བོད་ཀྱི་ཁྱད་ནོར་དུས་སྟོན་ནང་མཉམ་ཞུགས་བྱས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.09.2024 |
བོད་ཀྱི་ཁྱད་ནོར་དུས་སྟོན་ནང་མཉམ་ཞུགས་བྱས།
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༣ ནས་ ༥ བར་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་དིལླིར་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་(India International Centre)དུ་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་ཐེབས་རྩ། USAID, Foundation for Non-violent Alternatives བཅས་བཞིས་བོད་ཀྱི་ཁྱད་ནོར། བྱམས་སྙིང་རྗེ་དང་རིག་གཞུང་ཞེས་དུས་སྟོན་(SPIRIT OF TIBET: Celebrating Culture and Compassion)ཞིག་གོ་སྒྲིག་ཞུས་པའི་སྐབས་བོད་ཀྱི་ཐུན་མིན་གསོ་བ་རིག་པ་དང་། སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་དངོས་སུ་སྤྱན་བསྟར་དང་མངོན་པར་མཚོན་པའི་སླད་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་དགའ་སྤྲོ་འཁོལ་བའི་ངང་མཉམ་ཞུགས་གནང་ཡོད།
དེ་ཡང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་སྨན་རྩིས་རིག་པ་གཉིས་དང་འབྲེལ་བའི་ཐོན་དངོས་ཁག་འགྲེམས་སྟོན་གནང་བ་མ་ཟད་ཚོང་སྒྱུར་ཡང་བྱས་ཡོད། ལྷག་པར་སྨན་པ་གསུམ་ནས་གློ་བུར་དུ་ལྷགས་པའི་ནད་པ་བརྒྱ་ཕྲག་བརྒལ་བ་རྣམས་ལ་བརྟག་དཔྱད་སྨན་བཅོས་དང་ཟས་སྤྱོད་སློབ་སྟོན་གནང་ཞིང་སྨན་པའི་ལག་དོད་རིན་མེད་ཕུལ་གནང་ཡོད། དེ་བཞིན་འགྲེམས་སྟོན་ཁང་དུ་དོན་གཉེར་དང་བློ་འདོད་ཡོད་པ་མང་དག་ཅིག་ལ་ངག་ཐོག་རྩིས་འབྲས་སྒོ་ནས་ཞབས་འདེགས་གང་ལེགས་ཞུས་གནང་ཡོད། དེ་ནས་དུས་སྟོན་ཉིན་གཉིས་པར་སྨན་པ་གསུམ་ནས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་ངོ་སྤྲོད། བོད་ཀྱི་གསོ་བ་རིག་པས་འབྲས་ནད་ངོས་འཛིན་དང་བཅོས་ཐབས་སྐོར། སེམས་ཁམས་འཕྲོད་བསྟེན་བྱ་ཐབས་དང་སེམས་ནད་ལས་སྲུང་ཐབས་བཅས་བརྗོད་གཞི་ཁག་ལ་གཏམ་བཤད་དང་བགྲོ་གླེང་གནང་ཡོད། གཞན་ཡང་སྐར་རྩིས་པས་བོད་ཀྱི་སྐར་དཔྱད་རྩིས་རིག་གི་ངོ་སྤྲོད་གཏམ་བཤད་ཀྱང་གནང་ཡོད།
དེ་ལྟར་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་བཀོད་ཁྱབ་འོག་སྨན་པ་རབ་འབྱམས་པ་པ་སངས་དབང་འདུས་ལགས་དང་། སྨན་པ་རབ་འབྱམས་པ་ཚེ་བརྟན་མི་འགྱུར་ལགས། སྨན་པ་རབ་འབྱམས་པ་བསོད་ནམས་དབང་མོ་ལགས། དེ་བཞིན་སྐར་དཔྱད་རྩིས་རིག་པ་བསྟན་འཛིན་བློ་ལྡན་ལགས་དང་། སྐར་དཔྱད་རྩིས་རིག་པ་སྐར་མ་ཡེ་ཤེས་ལགས་བཅས་སྨན་རྩིས་པ་ལྔ་ཕེབས་ཡོད་ལ། དེ་བཞིན་དབུས་ནས་འཛིན་སྐྱོང་ལས་བྱེད་ངག་དབང་ལགས་དང་། སྨན་རྩིས་ཐོན་དངོས་ཚོང་སྒྱུར་སླད་དིལླི་ཕྱིར་ཚོང་ཁང་ནས་ལས་བྱེད་གསུམ་དང་། དིལླི་བསམ་ཡས་གླིང་དང་རོཧིནི་ཡན་ལག་སྨན་ཁང་གཉིས་ནས་སྨན་སྤྲོད་རྩིས་པ་གཉིས་བཅར་ཡོད།
གང་ལྟར་ཉིན་གསུམ་གྱི་དུས་སྟོན་སྐབས་བྱམས་སྙིང་རྗེ་གཞི་རྩར་འཛིན་པའི་བོད་ཀྱི་སྨན་རྩིས་རིག་པ་གཉིས་ཀྱི་ངོ་སྤྲོད་དང་། སྨན་རྩིས་བསྟན་པའི་ཆ་ལག་རྣམས་འགྲེམས་སྟོན་གྱིས་དེར་བཅར་མཁན་མང་ཚོགས་ལ་བོད་ཀྱི་སྨན་རྩིས་རིག་པའི་སྐོར་རྒྱུས་མངའ་ཕྲན་བུ་གོང་དོར་ཕྱིན་པའི་ཕན་ཐོགས་ངེས་པར་བྱུང་ཡོད།།
མཐའ་མའི་འདོན་ཐེངས་།: 13.09.2024 ཉིན། 4:47 PM
<< སྔ་མ།