སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.09.2014
བཀའ་འགྱུར་གསོ་རིག >>

 


༄༅། །རྒྱ་གར་སྐད་དུ། ཨཱརྱ་ཏཐཱགཏ་བཻཌཱུརྱ་པྲབྷ་ནཱམ་བལ་དྷན་སམཱདྷི་དྷཱརཎཱི།

བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས།

 

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྨན་གྱི་གནས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་སོ། །ལྷའི་ཙནྡན་གྱི་ཕྱེ་མ་དང་། མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ་བོ། །དེ་བཞིན་གཤེགས་པ་བདུན་པོ་འཁོར་དང་བཅས་པ་འཇིག་རྟེན་གྱི་ཁམས་འདིར་གཤེགས་ཏེ། དེ་བཞིན་གཤགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་བྱུང་བའི་སེང་གེའི་ཁྲི་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་བསྐོར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ཏོ། དེ་ནས་སངས་རྒྱས་ཀྱི་མཐུས། འཇམ་དཔལ་གཞོན་ནུར་གྱུར་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དགོངས་སུ་གསོལ། སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་སྦྱང་བ་དང་། ནད་ཐམས་ཅད་ཞི་བར་བགྱི་བ་དང་། རེ་བ་ཐམས་ཅད་བསྐང་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱིས་བྱིན་གྱིས་བརླབས་པའི་གཟུངས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་ལྟར་རྣམ་པར་སྣང་བྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ལྟར་རབ་ཏུ་བསིལ་བྱེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བལྟ་ན་མཛེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ལེགས་པར་རྣམ་པ་སེམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་བརྩེགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་ཆེན་པོའི་རྩེ་འཛིན་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཕགས་པ་དགྲ་བཅོམ་པ་ཤྰ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་ཕྱག་འཚལ་ལོ། །ལྷའི་དགེ་བསྙེན་ཆེན་པོ་དཔལ་ཚངས་པ་དང་བརྒྱ་བྱིན་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །ཀླུའི་དགེ་བསྙེན་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་དགེ་བསྙེན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་གསུང་དབྱངས་གཅིག་གིས་གཟུངས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། །ནམོ་རཏྣ་ཏྲཡཱཡ། ནམོ་བྷགཝཏེ། ཨཔྲཏིཧཏ། བྷཻཥཛྱེ་རཱཛཱཡ། ཏདྱཐཱ། ཨོཾ་སརྦ་ཏཐཱགཏ་ཧཱུྃ། གྷུམེ་གྷུམེ། ཨིམི་ནིམིཧི། མཏི་མཏི། སཔྟ་ཏཐཱགཏ། སམཱདྷྱདྷིཥྛིཏེ། ཨཏི་མཏེ་པྰལེ་པྰཔཾ་ཤོདྷནི། སརྦ་པྰཔཾ་ནྰཤཡ། མམ་བུདྡྷེ། བདྡྷོཏྟམེ། ཨུམེ་ཀུམེ། བུདྡྷ་ཀྵེཏྲ་པརིཤོདྷནི། དྷམེ་མིདྷམེ། མེརུ་མེརུ། མེརུ་ཤིཁརེ། སརྦ་ཨཀྰལ་མྲྀཏྱུ་ནིབྰརཎི། བུདྡྷེ་སུབུདྡྷེ། བུདྡྷ་ཨདྷིཥྛྰན། ཨདྷིཥྛིཏེན། རཀྵནྟུམེ། སརྦ་དེབསམེ། ཨསམེ། སམནྭཱཧརནྟུམེ། སརྦ་བུདྡྷ། བོདྷི་སཏྭྰ། ཤམེ་ཤམེ། པྲཤམནྟུམེ། སརྦེ་ཏྱུཔདྲྭབ། བྱྰདྷཡཿ པཱུརཎི། སུ་པཱུརཎི། པཱུརཡམེ། སརྦ་ཨཱཤཱམེ། བཻཌཱུརྱ་པྲཏི་བྷཱསེ། སརྦ་པཱཔཾ་ཀྵཡཾ་ཀརི་སྭཱཧཱ། ཨོཾ་བྷེཥཛྱེ་བྷེཥཛྱེ། མཧྰ་བྷཻཥཛྱེ། [བྷཻཥཛྱེ་རྰཛྰ་] སམུཏྒཏེ་སྭཱཧཱ། དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་བཀའ་སྩལ་པའི་ཚེ་སྣང་བ་ཆེན་པོ་བྱུང་སྟེ། ས་ཆེན་པོ་ཡང་གཡོས་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དག་སྣང་ངོ་། །འཁོར་ཇི་ལྟར་ལྷགས་པ་དེ་དག་གིས་ཀྱང་སྤོས་དང་བདུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་ནས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། ལན་བདུན་དུ་བསྐོར་བ་བྱས་སོ། །དེ་ནས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱང་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། མཆོད་པ་དེས་གཙང་མར་བྱས་ཏེ། ཕྱོགས་གཙང་མར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བས་ས་ག་ལ་བབ་པའི་ཉ་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་བྱས་ལ་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་སྨྱུང་བར་གནས་པས་གཟུངས་འདི་དག་བཞི་བཅུ་རྩ་དགུའམ། སྟོང་རྩ་བརྒྱད་དམ། སྟོང་ཕྲག་བཞི་བཅུ་རྩ་དགུ་འདོན་ཅིང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མར་མེ་དང་། ཕྲེང་བ་དང་། རོལ་མོའི་སྒྲ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་པ་བྱེད་ན། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་དགེ་བསྙེན་ཆེན་པོ་དག་གིས་ཀྱང་ཡོངས་སུ་སྐྱོང་བར་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་རྡོ་རྗེ་འཛིན་ཐམས་ཅད་ཀྱིས་ཡང་དག་པར་བསྲུང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཀྱི་གཟུངས་ཞེས་བྱ་བར་ཟུང་ཤིག །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་སྦྱོང་བ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པ་བདུན་གྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུརྱའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱན་ཤཱིལ་དང་། ཤཱི་ལེནྡྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སླད་ཀྱིས་རྒྱ་གར་གྱི་མཁན་པོ་དཱིཔཾཀར་ཤྲི་ཛྙྰན་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཐོ་ལིང་གསེར་ཁང་དུ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་[རྰཛྰ་]སམུཏྒཏེ་སྭཱཧཱ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སོ།། །།


- གཟུངས་འདི་ནི་བཀའ་འགྱུར་སྡེ་དགེ་པར་ཕུད་ཀྱི་རྒྱུད་འབུམ་ ''ད་'' པ། པོད་༨༧ ནང་བཞུགས་ཡོད་པ་ནས་གདན་དྲངས་པ་ལགས་སོ།།

མཐའ་མའི་འདོན་ཐེངས་།: 11.09.2015 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།