲ་ཤིས་དཔལ་བཟང་གིས། “སྟོན་པ་ཕུན་ཚོགས་སངས་རྒྱས་སྨན་གྱི་བླ། །འཁོར་རྣམས་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །གཞན་ཡང་རྒྱལ་བ་དངོས་ཀྱི་གདུལ་བྱ་ལ། །ཆོས་ནི་ཕུན་ཚོགས་རྒྱུད་རྒྱལ་འདི་ཉིད་གསུང་། །གནས་ནི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །སྤྲུལ་པའི་གནས་ཆེན་ཨུ་རྒྱན་ཡུལ་ལས་ཀྱང་། །ལྷག་པར་མཆོག་གྱུར་རྡོ་རྗེ་གདན་ཉིད་དུ། །དུས་ཀྱི་མཆོག་གྱུར་ཐུབ་པ་ཞལ་བཞུགས་ཤིང་། །རྒྱུད་རྒྱལ་གསུངས་འདི་བླ་མེད་དུས་ཀྱི་མཆོག།” ཅེས་རྒྱུད་འདི་གསུངས་སའི་གནས་ནི་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་ཨུ་རྒྱན་གྱི་ཡུལ། རྡོ་རྗེ་གདན་སོགས་གང་ཟག་སོ་སོའི་མོས་པའི་རྗེས་སུ་འགྲེ་ལྡོག་བྱེད་པ་ལས་ངེས་གཏན་མེད་ཚུལ་གསུངས་ཡོད།

            ༢། སློབ་དཔོན་དབྱིག་གཉེན་གྱི་བཤད་མཛོད་ཆེན་མོའི་ལུང་དུམ་བུ་ལས། ཐུབ་མཆོག་དམ་པ་གནས་ཆེན་གང་དུ་ལོ་ཇི་ཙམ་བཞུགས་པར་གསུངས་པའི་ནང་དུ། “སྨན་གྱི་ནགས་སུ་ལོ་བཞི་སྟེ།” ཞེས་པའི་སྨན་གྱི་ནགས་དེ་བཅོམ་ལྡན་འདས་ཀྱིས་བཀའ་དང་བདེན་བཞིའི་ཆོས་འཁོར་བསྐོར་བའི་གནས་དེ་རུ་སྟོན་པ་ཤཱཀྱ་ཐུབ་པ་སྨན་བླས་སྐུར་བཞེངས་ཏེ་སྐུ་གསུང་ཐུགས་འཕྲིན་ལས་ལས་སྤྲུལ་པའི་རིག་པའི་ཡེ་ཤེས་མཆེད་བཞི་དང་། དྲང་སྲོང་ཡིད་ལས་སྐྱེས་ཞུ་བ་ཞུས་ལན་གྱི་ཚུལ་དུ་གསུང་པར་བཞེད་ཀྱང་། དེར་དགེ་སློང་ཕ་མས་བསྟེན་པར་རུང་མི་རུང་གི་སྨན་དང་། ཆོས་གོས་རྣམ་གསུམ་གྱི་གླེང་གཞིར་འཚོ་བྱེད་གཞོན་ནུའི་ལོ་རྒྱུས་ཙམ་ཞིག་བསྟན་པ་མ་གཏོགས། སྨན་པ་རྣམས་ཀྱིས་ཉམས་སུ་བླངས་བྱར་གྱུར་པའི་ཚིག་འགའ་ཡང་མི་སྣང་བ་དང་། དེ་ཡང་གསོ་སྦྱོང་དང་དབྱར་གནས་ཀྱི་གཞི་ལ་སོགས་པ་བཅུ་བདུན་གསུངས་པའི་གཞི་ལྔ་བ་སྨན་གྱི་གཞི་དང་དྲུག་པ་གོས་ཀྱི་གཞི་ཞེས་བྱ་བ་ཙམ་ལས་ནད་གཞི་སྨན་གྱི་སྐབས་དང་གསོ་བའི་གཞི་ཟེར་བའི་ཐ་སྙད་ཙམ་ཡང་མི་འདུག་ཞེས་དང་།

            ༣། དཔལ་དུས་ཀྱི་འཁོར་ལོའི་ནང་དུའང་། ལུས་ཆགས་པའི་ཚུལ་དང་བར་དུ་རྣམ་ཤེས་འཇུག་ཚུལ་སོགས་དང་། ཕྱི་ནང་གི་སྨན་བསྟེན་ཚུལ་དང་འབྲུམ་པ་བསྲུང་ཐབས། དངུལ་ཆུའི་བྱུང་ཚུལ་དང་སྦྱར་ཐབས། སྦྲུམ་མ་བདེ་བར་བཙའ་བའི་འཕྲུལ་འཁོར། བླ་གནས་ཀྱི་འཕོ་ཚུལ་སོགས་ཚེའི་རིག་བྱེད་རྣམས་དང་གོ་བསྟུན་ནས་གསུངས་པ་བཅས་མདོ་རྒྱུད་རྣམས་སུ་ཐོར་བུ་འབྱུང་བ་ལས་ཐུབ་མཆོག་དམ་པ་སྨན་གྱི་རྒྱུད་བཞི་གསུངས་པའི་ལོ་རྒྱུས་མ་སྣང་།

            ༤། རྒྱུད་བཞི་འདི་བཀའ་བསྟན་གཉིས་ཀར་འདོད་པ་དག་ཀྱང་ “གཙོ་བོ་ཙན་པ་ཤི་ལ་ཧཱ་སོགས་སྲས་གསུམ་གྱིས་བྱས་པའི་༼རིན་ཆེན་སྤུངས་པ་༽ཞེས་པའི་ནང་གསུངས་པའི་འཁྲུལ་ངག་འགར་བརྟེན་ནས་འགའ་ཞིག་ཅལ་ཅོལ་དུ་སྨྲ་ཡང་” ཞེས་ཟུར་མཁར་བས་དེ་དག་ལ་ལུང་དང་རིག་པའི་སྒོ་ནས་དགག་སྒྲུབ་གནད་དུ་འཁེལ་བ་མཛད་འདུག་པའི་ལེགས་བཤད་ཀྱང་མང་དུ་ཡོད་ནའང་ཡིག་ཚོགས་ལ་འཇིགས་པས་འདིར་རེ་ཞིག་མ་བཀོད་དོ།།

            ༥། དེ་ཡང་བརྒྱུད་ལུགས་ལ་སློབ་དཔོན་ཀླུ་སྒྲུབ་དང་དཔའ་བོ་སོགས་ལས་བརྒྱུད་པ་བཀར་འདོད་པ་དག་གིས་གསུངས་ཀྱང་། དེ་དག་ནི་རྒྱ་གར་གྱི་སྨན་གྱི་སྟོན་པ་ཆེན་པོ་ཡིན་པ་ད་ལྟའང་རྒྱ་གར་དང་བོད་ཡོངས་ལ་གྲགས་པ་དངོས་འབྲེལ་ཡང་། དེ་དག་གིས་མཛད་པའི་བསྟན་བཅོས་བོད་འགྱུར་ཁོངས་སུ་བསྟན་འགྱུར་ནང་གླེགས་བམ་པོ་ཏི་ལྔ་ཙམ་བཞུགས་པ་དེ་དག་རྣམས་ལ་བརྟག་ནའང་རྒྱུད་བཞིའི་འཕྲོས་ཙམ་ཡང་མི་འབྱུང་བ་དང་།

            ༦། རྒྱ་གར་གྱི་ཚེའི་རིག་བྱེད་དང་སིདྡྷའི་སྨན་སྟེ་རང་རེའི་ཁོག་འབུགས་རྣམས་སུ་ཕྱི་རོལ་མུ་སྟེགས་པའི་ལུགས་སུ་བཤད་པའི་ལོ་རྒྱུས་དག་ལའང་རྒྱུད་བཞི་བྱུང་བའི་ལོ་རྒྱུས་ད་ལྟ་བར་མི་འདུག་ཀྱང་། དེང་དུས་བོད་ཀྱི་གསོ་བ་རིག་པར་དོ་སྣང་ཅན་གྱི་རྒྱ་གར་པ་Vaidya Bhagwan Dash ནས་བརྩམས་བྲིས་གནང་པའི་ Encyclopaedia of Tibetan medicine ཞེས་པའི་ནང་། རྒྱུད་འདི་བཀར་སྒྲུབ་པ་ཁག་གིས་བེེ་རོས་རྒྱ་གར་ནས་བསྒྱུར་བར་འདོད་པའི་བཤད་ཚུལ་དེ་ཉིད་ཨ་འཐས་སུ་བཟུང་སྟེ་རྒྱུད་བཞི་དེ་སྔོན་རྒྱ་གར་དུ་བྱུང་མྱོང་བའི་ལོ་རྒྱུས་གསར་བཟོས་ཀྱིས་ “Indo-Tibetan medicine enshrined in rGyud-bZhi which was originally composed in Sanskrit and still available in Tibetan is a veritable treasure of centuries of accumulated experience.”ཞེས་དང་། ཡང་ལ་དྭགས་ཨམ་ཆི་ཚོགས་པ་ནས་འདོན་སྤེལ་བྱེད་བཞིན་པའི་༼གངས་ལྗོངས་གསོ་རིག་སྒྲོན་མེ།༽ཞེས་པའི་དུས་དེབ་(ཨང་༡། ༢༠༠༠)ནང་། “བོད་ཀྱི་གསོ་བ་རིག་པ་ནི་ནང་པའི་རིག་གནས་ཆེ་བ་ལྔའི་ནང་ཚན་གཏིང་ཟབ་པའི་སྨན་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་ཧི་མཱ་ལ་ཡའི་རི་རྒྱུད་དང་བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱིས་རྒྱ་སྐད་ནས་སྨན་གཞུང་གི་རྩ་བ་གཏན་ལ་ཕབ་ཅིང་དཀའ་ངལ་ལ་མ་འཛེམས་པར་རིམ་བཞིན་འགྲེལ་བ་རྒྱས་བསྡུས་མཐའ་ཡས་པ་བརྩམས་པ་སོགས་ཀྱི་རྐྱེན་ལས་ད་ལྟ་འཛམ་བུ་གླིང་ནང་སྙན་གྲགས་ཀྱི་བ་དན་མཐོ་རུ་མངོན་བཞིན་ཡོད།” ཅེས་འཁྱར་འཁྱོར་ཅན་གྱི་སྡོམ་ཚིག་ཅིག་བརྒྱབ་འདུག་པ་སོགས་ནི་དམིགས་ཡུལ་གང་ཡིན་ཆ་མ་འཚལ་ཡང་དེ་དག་ལ་ཁུངས་དང་སྒྲུབ་བྱེད་ཡང་དག་གང་ཡང་སྟོན་རྒྱུ་ཡོད་པ་མ་ཡིན་ནོ།།

            དེ་ཡང་ང་ཚོས་བོད་རིག་པར་ཞིབ་འཇུག་བྱེད་པའི་སྐབས་སུ་ཐུགས་ཟོན་གནང་དགོས་པའི་དོན་གནད་གལ་ཆེ་ཤོས་ཤིག་ལ། གངས་ཅན་པའི་ཡུལ་འདིར་བྱུང་བའི་ལོ་རྒྱུས་དེ་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་ཞེན་ཡོད་པ་ཙམ་གྱིས་ཐམས་ཅད་དེའི་དབང་དུ་བཏང་ན་རྩ་བ་ནས་མི་འགྲིག་ཅིང་། ལྷག་པར་དུ་དུས་རབས་ཉེར་གཅིག་པར་འཇིག་རྟེན་འདིའི་སྟེང་གི་བྱ་དངོས་ཀུན་ལ་ཞིབ་འཇུག་གི་ཚ་རླབས་འཕྱུར་བའི་སྐབས་འདིར་རང་རེས་བདེན་དོན་གང་ཡིན་འཚོལ་སྒྲུབ་ཀྱི་སྟེང་ནས་ལོ་རྒྱུས་རྣལ་མའི་རང་བཞིན་མཇལ་ཐུབ་པའི་ཆེད། ཞིབ་འཇུག་གི་བྱ་བ་གང་དང་གང་ཞིག་བྱེད་པ་དེ་གུ་དོག་པའི་བསམ་སྤྱོད་ལས་ཡོངས་སུ་འདས་པ་ཞིག་མ་བྱུང་ཕྱིན་དམིགས་ཡུལ་གྱི་ཡང་རྩེར་སླེབས་ཐུབ་པ་ཤིན་ཏུ་དཀའ་བ་ཡིན། དེང་དུས་ཀྱི་མཁས་རློམ་ཕལ་མོ་ཆེའི་བྲིས་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་ཁག་དང་། དེ་བས་ཀྱང་དུས་རབས་བདུན་པ་ནས་བཟུང་བོད་ཀྱི་མཁས་དབང་རིམ་བྱོན་གྱིས་ཐུབ་བསྟན་པའི་མཁས་པས་རྩོམ་འབྲི་གནང་བའི་ཡིག་ཆ་རྙིང་པ་དང་། གསུང་རྩོམ་ཁག་དཔྱད་གཞིར་བཟུང་སྟེ་ཞིབ་འཇུག་བྱས་པ་ལས། གནའ་རབས་ཞང་ཞུང་གི་ལོ་རྒྱུས་དང་བོན་བསྟན་པའི་མཁས་པས་བརྩམས་པའི་ཡིག་ཆའི་སྐོར་ལ་ཞིབ་འཇུག་དང་དོ་སྣང་སླེབས་མེད་པ་དེ་ནི་གྲུབ་མཐའི་ཤན་ཞུགས་པའི་ལྟ་བ་དེ་གཙང་སེལ་བྱེད་མ་ཐུབ་པའི་སྐྱོན་དུ་སྣང་། བོན་པོ་ཞེས་པ་དང་སངས་རྒྱས་པ་ཞེས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ནང་དུ། དུས་རབས་མི་འདྲ་བ་གཉིས་སུ་བྱུང་མྱོང་བའི་ཆོས་ལུགས་མི་འདྲ་བ་གཉིས་སམ། གྲུབ་མཐའི་ལྟ་གྲུབ་མི་འདྲ་བ་གཉིས་ཡིན་པ་ལས་མི་རིགས་མི་འདྲ་བ་གཉིས་སམ། ཡུལ་གྲུ་མི་འདྲ་བ་གཉིས་མ་ཡིན་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་རེད། དེས་ན་གྲུབ་མཐའ་གང་ཞིག་གི་ལོ་རྒྱུས་ཡིན་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པས། དེས་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ཚབ་བྱས་ནས་ཞིབ་འཇུག་བྱེད་མི་རུང་བར་བསམ།

            བོད་ཀྱི་གསོ་བ་རིག་པར་བཀའ་དྲིན་གཞལ་མེད་ཀྱི་མེས་པོ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོས་༼རྒྱུད་བཞི་༽རྩོམ་པའི་སྐབས་དེ་ནི་སངས་རྒྱས་ཆོས་ལུགས་བོད་སྟོད་སྨད་བར་གསུམ་དུ་དཔྱིད་ཀྱི་དཔལ་ཡོན་དང་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་དར་རྒྱས་འགྲོ་བཞིན་པའི་སྒང་ཡིན་པས། བོད་ཀྱི་མཁས་བླུན་བར་མ་རྣམས་ཀྱིས་སྟོན་པ་དང་རྒྱ་གར་གྱི་མཁས་པས་མཛད་པའི་བསྟན་བཅོས་ལ་ཡིད་ཆེས་དང་དག་སྣང་བྱེད་པ་དང་གཅིག བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་དང་ཁྱད་པར་དུ་བོན་ལ་སྡང་ཟུག་དང་བོན་པའི་གཞུང་ལུགས་ཀུན་ལ་ཁྱད་གསོད་དང་བརྕི་མཐོང་མི་བྱེད་པ་དང་གཉིས། ཚིག་ལ་བལྟ་ཞིང་དོན་ལ་མི་དཔྱོད་པ་རྣམས་ཀྱི་ངོར་བཀའ་ལྟར་བྱས་ན་༼རྒྱུད་བཞི་༽འཕྲིན་ལས་འཕེལ་བ་དང་ཕྱོགས་མེད་འགྲོ་བ་ནད་པ་ཡོངས་འཆི་བདག་གི་བདུད་ལས་སྐྱོབ་ཐུབ་པ་བཅས་གསུམ་ལ་དམིགས་ཏེ་བོད་རང་ལ་ཡོད་པའི་བོན་ལུགས་ཀྱི་འབུམ་དཀར་ནག་ཁྲ་གསུམ་སོགས་ལ་གཞི་བཅོལ་ཏེ་སྔོན་ནས་དར་རྒྱས་བྱུང་ཡོད་པའི་སྨན་དཔྱད་ཀྱི་འབུམ་བཅོས་ཐབས་སྣ་ཚོགས་དང་ཉམས་ཡིག་ཁག་གི་སྟེང་རྒྱ་དཀར་ནག་ནས་གསོ་བ་རིག་པའི་ཉིང་བཅུད་བསྡུ་ལེན། གཞན་ལ་མེད་པའི་ཆིག་བརྒྱུད་མན་ངག་སོགས་ཀྱིས་རྒྱས་བཏབ་སྟེ་ཕྱི་ལྟར་རྒྱལ་བའི་བཀའ་བཞིན་ལུས་ཅན་ཀུན་གྱི་དཔུང་གཉེན་དུ་སྤེལ་བར་འདོད་དོ།། དེ་ཡང་ཇི་སྐད་དུ། མཁས་དང་གྲུབ་པའི་གང་ཟག་ཆེན་པོ་ལའང་། །སྨོན་ལམ་ལས་འབྲེལ་དབང་གིས་ཆོས་རྣམས་ལ། །དགག་སྒྲུབ་དཔྱད་པ་མཛད་པ་མང་མོད་ཀྱང་། །ཆོས་དང་གང་ཟག་དེ་གཉིས་གཅིག་བདེན་ན། །གཅིག་ཉིད་རྗུན་པར་འཇོག་པ་ག་ལ་ཡིན། །ཞེས་གསུངས་པ་ལྟར་སྔོན་བྱོན་མཁས་དབང་དག་གི་རྣམ་དཔྱོད་ཆུ་ཟླའི་རོལ་གར་ལ་ཐ་མལ་བའི་བསམ་ཚོད་ཀྱིས་འདི་ཡིན་ཞེས་ཁ་ཚོན་གཅོད་པ་རོ་འཛིན་གྱི་ཡུལ་ལས་འགོངས་ནའང་གོང་གསལ་རྣམས་ནི་རང་ནུས་ཀྱིས་དཔྱད་པ་ཅུང་ཟད་བྱས་པའི་བསམ་ཚུལ་ལགས་སོ།། །།

 

དྲུག་པ། མཐའ་དཔྱད་པ།

༡། རྒྱུད་ཀྱི་མཚན་བྱང་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱིས་སྨོས་པའི་དགོས་པར་དཔྱད་པ། 

            སྤྱིར་བསྟན་བཅོས་རྣམས་ཀྱི་མཚན་བྱང་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་རྣམ་པའི་ཐོག་ནས་འབྲི་བའི་ཚུལ་དེ་ལ་ཡང་དུས་དང་དགོས་དབང་གི་ཁྱད་པར་མི་འདྲ་བ་མཆིས་པས་ཐམས་ཅད་ཀྱི་དགོས་པ་གཅིག་ཏུ་བསྲེ་བར་བྱ་མི་རིགས་ཏེ། དེ་ཡང་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་པའི་དབུར། “རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ།” ཞེས་འབྱུང་བ་ནི། སློབ་དཔོན་ཐོན་མི་ཉིད་རྒྱ་གར་དུ་ཡི་གེ་སློབས་པར་ཕེབས་ནས་སཾསྐྲྀ་ཏའི་སྐད་ལ་སྦྱངས་གོམས་མཐར་ཕྱིན་པར་མཛད་ཅིང་། སྐད་དེ་ལ་བརྟེན་ནས་བརྩམས་པའི་སྒྲའི་བསྟན་བཅོས་ཀྱིས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལའང་སྦྱངས་པ་མཐར་སོན་ཏེ་བོད་དུ་ཕྱིར་ལོག་རྗེས་ཡོངས་གྲགས་ལ་བོད་ཀྱི་ཡི་གེའི་སྲོལ་གཏོད་གནང་མཛད་པ་གང་དེའི་དབྱངས་གསལ་གྱི་དབྱེ་བསྡུ་དང་། ཡིག་གཟུགས། དེ་བཞིན་རྣམ་དབྱེ་དང་ཚིག་ཕྲད། རྟགས་ཀྱི་འཇུག་པའི་སྤྱི་འགྲོས་གནད་སོགས་གང་ལ་མ་ཕྱི་བྱས་པའི་གཞི་ནི་ལེགས་པར་སྦྱར་བའི་དབྱངས་གསལ་ལྔ་བཅུ་པོ་ཉིད་དང་སྒྲའི་བསྟན་བཅོས་རྣམས་ཡིན་ན་ཆུ་འགོ་གངས་ལ་ཐུག་པ་བཞིན་རྩོད་མེད་རྣམ་དག་གི་འབྱུང་ཁུངས་གསལ་པོར་བསྟན་ཕྱིར་ཡིན་ཞེས་མཁས་པའི་ལེགས་བཤད་དག་ལས་འབྱུང་། དེ་ལྟའི་དགོས་པ་དང་ཐོན་མིའི་རྗེས་སུ་བྱོན་པའི་ལོ་ཙཱ་བ་རྣམས་ཀྱིས་བཀའ་དང་དགོངས་འགྲེལ་གྱི་དབུར་རྒྱ་བོད་ཤན་སྦྱར་གྱི་སྐད་སྨོས་པའི་དགོས་པ་གཅིག་མཚུངས་མིན་པ་དཔེར་ན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བླ་འམ་གོང་ནས་བཀས་བཅད་པའི་སྲོལ་ཁ་ཞིག་བསྟན་པ་སྟེ། ལོ་པཎ་ཚོས་བསྟན་བཅོས་གང་ཞིག་བརྩམས་པའི་ཚེ་མཚན་བྱང་དུ་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་སྨྲ་བ་ནན་འགོག་དང་།  བཀའ་དང་བསྟན་བཅོས་ཀྱི་གཞུང་གང་ཞིག་བོད་དུ་བསྒྱུར་བའི་ཚེ་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་བཀོད་དེ་བསྒྱུར་བྱའི་གཞུང་གང་ཡིན་པ་དེ་དྲི་མ་མེད་པར་བསྟན་དགོས་པ་བཞིན་སྐབས་དེའི་ལོ་པཎ་ཚོས་ཀྱང་བཀས་བཅད་པ་བཞིན་ཕྱག་ལེན་མཛད་མུས་སུ་ཡོད་པ་དེ་དུས་བསྒྱུར་བའི་རྒྱ་གཞུང་ཁག་དང་ལོ་རྒྱུས་རྣམས་ལས་རྟོགས་ཐུབ། དེས་ན་རྒྱུད་བཞིའི་དབུར། “རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཧྲྀ་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། ”ཞེས་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་བཀོད་པ་ནི་དུས་དང་། དགོས་དབང་གཉིས་ཀྱི་ཆ་ནས་གྲུབ་པར་བསམ་སྟེ། དུས་ནི་གོང་དུ་བརྗོད་ཟིན་པ་ལྟར་རྒྱ་གར་ནས་བསྒྱུར་བའི་བཀའ་བསྟན་བཅོས་ཁག་ལ་ཡིད་ཆེས་དག་སྣང་དང་གཙིགས་ཆེར་འཛིན་པ། བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་རྣམས་ལ་དེ་ཙམ་བརྩི་མཐོང་མེད་པའི་དུས་ཡིན་པ་དང་། དགོས་དབང་ནི་ཁུངས་བཙུན་ལ་མན་ངག་གི་ཉིང་བཅུད་རྣམས་གཅིག་འདུས་ཀྱི་རྒྱ་མཚོ་ལྟ་བུའི་གཞུང་འདི་ཉིད་སངས་རྒྱས་ཀྱི་བཀའ་བཞིན་འཕྲིན་ལས་འཕེལ་བ་དང་ཡིད་ཆེས་རྙེད་པ། རིས་མེད་འགྲོ་བ་ཡོངས་ནད་ཀྱི་སྡུག་བསྔལ་ལས་འདྲེན་པའི་ཆེད་དུ་ཕྱིའི་སྣང་ངོར་རྒྱ་གཞུང་ལྟར་དུ་བསྒྲིགས་པར་འདོད་དོ།། དེར་མ་ཟད་གཞུང་ཆེན་དག་གི་དབུར་རྒྱ་བོད་སྐད་ཤན་སྦྱར་སྨོས་པ་ཙམ་གྱིས་རྒྱ་གཞུང་ཡིན་པར་ཡིད་རྟོན་རུང་བའི་སྒྲུབ་བྱེད་དུ་འགྱུར་བའི་ངེས་པ་མེད་ལ་དགོས་པ་དང་དམིགས་བསལ་ཅན་གང་ཡང་སྨྲ་རྒྱུ་མེད་པ་དཔེར་ན། ༼རྟོགས་བརྗོད་ཟླ་གཞོན་འཛུམ་པའི་ཕོན་པོ་༽དང་༼ས་སྐྱ་ལེགས་བཤད་༽ལ་སོགས་པའི་བསྟན་བཅོས་རྣམས་རྒྱ་གཞུང་མིན་པར་བསྟན་པ་ལ་མི་འགལ་བའི་དཔེ་མཚོན་རྒྱུ་མཚན་ཞིག་ཏུ་བཞག་ན་ནོངས་ཆ་མ་མཆིས་སྙམ་པས་སོ།།

༢། འགྱུར་ཕྱག་མཛད་པའི་དགོས་པར་དཔྱད་པ། 

སློབ་དཔོན་ཐོན་མི་ནས་བཟུང་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་བཀའ་སྡེ་སྣོད་གསུམ་སོགས་བོད་དུ་བསྒྱུར་བའི་སྐབས་སུ་འགྱུར་ལེགས་པར་མཐར་ཕྱིན་པའི་སླད་དུ་རང་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ནི་ལོ་ཙཱ་བ་རང་ཉིད་ཀྱིས་བཀོད་པ་ཡིན་པ་ལས་བསྒྱུར་བྱའི་གཞུང་ཉིད་དུ་མེད་པས། འགྱུར་ཕྱག་ནི་འགྱུར་ཡིག་ལ་མ་གཏོགས་བསྟོད་པའི་དགོས་པ་མེད་སྙམ། འོན་ཀྱང་སུམ་ཅུ་པའི་འགྲེལ་བ་ལ་སོགས་པའི་བསྟན་བཅོས་འགར། “ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།” ཞེས་སམ། “སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།” ཞེས་པ་སོགས་འགྱུར་ཕྱག་ལྟ་བུ་མང་དུ་བྱུང་ཡང་ཨ་ལག་ཤ་སོགས་ཀྱིས་དེ་དག་ལ་འགྱུར་ཕྱག་གི་མིང་མི་འདོགས་པར་ནན་གྱིས་གསུངས་ལ། ཞྭ་ལུ་ལོ་ཆེན་གྱི་འགྲེལ་པར་ཡང་འགྱུར་ཕྱག་ཕུལ་བ་མེད་པ་མ་ཟད་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་ཡང་བཀོད་མེད།  འོ་ན་རྒྱུད་བཞིའི་དབུར།  “བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བེེ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།” ཞེས་ལོ་པཎ་གྱི་ཕྱག་དང་། “ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེེ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།” ཞེས་པ་ནི་བསྡུ་བ་པོའི་འགྱུར་ལེགས་པར་མཐར་ཕྱིན་པའི་ཆེད་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བར་འདོད་པ་བཀར་བསྒྲུབ་པ་དག་གིས་བཞེད་མོད། དེ་ལ་འཕགས་པ་ཀླུ་སྒྲུབ་ཀྱིས། “སྟོན་པ་དང་ནི་བསྟན་བཅོས་ལ། །གུས་པ་སྐྱེས་པ་ཁོ་ནའོ།།” ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་པོས། “འདིར་མཁས་པ་ཀུན་གསུང་མོད་ནའང་། ཁོ་བོའི་ཡིད་ལ་འདི་སྐབས་ཀྱི་ཕྱག་ནི་འཚལ་བའི་ཡིད་དེ་ཉིད་ཡིད་ལ་བྱས་ནས་དད་པ་རྩེ་གཅིག་པས་འདུད་པར་བསམ་པ་དག་ཡིན་པར་སེམས་མོ།།” ཞེས་གསུངས་པ་བཞིན་རྒྱུད་ཆེན་དེ་ཉིད་གདུལ་བྱའི་སྣང་ངོར་རྒྱལ་བའི་བཀའ་དང་དབྱེར་མེད་ཀྱི་འདུ་ཤེས་འཛིན་པའི་དགོས་པ་ཙམ་དུ་མ་ཟད། འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་ལ་ཕྱག་འཚལ་བ་དང་། མདོ་སྡེའི་སྡེ་སྣོད་ཀྱི་དབུར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ། མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ། སྙན་གཞུང་ཁག་གི་དབུར་དབྱངས་ཅན་མ་ལ་ཕྱག་འཚལ་བ་བཅས་ཕྱག་ཡུལ་མི་འདྲ་བའི་སྟེང་ནས་གཞུང་དེའི་བརྗོད་དོན་གཙོ་བོ་གང་ཡིན་པ་ཤེས་སླ་བའི་ཕྱིར་དེ་ལྟར་བཀོད་པ་དེ་དུས་ཀྱི་སྤྱི་སྲོལ་ཙམ་ལས་འགྱུར་ཕྱག་འཁོད་པ་ཙམ་གྱིས་འགྱུར་ཡིག་ཡིན་པའི་ངེས་པ་ཅུང་ཟད་ཀྱང་མ་མཆིས་སོ།།

༣། རྒྱུད་དུ་འབྱུང་བའི་སཾསྐྲིཏའི་སྐད་དང་རིག་བྱེད་གཏམ་གྱི་སྐོར་ལ་དཔྱད་པ། 

ང་ཚོས་སྤྱི་ཚོགས་ཀྱི་བྱ་དངོས་གང་ལ་ཞིབ་འཇུག་བྱེད་ནའང་དེར་གཅིག་བགོས་གཉིས་འབྱེད་ཀྱི་ལྟ་བ་འཛིན་དགོས་པ་ལས་ལྟོས་མེད་ཁོ་ནར་མཐོང་ཞིང་རང་ལྟ་མཆོག་འཛིན་བྱས་ན་ལུང་འཛིན་རིང་ལུགས་སུ་འཁྱར་འགྲོ་བས་དེ་ནི་ཤིན་ཏུ་མི་རིགས་པའི་ལས་སོ།། བོད་དུ་འགྱུར་བའི་སཾསྐྲི་ཏའི་སྐད་ཀྱི་བསྟན་བཅོས་མང་ཆེ་ཤོས་ཐུབ་པའི་བཀའ་བསྟན་ཁྲོད་དུ་བཞུགས་ཤིང་། ཐུབ་པའི་བསྟན་པ་དར་བ་དང་བསྟུན་ནས་དེས་རྒྱལ་ཁབ་དང་མི་རིགས་མང་པོའི་འཚོ་བའི་གོམས་གཤིས་དང་། བསམ་བློའི་འདུ་ཤེས། རྩོམ་རིག་སྒྱུ་རྩལ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སུ་བཅུག་ཡོད། དེ་མཚུངས་ཀྱི་དཔེ་ནི་ཆོས་ལུགས་གཞན་པ་དང་རྒྱལ་ཁབ་གཞན་པའི་རྩོམ་རིག་ལོ་རྒྱུས་སུའང་སྟོན་རྒྱུ་ཡོད་དེ། དཔེར་ན། ནུབ་ཕྱོགས་ཡོ་རོབ་གླིང་ཕྲན་གྱི་རྒྱལ་ཁབ་ཁག་གི་རིག་གཞུང་དང་རྩོམ་རིག་རྣམས་ལ་ཡེ་ཤུའི་ཆོས་ལུགས་༼དམ་པའི་གསུང་རབ་༽ཀྱི་ཤུགས་རྐྱེན་གཏིང་ཟབ་མོ་དང་། ཨ་རབ་གླིང་ཕྲན་གྱི་རྒྱལ་ཁབ་ཁག་གི་རྩོམ་རིག་ལ་ཁ་ཆེའི་ཆོས་ལུགས་༼ཁོ་རན་གསུང་རབ་༽ཀྱི་ཤུགས་རྐྱེན་གཏིང་ཟབ་མོ་ཞུགས་ཡོད་པ་དེ་ཡང་དེ་བཞིན་ནོ།། དུས་རབས་བདུན་པ་ནས་བཟུང་བོད་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ཁག་ལ་སཾསྐྲིཏའི་སྐད་ཀྱི་བཀའ་བསྟན་གྱི་ཤན་ཞུགས་པ་ནི་ཕྱོགས་མང་ཞིང་གཏིང་ཟབ་མོ་ཞིག་རེད། དེ་ལ་མི་རིགས་གཞན་པ་དང་མི་མཚུངས་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གཏིང་ཟབ་མོ་དང་། སྤྱི་ཚོགས་ཀྱི་དོན་སྙིང་རྒྱ་ཆེན་པོ་ཡོད་པ་ནི་དེ་དུས་བོན་ཀྱི་རིག་གཞུང་དང་ལྟ་སྒོམ་སྤྱོད་གསུམ་སོགས་རིམ་གྱིས་ཉམས་ནས་ཐུབ་པའི་བསྟན་པ་དར་རྒྱས་ཆེན་པོ་ཡོང་བཞིན་པའི་སྒང་ཡིན་པས། རྣམ་འདྲེན་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོས་དཔལ་ལྡན་རྒྱུད་བཞི་དེ་ཉིད་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྦྱར་ཏེ་ལེགས་པར་བརྩམས་བསྒྲིགས་བྱས་པ་ཞིག་ཡིན་མོད། དེར་ཐུབ་པའི་བཀའ་བསྟན་ནང་འབྱུང་བའི་སཾསྐྲིཏའི་སྐད་དང་། ཡན་ལག་བརྒྱད་པ་ལ་སོགས་པའི་རྒྱ་གཞུང་ནང་འབྱུང་བའི་སྨན་མིང་ཁག བདུད་རྩི་ཐོག་མའི་བྱུང་ཚུལ་དང་། རི་བོ་འབིགས་བྱེད། རྟ་གདོང་རྒོད་མ་ཁ་ལྟ་བུའི་རིག་བྱེད་གཏམ་རྒྱུད་(རིག་བྱེད་གཏམ་རྒྱུད་ནི་རྒྱ་གར་གྱི་བྲམ་ཟེ་ཆོས་ལུགས་ལས་བྱུང་བའི་ལྷ་སྒྲུང་གི་གཞུང་ཞིག་ཡིན། གཏམ་རྒྱུད་མཐའ་དག་འཇིག་རྟེན་པའི་བློ་ཡུལ་ལས་འདས་པའི་སྒྲོ་འདོགས་དང་ཐལ་ཆེ་བའི་འུད་བརྗོད་ལ་བརྟེན་ནས་གྲུབ་པ་ཡིན་པས་ཕ་རོལ་ལ་ངོ་མཚར་ཞིང་དགའ་བ་སྐྱེད་པའི་ཡོན་ཏན་ལྡན་ཕྱིར། གནའ་བོའི་རྒྱ་གར་གྲུབ་མཐའ་ཐུན་མོང་བའི་སྦྱང་བྱའི་གནས་ཤིག་དང་སྤྱད་བྱའི་རྫས་ལྟ་བུར་གྱུར་ཡོད།) སོགས་ཀྱིས་མཚོན་པའི་ཐུབ་བསྟན་པའི་ཤུགས་རྐྱེན་ཐོག་མཐའ་བར་གསུམ་དུ་གཏིང་ཟབ་མོ་ཐེབས་ཡོད་པས། སྐབས་འགར་དེ་དག་ཏུ་བྱུང་བའི་ཐ་སྙད་སོགས་ལ་ལད་མོ་དང་ཁུངས་སྦྱར་བྱས་ཏེ་བཀོད་པ་དེ་དག་ལ་ཕྱིས་འབྱུང་འཁས་དབང་དག་གིས་ཀྱང་ཚད་མར་འཛིན་གང་ཐུབ་བྱས་ཡོད་པ་རྟོགས་ཐུབ། ཡིན་ནའང་སྐབས་དེར་འགྱུར་བའི་རྒྱ་གཞུང་ཕལ་མོ་ཆེར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྤྱི་ཚོགས་ཀྱི་ངོ་བོ། རི་ཆུ་དང་རྩི་ཤིང་སྲོག་ཆགས་ཀྱིས་མཚོན་པའི་ཕྱི་ཡུལ་གྱི་བཀོད་པ། ཆོས་ལུགས་དང་གྲལ་རིམ་གྱི་ངོ་བོའི་འདུ་ཤེས་འཛིན་སྟངས་སོགས་རྒྱ་གར་གནའ་རབས་སྤྱི་ཚོགས་ཀྱི་སྣང་བརྙན་མངོན་སུམ་དུ་བསྐྲུན་ཡོད་པ་ལས། གངས་ཅན་བོད་ཡུལ་གྱི་སྤྱི་ཚོགས་ཀྱི་ངོ་བོ་དང་། དུས་བཞིའི་འགྱུར་ལྡོག འཚོ་བའི་གོམས་གཤིས་སོགས་མི་འབྱུང་བ་ནི་དཔྱོད་ལྡན་རྣམས་ཀྱིས་མཁྱེན་གསལ་བཞིན་ནོ།།

            འོན་ཀྱང་དཔལ་ལྡན་རྒྱུད་བཞི་འདིའི་སྤྱི་ཁོག་གི་བསམ་བློའི་རང་བཞིན་དང་། དུས་ཚིགས་རང་བཞིན། མི་རིགས་རང་བཞིན། ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས། ཚིག་སྦྱོར་གྱི་སྒྱུ་རྩལ་སོགས་སྐབས་དེའི་བོད་རང་གི་སྤྱི་ཚོགས་ཀྱི་ངོ་བོར་དམར་རྗེན་དུ་གྲུབ་པ་ནི་བཅོས་སུ་མེད་པའི་དོན་དངོས་ཡིན་པ། དཔེར་ན། བཤད་པའི་རྒྱུད་ལས། “མི་ངན་བསྟེན་རྫི་མི་བྱ་བན་བོན་དགྲར་མི་བསླང་།།” ཞེས་དང་། སྤྱོད་ལམ་བསྟན་པའི་སྐབས་སུ། “ལྤགས་པའི་གོས་དང་ལྷམ་ནི་རྟག་ཏུ་བགོ། །དུགས་དང་མེ་ཉི་འོད་ལ་རན་པར་བསྲོ། །དགུན་སྨད་དུས་ན་ལྷག་པར་གྲང་བས་ན། །དེར་ཡང་སྤྱོད་ལམ་འདི་ཉིད་སྤྱད་པར་བསྔགས།།” ཞེས་དང་ཟས་ཀྱི་ནུས་པ་བཤད་པའི་ནང་། “མཛོ་གཡག་རྔ་མོ་རྟ་བོང་བ་ལང་དང་། །གཡག་ཤ་སྣུམ་དྲོ་གྲང་སེལ་མཁྲིས་པ་བསྐྱེད། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །ལོ་ཤ་ཁྱད་པར་རླུང་གནོན་མེ་དྲོད་སྐྱེད། །རློན་པ་འཁྱགས་པོ་བསྲེགས་པ་འཇུ་དཀའ་ལྕི། །སྐམ་དང་བཙོས་པ་ཡང་ཞིང་འཇུ་བ་སླ།།” ཞེས་དང་། “ཡོས་དྲལ་ཡང་ཞིང་འཇམ་དྲོ་ཕོ་བར་འཕྲོད། །རྩམ་པ་གྲང་མོ་སྟོབས་བསྐྱེད་ལྕི་བ་ཡིན།།” ཞེས་དང་། “འབྲི་ཡི་འོ་མ་བད་མཁྲིས་ནད་ལ་གནོད། །དཀར་རྣམས་ལུག་དང་འབྲི་ཡི་དྲོ་ལ་བཅུད། །བ་ར་བསིལ་ཡང་མཛོ་ཡི་སྙོམས་པ་ཡིན།།” ཞེས་གསལ་འདུག་པ་དེ་དག་བོད་རང་གི་ཐུན་མོང་མ་ཡིན་པའི་གནས་ཚུལ་དང་། འཚོ་བའི་གོམས་གཤིས། གནམ་གཤིས་སོགས་གསལ་པོ་མཚོན་ཡོད་པ་ལས། རྒྱ་གར་ནས་བྱུང་བའི་བཀའ་དང་བསྟན་བཅོས་ལ་དེ་རིགས་ཡོང་མི་སྲིད་པ་བརྗོད་མ་དགོས་ཤིང་། དེ་བཞིན་ཕྱི་མ་རྒྱུད་དུའང་། “རྩམ་པས་ལྟོགས་པ་མི་སེལ་ག་ལ་སྲིད།།” ཅེས་དཔེར་མཛད་པའང་བོད་རིགས་འབའ་ཞིག་ལ་མ་གཏོགས་ཁྱབ་མི་ཐུབ་པ་དང་། “དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས།།” ཞེས་གསུངས་པའང་བོད་ལས་རྒྱ་གར་དུ་ག་ལ་ཡིན། མདོར་ན། དཔལ་ལྡན་༼རྒྱུད་བཞི་༽འདི་ནི་བོད་ཀྱི་བསྟན་བཅོས་ཡིན་པའི་རང་རྟགས་བསུབ་ཏུ་མེད་པ་ཇི་སྙེད་ཅིག་སྨན་གཞུང་ཁོ་རང་གི་མགོ་ནས་མཇུག་བར་ཁྱབ་ཡོད་པས་དོགས་གཞི་དགོས་དོན་ཅུང་ཟད་ཀྱང་མེད་པར་སྙམ་མོ།།

            དེ་ལྟར་ནའང་“ཚིག་ལ་མ་རྟོན་པར་”དོན་ལ་ལེགས་པར་དཔྱད་ན། རྒྱུད་བཞི་བོད་ཀྱི་བསྟན་བཅོས་མ་ཡིན་པ་ལྟར་དུ་བརྩམས་པའི་དགོངས་གཞི་དང་། དགོས་པ་དེ་ལ་ངེས་པ་གཏིང་ནས་རྙེད་ཐུབ་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་༼གནའ་བོའི་བོད་རིགས་ཀྱི་ཚུལ་ལུགས་ལ་དཔྱད་པ་༽ཞེས་པའི་གསུང་རྩོམ་གྱི་མཇུག་ཏུ། “དེ་ལས་རྒྱལ་པོའི་རྫུ་འཕྲུལ་གྱིས་ཤིང་ཐམས་ཅད་དམག་ཏུ་བསྒྱུར། རྡོ་ཐམས་ཅད་རྟར་བསྒྱུར། དེ་ཐམས་ཅད་ཆུ་བོ་ཆེན་པོ་རྨ་ཆུའི་སྟེང་ནས་ཕར་ལ་རྩྭ་འཇག་མ་གཅིག་གིས་ཟམ་པ་བྱས་ནས་ཡོང་། བྱ་བ་སོགས་ལོ་གཅིག་ལ་བསྒྲུབ་དགོས་པ་རྣམས་ཉིན་གཅིག་ལ་གྲུབ། མི་སྟོང་གིས་བྱེད་དགོས་པ་རྣམས་མཛུབ་མོ་གཅིག་གིས་བྱས་པ་སོགས་ངོ་མཚར་ཧར་ཆེན་པོས་གཏམ་རྒྱུད་སྨྲས་ན། བླུན་པོ་རྣམས་ལ་ཅི་བས་ཀྱང་ངོ་མཚར་སྐྱེས་ནས་འཁོར་གྱི་ནང་དུ་འུར་སྒྲ་དང་། བཞད་གད་དང་། མིག་ཆུ་འདོན་པ་མང་དུ་འོང་།  (གལ་སྲིད་)རྟའི་ལོ་ལ་བཙན་པོ་འོན་ཅང་དོ་ན་བཞུགས། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་མོང་དང་བ་ལང་མང་པོ་ཕྱག་ཏུ་ཕུལ། སྟོད་སྨད་ཀྱི་རྐུན་མ་བཏུལ་བ་སོགས་སྨྲས་ཚེ། མིའི་ལོ་རྒྱུས་ས་སྟེང་དུ་བྱུང་བ་དེ་ཡིན་པར་ཤེས་ནས་ཉན་མཁན་གྱི་བླུན་པོ་ཉུང་དུ་འགྲོ་སྐབས། མཁས་པ་ཐམས་ཅད་ཀྱིས་སྔ་མ་བདམས་ནས་གཅིག་ལས་གཅིག་ངོ་མཚར་ཆེ་བའི་གཏམ་རྒྱུད་སྤེལ་བའི་ཐབས་ལ་འབད་པ་ཡིན།” ཞེས་གསུངས་པ་དེ་ནི་གནའ་རབས་རང་རེའི་ལོ་རྒྱུས་ལ་ལྟ་སྟངས་ཇི་ལྟར་འཛིན་པའི་སྐོར་གྱི་ཕྱོགས་སྡོམ་གསོན་ཉམས་ལྡན་པ་ཞིག་ཏུ་མཐོང་ངོ་།།

བདུན་པ། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་༼རྒྱུད་ཀྱི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་༽ལ་དཔྱད་པ།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་གང་གི་ཐད་ལའང་བར་སྐབས་བྱང་ཟུར་གཉིས་ནི་མཁས་པའི་ཕུད་དུ་གྱུར་བ་དེ་ལྟ་ནའང་། རྒྱུད་བཞིའི་བཀའ་བསྟན་འབྱུང་ཁུངས་ཐད་ཟུར་མཁར་བློ་གྲོས་རྒྱལ་པོ་དང་བྱང་པ་བཀྲ་ཤིས་དཔལ་བཟང་རྣམ་གཉིས་རྦད་དེ་ཕྱོགས་འགལ་མདུང་རྩེ་ཁ་སྤྲོད་དུ་སྣང་། དེའི་སྐོར་ཟུར་མཁར་བློ་གྲོས་རྒྱལ་པོའི་༼རྒྱུད་ཀྱི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་༽དང་། བྱང་པ་བཀྲ་ཤིས་དཔལ་བཟང་གིས་༼རྒྱུད་ཀྱི་བཀའ་སྒྲུབ་༽ཅེས་པའི་དཔྱད་རྩོམ་གཉིས་ནི། བཞེད་ཚུལ་མི་འདྲ་བ་དེ་གཉིས་ཀྱི་ཕྱོགས་སོ་སོའི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་གཉིས་སུ་བརྩི་ཆོག་པས། དེ་ལ་དེང་དུས་ཀྱི་མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས་གཟུ་བོར་གནས་པའི་དབྱེ་ཞིབ་གནང་འདུག་པ་ལས། ཐོག་མར་ཟུར་མཁར་བློ་གྲོས་རྒྱལ་པོའི་དཔྱད་རྩོམ་༼རྒྱུད་ཀྱི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་༽ཞེས་པ་དེའི་སྙིང་དོན་སྐོར་འདིར་ཇི་བཞིན་འགོད་པར་བྱ་བ་ལ།

            ༡། དཔྱད་རྩོམ་དེའི་དབུ་ཚུགས་མ་ཐག་ “སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བོད་གངས་ཅན་གྱི་ཁྲོད་འདིར་མི་གསུམ་ཚོགས་པ་ཡན་གྱིས་རྒྱུད་འདི་བཀའ་ཡིན་ནམ་བསྟན་བཅོས་ཡིན་ཞེས་གླེང་ཞིང་། འགའ་ཞིག་བཀའ་ཡིན་ཞེས་ཨུ་ཚུགས་འབའ་ཞིག་བྱེད་ཅིང་། འགའ་ཞིག་བསྟན་བཅོས་རང་ཡིན་ཞེས་གླེང་ཡང་ལུང་རིགས་གང་ནས་ཀྱང་མ་འབྲེལ་བའི་ཨུ་ཚུགས་འབའ་ཞིག་བྱེད་ཀྱི་ཡོད་འདུག་པས། དེའི་ཕྱིར་རང་གི་སློབ་མ་རྣམས་ཀྱི་དོན་དུ་ལུང་རིགས་དང་འབྲེལ་བའི་གཏམ། མཁས་པ་རྣམས་ཀྱིས་གཟིགས་ན་དགོངས་པ་བདེ་ཞིང་། དམངས་མ་རྣམས་བརྗོད་བདེ་ཞིང་བརླིང་བར་འདོད་པའི་གཏམ་འདི་བརྗོད་པར་བྱ་སྟེ།” ཞེས་ཚིག་ཉུང་ལ་དོན་གསལ་བའི་སྒོ་ནས་མཆོད་པར་བརྗོད་པ་དང་། དུས་ཡུན་རིང་པོ་ཞིག་གི་ནང་བོད་དུ་སྨན་དཔྱད་༼རྒྱུད་བཞི་༽སྐོར་སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་རྩོད་གཞིའི་ནང་དོན་རྣམས་ལྷུག་པོར་བསྟན་ནས་བརྩམས་པའི་དགོས་པ་སྤྱི་དང་བྱེ་བྲག་བཅས་བདེ་བླག་ཏུ་རྟོགས་ཐུབ་པ་མཛད་འདུག

            དེ་ནས་ཁོང་གིས། “འདིར་བཤད་པ་ལ་གསུམ། ཕྱི་ལྟར་དུ་སངས་རྒྱས་ཀྱི་བཀར་འཆད་པ། ནང་ལྟར་དུ་པཎ་ཊི་ཏའི་བསྟན་བཅོས་སུ་འཆད་པ། གསང་བ་ལྟར་ན་བོད་ཀྱི་བསྟན་བཅོས་སུ་འཆད་པའོ།།” ཞེས་དཔྱད་རྕོམ་གྱི་བརྗོད་བྱའི་ས་བཅད་དམ་ནང་དོན་མདོར་བསྟན་གནང་ཡོད། དེ་ལ་ཕྱི་ནང་གསང་གསུམ་དུ་དབྱེ་བའི་ཕྱི་ཞེས་པ་ནི་ཕྱི་ཚུལ་ལམ་ཕྱི་རུ་སངས་རྒྱས་ཀྱི་བཀའ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་དང་དགོས་པ་འཆད་པ་དང་། ནང་ཞེས་པ་ནི་ནང་དོན་དུ་མཁས་པས་བརྩམས་པའི་བསྟན་བཅོས་ཀྱི་གཙོ་བོའི་མཚན་ཉིད་ཚང་བས་དེ་ལྟར་ཡིན་པར་འཆད་པ། གསང་བ་ཞེས་པ་ནི་དོན་དམ་དེ་ཁོ་ན་ཉིད་དེ་དོན་དངོས་བོད་ཀྱི་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པར་མཛད་པ་སྒྲུབ་བྱེད་དང་བཅས་འཆད་ནས་རྩོད་དོན་གཏན་ལ་འབེབས་པ་སྟེ། གཏན་ཚིགས་གསུམ་གྱིས་དཔྱད་རྩོམ་དེའི་བརྗོད་བྱའི་སྙིང་པོ་མདོར་ཧྲིལ་གྱིས་དྲིལ་ནས་བསྟན་འདུག་པར་མ་ཟད། ཡང་དེ་ལས། “རྒྱུད་བླ་མ། མདོ་སྡུད་པ། བརྒྱད་སྟོང་པ་སོགས་ལས་ལུང་འདྲེན་གནང་སྟེ་གང་ཞིག་དོན་དང་ལྡན་ཞིང་སེམས་ཅན་གྱི་སྡུག་བསྔལ་སྤོང་པ་དང་། བདེ་བ་དང་ཞི་བའི་ཕན་ཡོན་སྟོན་པ། ཆོས་འཆད་པ། རིགས་པ་དང་ལྡན་པར་བརྗོད་པ་སོགས་གང་ཡིན་པ་དེ་ལྟ་བུ་ནི་གང་ཟག་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ། རང་སངས་རྒྱས། སོ་སོ་སྐྱེ་བོ་སོགས་སུ་ཞིག་གིས་བསྟན་ཀྱང་། གོང་གི་ཕན་ཡོན་དེ་དག་དང་ལྡན་ཕྱིན་ཆད་དེ་རྣམས་ཀྱིས་བཤད་པ་ཀུན་ཀྱང་སངས་རྒྱས་ཁོ་ནའི་མཐུ་ཡིན་གྱི། ཉན་ཐོས་ལ་སོགས་པ་རང་རང་གི་མཐུ་མ་ཡིན་ནོ་ཞེས་པའི་ཆོས་ཀྱི་དགོངས་པ་ཤེས་པར་བྱའོ།། ”ཞེས་གསུངས་ནས་དོན་ལ་སྨན་གྱི་རྒྱུད་བཞི་སངས་རྒྱས་ཀྱི་བཀའ་ཡིན་ཞེས་བརྗོད་ཀྱང་རུང་བ་ཡིན་ནོ་ཞེས་དང་།

            ༢། ནང་ལྟར་དུ་པཎ་ཊི་ཏའི་བསྟན་བཅོས་སུ་འཆད་པའི་སྐོར་ལའང་། “བསྟན་བཅོས་ཡང་དག་ཡིན་དང་མིན་ནི། ༼རྣམ་དཔྱད་རིག་པ། ༽ལས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་བརྩོན་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད།།” ཅེས་པའི་ལུང་དྲངས་ནས་འགྲེལ་བཤད་གནང་སྟེ། “ཚིག་མཇུག་གི་དོན་དང་ལྡན་པ་དང་། སྡུག་བསྔལ་སྤོང་བ་དང་། སྒྲུབ་པ་ལྷུར་ལེན་པ་གསུམ་ནི་བསྟན་བཅོས་ཡང་དག་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། དེས་ན་རང་ཅག་གི་རྒྱུད་བཞི་འདི་ཡང་དོན་དང་ལྡན་པ་དང་། སྡུག་བསྔལ་སྤོང་བའི་བསྟན་བཅོས་ཡང་དག་པ་ཡིན་ནོ།།”ཞེས་མཚན་ཉིད་དང་ལྡན་པའི་བསྟན་བཅོས་ཡིན་པ་གཏན་ལ་ཕབ། དེ་ལའང་གཞན་གྱི་འདོད་ལུགས་བཤད་པ་ལ། “ཁ་ཅིག་ནི་ཨོ་རྒྱན་པདྨས་གསུངས་པར་འདོད། ཁ་ཅིག་ཨོ་རྒྱན་པདྨ། ཁ་ཆེ་ཟླ་དགའ། བེེ་རོ་ཙཱ་ན་གསུམ་གྱིས་བྱས་པར་འདོད། ཁ་ཅིག་གྲྭ་བ་མངོན་ཤེས། དབུས་པ་དར་གྲགས། སྟོན་ཆེན་དཀོན་མཆོག་སྐྱབས་གསུམ་གྱིས་སྐྱིད་སྨད་ཚར་པ་སྣའི་རི་གདོང་དུ་བྱས་པར་འདོད། ཡང་འགའ་ཞིག་ཨོ་རྒྱན་པདྨ་དང་བེེ་རོ་ཙཱ་ནས་བསྒྱུར་ནས་དེ་འཕྲལ་བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་དུ་གཏེར་ལ་སྦས། དེ་ནས་གྲྭ་བ་མངོན་ཤེས་ཀྱི་བཏོན་ཟེར། ཡང་འགའ་ཞིག་གཏེར་ལ་མ་སྦས་པར་ཁྲི་སྲོང་ལྡེ་བཙན་ནས་ད་ལྟའི་མངའ་རིས་ཀྱི་རྒྱལ་པོ་རྣམས་ཀྱི་བར་བརྒྱུད་པ་ཡིན་ཟེར། འདི་དག་ཐམས་ཅད་ནི་དོན་མ་གོ་བ་ཡིན་པས་རང་འདོད་གཙོ་བོར་བྱས་པར་ཟད་དོ།།” ཞེས་བཀག་ནས་གོང་གསལ་རྣམས་ཀྱང་སངས་རྒྱས་ཀྱི་བཀའ་མ་ཡིན་པར་པཎ་ཊི་ཏའི་བསྟན་བཅོས་ཡིན་པའི་འདོད་ཚུལ་ཁོངས་སུ་གཏོགས་པས་ས་བཅད་འདིར་བཀོད་དེ། མཇུག་སྡོམ་དུ་རྩོམ་པ་པོ་དངོས་དེ་དག་མ་ཡིན་པའི་བཞེད་པ་གསལ་པོ་བསྟན་པ་ལགས་སོ།།

            ༣། ས་བཅད་གསུམ་པའི་ནང་དུ་ཟུར་མཁར་བ་རང་ཉིད་ཀྱི་བཞེད་པ་སྒྲུབ་བྱེད་དང་བཅས་པ་བསྟན་ནས་རྩོད་དོན་གཏན་ལ་འབེབས་པའི་དཔྱད་རྩོམ་གྱི་སྙིང་དོན་ཡིན་པས་ཅུང་ཟད་དྲངས་ན། “གསུམ་པ་གསང་བ་ལྟར་དུ་བོད་ཀྱི་བསྟན་བཅོས་ཡིན་པར་འཆད་པ་ལ། འོ་ན་རྒྱུད་བཞི་རྩོམ་མཁན་བོད་ཀྱི་གང་ཟག་ཇི་ལྟ་བུ་ཡིན་ཞེ་ན། བོད་དུ་མཁས་པ་མི་དགུ་ཞེས་གྲགས་པ་དང་། ཆོས་རྒྱལ་ཁྲི་སྟོང་ལྡེ་བཙན་གྱི་བླ་སྨན་མི་དགུ། ཞང་རི་བོ་གཟི་བརྗིད་འབར་གྱི་སློབ་དཔོན་དུ་གྱུར་བའི་མཁས་པ་མི་དགུ། ཨ་ཙ་ར་ཕྱག་རྡུམ་གྱི་སློབ་མར་གྱུར་པའི་མཁས་པ་མི་དགུའི་ནང་ནས་གཡུ་ཐོག་རྒྱ་གར་བཛྲ་གྱི་བུ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཡིན་ནོ།།” ཞེས་སྨན་དཔྱད་རྒྱུད་བཞིའི་བསྟན་བཅོས་མཛད་པ་པོ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་འབའ་ཞིག་ཡིན་པ་ནན་ཏན་ཆེན་པོས་གཏན་ལ་ཕབ། དཔྱད་རྩོམ་གྱི་མཇུག་སྡོམ་དུ། “དེང་སང་གི་སྨན་པ་ཕལ་ཆེ་བ་རྣམས་རྣ་བས་ཐོས་མ་མྱོང་ཞིང་། ཚུལ་དང་མཐུན་པའི་མཁས་པ་དེ་ལ་ཡིད་མི་ཆེས། བག་ཆགས་སྔ་མ་དབང་བཙན་པས་ཡིན་མིན་ཕྱེད་པ་དཀའ་ཡང་། རྒྱུད་བཞིའི་མགོ་ནས་མཇུག་གི་བར་ལ་སློབ་གཉེར་དོན་དང་མཐུན་པ་བྱས་ཤིང་། བདག་གི་ཡིག་ཆ་འདི་རྣམས་ལ་ནན་གྱིས་ལྟ་རྟོག་བྱས་ན་དོན་གྱི་ངེས་ཤེས་འདྲོངས་པར་འགྱུར་བས་ཅི་ནས་ཀྱང་ནན་ཏན་དུ་བསླབ་པར་གྱིས་ཤིག” ཅེས་གསུངས་འདུག་པ་བཅས་མདོར་ན་སྐབས་དེར་ཕྱི་ནང་གསང་གསུམ་དུ་ཡོང་དགོས་པའི་རྒྱུ་མཚན་ཡང་བསྟན་བཅོས་ཀྱི་དོན་སྙིང་ཡང་དག་པ་ཡིན་མིན་ལ་མི་དཔྱོད་པར་སུས་གསུང་དང་སུས་མཛད་ཀྱི་ཚིག་གི་ཐ་སྙད་ཁོ་ནར་རྟོག་ཞེན་བྱེད་པ་རྣམས་ཀྱི་སྣང་ངོར་དེ་བཞིན་དུ་མ་བྱས་ཀ་མེད་ཡིན་པའི་དགོས་པ་འམ། ཡང་ན་དངོས་དེར་མཛུབ་འཛུགས་ཀྱང་གནང་འདུག་པ་བཅས།

 

བརྒྱད་པ། བྱང་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་༼རྒྱུད་ཀྱི་བཀའ་སྒྲུབ་༽ལ་དཔྱད་པ།

རྒྱུད་བཞི་སངས་རྒྱས་ཀྱི་བཀའ་འམ་ཡང་ན་རྒྱ་གར་གྱི་བསྟན་བཅོས་ཡིན་ཟེར་མཁན་ཚོའི་རྒྱུ་མཚན་གཙོ་བོ་གང་ལ་བརྟེན་གྱི་ཡོད་དམ་ཞེ་ན། འདོད་ཚུལ་དེ་རིགས་ཀྱི་ཚབ་མཚོན་ནི་བྱང་པ་བཀྲ་ཤིས་དཔལ་བཟང་གིས་མཛད་པའི་༼རྒྱུད་ཀྱི་བཀའ་སྒྲུབ་༽ཅེས་པའི་དཔྱད་རྩོམ་དེ་ཉིད་གྲགས་ཆེ་བར་སྣང་། དེའི་ནང་སྒྲུབ་བྱེད་གཙོ་བོ་ནི་རྒྱུད་བཞིའི་གླེང་གཞི་དང་། གླེང་སློང་གི་ཚིག་ཟིན་ལྟར་རྒྱ་གར་རྡོ་རྗེ་གདན་དུ་སྤྲུལ་བའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པར་སྨན་གྱི་རྒྱུད་འདི་སྟོན་པ་པོ་དང་། ཞུ་བ་པོ་གཉིས་ཀ་སངས་རྒྱས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་ཀྱི་ཚུལ་དུ་བསྟན་ནས་གསུངས་ཚུལ་དེ་རང་དམ་པོར་བཟུང་ནས། གལ་ཏེ་ཁས་མི་ལེན་པ་ནི་ཆོས་སྤོང་གི་ལོག་ལྟ་ཅན་ཡིན་ཞེས་བཀའ་བཀྱོན་གནང་བ་འདི་ལྟར། “འགའ་ཞིག་རྨོངས་པའི་བུད་ཤིང་སེ་འོ་ལ། །ཕྲག་དོག་ཤེས་འཆལ་ཆོས་སྤོང་མེ་སྦར་ནས། །རང་གི་དགེ་རྩ་མ་ལུས་བསྲེག་བྱེད་ཅིང་། །གཞན་གྱི་དག་སྣང་བཟའ་ཤིང་ར་བ་ལ། །ཚིག་གི་མེ་སྟག་སྤྲོས་ནས་བརླག་པར་བྱེད།།” ཅེས་གསུངས་པ་ལྟབུ་ལས། རང་ཉིད་ཀྱི་སྒྲུབ་བྱེད་ངེས་སྲོལ་ལྡན་པ་ཞིག་མི་སྣང་ཞིང་། དེ་མིན་གཞན་དག་གིས་སངས་རྒྱས་ཀྱི་བཀའ་མ་ཡིན་པའམ་ཡང་ན་བོད་ཀྱི་བསྟན་བཅོས་ཡིན་པའི་སྒྲུབ་བྱེད་བཀོད་པ་སོགས་དོན་ཚན་བཅུ་ཕྲག་འགའ་ཞིག་ལ་ལན་འདེབས་གནང་འདུག་ཀྱང་། ཕལ་ཆེ་བ་དངོས་ཡོད་ཀྱི་གཏན་ཚིགས་རིག་པ་དང་མཐུན་པ་ཞིག་ཆེར་མ་མཐོང་། འདིར་དཔེ་མཚོན་ཙམ་དུ་གོང་གསལ་ཟུར་མཁར་བས་རྒྱུད་བཞི་ནང་ཇ་དང་དཀར་ཡོལ་སོགས་གསུངས་པས་བོད་ཀྱི་བསྟན་བཅོས་ཡིན་པ་ཤིན་ཏུ་གསལ་ལོ་ཞེས་གསུངས་པ་དེའི་སྐོར། བྱང་པ་བཀྲ་ཤིས་དཔལ་བས། “གཞན་ཡང་རྒྱུད་འདིར་ཇ་དང་ཅེས་བཤད་པས། །རྒྱ་གར་བ་ལ་ཇའི་བཤད་པ་མེད། །དེའི་ཕྱིར་ན་རྒྱ་གར་ནས་མ་བྱུང་། །བཀའ་དང་བསྟན་བཅོས་རྣམས་ན་ཇ་མ་གྲགས། །འདི་ནི་བོད་དུ་སྦྱར་བ་བྱས་སོ་ལོ། །ཀྱེ་མ་འགྲོ་མ་མྱོང་བའི་ལམ་རྒྱུས་དང་། །ཐོས་པ་མེད་པའི་ཁར་ཁོག་སྨྲ་བ་འདི། །རང་གི་རང་མཚང་ཕྱེ་ནས་སྟོན་པའི་ཐབས། །སྤྱིར་གྱིས་ཇ་དང་པཎ་གཉིས་ནུས་པ་དང་། །རོ་དང་ཞུ་རྗེས་ཕལ་ཆེར་མཐུན་པ་ཡིན། །དེ་ལ་དགོངས་ནས་པདྨ་འབྱུང་གནས་སོགས། །སྤྲུལ་བའི་ལོ་པཎ་རྣམས་ཀྱི་ཇ་རུ་བསྒྱུར།།” ཞེས་དང་། ཡང་དེ་ཉིད་ལས་ “ལ་ལ་ན་རེ་དཀར་ཡོལ་འདིར་བཤད་ཀྱང་། །རྒྱ་གར་དཀར་ཡོལ་མེད་པས་དེའི་ཕྱིར། །རྒྱལ་གཞུང་མ་ཡིན་བོད་དུ་བྱས་སོ་ལོ། །དཀར་ཡོལ་ཀུན་གྱི་ཁུངས་དང་དབྱེ་བ་དང་། །དངོས་འཛིན་ཏི་ཤྲི་གྲགས་པའི་འོད་ཟེར་གྱིས། །ཐོག་མར་བཤད་མོད་དེའི་རྗེས་མང་དུ་བྱུང་། དེ་དག་ཀུན་གྱི་དཀར་ཡོལ་འབྱུང་ཁུངས་ལས། །དང་པོ་སྔ་བ་རྒྱ་གར་ཡུལ་དུ་བྱུང་། །དེད་དཔོན་ཆེན་པོས་རྒྱ་མཚོའི་ནང་ཞུགས་ཏེ། །ནོར་བུ་ལེན་ཕྱིར་རྫིང་ཆེན་བསྐྱོད་པ་ལས། །འོད་འདོམས་ལྔ་བཅུ་ཁྱབ་པའི་དཀར་ཡོལ་གཉིས། །གའུ་ཁ་སྦྱོར་ཚུལ་དུ་མཚོ་ནང་ན། །བཀྲགས་མདངས་འོད་དང་བཅས་ཏེ་འདུག་པ་མཐོང་། །ནང་ནས་ཡིད་བཞིན་ནོར་བུ་བསམ་འཕེལ་བྱུང་། །ཕྱི་ལ་སྲོག་ཆགས་བཞི་ཡི་རྗེས་ཀྱང་འདུག། གཞན་ཡང་དེ་ལ་ཡོན་ཏན་མང་དུ་བཤད། །དེང་སང་དུས་ན་སེར་སྐྱའི་གྲོང་ཁྱེར་གྱི། །གཙུག་ལག་ཁང་གི་མཆོད་རྫས་ཁྱད་པར་འཕགས། །དེ་ནས་རིམ་གྱིས་བོད་ལ་སོགས་པར་དར། །དཀར་ཡོལ་རྒྱ་གར་བ་ལ་མེད་པ་མིན། །སྒྲུབ་བྱེད་དེ་ལྟར་གདའ་བས་མཁྱེན་དཔྱོད་འཐོང་།།” ཞེས་གསལ་བ་ལྟར་དང་པོ་ལ་རྒྱ་གར་གྱི་སྐད་དུ་པཎ་ཞེས་པ་དེ་ཨོ་རྒྱན་པདྨ་འབྱུང་གནས་སོགས་ཀྱིས་བོད་སྐད་དུ་ཇ་ཞེས་དོན་བསྒྱུར་གནང་བ་ཡིན་ཞེས་དོན་ལ་རྒྱ་གར་དུ་ཇ་མེད་པ་ཞལ་གྱིས་བཞེས་པ་དང་། གཉིས་པ་ལ་སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་མཇུག་དུ་བྱུང་བའི་ས་སྐྱ་འཕགས་པ་རིན་པོ་ཆེའི་གསོལ་དཔོན་ཏི་ཤྲི་གྲགས་པ་འོད་ཟེར་གྱིས་ཐོག་མར་བཤད་པ་ལས་འཕེལ་བའི་དཀར་ཡོལ་གྱི་འབྱུང་ཁུངས་ཞེས་པ་དེ་འདྲ་ཞིག་ལུང་དྲངས་ནས་རྒྱ་མཚོའི་ནང་འོད་འདོམ་པ་ལྔ་བཅུའི་སར་ཁྱབ་པའི་དཀར་ཡོལ་གཉིས་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ་དེ་ཕྱིས་སུ་སེར་སྐྱའི་གཙུག་ལག་ཁང་གི་མཆོད་རྫས་སུ་བཞུགས་པ་ནས་རིམ་གྱིས་བོད་སོགས་ལ་དར་བར་གསུངས་པ་དེའི་ཐོག་ནས་ཐ་ན་བོད་དུ་དཀར་ཡོལ་གྱི་འབྱུང་ཁུངས་དེའང་རྒྱ་གར་ལ་གཏུགས་དགོས་པ་ལྟ་བུར་གྱུར་བ་ནི་མི་རྣམས་བཞད་གད་འཕེལ་བའི་གནས་ལས་སྒྲུབ་བྱེད་ནུས་པ་དང་ལྡན་པ་ཅི་ཡང་མ་མཆིས།

            གཞན་ཡང་བྱང་པའི་དཔྱད་རྩོམ་དེའི་ནང་དགག་ལན་མང་པོ་ཞིག་ནི་རྟོག་གེ་ཚིག་འཁྲིའི་རྩོད་པ་བྱེད་སྟངས་ཤིག་ཏུ་སྣང་བ། དཔེར་ན། “ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག། ཞེས་བཤད་དེའི་ཕྱིར་བོད་དུ་སྦྱར་རོ་ལོ། །དེ་ལྟ་ན་ནི་དུ་མར་འགྱུར་བ་སྟེ། །སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་མཆོག །ཅེས་པ་རྒྱ་ཇ་རྩེ་མོ་དག་ལ་ཟེར། །རྒྱུ་མཚན་དེའི་ཕྱིིར་ན་གསོ་རིག་འདི། །རྒྱ་ནག་ཏུ་ཡང་བརྩམས་ཞེས་རྒོལ་ལམ་ཀྱེ། །བད་ཀན་སྨུག་པོའི་ནད་ལ་ཅོང་ཞི་མཆོག། ཅེས་པ་བཤད་ཕྱིར་ཅོང་ཞི་ཕུག་པར་སྦྱར། །འོར་གྱི་ནད་ལ་སྲད་དཀར་བ་ཆུ་མཆོག། ཅེས་བཤད་ཕྱིར་ན་བ་རྗིས་སྦྱར་བར་ཟད། །གཅོང་ཆེན་ནད་ལ་ཤ་ཆང་འོ་མ་མཆོག། ཅེས་བཤད་ཕྱུག་པོས་སྦྱར་ཞེས་མི་རྒོལ་ལམ།།” ཞེས་གསུངས་འདུག་པ་འདིར་གནད་དོན་གཙོ་བོ་ནད་པའི་ལུས་གསོ་བའི་ཟས་ཀྱི་མཆོག་ནི་ནས་རྙིང་གི་རྩམ་པ་དེ་ཡིན་ཞེས་གསུངས་པ་ཕྱོགས་སྔ་མས་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་གོམས་སྲོལ་རྒྱུན་ཟས་དང་མཐུན་པར་བསྟན་འདུག་པ་དེའི་ཐོག་ནས་ཀྱང་བསྟན་བཅོས་འདི་ནི་བོད་དུ་བརྩམས་པ་གསལ་པོར་མཐོང་ཐུབ་ཅེས་ནུས་ལྡན་གྱི་སྒྲུབ་བྱེད་བཀོད་པ་ལ་ལན་མེད་པར་ཤོང་དཀར་དང་། ཅོང་ཞི་དང་། བ་ཆུ་ལ་སོགས་པའི་ཚིག་གཞན་ལ་འཁྲི་ནས་རྩོད་པ་གནང་བ་ནི་རྟོག་གེ་བའི་ཚིག་འཁྲི་ཁོ་ན་ལས་མ་འདས་སོ། །ད་དུང་ཆེད་རྩོམ་དེའིནང་སྔོན་བྱོན་བོད་ཀྱི་བསྟན་བཅོས་སུ་འདོད་པའི་མཁས་པ་དག་གིས་རྒྱུད་བཞི་བོད་དུ་བརྩམས་པ་ཡིན་པའི་དོགས་གནད་འགའ་ཞིག་ཟུར་དུ་བྱུང་བ་འདི་ལྟར།

            ཤིང་། མེ། ས། ལྕགས། ཆུ་བཅས་ལྔར་གསུངས་པ་ནི་ནག་རྩིས་ཀྱི་གཞུང་དང་མཐུན་པས་ན་བོད་ཀྱི་བསྟན་བཅོས་ཡིན་ཞེས་པ་དང་གཅིག

            རྒྱུད་བཞིའི་ནང་ལོ་འགོ་རྒྱལ་ཟླ་བ་སྟེ་ཧོར་ཟླ་བཅུ་གཉིས་པར་བཟུང་བ་འདི་ནི་བོད་ཀྱི་སོ་ནམ་པའི་ལོ་འགོ་དང་མཐུན་པ་ལས། འཕགས་ཡུལ་གྱི་བཀའ་དང་བསྟན་བཅོས་ཀུན་དང་མི་མཐུན་ཟེར་བ་དང་གཉིས།

            རྒྱུད་བཞིའི་ནང་བོན་དང་། མདོས་ཞེས་པ་དག་བྱུང་བས་བོན་དང་མདོས་ཟེར་བ་གསུང་རབ་རྣམས་ཀྱི་ནང་སྟོན་པས་མ་གསུངས་ཤིང་། ཐུབ་བསྟན་པའི་ཆོས་ཀྱི་ལྟ་སྤྱོད་དག་དང་མི་མཐུན་པས་སངས་རྒྱས་ཀྱི་བཀའ་མ་ཡིན་བྱ་བ་དང་གསུམ།

            རྒྱུད་ནང་ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས། །ཞེས་པ་ནས་བཟུང་སྟེ་ལྷ་འདྲེ་སོ་སོའི་མིང་དང་གནོད་པའི་ཕྱོགས་སོགས་གསལ་བར་བསྟན་པ་འདི་ལྟ་བུ་སངས་རྒྱས་ཀྱི་བཀའ་གཞན་རྣམས་སུ་མ་བཤད་པས་བོད་དུ་ཉེ་ཞེས་པ་དང་བཞི།

            རྒྱུད་བཞི་ནང་གསུངས་པའི་ཟས་དང་། སྨན་གྱི་རོ་དང་ནུས་པ་ལ་སོགས་པ་རྣམས་ནི་བོད་ས་གནས་ཀྱི་དབང་དུ་བྱས་ནས་བསྟན་འདུག་ཅེས་པ་དང་ལྔ།

            རྒྱུད་བཞི་འདི་ནི་བཀའ་བསྟན་སྔ་ཕྱིར་ཕྱོགས་བསྒྲིགས་གནང་བ་ཀུན་གྱི་ནང་དུ་མ་བསྡུས་པའི་ཕྱིར་ན་རྒྱ་གར་ནས་བསྒྱུར་བའི་གཞུང་ལུགས་མ་ཡིན་ཞེས་པ་དང་དྲུག

ཅེས་དངོས་ཐོག་བདེན་འཚོལ་གྱི་སྒྲུབ་བྱེད་འདི་དག་ལ་བྱང་པ་བཀྲ་ཤིས་དཔལ་བས་སོ་སོར་དགག་པའམ། ཡང་ན་གསལ་བཤད་ལྟ་བུ་རེ་གནང་འདུག་ཀྱང་དོན་ལ་སྦྱོར་བ་དཀའ་བས་རྒྱས་པར་རྟོགས་འདོད་རྣམས་ཀྱིས་བྱང་པ་བཀྲ་ཤིས་དཔལ་བཟང་གི་དཔྱད་རྩོམ་དངོས་གཞི་༼རྒྱུད་ཀྱི་བཀའ་སྒྲུབ་༽ལ་གཟིགས་ནས་དཔྱད་པར་འཚལ་ལོ་ཞེས་གསུངས་འདུག་པ་བཅས།

དགུ་པ། བོད་དུ་གསོ་དཔྱད་ཐོག་མའི་བྱུང་རིམ་དང་སྐབས་དེའི་སྤྱི་ཚོགས་རྒྱབ་ལྗོངས།

དེ་ཡང་གསོ་དཔྱད་རིག་པ་ནི་ཁམས་མི་སྙོམས་པ་བསལ་ནས་མཉམ་པར་བྱ་བའི་རྣམ་དཔྱད་ལ་བྱ་ཞེས་གསུངས་པ་ལྟར་ལགས་ནའང་། གདོད་མའི་གསོ་དཔྱད་ཅེས་པ་ནི་ལུས་ཀྱི་ཟུག་རྔུ་སྣ་ཚོགས་སྙོམས་པར་འཇོག་པའི་ཐབས་ཇི་སྙེད་ཅིག་ལ་གོ་དགོས་པ་ཡིན་ཏེ། གསོ་དཔྱད་དེ་ལ་རང་གི་རྩ་བར་འཛིན་པའི་གཞུང་ལུགས་སོགས་གྲུབ་མེད་ཅིང་། གདོད་མའི་མི་རྣམས་ཀྱིས་ངལ་རྩོལ་དང་རང་སྲུང་ཆེད་ཕྱི་རོལ་ཡུལ་གྱི་གནོད་འཚེ་སྣ་ཚོགས་ལ་འཐབ་རྕོད་བྱེད་པའི་བརྒྱུད་རིམ་ནང་རང་ལ་བྱུང་བའི་རྒྱལ་ཕམ་གྱི་མྱོང་ཚོར་མང་པོ་མི་རབས་ནས་མི་རབས་བར་གསོག་འཇོག་བྱས་པའི་ཤེས་བྱ་ཁོ་ནར་སྲིད་པས། འདི་ནི་དེང་རབས་གསོ་དཔྱད་ཀྱི་མྱུ་གུ་ལྟ་བུ་ཡིན་ནོ།

            སྔ་མོའི་བོད་ཀྱི་རིགས་རྒྱུད་འདི་སྤྲེལ་སྲིན་འདུས་པ་ལས་བྱུང་བའམ་ལྷ་ཡུལ་ནས་མཆེད་པ། སྲིད་པ་ཀློང་གི་སྒོ་ང་ལས་བྱུང་བ། འཕགས་ཡུལ་གྱི་ཤཱཀྱའི་རྒྱལ་རྒྱུད་ཅིག་བྲོས་བྱོལ་དུ་ཕེབས་པ་གང་ལྟར་ཡང་། བོད་དུ་མིའི་རིགས་རྒྱུད་ཐོག་མར་བྱུང་བ་ནས་བཟུང་། སྤྱང་གྲུང་འཛོམས་ཤིང་བློ་སེམས་དཀར་བ་དང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རང་རེའི་ཡབ་མེས་རྣམས་ཀྱིས་རིམ་བཞིན་རང་བྱུང་ཁམས་ལ་ཤེས་རྟོགས་དང་། ནད་རིགས་སྣ་ཚོགས་ལ་འཐབ་རྕོད་བྱེད་ཆེད་སྐྱེ་དངོས་དང་། སྲོག་ཆགས། གཏེར་རྫས་སོགས་ལ་ཞིབ་འཇུག་བྱས་ཏེ་ནད་རིགས་སྣ་ཚོགས་ལ་སྨན་བཅོས་བྱེད་པའི་ཐབས་སམ་རིག་པ་དེ་རྙེད་ནས། རིམ་གྱིས་འཕེལ་རྒྱས་བྱུང་སྟེ་ལོ་ངོ་ཉིས་སྟོང་ལྷག་གི་གོང་ཙམ་ནས་བོན་སྟོན་པ་གཤེན་རབས་ཀྱིས་སྤེལ་བའི་བོན་ཆོས་ཀྱི་འབྱུང་ལྔ་རིག་པའི་ཤུགས་རྐྱེན་ཐེབས་ཡོད་པ་སྟེ། ནམ་མཁའ་ལས་རླུང་འབྱུང་བ་དང་། རླུང་གིས་མེ་བུས། མེ་དང་ཆུ་གཉིས་འཕྲད་དེ་རྒྱུན་ཆད་མེད་པར་འགུལ་སྐྱོད་བྱེད་པའི་ཆོས་ཉིད་བཅས་གསལ་འདོན་བྱས་ནས་རྕོད་སྒྲུབ་རིག་པས་དངོས་པོའི་འགུལ་སྐྱོད་ཀྱི་འགྱུར་ལྡོག་ཆོས་ཉིད་དེ་ལ་གསལ་བཤད་བྱས་ཡོད་པས། གསོ་དཔྱད་ཀྱི་ཐོག་མའི་བྱུང་ཚུལ་ནི་བོན་པོའི་ཆོས་ལུགས་སམ་བོན་སྟོན་གཤེན་རབས་ལས་བྱུང་ཞེས་བརྗོད་པའང་དོན་གྱི་ནང་འགལ་ཆེན་པོར་སྣང་ཞིང་། དེ་ནི་ཡལ་ག་ལས་རྩ་བ་འབྱུང་ཟེར་བ་ལྟར་དངོས་པོའི་ཆོས་ཉིད་དང་ཡོངས་སུ་འགལ་བར་བསམ། འོ་ན་གསོ་དཔྱད་ཀྱི་ཚུལ་ནི་མིའི་རིགས་བྱུང་བ་ནས་གྲུབ་པ་ཡིན་ལ་ཆོས་ལུགས་ནི་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཤེས་རིག་སོགས་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པ་ལས་གྲུབ་པ་ཡིན་པས་དུས་ཀྱི་སྒོ་ནས་ཀྱང་ཆོས་ལུགས་ལས་གསོ་དཔྱད་གྲུབ་མི་སྲིད་པ་གསལ་ལོ། །ལྷག་དོན་ས་ནི་སྐྱེས་དངོས་ཡོད་དོ་ཅོག་གི་གཞི་རྟེན་དང་། ཆུས་བརླན་པ། མེས་སྨིན་བྱེད། རླུང་གིས་སྐྱོད་པ་དང་ནམ་མཁས་གོ་ཕྱེ་བའི་བྱེད་ནུས་ཡོད་ཅེས་ཚན་རིག་རྩོད་སྒྲུབ་ཀྱི་ལྟ་བས་འགྲེལ་བཤད་བརྒྱབ་ཡོད་ལ། དེ་མིན་ཕོ་བར་མེ་དྲོད་ཡོད་པར་བརྟེན་གཞི་ནས་ཟས་འཇུ་བའི་ནུས་པ་ཡོད་ཅེས་པའི་ངོས་འཛིན་དེ་དག་གིས་བོད་ཀྱི་གསོ་རིག་ལྷ་སྒྲུང་དང་མོ་པའི་ལྟ་བ་ལས་བརྒལ་ཏེ་ཚན་རིག་གི་རྒྱན་ཆས་ལེགས་པར་བརྒྱན་ཞིང་། ཆབས་ཅིག་འབྱུང་འགྱུར་བོད་ཀྱི་གསོ་རིག་འཕེལ་རྒྱས་དང་སྲོལ་རྒྱུན་བསམ་བློའི་རྨང་གཞིར་ལེགས་སྐྱེས་མི་དམན་པ་ཕུལ་ཡོད་པ་བསྙོན་མེད་ཅིག་རེད། དཔལ་ལྡན་རྒྱུད་བཞི་ལས་ཀྱང་གོང་གསལ་གྱི་བཞེད་པ་དང་གཅིག་མཐུན་གྱིས་གསོ་བྱའི་ཡུལ་ཏེ་ལུས་དང་། ལུས་དེ་ལས་བྱུང་བའི་ནད། ནད་དེ་གསོ་བའི་གཉེན་པོ་རྣམས་འབྱུང་བས་གྲུབ་པ་ཤ་སྟག་ཡིན་པར་བཞེད་ཡོད་པ་དང་། འབྱུང་བ་དེ་དག་མ་ཚང་ན་བརྟན་གཡོའི་དངོས་པོ་ཐམས་ཅད་མི་འགྲུབ་པར་འདོད་ཡོད་པ་མ་ཟད། ཕྱི་ནང་གི་འབྱུང་བ་ཆོས་མཚུངས་ཡིན་ཞིང་གལ་ཏེ་འབྱུང་བ་དེ་དག་མ་སྙོམས་ན་རང་བྱུང་གི་གནོད་འཚེ་འདྲ་མིན་དང་ནད་ཡམས་སྣ་ཚོགས་འབྱུང་བར་འདོད་པའི་བོད་ཀྱི་གསོ་རིག་གི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་སྟེ་འབྱུང་ལྔ་རིག་པའི་ལྟ་བར་དཔགས་ན་གནའ་བོའི་བོན་ཆོས་ཀྱིས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ལ་མཐུན་རྐྱེན་མི་དམན་པ་བསྐྲུན་ཡོད་པས་འདི་ནི་བོད་ཀྱི་གསོ་དཔྱད་རིག་པའི་མཆོངས་བསྐྱོད་ཐོག་མ་དེ་ཡིན་པར་འདོད་དོ།།

༼ཆོས་འབྱུང་མཁས་པའི་དགའ་སྟོན་༽ལས། “སྣུབས་རྗེ་སྲིད་པ་རྒྱལ་ཕྲན་དབང་དུ་བསྡུས།” ཞེས་པ་ལྟར། སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་ཡས་མས་སུ། བོད་རྒྱལ་བཙན་པོ་རྣམས་ཀྱི་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་རྣམས་གཅིག་ཏུ་དྲིལ་ཏེ་བོད་རྒྱལ་ཁབ་དབུ་འཛུགས་གནང་བའི་སྐབས་ཀྱི་གསོ་དཔྱད་རིག་པ་ནི་ཆོས་ལུགས་དང་བསྔོ་སྨོན་གྱི་ཤན་ཞུགས་ཤིན་ཏུ་ཟབ་པས་ནད་གསོ་བ་ནི་ལྷའི་མཛད་པ་ཡིན་པར་འདོད་ཅིང་། ཕྱིས་སུ་རྒྱལ་ཕྲན་ཁག་གི་དབར་འཐབ་རྩོད་འདྲ་མིན་བྱུང་བ་བརྒྱུད་དོགས་པ་དྲུག་ཅེས་སྐབས་དེའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་གྲས་བཏོན་པ་མ་ཟད། དུག་ལ་སྨན་ཡོད་ཅེས་གསོ་རིག་གི་ལྟ་བ་ཡང་དག་པ་ཞིག་བཙུགས་པ་འདིས་སྐབས་དེ་དུས་ནས་བོད་མིའི་གསོ་དཔྱད་ཀྱི་ལྟ་བ་ཅུང་ཚད་མཐོ་བོ་ཡིན་པ་རྟོགས་ཐུབ་སྙམ། ཁྱད་པར་དུ་བོད་རྒྱལ་པོ་དེ་གུང་རྒྱལ་གྱི་དུས་སྐབས་ནི་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་གལ་ཆེའི་དུས་བབ་ཅིག་ཡིན་ཏེ། བརྒྱུད་པའི་མན་ངག་གི་གསོ་རིག་ཉམས་མྱོང་རྣམས་ནད་འགོག་སྨན་བཅོས་ཀྱི་བྱ་བཞག་ཁྲོད་རྒྱ་ཁྱབ་བེད་སྤྱོད་བྱས་པ་དང་། ནད་ཡམས་ཀྱི་འགོས་ཁྱབ་ཆོས་ཉིད་ངེས་རྟོགས་བྱུང་ཡོད་པར་མ་ཟད། རིམས་ནད་ཅན་གྱི་ནད་པར་སྤྱི་འབངས་དང་ཁ་བྲལ་གྱི་གནས་སྤོའི་སྨན་བཅོས་ཐབས་ཤེས་བསྟེན་པ་ནི་རྒྱལ་ཁབ་གཞན་གྱི་གསོ་རིག་ལས་ལག་ལེན་སྤྱོད་སྔ་ཤོས་ཡིན་པའང་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ཤེས་ཐུབ། ཁྱད་པར་དུ་བོད་རྒྱལ་འབྲོང་གཉན་ལྡེའུ་ས་གདོན་གྱིས་ཟིན་པར་རྒྱལ་རྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་འབྱུང་བའི་ཆེད་དུ་སྐུ་གསོན་པོ་བང་སོར་ཞུགས་ཏེ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ “གསོན་ཆས་ཟླུམ་བུ།” ཞེས་གྲགས་པ་འདིས་རྒྱལ་པོའི་བླ་ལྷག་གི་ཐུགས་རྒྱུད་མཚོན་པ་ཕུད། ད་དུང་སྐབས་དེའི་སྤྱི་ཚོགས་ཀྱིས་ནད་ཡམས་སྔོན་འགོག་གི་བྱ་བཞག་ལ་མཐོང་ཆེན་དང་རྩིས་མཐོང་བྱས་ཡོད་པ་མཚོན་ཡོད། ཆེས་མཐོའི་དཔོན་རིགས་རྒྱལ་པོ་ལའང་གུ་ཡངས་མེད་པར་སྔོན་འགོག་སྨན་བཅོས་ལས་དོན་ཁྲོད་འབངས་མི་དང་འདྲ་མཉམ་ཡིན་པའི་གནས་ཚུལ་འཁོད་པ་དེ་ནི་འཛམ་གླིང་གསོ་རིག་ལོ་རྒྱུས་སྟེང་ནམ་ཡང་བསུབ་ཐབས་བྲལ་བའི་རྨད་བྱུང་གི་མཚར་གཏམ་ཞིག་དང་ཁྱོན་ནས་བྱུང་མྱོང་མེད་པའི་ཁྱད་འཕགས་ཀྱི་མཛད་པ་ཞིག་ཀྱང་རེད། དེ་ནས་རྒྱལ་པོ་སྟག་རི་གཉན་གཟིགས་དང་གནམ་རུ་སྲོང་བཙན་གྱི་སྐབས་སུ་བོད་ཀྱི་གསོ་དཔྱད་རིག་པ་སྤྱི་ཚོགས་འཕེལ་འགྱུར་གྱི་གོམ་འགྲོས་དང་བསྟུན་ནས་སྔར་བས་ལེ་ཚན་གསར་བ་ཞིག་ཏུ་འགྱུར་འགོ་བརྩམས་ཤིང་། སྐབས་དེའི་བོད་མི་ཚོས་ཟས་སྤྱོད་བསྟེན་ཉེས་ལས་ནད་འབྱུང་བ་དང་། ནད་ཀྱི་ཕྱི་ནང་འཇུག་ཚུལ། ལྷན་སྐྱེས་ཀྱི་ནད་བཅས་ལ་ངོས་འཛིན་གསར་བ་ཐོབ་ཡོད་ཅིང་། ཁྱད་པར་དུ་སྐབས་དེར་བོད་ཀྱི་གསོ་རིག་གིས་རྒྱ་དཀར་ནག་གི་གསོ་རིག་ཉིང་བཅུད་ཀྱང་བསྡུ་ལེན་གང་འཚམས་བྱས་ཡོད་པས་བོད་ཀྱི་གསོ་དཔྱད་རིག་པ་མུ་མཐུད་ནས་འཕེལ་རྒྱས་འགྲོ་བར་རྟིང་སྐུལ་མཛད་ཡོད་པ་དང་ཆབས་ཅིག་བོད་མིའི་འདུ་ཤེས་རྙིང་པ་སྟེ་ལྷ་འདྲེ་དང་མོ་པྲ་ལ་ཡིད་རྟོན་གྱི་ལྟ་བར་སུན་འབྱིན་དང་ཕོག་ཐུག་བཏང་ཡོད་པ་སྨོས་མེད་ཅིག་ཡིན་པས་འདི་ནི་བོད་ཀྱི་གསོ་དཔྱད་རིག་པའི་མཆོངས་བསྐྱོད་ཐེངས་གཉིས་པ་དེ་ཡིན་པར་འདོད་དོ།།

            སྤྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་བོད་ཀྱི་གསོ་དཔྱད་རིག་པ་ལ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཡོད་མོད། རྒྱ་གར་ནས་དར་བའི་སངས་རྒྱས་ཆོས་ལུགས་ཀྱིས་བོན་ཆོས་ཀྱི་ཚབ་བྱས་ཏེ་དེའི་ཤན་བོད་ཀྱི་ཤེས་རིག་ཡོངས་ལ་རིས་སུ་མ་ཆད་པར་ཞུགས་ཡོད་པས་གསོ་དཔྱད་ཀྱི་གཞུང་དུའང་ཆོས་ལུགས་ཀྱི་དགོས་མཁོ་དང་བསྟུན་ནས་མཚོན་རིས་སུ་སྙིང་གི་རྩེ་མོ་གྱེན་དུ་ཕྱོགས་པ་བྲིས་ཤིང་། སྙིང་གི་གནས་ཡུལ་ཡང་མངོན་སུམ་དང་མི་འཚམས་པར་བྲང་དཀྱིལ་དུ་བྲིས་པ་སོགས་བོད་ཀྱི་གསོ་རིག་གི་གཞུང་དང་ལག་ལེན་གཉིས་ཀའི་ཐད་ལ་བགེགས་རྐྱེན་རེ་ཟུང་ཐེབས་ཡོད་ཀྱང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རླབས་ཆེན་གྱི་མེས་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་སྐུ་བལྟམས་པ་དང་ཁོང་གིས་བོད་ཀྱི་གསོ་དཔྱད་རིག་པ་ཐམས་ཅད་ཀྱི་རྨང་གཞིའི་སྟེང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་ལེགས་ཆའི་ཉིང་བཅུད་ཁག་དང་། རྒྱ་ནག་གི་ཀྲུང་དབྱིའི་རྩ་དཔྱད་དང་གདགས་སྲིབ་རིག་པ་སོགས་ཀྱི་སྙིང་དོན་རྣམས་ནང་འདྲེན་གྱིས་དཀྱུས་གཅིག་ཏུ་བསྒྲིགས་པའི་ཆུ་བོ་གསུམ་འདུས་ཀྱི་བརྩམས་ཆོས་༼དཔལ་ལྡན་རྒྱུད་བཞི་༽ལེགས་གྲུབ་བྱུང་བ་དེས་ད་གཟོད་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་སྔར་མེད་ཀྱི་གསོན་ཤུགས་སྦྱིན་ཏེ་ཆ་ཚང་ཞིང་བརྒྱུད་རིམ་ལྡན་པའི་གཞུང་ལུགས་ཀྱི་རྒྱ་མཚོ་སྤྱད་ན་འཛད་མེད་ཅིག་ཏུ་གྲུབ་པ་དེར་བོད་ཀྱི་གསོ་བ་རིག་པའི་མཆོངས་བསྐྱོད་ཐེངས་གསུམ་པ་ཞེས་པའི་ཐ་སྙད་ཀྱང་སྦྱར་བར་བྱའོ།།

 

བཅུ་པ། མཇུག་དོན།

སྤྱིར་གནའ་སྔ་མོར་བོད་ཀྱི་ཡུལ་འདིར་གྲུ་གུ་དང་།  འ་ཞ་སོགས་རྒྱལ་ཕྲན་སིལ་མ་མང་པོ་མཆིས་པ་ནས་གཉའ་ཁྲི་བཙན་པོས་གཅིག་གྱུར་གྱིས་གནམ་གྱི་ཁྲི་བདུན་དང་།  སྟོད་ཀྱི་སྟེང་གཉིས།  སའི་ལེགས་དྲུག ཆུ་ལ་ལྡེ་བརྒྱད།  འོག་གི་བཙན་གསུམ་བཅས་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཐུག་གི་བར་དུ་ཡང་རྒྱལ་རབས་རྣམས་མངའ་ཐང་ཆེན་པོ་རྒྱས་ཡོད་ཅིང་།  བོད་ཀྱི་ཆབ་སྲིད་དང་།  རིག་གནས།  རྒྱལ་སྲུང་དམག་དོན་སོགས་དར་རྒྱས་ཆེན་པོ་བྱུང་ཡོད་པ་དང་།  གནའ་བོའི་ཞང་ཞུང་ཡིག་རིགས་ལ་བརྟེན་ནས་བོན་གྱི་བསྟན་པ་ཡང་རྒྱ་ཆེར་དར་ཡོད།  དེ་བཞིན་བོད་ཀྱི་གསོ་དཔྱད་རིག་པ་འདི་ཡང་དེ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་གདོན་མི་ཟའོ།  དེ་ཡང་རྨོངས་པའི་ཚད་གཞིར་འཛིན་པའི་དུད་འགྲོའི་ནང་གི་ཤ་བས་ཀྱང་རང་ལ་རྨས་ཕོག་ན་ཡུ་མོ་སྲོལ་གོང་སེར་པོ་བཙལ་ནས་རྨ་བཅོས་བྱེད་ཤེས་པ་དང་།  བྱིའུ་ཅོ་གས་རང་གི་སྒོ་ང་ཆག་ཚེ་སྔོ་འབུ་སུ་ཧང་གས་ཆག་མཚམས་སུ་སྦྱར་ནས་སྒོ་ངའི་གས་ཆག་འབྱར་ཐབས་བྱེད་ཤེས་པ་སོགས་ཀྱིས་མཚོན་པའི་དུད་འགྲོ་རྣམས་ཀྱང་གསོ་དཔྱད་ཀྱི་རིག་པ་ངོ་མཚར་བ་སྤྱོད་ཤེས་ན།  ལྷ་ཐོ་ཐོ་རི་སྙན་ཤལ་གྱི་གོང་དུ་རང་རེའི་མི་རིགས་འདིར་ནད་ཀྱིས་ཐེབས་ནས་ཤི་གསོས་ཐག་མ་ཆོད་བར་དུ་ཕ་མ་ཡིན་ཡང་སྒོར་དབྱུང་ནས་བཞག་པ་ལས་གསོ་ཐབས་མེད་པའི་འདོད་ཚུལ་དག་ལ་དབྱེ་ཞིབ་འདོར་ལེན་དང་།  ཕྱོགས་ལྷུང་བྲལ་ཞིང་ཡིད་ཆེས་ཕུགས་འཕེར་གྱི་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་རྒྱུ་ནི་ང་ཚོའི་དུས་རབས་འདི་དང་།  མི་རབས་འདིའི་གཡོལ་དུ་མེད་པའི་འོས་འགན་ཡིན་པར་འདོད་དོ།། །།

སླར་སྨྲས་པ།   དེ་ལྟར་གསོ་དཔྱད་ཐོག་མའི་བྱུང་ཚུལ་དང་།།

རྒྱུད་ཆེན་བཀའ་དང་བསྟན་བཅོས་གཞུང་ལུགས་ཀྱི།།

འདོད་ཚུལ་རྣམ་པར་དབྱེ་བའི་རབ་བྱེད་འདི།།

རང་དང་གཞན་ལ་ཕན་པར་འདོད་པའི་བློས།།

རྣམ་པར་ཕྱེ་ནས་ཚུལ་བཞིན་སྨྲས་པ་ཡིན།།

འདིར་འབད་དགེ་བ་ཉིན་མོར་བྱེད་པ་དེས།།

བསྟན་ལ་ལར་ཞེན་སྲིད་ཀྱི་དགོས་མཁོའི་ཆེད།།

ལོག་སྨྲ་མུན་པའི་ཚོགས་རྣམས་ཕྱིར་བསལ་ཏེ།།

བསྐལ་མཉམ་བློ་ཡི་པདྨ་རྒྱས་པ་དང་།།

བདེན་ཚུལ་རྟོགས་པའི་སྣང་བས་ཁྱབ་པར་བསྔོ།།

འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས།།

མཆིས་ན་འཚོ་བྱེད་མཁས་པའི་ཚོགས་ལ་བཤགས།།

སརྦ་མངྒལཾ།

 

 

དཔྱད་གཞིའི་རྒྱུ་ཆ་ཁག

༡།  ༼ཞང་བོད་ལོ་རྒྱུས་ཏི་སེ་འོད་༽ནམ་མཁའི་ནོར་བུས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།

༢།   མཁས་པ་ལྡེའུས་མཛད་པའི་༼ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་༽བོད་ཀྱི་དཔེ་མཛོད་ཁང་།

༣།   ༼རླངས་ཀྱི་པོ་ཏི་བསེ་རུ་༽མཁན་སློབ་ཆོས་གསུམ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

༤།   ༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་༽ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ།  མི་རིགས་དཔེ་སྐྲུན་ཁང་།

 ༦།   ༼གསོ་རིག་རྒྱུ་ཆ་བདམ་བསྒྲིག་༽མི་རིགས་དཔེ་སྐྲུན་ཁང་།

༧།   ༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ༽དུང་དཀར་བློ་བཟང་འཕྲིན་ལས།  མི་རིགས་དཔེ་སྐྲུན་ཁང་།  

༨།   ༼ལེགས་བཤད་བེེཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན༽སྡེ་སྲིད་སངས་རྒྱས་རྒྱ་མཚོ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

༩།   ༼གསོ་རིག་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཟེར་༽དེའུ་དམར་བསྟན་འཛིན་ཕུན་ཚོགས།  མཚོ་

       སྔོན་མི་རིགས་དཔེ་སྐྲུན་ཁང་།

༡༠།   ༼བཀའ་ཐང་སྡེ་ལྔ་༽སློབ་དཔོན་པདྨ་འབྱུང་གནས།  མི་རིགས་དཔེ་སྐྲུན་ཁང་།

༡༡།   ༼རྣམ་རྒྱལ་ཨ་རུ་རའི་ཕྲེང་བ་༽སོག་པོ་ལུང་རིགས་བསྟན་དར།  མི་རིགས་དཔེ་སྐྲུན་ཁང་།

༡༢།   ༼གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་༽བྱམས་པ་འཕྲིན་ལས།  མི་རིགས་དཔེ་སྐྲུན་

         ཁང་།

༡༣།   ༼ཨེ་ཝཾ་༽ལ་དྭགས་སྨན་པ་བཀྲ་ཤིས་ཡར་འཕེལ་གྱི་ལྡི་ལིའི་པར་གསར།

༡༤།   སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་སྨན་རྩིས་ཁང་དང་།  སུད་སི།  དབྱིན་ཇི།  འཇར་མ་ནི།  ཕ་རན་སི།  ཨ་རི་

        སོགས་སུ་བོད་སྨན་ངོ་སྤྲོད་གསུང་བཤད་གནང་བའི་ཡིག་ཆ་དང་སྒྲ་འཇུག་འཁོར་ཐག་ཁག

༡༥།   ༼བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་གཡུ་ཐོག་བླ་མ་དྲན་པའི་ཕོ་ཉ་༽པ་སངས་ཡོན་ཏན།  བོད་གཞུང་སྨན་རྩིས་ཁང་།

༡༦།   ༼Encyclopaedia of Tibetan medicine༽Vaidya Bhagwan Dash New-Delhi

༡༧།   ༼སྐྱེམས་འགྲེལ་༽ སྐྱེམས་པ་ཚེ་དབང་།  བོད་གཞུང་སྨན་རྩིས་ཁང་།

༡༨།   ༼མེས་པོའི་ཞལ་ལུང་༽ ཟུར་མཁར་བློ་གྲོས་རྒྱལ་པོ།  མི་རིགས་དཔེ་སྐྲུན་ཁང་།

༡༩།   ༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་༽ ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༢༠།   ༼བོན་གྱི་ལོ་རྒྱུས་ལས་འཕྲོས་པའི་སྨན་རྩིས་སྐོར་༽བསྟན་འཛིན་འབྲུག་གྲགས།  དོ་ལན་ཇི།

༢༡།   ༼སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས་༽བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

༢༢།   ༼ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་༽ བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

༢༣།   ༼རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

༢༤།   ༼བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་༽བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

༢༥།   ༼བོད་ལྗོངས་ཞིབ་འཇུག་༽ སྤྱི་ལོ་ ༡༩༨༢ ནས་ ༡༩༩༨ བར།   

 

-          འདི་ནི་ཕྱི་ལོ་ ༢༠༠༠ ལོར་སྨན་པ་དཀའ་བཅུ་པ་ཆོས་ལོ་ཐར་གྱིས་དཔྱད་ཞིབ་གནང་ཞིང་བོད་གཞུང་སྨན་རྩིས་ཁང་གིས་པར་བསྐྲུན་ཞུས་པ་ <<བོད་ཀྱི་གསོ་དཔྱད་རིག་པ་ཐོག་མའི་འབྱུང་ཁུངས་ལ་རོབ་ཙམ་དཔྱད་པ་གཟུར་གནས་དགྱེས་པའི་གཏམ།>> ཞེས་བྱ་བའི་དེབ་ཡིན་པ་འདིའི་ནང་དོན་ཆ་ཚང་བ་འདིར་བཀོད་པའོ།།






 

མཐའ་མའི་འདོན་ཐེངས་།: 08.09.2022 ཉིན། 3:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།