སྨན་རྩིས་དྲ་བ། - མདུན་ངོས།

བསླབ་པ་མཐར་སོན་པ་དག་ལ་བཀའ་སློབ་བསྩལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.07.2019
མདུན་ངོས། >>


བསླབ་པ་མཐར་སོན་པ་དག་ལ་བཀའ་སློབ་བསྩལ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ ཉིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ ༡༩ དང་། རྩིས་སློབ་སྐབས་ ༡༠ པ་བཅས་བསླབ་པ་མཐར་སོན་པ་རྣམས་དང་། དེ་བཞིན་མཐོ་སློབ་ཀྱི་དགེ་ལས་བཅས་ལ་རྒྱལ་བའི་ཕོ་བྲང་དུ་རྒྱལ་བའི་གསེར་ཞལ་མཇལ་རྒྱུའི་གོ་སྐབས་དང་། བོད་ཀྱི་སྨན་རྩིས་གཉིས་དེང་དུས་ཚན་རིག་དང་མཐུན་པར་ལེགས་བཅོས་ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གྱི་གོ་སྐབས་བླ་ན་མེད་པ་ཞིག་བཀའ་དྲིན་བསྐྱངས་གནང་བའི་བརྙན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་འདོན་སྤེལ་གནང་བ་ནས་ཡིག་ཐོག་ཕབ་པ་བཞུགས་སོ།།



དེ་རིང་འདིར་སྨན་རྩིས་ཁང་གི་དགེ་རྒན་དང་། འབྲེལ་ཡོད་ལས་བྱེད་པ་ཚོ། དེ་བཞིན་གཙོ་ཆེ་ཤོས་སློབ་ཕྲུག་བཅས་དེ་རིང་འདིར་ཁྱུག་ཙམ་ཐུག་པ་རེད། ཁྱེར་རང་ཚོ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་པའི་སྨན་འདི་ང་རང་ཚོས་ནམ་རྒྱུན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཤད་བསྡད་དུས་གསོ་བ་རིག་པ་ཞེས་པ་འདི་རིག་གནས་ཆེ་བ་ལྔའི་གྲས་ཆགས་ཡོད། ནང་དོན་རིག་པས་མིའི་སེམས་ལ་བཟོ་བཅོས་རྒྱག་པ་དང་། སེམས་ལ་ཞི་བདེ་བསྐྲུན་པ་ཡིན། གསོ་བ་རིག་པས་མ་གཞི་རླུང་ཁམས་ཀྱིས་སེམས་འཁྲུགས་པ་ལ་ཕན་ཐོགས་བྱེད་རྒྱུ་ཡོད་རེད། ཡིན་ནའང་གཙོ་བོ་གསོ་བ་རིག་པས་ལུས་ཀྱི་བདེ་ཐང་གསོ་ཡག་ཅིག་ཡིན། བྱས་ཙང་། ང་ཚོས་རིག་གནས་ཆེ་བ་ལྔ་བཤད་དུས་རིག་གནས་གལ་ཆེ་བ་གཅིག་ཆགས་བསྡད་ཡོད། གང་ལྟར་དངོས་སུ་ཆོས་དད་ཡོད་མིན་ལ་མ་ལྟོས་པ་དང་། དེ་བཞིན་ནང་པའི་ཆོས་ལ་དོ་སྣང་ཡོད་མིན་ལ་མ་ལྟོས་པར་མི་ཚང་མ་ལ་ཕན་ཐོགས་ཡོང་ཐུབ་ཡག་ཅིག་ཡིན། མིང་དེ་ཡང་བོད་སྨན་ཞེས་ལབ་དུས་བོད་པའི་མཚན་མཐོང་ལའང་ཕན་ཐོགས་ཡོད་པས་དཔེ་གལ་ཆེན་པོ་རེད་བཞག ཤེས་སོང་ངམ། དཔེར་ན་རྒྱ་ནག་གི་སྨན་ལའང་འཛམ་བུ་གླིང་ནང་དོ་སྣང་བྱེད་མཁན་ཡོད་ལ་ཕན་ཐོགས་ཀྱང་ཡོད། དེ་ལ་ཀྲུང་ཡུ་ཞེས་དང་། ནུབ་ཕྱོགས་པའི་སྨན་བཅོས་ལ་ཞི་ཡུ། དེ་ནས་ཙང་ཡུ་ལབ་དུས་བོད་པའི་སྨན་ལ་ཟེར། གང་ལྟར་བོད་པའི་ཤེས་ཡོན་དང་། མཚན་མཐོང་། ལ་རྒྱ་ལའང་ཕན་ཐོགས་ཡོད། དེ་ནས་དངོས་སུ་མི་ལ་ཕན་ཐོགས་ཡོད་པ་ཡིན་དུས་བོད་སྨན་འདི་ཞེ་དྲགས་གལ་ཆེན་པོ་རེད་བཞག ཤེས་སོང་ངམ།

ངས་སྔ་མོ་ནས་འདི་བཤད་བསྡད་ཀྱི་ཡོད། བོད་སྨན་ལ་ནམ་རྒྱུན་འཆར་ཅན་གྱི་ཕྱག་ལེན་ལྟ་བུ་ཡོད་བསྡད་པ་དེ་རང་རྒྱུན་འཛིན་བྱེད་པ་ཙམ་མ་ཡིན་པར། དེ་སྔ་བོད་དུ་ཆོས་རྒྱལ་ཁྲི་སྲོང་གི་སྐབས་སུ་རྒྱ་ནག་གི་ཨེམ་ཆི། རྒྱ་གར་གི་ཨྰཡུརྦེད། ཡུནྰནི། བོད་རང་གི་ཨེམ་ཆི་ཇི་ཙམ་ཡོད་མིན་མི་ཤེས་ཏེ་གང་ལྟར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཚོགས་པ་རེད་ཅེས་དེ་འདྲ་བཤད་རྒྱུ་འདུག་ག དེ་དུས་ཡིན་ན་མཐུན་རྐྱེན་ཁག་པོ་ཞེ་དྲགས་རེད། དཔེར་ན་རྒྱ་གར་དང་རྒྱ་ནག་ནས་ལྷ་སར་འགྲོ་དགོས་བྱུང་བ་ཡིན་ན་རྟ་དྲེལ་དང་སྐབས་རེ་མཛོ་བཞོན་དགོས་དུས་དཀའ་ལས་ཁག་པོ་ཞེ་དྲགས་ཡིན། དེ་རིང་ཁ་སང་དུས་ཚོད་ལ་ང་ཚོ་ལས་སླ་པོ་ཞེ་དྲགས་འདུག་ག ཨཱཡུརྦེད་ཆ་བཞག་པ་ཡིན་ན་འདིར་རྒྱ་གར་རང་ནས་ཡིན་པ་རེད། ཀྲུང་ཡུ་སྨན་དེ་ཚོ་ང་ཚོས་འབྲེལ་བ་བྱེད་ཡག་ཤུགས་ཆེན་པོ་ཡོང་ཐུབ་པ་རེད། ཞི་ཡུ་ཡོད་ཡོད་པ་རེད། དེ་འདྲ་ཡིན་དུས་གོ་སྐབས་གསར་པ་ཡོད་པ་དེ་ཚོ་དང་། གོ་སྐབས་གསར་པ་འཚོལ་ཏེ་མུ་མཐུད་ནས་ཉམས་མྱོང་བརྗེ་ལེན་བྱེད་དགོས།  དེ་ནས་རྩ་བའི་གསོ་བ་རིག་པའི་ལག་ལེན་ངོ་མའི་ཐོག་ནས་ཡར་རྒྱས་གང་འདྲ་གཏོང་རྒྱུ་འདུག་གམ་དེ་འདྲ་ཐོག་ལ་ཏོག་ཙམ་བསམ་བློ་གཏོང་ཐུབ་ན། འཆར་ཅན་སྒང་ནས་བསྡད་པ་མ་ཡིན་པ་ང་ཚོར་ཆ་རྐྱེན་འཛོམས་ནས་ཡོད་པ་ཡིན་དུས་ཡར་རྒྱས་འགྲོ་ཐུབ་པ་ཞིག་དགོས་པ་དེ་སྔ་ནས་ངས་དེ་འདྲ་བཤད་མྱོང་ཡོད།

དེ་ནས་ང་ཚོར་སྨན་རྒྱུ་རིགས་ལས་སྔོ་སྨན་གྱི་རིགས་དང་རིན་ཆེན་གྱི་རིགས་སོགས་མང་པོ་ཞིག་ཡོད། སྔོན་མ་དེ་འདྲ་ཁ་ཤས་བྱས་ཡོད། ག་བ་ཡིན་ནམ་ Israel ཡིན་ནམ་ཚན་རིག་པ་དེ་འདྲ་ཡིས་རྫས་དེ་ཚོའི་ནུས་པ་ཇི་ལྟར་ཡོད་མིན་ཞིབ་འཇུག་བྱས་ཡོད། བྱས་ཙང་། ང་ཚོའི་སྨན་གཞུང་ནང་རྫས་དེ་ཚོའི་ནུས་པ་ཇི་ལྟར་བཤད་ཡོད་པ་ལ་ཚན་རིག་གིས་ཞིབ་འཇུག་བྱས་ནས་ཏག་ཏག་ར་འཕྲོད་པ་ཞིག་འབྱུང་བ་ཡིན་ན། དེ་ལ་དགེ་མཚན་འདུག་ག ཤེས་སོང་ངམ། དཔེར་ཆ་བཞག་ན། ངས་ནང་ཆོས་ཀྱི་ལྟ་གྲུབ་བཤད་དུས། གཙོ་བོ་རྟེན་འབྱུང་གི་དེ་ཁོ་ཉིད་ཀྱི་ལྟ་གྲུབ་དང་། དེ་བཞིན་སེམས་ཁམས་རིག་པའི་སྐོར་ཚན་རིག་པ་མཉམ་དུ་འབྲེལ་བ་བྱས་ནས་བཤད་པ་དང་། སྤྱིར་བཏང་ནས་མི་ལ་འགྲེལ་བཤད་རྒྱག་དུས་ཚན་རིག་དང་འབྲེལ་ནས་བཤད་ན་དེང་སང་གི་འཛམ་བུ་གླིང་འདིའི་སྒང་ལ་མི་ཡིས་ཡིད་ཆེས་སླེབ་པ་དང་ཕན་ཐོགས་ཡོང་བར་ཁྱད་པར་ཡོད། ཤེས་སོང་ངམ། གཞན་ཆོས་ལབ་ན་རྨོངས་དད་ཡིན་པའི་བཟོ་འདྲ་བོ་ཞིག ད་ག་སེ་སྐྱབས་སུ་མཆིས་ལབ་པ་མ་གཏོགས་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག མ་གཞི་ཁག་ཡོད་མ་རེད། ངས་འཛམ་བུ་གླིང་གི་ཆོས་ལུགས་ཚང་མ་ལ་གུས་པ་བྱེད་ཀྱི་ཡོད། དད་པ་དེ་སོ་སོའི་ཆོས་ལ་བྱེད། གུས་པ་དེ་འཛམ་བུ་གླིང་གི་ཆོས་ལུགས་ཚང་མ་ལ་ངས་བྱེད་བསྡད་ཀྱི་ཡོད། གང་རེད་ལབ་ན། འཛམ་བུའི་གླིང་གི་ཆོས་ལུགས་མི་འདྲ་བ་ཚང་མས་མི་ལ་ཕན་གྱི་ཡོད། བསླབ་བྱ་གཅིག་གྱུར་རེད། མི་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་རེད་ཅེས་ཆོས་ལུགས་ཚང་མས་བཤད་ཀྱི་ཡོད། ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཆེན་པོ་ཡོད། ཆོས་ལུགས་གཞན་གྱིས་འཇིག་རྟེན་བཀོད་པ་པོ་ཡོད་ལབ་ནའང་ཚན་རིག་ཐོག་ནས་བཤད་ཐུབ་པ་གང་ཡང་མི་འདུག་ག ང་ཚོ་སྤྱིར་སངས་རྒྱས་པའི་ཆོས། ཡང་སྒོས་ནལེནྡྲའི་ཆོས་བརྒྱུད་ཀྱིས་ Quantum Physics ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་རེད། དེ་ནས་ Psychology དེ་ཚོའི་གྲས་དེང་སང་ཚན་རིག་པའི་བཤད་པ་དང་ཏག་ཏག་འགྲེལ་བཤད་རྒྱག་པ་མ་ཟད་ཚན་རིག་པ་ལ་ཕར་ཕན་ཐོགས་བྱེད་ཐུབ་པ་ཡོང་གི་འདུག དེ་འདྲ་ཡིན་དུས་ཚན་རིག་མུ་མཐུད་ནས་འཛམ་བུ་གླིང་འདིའི་སྒང་ལ་ཡར་རྒྱས་འགྲོ་ཡི་རེད། བྱས་ཙང་། གསོ་བ་རིག་པ་དེ་ཡང་དེང་དུས་ཀྱི་ཚན་རིག་དང་འབྲེལ་བ་བྱེད་ནས་ཏོག་ཙམ་ཞིབ་འཇུག་བྱེད་ཐུབ་པ་ཡིན་ན་བོད་ཀྱི་གསོ་བ་རིག་པ་དེ་ཡང་མུ་མཐུད་ནས་ངག་རྒྱུན་ཙམ་མ་ཡིན་པར་རྒྱུ་མཚན་དང་ལྡན་ལ་ཚན་རིག་དང་མཐུན་པ་ཡིན་པ། དེ་ཡང་ངས་ནང་པའི་ལྟ་གྲུབ་འདི་ཚན་རིག་དང་བཀྲལ་བ་དེ་ཞེ་དྲགས་ཀྱི་ཟབ་དུ་འགྲོ་གི་འདུག བྱས་ཙང་། དེ་བཞིན་གསོ་བ་རིག་པ་དེ་ཡང་རྫས་ཀྱི་ནུས་པ་དང་། ལུས་ཀྱི་འབྱུང་བ་ལྔའི་འགྲོ་སྟངས་དེ་ཚོའི་གྲས་འདི་དེང་དུས་ཀྱི་ཚན་རིག་པ་མཉམ་དུ་འབྲེལ་བ་བྱེད་ཐུབ་ན་ཡག་པོ་མིན་འགྲོ་བསམ་དྲན་པ་རེད།

དེ་ནས་རྩིས་པ་ལ། སྔོན་མ་ངས་མ་གི་(སྨན་རྩིས་ཁང་དུ།)ཕྱིན་པའི་ཁ་ཐུག་ལ་ང་རྩིས་ལ་ཡིད་ཆེས་གང་ཡང་མེད་ལབ་པ་ཡིན། གཞུག་གུ་རྩིས་བསླབ་མཁན་ཉུང་དུ་ཕྱིན་པ་རེད་ཟེར། དེ་ནས་ངས་ཁྱེད་རང་ཚོས་རྩིས་སློབ་དགོས་རེད། འདི་བོད་པའི་རིག་གནས་ཆུང་བའི་གྲས་ཆགས་བསྡད་ཡོད་པ་དེ་བསླབ་དགོས་ཀྱི་རེད་ཟེར་གཞུག་ཏུ་འབོད་སྐུལ་ཞུ་རྒྱུ་འཁེལ་བྱུང་། ངས་སེམས་ལ་དྲན་པ་དེ་བཤད་བསྡད་ཀྱི་ཡོད་རེད། མ་གཞི་རྒྱལ་བ་ལྔ་པས་གཅིག་གསུངས་ཡོད་རེད། རྒྱལ་བ་ལྔ་པའི་རྣམ་ཐར་དུ་ཁོང་འཁྲུངས་པའི་ཉིན་གྱི་གཟའ་སྐར་ཚེས་གྲངས་བཟང་པོ་ཞེ་དྲགས་ཡོད་པ་དེ་འགྲེལ་བཤད་བསྐྱོན་ནས་དེའི་རྗེས་སུ་ཅང་ཅང་བཟོས་བྱས། མ་གཞི་ཚེས་གྲངས་འདིའི་ཁ་ཐུག་ལ་སྐྱེས་པའི་དུད་འགྲོ་ཡང་མང་པོ་ཞེ་དྲགས་ཡོད་གསུངས་པ་རེད།(བཞད་མོ་བཞེས།) མིའི་བདེ་སྡུག་དེ་ལས་ཀྱི་སྒོ་ནས་འགྲོ་བ་མ་གཏོགས་ཕྱི་ལོགས་ཀྱི་གཟའ་སྐར་ཐོག་ནས་ཞེ་དྲགས་ཀྱི་ཁག་པོ་རེད། ཤེས་སོང་ངམ། ཡིན་ནའང་། དེ་ང་ཚོའི་རིག་གཞུང་ཆགས་བསྡད་ཡོད། ཡང་ཚེ་རབས་ལས་རྩིས་ལྟ་བུ་བརྒྱབ་ནས་སྐབས་རེ་ཕན་ཐོགས་པོ་ཞེ་དྲགས་འདུག་ག ད་ཁྱེད་རང་རྩིས་པ་ཚོས་ལུང་བསྟན་ཞིག་རྒྱོབ་དང་། ང་ཚོ་བོད་ཀྱི་གནས་ཚུལ་དེ་འགྱུར་བ་གང་འདྲ་སེ་འགྲོ་བ་འདུག ཁྱེད་རང་རྩིས་པ་ཚོས་བཤད་ཡག་འདུག་གས། བཤད་ཡག་ཡོད་པས། (བཞད་མོ་བཞེས།) ད་ལྟ་ང་ཚོས་སྒྲ་གཅན་རྒྱུ་སྟངས་ལྟ་བུ་བརྩིས་ནས་སྒྲ་གཅན་གྱི་རྒྱུ་ཐིག་གམ་རྒྱུ་ལམ་དེ་གསལ་པོ་འབྱུང་བ་ཡིན་ན་དེའི་ཁ་ཐུག་ལ་པག་རྡོག་ཅིག་རྡོའི་སྟེང་གཞུས་པ་ཡིན་ན་རྡོ་དེ་བཅད་ཐུབ་ཀྱི་རེད་ཟེར་བའི་བཤད་སྲོལ་ཡོང་གི་འདུག་ག ཟེར་གི་འདུག་ཟེར་བ་མ་གཏོགས་མཐོང་མ་མྱོང་བ་ཡང་།(བཞད་མོ་བཞེས།) བྱས་ཙང་ཁྱེད་རང་རྩིས་པ་ཚོས་སྒྲ་གཅན་གྱི་རྒྱུ་ཐིག་དེ་བཙལ་ཞིང་དེ་ཤེས་པའི་ཐོག་ནས་ང་ཚོ་བོད་པའི་དོན་དག་ལ་བྱེད་རྒྱུ་ཡོད་པ་ཡིན་ནམ་མེད་པ་ཡིན་ནམ། དེ་ཁྱེད་རང་རྩིས་པ་ཚོས་ཤེས་ཀྱི་རེད། ང་ཞེ་དྲགས་ཡིད་ཆེས་མེད། (བཞད་མོ་བཞེས།) བྱས་ཙང་ང་ཚོའི་རྩིས་དེའི་མིང་ལའང་། སྐར་རྩིས་དང་ནག་རྩིས་ཟེར་བའི་སྐར་རྩིས་ཞེས་པ་དེ་དུས་ཀྱི་འཁོར་ལོའི་གཞུང་དེ་ཡང་རྒྱ་གར་ནས་ཚུར་ཡོང་བ་དང་འབྲེལ་བ་ཡོད་བསྡད་པའི་བཟོ་འདྲ་བོ་ཞིག་དང་། ནག་རྩིས་ཟེར་བ་རྒྱ་ནག་དང་འབྲེལ་བ་ཡོད་པ། བྱས་ཙང་། དེ་ཚོ་ང་ཚོས་ཉམས་ཞིབ་དང་གོ་བསྡུར་བྱ་རྒྱུའི་གོ་སྐབས་ཡོད་དུས་དེ་ཚོའི་ཐོག་ཉམས་ཞིབ་བྱེད་ཐུབ་པ་ཡིན་ན་ཡག་པོ་མིན་འགྲོ། ཤེས་སོང་ངམ། གཞན་ད་ག་རེད།

ད་གང་ལྟར་གསོ་བ་རིག་པ་དཔེ་གལ་ཆེན་པོ་རེད། ང་ཚོ་བོད་པའི་རིག་གཞུང་རྩ་ཆེ་ཞིག་ཆགས་ཡོད་རེད་ལ། དངོས་ཡོད་གནས་ཚུལ་ལའང་མི་མང་པོ་ཞིག་ལ་ཕན་གྱི་ཡོད་རེད། ཕྱི་རྒྱལ་མིའི་ནང་དུ་བོད་སྨན་ཟ་མཁན་མང་དུ་འགྲོ་གི་འདུག་གམ། (ཞེས་བཀའ་འདྲི་གནང་བར་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱིས་མང་དུ་འགྲོ་གི་འདུག་ཅེས་བཀའ་ལན་ཞུས།) བྱས་ཙང་། ངས་འདི་གར་མཇལ་ག་ཡོང་མཁན་སེམས་འཁྲུགས་བསྡད་ཀྱི་འདུག་ཟེར་མཁན་ཚོ་ལ་ཕལ་ཆེར་རླུང་ཁམས་ཡིན་པ་གསལ་པོ་ཞེ་དྲགས་རེད། རླུང་ཁམས་ཀྱི་སེམས་འཁྲུགས་པ་དེ་དག་ལ་ནུབ་ཕྱོགས་སྨན་གྱི་བཤད་རྒྱུ་གང་ཡང་ཡོད་མ་རེད། དེ་ཚོ་ལ་ང་ཚོའི་བོད་སྨན་གྱི་རླུང་སྨན་བཏང་ནས་སྨན་བཅོས་བྱེད་རྒྱུ་ཡོད་དུས། འདི་གར་མཇལ་ཁ་ཡོང་མཁན་སེམས་འཁྲུགས་པ་རྣམས་ལ་བོད་སྨན་ཟ་དགོས་རེད་ཅེས་ངས་རྟག་པར་ཟེར་གྱི་ཡོད། བྱས་ཙང་ངས་བོད་སྨན་དྲིལ་བསྒྲགས་བྱེད་ཀྱི་ཡོད་རེད། ང་ལ་གླ་ཆ་སྤྲོད་དགོས་རེད་ད། (བཞད་མོ་བཞེས།) གང་ལྟར་ང་ཚོའི་བོད་པའི་གསོ་བ་རིག་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་བཞག དེ་དངོས་སུ་མི་ལ་ཕན་ཐོགས་ཡོད་པ་དང་ཆབས་ཅིག་བོད་ཀྱི་རིག་གནས་ཆེ་བ་ལྔ་ཡིན་པ། དེ་འདྲ་ཐོག་ནས་མཚན་མཐོང་སླེབ་ཡག་དེ་ཚོ་ཁྱེད་རང་ཚོས་སེམས་ལ་བཞག དེ་ནས་ཧུར་ཐག་བྱེད་དགོས་རེད་ད། ད་ག་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བསྩལ་གནང་ཡོད།།



མཐའ་མའི་འདོན་ཐེངས་།: 24.07.2019 ཉིན། 10:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།