སྨན་རྩིས་དྲ་བ། - སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ། >>


བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།
 

སྨན་པ་བློ་བཟང་དོན་གྲུབ།

འདིར་བརྗོད་པར་བྱ་བ་ནི་མོ་ནད་སྐོར་ལས། ཐོག་མར་མོ་ནད་རླུང་ཚབས་ནད་བཤད་པ་ལ། རླུང་ཚབས་ནད་ནི་ཁྲག་ཚབས་ཀྱི་ནད་གཞི་དེ་སྨན་བཅོས་དུས་འགྱངས་ཕྱིན་ཚེ་རླུང་ཚབས་ཏུ་འགྱུར་འགྲོ་བ་དང་། དེ་ཡང་ཟུངས་སྟོབས་ཞན་པའི་ནང་ཡོང་གི་ཡོད། གཞུང་ལས། ཁྲག་ཚབས་རྙིང་པ་ཆགས་པ། སེམས་ངལ་ཆེན་པོ་བྱུང་བ། ཟས་བཅུད་མི་ལྡང་བ། མངལ་ཁྲག་ཤོར་བ། དེ་བཞིན་ཆགས་པ་སྤྱད་དྲགས་པ། བྱིས་པ་བཙས་མང་བ་སོགས་ཀྱིས་མོ་ནད་རླུང་ཚབས་ཞེས་ཁྲག་ཚབས་ཀྱི་ནད་རྒྱུན་རིང་པོར་ལུས་ལ་ཞེན་ཅིང་ནད་རྙིང་པར་གྱུར་ནས་ཁྲག་སྟོབས་རྒུད་སྐབས་རླུང་གི་ཤས་ཆེ་བའི་ནད་ཀྱི་སྐབས་སུ་རླུང་ཚབས་ཞེས་བརྗོད།
  

            སྐབས་བབ་ཀྱི་བརྗོད་གཞི་གཙོ་བོ་ནི་རྒྱུན་མཐོང་བུད་མེད་ལ་མངལ་མི་ཆགས་པའི་སྐོར་བརྗོད་པར་བྱ་ཞིང་། དེ་ཡང་གོང་གི་སློང་རྐྱེན་བཞིན། རྒྱུན་ལྡན་ཁ་ཟས་སྐྱ་རྩུབ་རིགས་བསྟེན་ཆེ་བ་དང་། ཡང་ན་བཅུད་མི་ལྡང་བ། དངངས་སྐྲག་སོགས་སེམས་ཁམས་འཁྲུགས་པའི་རྐྱེན་གྱིས་ཁམས་དཀར་དམར་གྱི་ལྡང་ཚད་དང་རྒྱུན་མི་སྙོམས་པ་དེ་ཡིས་ཟླ་མཚན་དུས་ངེས་མེད་དུ་སླེབས་པ་དང་། ལྡང་ཚད་ལས་ཉུང་བ་སོགས་ཀྱིས་ལུས་ཀྱི་པགས་པ་དང་། དབང་རྩ་སོགས་ལ་ནད་རྟགས་འདྲ་མིན་བྱུང་། དེ་ཡང་རླུང་ཚབས་སྤྱི་དང་ཁྱད་པར་མཁལ་མའི་རླུང་ཚབས་ནད་ཀྱི་མངལ་མི་ཆགས་པ་ཡོང་གི་ཡོད། དཔེར་ན། བུད་མེད་ཁོ་ནའི་ལུས་རྟེན་སྟེང་ནས་བཤད་ན་བྱེད་ལས་དང་། རྟེན། རྟེན་ཞེས་བཤད་དུས་བེུད་ཀྱི་ཁམས་གསོག་པའི་སྟོབས་ཞན་པ་ལས་ལྡང་ཚད་མི་སྙོམས་པ། ལུས་ཀྱི་སྟོབས་དང་ནུས་པ་ཁམས་སོགས་ཞན་པའི་ཆ་ནས་སྐྱེ་འཕེལ་དབང་པོར་བཅུད་མི་ལྡང་བ། མངལ་ནང་དྲོད་དང་རླན་གཤེར་གྱི་ཆ་ཉུང་བ། དེ་བཞིན་བསམ་སེའུའི་སྐྱེ་འཕེལ་དབང་པོའི་དྭངས་མ་སྐྲུན་གྱི་བྱེད་ལས་ཞན་པ་སོགས། བོད་ཀྱི་གསོ་རིག་ལས། རླུང་ཚབས་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་ཡང་། རླུང་ནད་སྐྱེད་པའི་རྒྱུ་རྐྱེན་བཞིན་རྒྱུན་ལྡན་ཁ་ཟས་སྐྱ་རྩུབ་བསྟེན་ཆེ་བ་དང་། སེམས་མི་སྐྱིད་པ། དངངས་ཚབ། འཇིགས་སྐྲག་སོགས་རྐྱེན་པས་ཁྲག་དང་། རླུང་གི་རྒྱུ་བ་དོ་མི་སྙོམས་པར་གྱུར་ནས་རླུང་ཚབས་ནད་དུ་འགྱུར་བ་དེས། བསམ་སེའུ་དང་མངལ་ནང་ཁྲག་རྒྱུན་འཁོར་རྒྱུག་ཞན་པ་དང་། དྲོད། རླན་གཤེར་ཆ་ཤས་ཉུང་བའི་རྐྱེན་ལས་མངལ་ཆགས་མི་ཐུབ་པ་ཡོང་གི་ཡོད།  དེར་དེང་དུས་སྨན་ཐོག་ནས་མངལ་མི་ཆགས་པའི་རྒྱུ་རྐྱེན་དུ་ངོས་ལེན་བྱེད་ཀྱི་མེད་ཀྱང་། བོད་ཀྱི་གསོ་བ་རིག་པ་ལས། དེ་དག་བྱེད་ལས་དང་། མངལ་གྱི་སྐྱི་ལྤགས། ཁྲག་རྩ་སོགས་ལ་ནད་འགྱུར་བྱུང་བའི་རྐྱེན་པས་མངལ་ཆགས་མི་ནུས་པ་ངོས་འཛིན་བྱས་ཆོག
  

            སྤྱིར་རླུང་ཚབས་ནད། ཅེས་པར་རང་གི་ལོ་མང་ཉམས་མྱོང་དངོས་ལས།  ནད་དེའི་སློང་རྐྱེན་ནི། ལུངས་ཟུངས་ཀྱི་དྭངས་མའི་ཆ་མི་ལྡང་བ། ཡང་ན་ལུས་ཟུངས་ཀྱི་ཆ་ཤས་ཁྲག་རྒྱུ་བའི་རྒྱུན་དོ་མི་སྙོམས་པའི་རྐྱེན་གྱིས་རླུང་ཚབས་དྲུག་གི་ནང་ནས་ལྷག་པར་སྙིང་གི་རླུང་ཚབས་དང་། མཁལ་མའི་རླུང་ཚབས་ནད་ཀྱི་རྐྱེན་པས་མངལ་མི་ཆགས་པ་མངོན་གསལ་དོད་པོ་ཡོད། དཔེར་ན། མཁལ་མ་ནི་བད་ཀན་གྱི་རྟེན་ཆགས་པ་ཙམ་མ་ཟད། བྱེད་ལས་ནས་བཤད་ནའང་ཁྲག་གཙང་མ་བཟོ་རྒྱུ་དང་། ཆུ་དྭངས་སྙིགས་ཕྱེ་རྒྱུ། ལྷག་པར་མཁལ་མའི་སྟེང་གི་རྨེན་བུའི་བྱེད་ལས་གཙོ་བོ། ཕྱི་ལུགས་ཐོག་ནས་དྭངས་མ་བཟོ་སྐྲུན་ནུས་པ་འདོན་མཁན་(Hormone)གཙོ་བོ་ཆགས་ཀྱི་ཡོད། དེས་བསམ་སེར་ཤུགས་རྐྱེན་ཆེན་པོ་སྤྲད་ནས་(Oestrogen hormone)དང་། མཁལ་མའི་དྲོད་སྟངས་འཛིན་བྱེད་མཁན་(Adrenal gland)གྱིས་ལྦ་བར་ནུས་པ་བཏོན་པ་བཤད།  ཅེས་པ་ལྟར། བུད་མེད་ཀྱི་རླུང་ཚབས་ནད་བཤད་པའི་སྐབས། རྒྱུན་འཁྲུགས་པའི་གནས་སྐབས་དེར་ཕྱི་ལུགས་ནད་ཐོག་རིག་པ་ནས་མངལ་མི་ཆགས་པ་ངོས་ལེན་མི་བྱེད་ཀྱང་། རང་ལུགས་སུ་དེའི་རྐྱེན་པས་རླུང་ཚབས་ནད་དང་། རྩ་དཀར་ནད། སེམས་འཁྲུགས་པའི་ནད་རྟགས་སོགས་མངོན་གསལ་དོད་པོ་ཡོད།
 

            ལྷག་པར་སྙིང་དང་མཁལ་མའི་རླུང་ཚབས་ཀྱི་རྐྱེན་པས་མངལ་མི་ཆགས་པའི་རྒྱུ་མཚན་ནི། རྒྱུན་ལྡན་བུད་མེད་ཀྱི་དྭངས་མའི་རྒྱུན་རླུང་ཁྲག་འཁོར་རྒྱུག་བྱེད་ལས་འཁྲུགས་ནས་བུད་མེད་རང་ལ་བྱུང་བའི་ནད་རིགས་མི་འདྲ་བ་མང་པོ་ཞིག་ཡོང་གི་ཡོད། དེ་བཞིན་ཉིན་མཚན་དུས་ཚོད་མི་འདྲ་བའི་ས་ཁུལ་དུ་འགྲུལ་བཞུད་སྐབས་སུ་ཁོར་ཡུག་འཕོ་འགྱུར་བྱུང་བའི་རྐྱེན་པས་བུད་མེད་ལུས་ཟུངས་ཀྱི་དྭངས་མ་ལས་བྱུང་བའི་ཁམས་ཀྱི་སྙིགས་མ་ཟླ་རེར་འབབ་དགོས་པ་དེ་རྒྱུན་ལྡན་བཞིན་མ་འབབ་པར་སྔ་བསྣུར་བྱུང་བ་དེ་ནད་མིན་ཀྱང་རྒྱུན་ལ་དོ་ཕོག་བྱུང་བ་དང་། གློ་བུར་དངངས་ཚབས་དང་འཇིགས་སྐྲག་གི་རྐྱེན་པས་ཟླ་ཁྲག་ཟླ་བ་འགའ་ཤས་མི་འབབ་སོགས་ཀྱིས་ཁམས་འཁྲུགས་པ་ལ་བརྟེན་ནས་བུད་མེད་མང་པོ་ཞིག་ལ་མངལ་ཆགས་མི་ཐུབ་པའི་རིགས་ལ་བོད་སྨན་བཅུད་ལེན་གྱི་སྨན་དང་། དེང་དུས་འཚོ་བཅུད་ཁ་གསབ་གཉིས་ཟུང་འབྲེལ་ཐོག་གསོ་བཅོས་བྱས་རྗེས་མངལ་ཆགས་ཐུབ་པ་བྱུང་བ་མང་པོ་ཡོད། གོང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་ཕྱི་ལུགས་ནས་འགྲེལ་བཤད་མེད་ཀྱང་། རང་ལུགས་སུ་མོ་ནད་རླུང་ཚབས་ནད་དང་། ལྷན་སྐྱེས་ཀྱི་དྭངས་མའི་ཆ་ཤས་ལྡང་ཚད་དང། དྲོད། ཐིག་ལེ་དཀར་དམར་སོགས་རྒྱུན་ལྡན་མ་ཡིན་པའི་བུད་མེད་དེ་རིགས་ལ་སྨན་བཅོས་ཐབས་ལམ་ལས་མངལ་ཆགས་ཐུབ་པ་ཤེས་དགོས།

 

            ཁྲག་ཚབས་ནད་ནི། ཟླ་མཚན་ཆུ་སེར་རླུང་གིས་བྱེར་བ་དང་། ཡང་ན་ཟླ་མཚན་ཆུ་སེར་རླུང་གིས་འདྲིལ་བ་ལས་བྱུང་བའི་བུད་མེད་ཀྱི་ནད་ཅིག་ཡིན། དེ་ཡང་བུད་མེད་གཞོན་ནུ་དང་དར་མའི་རིགས་ལ་བྱུང་མང་བའི་ནད་ཅིག་ཡིན། ཁྲག་ཚབས་རྐྱེན་གྱིས་མངལ་མི་འཁོར་བའི་རྒྱུ་རྐྱེན་མང་པོ་ཡོད། བུད་མེད་འགར་མངལ་སྐྲན་གྱི་རྐྱེན་པས་མངལ་ཆགས་མི་ཐུབ་པ་དང་། ཡང་འགའ་ཞིག་ལ་མངལ་སྐྲན་ཡོད་ཀྱང་མངལ་ཆགས་ཐུབ་པའང་ཡོད། སྤྱིར་བཏང་ཁྲག་ཚབས་ནད་དེའི་ངོ་བོ་ཁྲག་ལས་ཚ་བ་ཡིན་པར་འདོད་ཀྱང་དངོས་སུ་དཔྱད་སྐབས་ཚ་བ་རང་མིན་པར་བུད་མེད་ཀྱི་ཁམས་དམར་ཆ་ཤས་སྨིན་མ་ཐུབ་པར་རྒྱས་པ་ལས་བྱུང་བ་དང་། ལྷག་པར་མཆིན་པའི་ཁྲག་ཚབས། མེ་དྲོད་ཆ་ཞན་པས་དྭངས་མ་ཟུངས་སུ་མ་སྨིན་པ་དེ་རིམ་བཞིན་ལུས་ཟུངས་ལ་རྒྱས་ནས་བུད་མེད་ཀྱི་ལུས་ཤ་རྒྱས་པར་བྱེད་པ་དང་། ཟླ་མཚན་མཐུག་པོ་ཁྲག་ལིང་ཆགས་པ། ཟླ་ཁྲག་མང་བ། མངལ་གྱི་སྐྱི་ལྤགས་མཐུག་པོ་ཆགས་པ། མཆིན་པ་དང་ཁྲག་རྩ་ནག་པོ་སོགས་ཀྱི་དྭངས་མ་མ་སྨིན་པ་ལུས་ཀྱི་ཆ་ཤས་སུ་རྒྱས་ནས་སྙིང་ནད་དང་། ཁྲག་ཞག་མཐོ་པོའི་ནད། སྨུག་པོ་རྒྱས་པ་སོགས་ནད་རིགས་མང་པོ་འབྱུང་བས་བུད་མེད་དེ་རིགས་ལ་མངལ་ཆགས་པར་གསོ་བཅོས་ཕན་ཟས་བསྟེན་བྱ་དང་གནོད་ཟས་སྤང་བྱའི་ལམ་སྟོན་གཙོ་བོ་ཐོག་ལུས་སྦྱོང་དང་། མཆིན་པ་གསོ་བཅོས་གཙོ་བོར་བཟུང་ནས་སྨན་བཅོས་བྱེད་དགོས། 

            ཕོ་མོའི་ལུས་རྟེན། ཞེས། བུད་མེད་ཁྲག་ཚབས་དང་རླུང་ཚབས་ཀྱི་ནད་མེད་པ། དེང་དུས་ཕྱི་ལུགས་བརྟག་དཔྱད་ནང་ཕོ་མོ་གཉིས་ཀར་སྐྱོན་མེད་བདེ་ཐང་ཡིན་པ་འགར་མངལ་ཆགས་མི་ཐུབ་ཡོང་གི་ཡོད། བོད་ལུགས་གསོ་རིག་ལས། གཉིས་ཀར་བྱང་ཆུབ་སེམས་པའི་རྩ་བྱུང་ན། །ཚེ་རིང་ནད་དཀོན་ཡས་བྱམས་མས་སྡང་སྟེ། །དྲུང་གསུམ་དགྲར་ལྡང་མཐའ་ཕུགས་རབས་ཀྱང་ཆད། །ཅེས་གསུངས་པ་ལྟར། ལུས་རྟེན་སོ་སོའི་ཁམས་སམ་རང་བཞིན་དུ་ངེས་པ་སྟེ། རྒྱུན་རྩ་གསུམ་གྱི་ཡ་གྱལ་བྱང་ཆུབ་སེམས་རྩ། ཁྱོ་ཤུག་ཕོ་མོ་གཉིས་ཀ་བྱང་ཆུབ་སེམས་རྩ་ཡིན་ན་བུ་ཚ་གཅིག་ཀྱང་མི་འབྱུང་བ་རྒྱུ་མཚན་མང་པོ་ཞིག་ཡོད།  དེ་བཞིན་ལུས་རྟེན་སོ་སོའི་ཁམས་དང་རང་བཞིན་བདུན་ལས། མངལ་ནད་ཡོད་མེད་ཁྱད་པར་མེད་རུང་ཟླ་མཚན་བབ་ཚུལ། ཁ་མདོག བུད་མེད་དེའི་གཤིས་ཀ་སོགས་ལ་བརྟག་དཔྱད་བྱེད་སྐབས་མངལ་དྲོད་དང་། བསམ་སེའུ་བྱེད་ལས་ཞན་པ། གྲང་བའི་ནད། དེ་ཡང་གྲང་སྲིན་ཡོད་པའི་ནད་མིན་པར་ལུས་ཀྱི་རྐང་ལག་ཡན་ཆད་དྲོད་མེད་པ་སོགས་ལྷན་སྐྱེས་སུ་ཡོད་པ་ཕལ་ཆེར། ཕྱི་ལུགས་བརྟག་དཔྱད་ནང་བསམ་སེའུའི་གནས་སུ་ཆུ་འབུར་འདྲ་བའི་སྐྲན་ནད་ཐོན་པ་དེ་རིགས་ལ་སྨན་བཅོས་མེད་ཀྱང་རང་བཞིན་གྱི་སྐྲན་མེད་པར་འགྱུར་བའང་ཡོད། མདོར་ན་བུད་མེད་ཀྱི་ལུས་རྟེན་ཐོབ་པའི་ཉིན་ནས་མངལ་མི་ཆགས་པ་ལྷན་སྐྱེས་སམ་རང་བཞིན་དབང་གི་ཡོང་བ་མང་པོ་ཞིག་ལ་སྨན་བཅོས་ལམ་ནས་མངལ་ཆགས་ཐུབ་པ་བདེན་དཔང་མང་པོ་ཡོད་པ་བཅས་བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར་ཞེས་པ་ཁ་བྱང་དུ་བྱས་ཏེ་བགྲོ་གླེང་གི་ས་བོན་ཚུལ་དུ་བགྱིད་ཁུལ་བྱས་པ་ཡིན་ནོ།། །།




མཐའ་མའི་འདོན་ཐེངས་།: 21.09.2024 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས།