སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བསྟན་པ་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.05.2018
གསོ་རིག་མཁས་དབང་རིམ་བྱོན། >>


བསྟན་པ་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

 

བསྟན་པ་རྒྱ་མཚོ་ནི་སའི་དགེ་བཅུ་ཚང་བ་མདོ་སྨད་ནོར་འཛིན་གྱི་ལྟེ་གནས། བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བ་བཤད་སྒྲུབ་དར་རྒྱས་གླིང་དང་མི་རིང་བའི་ཡུལ་ཤར་ཕྱོགས་མཎྜལ་རི་བོའི་རྒྱབ་རོལ་དུ་གནས་པའི་ཙ་ཡུལ་བྲག་དམར་ཞེས་པ་ནས་རབ་བྱུང་བཅུ་དྲུག་པའི་ཤིང་གླང་(སྤྱི་ལོ་ 1925) ལོར་སྐུ་འཁྲུངས། ཆུང་བྱིས་པའི་དུས་ནས་ཡ་རབས་ཀྱི་སྤྱོད་པ་དུ་མ་དང་ལྡན་ཞིང་ཐུགས་རྒྱུད་ཤིན་ཏུ་བཟང་བ། ཐུགས་ལ་རབ་བྱུང་བྱེད་པའི་འདོད་སེམས་ཆེ་བ་དང་། དེའི་སྟབས་ཀྱིས་ཡབ་ཡུམ་གཉིས་ནས་ཁོང་ཉིད་ཀྱི་ཐུགས་འདོད་ལ་ཞུགས་ནས་དགུང་གྲངས་བརྒྱད་ལ་སླེབས་སྐབས་། བླ་བྲང་བཀྲ་ཤིས་འཁྱིལ་གསོ་རིག་གཞན་ཕན་གླིང་གི་ཆོས་གྲྭར་ཞུགས། སྨད་སོག་ཀུན་དགའ་སོགས་སློབ་དཔོན་ལ་བསྟེན་ནས་ཡི་གེ་འབྲི་ཀློག་མཁས་པར་སྦྱངས། སྨན་རམས་པ་ཤེས་རབ་རྒྱ་མཚོ་སོགས་ཀྱི་མདུན་ནས་རྒྱུད་ཀྱི་བཤད་ལུང་དང་སྨན་གྱི་ལག་ལེན་རྣམས་ཉམས་སུ་བཞེས། ཆུང་བྱིས་པའི་དུས་ནས་ཐུགས་ཀྱི་བག་ཆགས་གསལ་ཞིང་ཤེས་རབ་རྣམ་པར་བཀྲ་བ། ཐུགས་རྒྱུད་ཤིན་ཏུ་འཇམ་པ་དང་བརྩོན་འགྲུས་དུ་མ་དང་ལྡན་པ་སོགས་སྐྱེ་བོ་མང་བོའི་ཐོས་འཛིན་གྱི་ཡུལ་དུ་སྙན་ཞིང་མཛེས་པའི་གྲགས་པ་དབྱར་རྔ་བཞིན་རྡུང་། གྲྭ་ཚང་གི་འདོན་ཕྱག་ལེན་དང་རྒྱུག་བརྩི་བཞག་ཐམས་ཅད་ཐུགས་སུ་བཞེས་ནས་ཡོངས་སུ་རྫོགས་པ་དང་། དགུང་ལོ་དགུའི་སྟེང་ཀུན་མཁྱེན་ལྔ་བ་ཆེན་མོ་མཆོག་ལ་ཕྱི་མ་རྒྱུང་བློ་ཐོགས་ནས་རྒྱུགས་འབུལ་གནང་བས་བྱ་དགའ་ཞལ་གསུང་གི་མེ་ཏོག་གཏོར། དེར་བརྟེན་རིམ་པ་བཞིན་དུ་བཤད་པའི་རྒྱུད་དང་མན་ངག་རྒྱུད་རྣམས་བློ་ཐོག་ནས་འཆད། དགུང་ལོ་ཉེར་གཉིས་ཀྱི་སྟེང་དབུས་གཙང་སོགས་ཆོས་ཀྱི་ཞིང་དུ་མ་ལ་ཨ་སྐྱོ་བའི་ཚུལ་གནང་ནས་གནས་མཇལ་ལ་ཕེབས། དཔལ་ལྡན་འབྲས་སྤུངས་སོགས་ཀྱི་ཆོས་གྲྭར་ཞུགས། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་བཤེས་གཉེན་ཆེན་པོའམ་རྒྱལ་བ་རིན་པོ་ཆེའི་བླ་སྨན་རྒན་ཆོས་གྲགས་སོགས་དགེ་རྒན་དུ་བསྟེན་ནས་རྒྱུད་བཞིའི་ལུང་དང་ཁྲིད་ཕྱག་ལེན་རྣམས་ཉམས་སུ་བཞེས། དེ་ནས་ཕྱིར་ཕེབས་པའི་ལམ་དུ་སྨན་ངོས་འཛིན་ཕྱོགས་ལ་སློབ་གཉེར་མི་ཉུང་བ་བྱས་པ་དང་། སྔོ་སྨན་ངོས་འཛིན་དང་ནད་ཀྱི་རྒྱུ་དང་འབྲས་བུ་སོགས་སྨན་ཕྱོགས་ཀྱི་དྲི་བ་དྲིས་ལན་བྱས་ནས་ཁོང་གཞུང་ལ་ངེས་པ་དང་། དོན་གསལ་བ། ཕྱག་ལེན་གྱི་སྐོར་སོགས་ཐོག་མེད་དུ་མཁྱེན་སྟབས་རྩོད་པ་ལས་རྒྱལ་ཏེ་སྙན་གྲགས་ཆེན་པོ་རྒྱས། ཕྱིས་སུ་མདོ་སྨད་ཙོང་ཁའི་གནས་མཆོག་རྗེ་སྐུ་འབུམ་བྱམས་པ་གླིང་དང་བྱ་ཁྱུང། དགོན་ལུང་། ཆུ་བཟང་། གསེར་ཁོག་སོགས་བྱང་གི་དགོན་གནས་དུ་མ་ལ་གནས་མཇལ་དུ་ཕེབས་པ་དང་། ཞར་དུ་གསོ་རིག་ཕྱོགས་ལ་ཉམས་སུ་བླངས་ནས་ས་རྡོ་སྔོ་སྨན་ཀྱི་སྐྱེ་གནས་དང་དབྱིབས་དང་རང་བཞིན་དབྱེ་བ་སོགས་ལ་བརྟག་དཔྱད་མང་དུ་གནང་བ་དང་། ས་རྡོ་སྔོ་སྨན་སོགས་ཀྱི་དབྱེ་བ་མང་པོ་གཏན་ལ་ཕབ་ནས་ངོས་འཛིན་གྱི་དོགས་པ་མང་པོ་བཅད། དེ་བཞིན་གྲྭ་ཚང་གི་འདོན་ལྟ་དབྱངས། རྒྱུག་བརྩི་བཞག་སོགས་ཐོགས་མེད་དུ་མཁྱེན་ནས། དགུང་ལོ་ཉེར་ལྔ་ནས་བཟུང་སློབ་མ་སྐྱོང་བའི་འགོ་བཙུགས། སྔ་གཞུག་ཏུ་སློབ་བུ་བརྒྱ་ཕྲག་ལས་འདས་པ་གསོ་སྐྱོང་བྱས་ཡོད་པ་ཕྱོགས་ཀུན་ཏུ་དར་ཁྱབ་དུ་སོང་ཡོད།

སྤྱི་ལོ་ 1955 ལོར་ཀུན་མཁྱེན་དྲུག་པ་ཆེན་མོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དགུང་གྲངས་བརྒྱད་བཞེས་ཐོག་བཀྲ་ཤིས་རབ་བརྟན་དུ་བཞུགས་པའི་སྐབས་ཞིག་ལ། ཁོང་དང་སྨན་པ་གྲྭ་ཚང་གི་ལས་འཁུར་བ་བདུན་མདུན་དུ་བོས་ནས་ཞལ་གསུངས་གི་མེ་ཏོག་ཁོང་གི་སྤྱི་བོར་བབས་པ་དང་། ད་ནས་བཟུང་སྨན་དཔྱད་ཀྱི་རིག་པ་སྤེལ་བཅས་བཀའ་བསྩལ་ནས་ཕྱག་གི་མདུད་པ་ཡང་གནང་ངོ་། །དེ་ནས་བཟུང་སྨན་གྱི་ཡོ་བྱད་དང་སྨན་སོགས་གྲ་སྒྲིག་ལེགས་པོ་བྱས་ནས་སྨན་ཕབ་པ་སོགས་རྒྱ་ཆེ་རུ་བཏང་། སྤྱི་ལོ་ ༡༩༥༨ ལོར་དུས་འགྱུར་ཆེན་པོ་བྱུང་བ་སོགས་ཀྱི་རྐྱེན་དང་ཕྲད་ནས་ཁོང་ཉིད་ལ་སྨན་གྱི་བསྟན་པ་སྤེལ་བའི་གོ་སྐབས་དང་བྲལ་ནས་རེ་ཞིག་བཙོན་ཁང་དུ་ཚུད། དེ་ལས་མི་རིང་སྨན་པ་བྱས་ཆོག་པའི་དཀའ་དབང་ཐོབ་པ་དང་ལྷན་དུ་སྨན་རྣམས་ཚགས་བྱས་ནས། སྨན་པ་གྲྭ་ཚང་དང་བླ་བྲང་ཆེན་མོ། ནང་ཆེན་སོ་སོའི་སྨན་སྣ་ཚོགས་ཕྱོགས་བསྡུས་བྱས་ནས་བླ་བྲང་དགོན་པའི་སྨན་ཁང་ཞེས་པ་བཙུགས། ཁོང་གིས་སྨན་བཟོ་བ་དང་བཏུ་བ། འདུལ་བ་སོགས་དཀའ་སྡུག་ཅི་འདྲ་ཡོད་རུང་བརྩོན་འགྲུས་ལྷོད་པ་མེད་པའི་སྒོ་ནས་སྨན་ལ་ཞིབ་ཚགས་དང་། སྦྱོར་སྡེ་ལེགས་སྒྲིགས་དང་སྔོ་སྨན་བཏུ་བ། སྨན་འདུལ་བ། ངོས་འཛིན་དང་སྔོ་སྟོན་སོགས་ལ་ཤིན་ཏུ་ཕྲ་ཞིང་ཞིབ་པ་བྱས་ནས། གྲུབ་ཐོབ་རིལ་དཀར་གྱི་ཁ་ཚར་སོགས་གསར་དུ་ཚད་གཞི་གཏན་ལ་ཕབ་པ་དང་། དེ་ནས་བཟུང་བླ་བྲང་རིལ་དཀར་ཞེས་དམངས་ཁྲོད་ལ་དར་ཁྱབ་ཆེ་བ་དེ་བྱུང་། དེའི་རྗེས་ “རིག་གནས་གསར་བརྗེའི” ལས་འགུལ་ནང་དུ་ཁོང་གིས་གསོ་རིག་དང་རིག་གནས་མཐའ་དག་གཙུག་ཏུ་འཛིན་པ་དང་། སྙིང་སྟོབས་ཆེན་པོའི་ངང་ནས་ལུས་དང་སྲོག་ལ་ཕངས་པ་མེད་པར་སྲུང་སྐྱོབ་བྱས་པ་དང་། སྐབས་དེར། ཁོང་ལ་གནའ་བོའི་རིག་གནས་སྐྱོབ་པའི་ཀླད་རྙིང་ཞེས་འཇིག་སྐྲག་ཡང་ཡང་སྐུལ་བ་དང་བརྡུང་རྡེག་ཐེངས་དུ་མ་བྱས། ཁོང་གིས་བོད་ཀྱི་གསོ་རིག་དང་རིག་གནས་ལ་ཉམས་ཆག་བྱུང་བར་ཐུགས་སྐྱོ་ནས་མཚན་མོ་ཀུན་གྱི་མི་ཤེས་པའི་ཚུལ་དུ་དཔེ་གཟིགས་གནང་བ་དང་། གསོ་རིག་སྐོར་གྱི་དཔེ་ཆ་རྣམས་སྦས་སྐུང་བྱས། ཆོས་སྐྱོང་སོགས་ལ་འཕྲིན་ལས་བཅོལ་ཏེ་བོད་ཀྱི་རིག་གནས་ལ་ཆག་འཇིག་མི་ཡོང་བའི་སྨོན་ལམ་བཏབ། ཉིན་ཞིག་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་མང་པོ་འདམ་གྱི་རྩི་བྱེད་པར་ཆུ་ནང་དུ་ཕངས་ནས་སྦང་བ་དང་། དེའི་ནང་ཆེས་དཀོན་པའི་གསོ་རིག་གི་གཞུང་སྐྱེམས་པ་ཚེ་དབང་གི་རྒྱུད་འགྲེལ་དང་གཞན་བཀའ་བརྒྱའི་རིགས་མང་པོ་ཆུ་ནང་དུ་འཕེན་ལ་ཉེ་བ་ན། མི་ཞིག་གི་ལག་རྒྱུད་ནས་དཔེ་ཆའི་དབུ་འཇུག་གི་ཤོག་གྲངས་དང་བཅས་ཁོང་གི་ཕྱག་དུ་འབྱོར་ནས་སྐུང་ཐུབ་པ་བྱུང་། དེའི་རྗེས་ཁོང་གིས་དཔེ་ཆའི་རིགས་སྦས་སྐུང་བྱས་ཡོད་པ་ཤེས་ནས་ཁོང་ལ་དཔེ་ཆ་པོད་སུམ་ཅུ་ལྷག་རྒྱབ་ཏུ་བཞག་ནས་བརྡུང་རྡེག་དང་བཅས་ཁྲོམ་ལ་ཡར་དེད་མར་དེད་མང་པོ་བྱས་ནས་དཔེ་ཆ་རྣམས་ལག་ནས་བླངས། ཁོང་གི་ཐུགས་ཧ་ཅང་ཕམ་པོའི་ངང་ནས་བླ་མ་ཆོས་སྐྱོང་ལ་སྐྱབས་འཇུག་ཞུས་མཐར། ཚང་མ་ཕྱིར་ལག་ཏུ་འབྱོར། དེ་ལྟར་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་བསྟན་པའི་མེ་རོ་གསོ་བའི་ཆེད་དང་ཉམས་རྒུད་ཀྱི་དུས་འདི་ལ་བཀྲ་ཤིས་འཁྱིལ་གྱི་ཤུལ་དུ་བཞུགས་པའི་དགེ་བའི་བཤེས་གཉེན་རེ་གཉིས་ཀྱི་འཚོ་བ་རོལ་ཐབས་སུ་གྲུབ་ཐོབ་རིལ་དཀར་སོགས་སྨན་འགའ་རེ་སྡེབ་པ་དང་ནད་པ་རེ་གཉིས་ལ་བལྟ་བ། དོན་དམ་དུ་གསོ་རིག་ལ་ཞིབ་འཇུག་བྱས་པའི་གོ་སྐབས་བཟོས་ཏེ་ཕྱག་རྗེས་ཆེན་པོ་བཞག ཁོང་ལ་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་པ་དང་གསོ་རིག་གཞུང་ལུགས་རྣམས་ཁོང་དུ་ཆུད་ཡོད་པ་ལ་བརྟེན་ནས་སྤྱི་ལོ ༡༩༨༡ ལོ་ནས་ཀན་སུའུ་ཞིང་ཆེན་སྨན་རྫས་ཞིབ་འཇུག་ཁང་གིས་བོད་སྨན་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས། ཁོ་ཚོའི་ཉམས་སྣང་ལ་བོད་ཀྱི་སྨན་པས་ནད་ཨེ་ཤེས་བསམ་པའི་དོགས་པ་སྐྱེས་ནས་མཁྲིས་སྐྲན་ཅན་གྱི་ནད་པ་ཞིག་ལ་བལྟར་བཅུག ཁོང་གིས་རྒྱུད་གཞུང་གི་ཚད་དང་བསྟུན་ནས་བལྟ་བ་དང་རེག་པ། དྲི་བ་གསུམ་གྱི་སྒོ་ནས་བརྟག་དཔྱད་བྱས་པའི་མཁྲིས་པའི་ནང་དུ་སྐྲན་ཡོད་པ་ཁ་དམར་གདགས། དེ་ལ་སྨན་བཅོས་བྱས་ནས་ནད་ལས་སངས། རྗེས་སུ་ཁོ་ཚོས་ནད་པ་ལ་དེང་རབས་ཀྱི་འཕྲུལ་ཆས་ལས་བརྟག་པའི་སྐྲན་ཞུ་བ་མངོན་སུམ་དུ་མཐོང་ནས་ཀུན་གྱིས་བཟང་བསྟོད་དང་བསྔགས་བརྗོད་མང་བོ་བྱས་ནས་ཁོང་གི་སྙན་གྲགས་རྒྱས། དེ་བཞིན་ཁོང་གིས་བོད་ཀྱི་གསོ་བ་རིག་པ་ཁུངས་བཙུན་པ་དང་དོན་རྒྱ་ཆེ་བ། གཞན་གྱི་གསོ་དཔྱད་ལས་ཁྱད་དུ་འཕགས་པ་བཅས་ཡོན་ཏན་མང་པོ་བརྗོད་པ་དང་། བོད་ཀྱི་གསོ་རིག་མི་ཤེས་པའི་སྨན་པ་དང་འགོ་ཁྲིད་ལ་བོད་སྨན་ངོ་སྤྲོད་བྱས། ཕྱི་ལུགས་སྨན་པ་མཁས་དབང་རྣམས་ལ་རྩོད་པ་ལན་མང་པོ་བྱས་ནས་ཁོང་ཉིད་ལ་འགྲན་ཟླ་བྲལ། དེ་ནས་བོད་ཀྱི་གསོ་རིག་ལ་བདེན་དཔང་ཐོབ་པ་བོད་སྨན་ལག་ལེན་བྱས་ཆོག་པའི་དབང་ཡིག་བྱིན། དེ་ནས་བསྟུད་མར་ལོ་གསུམ་གྱི་རིང་ལ་གོང་རིམ་གྱིས་འགན་བཞག་ནས་ས་གནས་སོ་སོའི་སློབ་མ་བསྡུས་ཏེ་ཁོང་གིས་དཔེ་ཁྲིད་གནང་བ་དང་བོད་སྨན་སྦྱོང་དུ་བཅུག ཁོང་ཉིད་ཀྱི་དུས་སྐབས་ཏེ་དམ་འཛིན་བྱས་ནས་རང་ཉིད་ཀྱི་སྐུ་ངལ་ལ་མ་འཛེམས་པར། རྫ་རི་བྲག་རི་སོགས་ལ་ཞབས་ཐང་དུ་སློབ་མ་རྣམས་ཁྲིད་ནས་སྨན་ངོས་འཛིན་དང་ངོ་སྟོན། སྐྱེ་ས་སྐྱེ་ཡུལ་སོགས་ངོ་སྤྲོད་པ་དང་། སྨན་འཐུ་དུས་དང་འཐུ་ཚད་དུག་འདོན་སོགས་ལག་ལེན་གྱི་ཕྱོགས་དམར་ཁྲིད་གནང་། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་གསོ་རིག་གཞན་ཕན་གླིང་དང་འབྲེལ་བ་བྱས་ནས་རྨང་གཞི་ཆགས་ཏེ་སྤྱི་ལོ་ ༡༩༧༩ ལོར་མདོ་སྨད་ཀྱི་བོད་སྨན་ཁང་དང་པོ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་སུ་བཙུགས། ཁོང་གིས་སྨན་ཁང་གི་དབུ་ཁྲིད་པའི་འགན་བཞེས། དེ་ནས་བོད་སྨན་ཁྱབ་སྤེལ་དང་འགྲོ་བ་ནད་པའི་དོན་དུ་ལས་དོན་རྒྱ་ཆེར་སྤེལ་ནས་ནད་ཀྱི་ཕོངས་པའི་ཡུལ་སོགས་ལ་ཐེངས་མང་པོ་གདན་དྲངས་ནས་ཕེབས་པ་དང་། ཉིད་ཀྱི་དཀའ་ཚེགས་ལ་མི་འཛེམ་པར་ཚ་གྲང་གི་དཀའ་བ་ཁྱད་དུ་བསད་ནས་ནད་པ་གྲངས་ལས་འདས་པ་ཞིག་ལ་སྨན་བཅོས་གནང་། ས་གནས་གཞན་གྱི་ནད་པ་ཚོས་ཁོང་གི་མཚན་ཐོས་པ་ཙམ་གྱི་ཕྱོགས་སོ་སོ་ནས་ཁོང་གི་གམ་དུ་སླེབས། རྒྱུད་ལས། ངག་ཚིག་སྙན་པའི་ནད་པ་སྤྲོ་སྐྱེད་ནུས། །ཞེས་བྱམས་དང་སྙིང་རྗེའི་གོ་ཆ་སྐུ་ལ་བཞེས་ནས་ནད་པའི་རེ་བ་སྐོང་བ་དང་ནད་ཀྱི་ཉམས་ཐག་པ་མང་བོ་ནད་ལས་གྲོལ། ཞར་དུ་བླ་བྲང་དགོན་ལྷག་སོ་སོ་དང་ས་གནས་གཞན་གྱིས་སློབ་གཉེར་བ་གྲངས་མེད་པ་ལ་དཔེ་ཁྲིད་གནང་བ་དང་། ཁོང་རང་ཉིད་ཀྱི་དཀའ་སྡུག་ལ་མི་འཛེམ་པར་གང་ལ་གང་དགོས་ཀྱི་དཔེ་ཁྲིད་ལུང་རྒྱུད་པ། ཁྲིད་ཕྱག་ལེན་སོགས་མང་བོ་བསྩལ། གསོ་རིག་བསྟན་པ་མི་ནུབ་དར་པའི་ཐུགས་དགོངས་བཅིངས། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བའི་ཕྱག་རྩ་ལན་དུ་མ་འཇལ་བ་དང་སྡེབ་པའི་སྨན་ཐེངས་མང་བོ་འབུལ་མྱོང་བ་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པའི་བླ་སྨན་ཡིན་པ་དང་ཞོར་དུ་མཛོད་དགེ་རྐང་ཚའི་དགོན་སྨན་པ་གྲྭ་ཚང་གི་ཁྲི་བ་མཛད། ཁོང་གིས་གསོ་རིག་བསྟན་པ་གོང་དུ་སྤེལ་བ་དང་ནད་པའི་དོན་ལ་སེམས་གཉིས་མེད་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་དང་རྟགས་མ་ཐེངས་མང་པོ་བྱིན་ཡོད་པ་ཡིན་ནོ།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།


མཐའ་མའི་འདོན་ཐེངས་།: 02.05.2018 ཉིན། 4:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།