སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བིམལ་མིཏྲ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.04.2014
གསོ་རིག་མཁས་དབང་རིམ་བྱོན། >>

 


བི་མ་ལ་མི་ཏྲ།

བྱམས་པ་འཕྲིན་ལས།

  

བི་མ་ལ་མི་ཏྲ་ནི་ལེགས་སྦྱར་སྐད་དང་།  བོད་སྐད་ལ་དྲི་མེད་བཤེས་གཉེན་ཞེས་སུ་གྲགས་པ་དེའི་འཁྲུངས་ཡུལ་ནི། རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་ན་ཁྱིམ་བདག་བདེ་ཆེན་འཁོར་ལོའི་སྲས་སུ་བལྟམས། སློབ་དཔོན་ཤྲཱི་སིདྷ་(སིདྡྷ་)ལ་སོགས་པ་བསྟེན་ཏེ་རིག་པའི་གནས་བཅུ་ཕྲག་ལ་མཁས་ཤིང་།  རྫོགས་པ་ཆེན་པོའི་ཕྱི་ནང་གསང་བའི་སྐོར་ཐུགས་ཉམས་སུ་བསྟར་བས་མཆོག་གི་དངོས་གྲུབ་བརྙེས། གདུང་སྒྲུབ་ལས། འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེ། །མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངས། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང་།  །མཁས་པ་བི་མ་[ལ་]མི་ཏྲ། ཞེས་གསུངས་པ་ལྟར་དང་།  དེ་བཞིན་རྒྱལ་བ་ལྔ་པའི་གསེར་གདུང་དཀར་ཆག་ཤོག་གྲངས༢༧༣ ན་༦ པར་བསིལ་ལྡན་ཕན་བདེའི་མགྲོན་དུ་ཕེབས། རྗེ་བླ་མའི་ཡང་སྲིད་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང་།  སྲས་མུ་ནེ་བཙན་པོ་ཡབ་སྲས། ཉང་ཏིང་བཟང་།  བཻ་རོ། སྐ་ཅོག་སོགས་མཐའ་ཡས་པ་སྨིན་པར་མཛད། འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞིང་བསྐལ་པ་མ་སྟོངས་པར་བཞུགས་ཤིང་།  མི་ལོ་བརྒྱ་བརྒྱ་ན་སྤྲུལ་པ་རེས་འགྲོ་བའི་དོན་དུ་བོད་ལ་འབྱོན་པར་གྲགས་པ་ཡོན་ཏན་གྱི་རིག་འཛིན་བི་མ་ལ་མི་ཏྲ་ཞེས་གསུངས་ལ།

    རྒྱལ་པོ་བཀའ་ཐང་ནང་།  བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །རྒྱ་གར་ཆོས་སྐྱོང་དྷརྨ་རཱ་ཛའི་དྲུང་།  །ཡར་ཀླུངས་གཉགས་བན་ཛྙཱ་ན་ཀུ་མཱ་ར། ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་།  །ཨཙརྱ་(ཨྰཙྰརྱ་)རིན་ཆེན་མཆོག་སྟེ་མི་གསུམ་ལ། །གསེར་ཕྱེ་གླ་བའི་རླིད་བུ་གང་བརྫངས་ནས། །དྭངས་མ་གསེར་གྱིས་བྲིས་པའི་ཡི་གེ་ལ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཁྱོད་ལ་ནི། །སྐུ་ཡི་བླ་མཆོད་མཁས་པ་པཎྜི་ཏ། །ལྔ་བརྒྱའི་ནང་ནས་ཀུན་གྱིས་བཀུར་བ་གཅིག།བདག་གི་དྲུང་དུ་བོད་དུ་རྫོངས་པར་ཞུ། །ལོ་ཙཱ་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིན། །རྒྱལ་པོའི་སྤྱན་སྔར་གསེར་གྱི་བཀའ་ཤོག་གཏད། །གསེར་ཕྱེ་ཕུལ་ནས་སྔར་གྱི་ཞུ་བ་བྱས། །དེ་ནས་ནངས་མོ་ཚ་བའི་གྲལ་དུ་ནི། །རྒྱལ་པོས་བྱོན་ནས་བླ་མཆོད་ལྔ་བརྒྱ་ལ། །དབུས་སུ་གསེར་གྱི་མཎྜལ་ཕུལ་ནས་ནི། །བདག་ལ་བོད་ཀྱི་རྒྱལ་པོ་ཆེན་པོ་ཡིས། །གསེར་ཕྱེ་གླ་བའི་རླིད་བུ་གང་ཕུལ་ནས། །གསེར་གྱི་སྐྱེས་ལན་མཁས་པ་པཎྜི་ཏ། །བོད་དུ་རྒྱལ་པོའི་སྤྱན་སྔར་རྫོངས་ཤིག་གསུངས། །ཁྱེད་རྣམས་ནང་ནས་ཆེ་ཞིང་མཁས་པ་གཅིག །བོད་ཀྱི་རྒྱལ་པོའི་སྤྱན་སྔར་གཤེགས་པར་ཞུ། །དེ་སྐད་རྒྱལ་པོས་བཀའ་གསལ་གསུངས་པ་དང་། །དབུས་ན་བི་མ་མི་ཊ་བཞུགས་པ་ལ། །ཡར་གྱི་གྲལ་རིམ་མར་གྱི་གྲལ་རིམ་རྣམས། །དབུས་ཀྱི་པཎ་ཆེན་བི་མ་མི་ཏྲ་ལ། །ཞལ་ནས་མི་གསུངས་སྤྱན་ནི་རུབ་ཀྱིས་གཟིགས། །དོན་ལ་སོང་ཞིག་བརྡ་ཡིས་བསྐུལ་བ་ལས། །བི་མ་མི་ཏྲས་བརྡ་ཐིམ་ལན་གསུམ་གསུངས། །གདན་འདྲེན་གསུམ་གྱིས་བརྡ་ཡི་སྐད་ཅིག་ལ། །གོ་ལུགས་མ་གཅིག་བརྡ་སྐད་གསུམ་དུ་གོ །གྲུ་བོ་དག་ལ་བརྟེན་པའི་མི། །སྐྱེས་བུས་སྐྱ་བས་རྩོལ་ཕོད་ན། །གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །གཅིག་གིས་དེ་ལྟར་གོ་བའི་དུས། །གཅིག་གི་གོ་ལུགས་འདི་ལྟ་སྟེ། །གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུས་མཐེབ་མཛུབ་རྩོལ་ཕོད་ན།། མདས་ཀྱང་འབེན་ངོར་ཕྱིན་པར་འགྱུར། །གཅིག་གིས་དེ་ལྟར་གོ་བ་ལ། །རིག་པ་དག་ལ་བརྟེན་པའི་མི། །སྐྱེས་བུས་འདུ་ཤེས་བསྐྱེད་ཕོད་ན། །ལུས་ཀྱི་བུམ་པ་གར་འགྲིལ་བ། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །བོད་དུ་བྱོན་པར་ཞལ་གྱིས་བཞེས། །གདན་འདྲེན་གསུམ་གྱིས་གདན་དྲོངས་ཏེ། །བསམ་ཡས་མཐིལ་དུ་ཕྱག་ཕེབས་ནས། །རྒྱལ་བློན་འཁོར་དང་བཅས་པ་ཡིས། །འདོད་ཡོན་ལྔ་ཡིས་མཉེས་པར་མཛད། །དགེ་བའི་བཤེས་གཉེན་པཎྜི་ཏ། །ལྔ་བརྒྱས་དབང་བསྐུར་ཐོབ་པའོ། །ཞེས་དང་།

    ཡང་དེ་ཉིད་ལས། པཎྜི་ཏ་ཡི་དབང་བསྐུར་ཐོབ་པ་ནི། །སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིས། །ཡར་ཀླུངས་ཤེལ་རྫོང་པདྨ་བརྩེགས་པ་རུ།། བདུད་རྩི་མཆོག་གི་དཀྱིལ་འཁོར་ཞལ་ཕྱེ་ནས། །རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་།  །བནྡེ་ཛྙཱ་ན་ཀུ་མཱ་ར་གཉིས་ལ། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །གསང་མཚན་ཚངས་པ་ལྷ་ཡི་མེ་ཏོག་དང་།  །ཛྙཱ་ན་དྲི་མེད་ཟླ་ཤར་རྩལ་དུ་བཏགས། །ཞེས་ཁྲི་སྲོང་ལྡེའུ་བཙན་ལ་ཚངས་པ་ལྷའི་མེ་ཏོག་ཅེས་པའི་མཚན་གསོལ་མཁན་པཎ་ཆེན་བི་མ་ལ་མི་ཏྲ་ཡིན།

    སྨན་དཔྱད་སྐོར་ལ་བི་མ་ལ་ཞེས་པ་སྙིང་རླུང་གི་སྨན་ཁྱད་དུ་འཕགས་པ་དྲང་སྲོང་ཨར་བརྒྱད་ནང་ཙན་དན་དཀར་དམར་དང་།  སྲོ་ལོ་དཀར་པོ། གུར་གུམ་བཞི་མ་གཏོགས་དེ་མིན་ཕྱི་རྒྱུད་ཨར་བརྒྱད་དང་མཚུངས་པ་དེ། དགོང་དང་ཐོ་རེངས་ཆང་གིས་འཕུལ་ལ་བཏང་།། སྙིང་སྲོག་གཟེར་ནད་ཀུན་གྱི་གཉེན་པོ་སྟེ། །འཕགས་ཡུལ་པཎ་ཆེན་བི་མ་མི་ཏྲའི་ལུགས། །ཞེས་གསུངས་པ་ལྟར་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ནང་དུའང་།  རྒྱ་གར་བི་མ་མི་ཏྲ་ཡི། །གསོ་བྱེད་བརྒྱད་ཁྲི་བཞི་སྟོང་ལས། །ཁྱད་པར་སྙིང་རླུང་བཅོས་ཐབས་ནི། །ཞེས་སོགས་གསལ་བར་གཞིགས་ན་པཎ་ཆེན་བི་མ་ལ་མི་ཏྲ་ནི་གསོ་དཔྱད་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་སོམ་ཉི་མེད་དོ།།

 

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

མཐའ་མའི་འདོན་ཐེངས་།: 14.04.2014 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།