བརྒྱ་སྟོན་མཛད་སྒོར་བསྩལ་བའི་བཀའ་སློབ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.06.2016 |
བརྒྱ་སྟོན་མཛད་སྒོར་བསྩལ་བའི་བཀའ་སློབ།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འདུས་མང་ཡོངས་ལ་བསྩལ་བའི་བཀའ་སློབ་རིན་པོ་ཆེ་བཞུགས་སོ།།
དེ་རིང་སྐུ་མགྲོན་རྣམ་པ་ཚོའི་མི་རེ་ངོ་རེའི་མཚན་ངོས་ཀྱི་དྲན་གྱི་མ་རེད་ལ། ཡི་གེ་ཀློག་ཀྱང་ཕན་ཐོགས་མེད། དེར་བརྟེན་འདིར་གདན་ཞུ་དང་འབྲེལ་ནས་ཆེད་མངགས་ཕེབས་པའི་མི་ཆེན་རྣམ་པ་དང་། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པ་ཚོ་དང་འབྲེལ་ཡོད་མི་སྣ། སྨན་རྩིས་ཁང་གི་ལས་བྱེད། དགེ་རྒན་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མི་མང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་མང་པོ་ཞིག་འདུས་ཡོད། དེ་རིང་གི་རྗེས་དྲན་དུས་དྲན་ནི་ལྷ་ས་སྨན་རྩིས་ཁང་སྐུ་མདུན་སྐུ་གོང་མས་བཙུགས་ནས་ལོ་བརྒྱ་དང་། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རི་སྨན་སློབ་བཙུགས་ནས་ལོ་སུམ་བརྒྱ་ཉི་ཤུ་འཁོར་བ་བཅས་ཀྱི་དུས་དྲན་བྱེད་ཀྱི་ཡོད། ད་ཆ་མི་ལོ་༥༧ལྷག་ཙམ་འགྲོ་གི་ཡོད། ང་ཚོ་འདིར་བཙན་བྱོལ་དུ་སླེབས་ནས་གནས་སྟངས་ཉག་ཕྲ་པོ་ཞིག་གི་འོག་ཡོད་ཀྱང་ཚང་མས་རིག་པ་བསྒྲིམས་ཏེ་གང་ཡོང་ཅི་ཡོང་བྱས་ཡོད་པ་རེད། སྨན་རྩིས་ཁང་ཡང་དེའི་ཆ་ཤས་ཤིག་རེད། ང་རང་ཚོ་ཚང་མས་རྒྱབ་མདུན་ངོ་ལྐོག་མེད་པ། རང་དོན་ཁོག་བཅུག་མ་ཡིན་པར་བསམ་པ་རྣམ་དག་དང་། དྲང་པོ་དྲང་བཞག རྒྱུ་འབྲས་དཔང་འཕེར་གྱིས་དཀའ་ལས་བརྒྱབ་སྟེ་འབྲས་བུ་གང་ལ་གང་འཚམ་ཐོན་ཡོད། ང་ཚོ་ཐོག་མར་སྐྱབས་བཅོལ་ཡོང་དུས་གྲོགས་མེད་ཁེར་རྐྱང་རེད། སྐྱབས་བཅོལ་བ་ལ་ལྟ་རྟོག་བྱེད་མཁན་ཚོགས་པ་དང་སྒེར་པ་ཁག་གཅིག་དང་འབྲེལ་བ་ཡོང་གི་ཡོད་ཀྱང་། དེ་དག་གིས་གཙོ་བོ་ང་ཚོ་སྙིང་རྗེའི་ཡུལ་ལ་བལྟས་ཏེ་རོགས་རམ་བྱས་ཡོད། ལོ་ལྔ་བཅུ་ང་གྲངས་ཕྱིན་པའི་རྗེས་ལ་ང་ཚོ་བོད་མི་བཙན་བྱོལ་བས་དཀའ་ལས་བརྒྱབ་པའི་འབྲས་བུར་འཛམ་གླིང་འདིའི་ཐོག་བོད་ཅེས་བརྗོད་སྐབས་སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ་མ་ཟད། སྐད་ཡིག་དེའི་ནང་རིག་གཞུང་ཕྱུག་པོ་ཡོད་པ་འཛམ་བུ་གླིང་འདིའི་སྟེང་མངོན་ཐུབ་པ་བྱུང་ཡོད། རིག་གཞུང་ཞེས་བཤད་དུས་གཙོ་བོ་རྒྱ་གར་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་རིག་གནས་ཆེ་ཆུང་བཅུ་བཤད་ཀྱི་ཡོད་པ་རེད། རིག་གནས་ཆུང་བ་ལྔའི་ནང་དུ་སྙན་ངག་དང་ཟློས་གར་སོགས་ཡོད། གཙོ་བོ་རིག་གནས་ཆེ་བ་ལྔ་རེད། དེའི་ནང་དུ་སྒྲ་རིག་པ་དང་། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་དོན་རིག་པ་བཅས་བཤད་ཡོད། སྒྲ་རིག་པ་ལེགས་སྦྱར་སྐད་ནང་དུ་མཁས་པ་རེ་ཟུང་གི་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཙམ་རེད། ངོས་རང་ཉིད་ལ་ཆ་བཞག་ན་རིག་གནས་ཆེ་བ་ལྔ་པོ་སྟོང་པ་མིན་ཙམ་གླིང་རིན་པོ་ཆེའི་སྐུ་མདུན་ནས་སྒྲ་ཀཱ་ལཱ་པ་མཚམས་སྦྱོར་ལྔ་པའི་འཁྲིད་ཞུས་ཏེ་ཕྲན་བུ་ཤེས་ཀྱང་ད་ལྟ་བརྗེད་ནས་མི་འདུག
དེ་ནས་ཚད་མ་རིག་པ་ནི། སྤྱིར་རྒྱ་གར་མཁས་པས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཕྱི་ནང་གི་གནས་ཚུལ་གང་ཞིག་ཡིན་རུང་རིགས་པས་བརྟག་དཔྱད་བྱེད་སྐབས་རྗེས་དཔག་སྐྱེ་བ་ལ་རྒྱུ་མཚན་དང་གཏན་ཚིགས་དགོས་པར་བརྟེན་གཏན་ཚིགས་རིག་པ་ནི་རྒྱ་གར་འཕགས་ཡུལ་ལ་ཧ་ལས་པ་ཞིག་རེད་འདུག ལོ་ངོ་སྟོང་ཕྲག་གོང་ལ་མུ་སྟེགས་པའི་ནང་ལའང་མཁས་པའི་དབང་པོ་མང་པོ་བྱུང་ཡོད་ལ། མུ་སྟེགས་པའི་གྲུབ་མཐའ་གྲངས་ཅན་པ་གཙོ་བོར་གྱུར་པའི་མུ་སྟེགས་པའི་ལྟ་གྲུབ་འཛིན་མཁན་ཁྲོད་ཚད་མ་པ་དེ་རིགས་མང་པོ་བྱུང་ཡོད། དེ་དང་ཆབས་ཅིག་སངས་རྒྱས་པའི་ཆོས་པའི་ནང་ནས་པཱ་ལིའི་ཆོས་བརྒྱུད་ནང་གཙོ་བོ་ལུང་ལ་བརྟེན་པ་ཙམ་ལས་ཚད་མ་རིག་པའི་སྐོར་ལ་རྒྱ་ཆེན་པོ་ཞིག་མེད། ལེགས་སྦྱར་སྐད་ནང་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་དངོས་གནས་དྲང་གནས་རིགས་པའི་ལམ་ནས་གཏན་ལ་འབེབས་རྒྱུ་ཡོད་པ་ཞིག་དང་། རིགས་པའི་ལམ་ནས་གཏན་ལ་འབེབས་རྒྱུ་དེ་ཡང་། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཀའ་གནང་ཡོད། དབུ་མ་འཇུག་པའི་ནང་དུ་ཡང་། མདོ་སྡེ་དགོངས་འགྲེལ་ལྟ་བུ་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་པས་ཁས་བླངས་ན་འགྲིག་གི་མིན་འདུག་ཅེས་གསུང་གི་འདུག རིགས་པས་སྒྲུབ་ཡོང་དུས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་དང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་གསུངས་པ་བཞིན། བཅོམ་ལྡན་འདས་རང་གི་བཀའ་ཡིན་ནའང་སྒྲ་ཇི་བཞིན་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་པས་ཁས་བླངས་ན་འགྲིག་གི་མིན་འདུག་ཅེས་གསུང་གི་འདུག ཕལ་ཆེར་འཛམ་གླིང་འདིའི་ཐོག་ཏུ་ཆོས་ལུགས་མང་དུ་ཡོད་པའི་ནང་ནས་སྟོན་པ་རང་ཉིད་ཀྱི་བཀའ་ལ་རིགས་པས་དཔྱད་པ་བྱས། རིགས་པའི་གནོད་པ་ཡོད་ན་སྟོན་པའི་བཀའ་ཡིན་ནའང་ཁས་བླངས་ན་མི་འགྲིག་ཅེས་པ་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རིགས་པ་གཙོ་བོ་བྱས་ནས་འགྲོ་བཞིན་ཡོད་པ་གསལ་པོ་རེད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་ལ་ཚད་མ་རིག་པའི་སྐོར་ཧ་ཅང་རྒྱས་པོ་ཡོད་ལ། མུ་སྟེགས་པའི་ཚད་མ་པ་དང་སངས་རྒྱས་པའི་ཚད་མ་པ་གཉིས་བར་ལ་དཔྱད་བསྡུར་ཧ་ཅང་ཤུགས་ཆེ་བྱས་ནས་ལེགས་བཤད་ཧ་ཅང་མང་པོ་འདུག དེའི་ཚེ་དེའི་དུས་ཀྱི་གཙོ་བོ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་དེ་ལྟ་བུའི་རྣམ་དཔྱོད་འཕེལ་བ་དེ་ཕྱེད་ཀ་མུ་སྟེགས་པའི་བཀའ་དྲིན་རེད། ཇི་ཙམ་གྱི་ནང་པའི་ཚད་མ་བ་ཚོས་ཚད་མའི་གཞུང་གསར་གཏོད་དང་ཡར་རྒྱས་འགྲོ་བའི་སྐབས་ལ་མུ་སྟེགས་པ་ཚོས་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད། ཚད་མ་རིག་པའི་སྐོར་དེང་སྐབས་དངོས་ཡོད་གནས་ཚུལ་ལ་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་ཀྱི་ཚད་མའི་གཞུང་ལུགས་དེ་དག་ལེགས་སྦྱར་གྱི་མ་དཔེ་ས་ཁུག་དེ་རིགས་ལ་ཡོད་སྲིད་ཀྱང་། དེ་མིན་བོད་ཡིག་ནང་མ་གཏོགས་མེད། རྒྱ་ཡིག་ནང་བསྒྱུར་མི་འདུག་ལ། པཱ་ལིའི་ནང་ལའང་མེད། དེར་བརྟེན་ཚད་མའི་གཞུང་ལུགས་ཆ་ལག་ཚང་བ་ཡོད་པ་ནི་བོད་ཡིག་ཐོག་ང་ཚོའི་བསྟན་འགྱུར་ནང་ཡོད་པ་དེ་གཅིག་པོ་རེད། ཚད་མའི་གཞུང་ལུགས་རྣམས་གླེགས་བམ་ནང་ཡོད་པ་གཅིག་པུ་མིན་པར་སྔ་མོ་ཡིན་ན་ས་སྐྱའི་མཁས་པ་དག་གིས་ཚད་མའི་གཞུང་ལུགས་ཧ་ཅང་ཤུགས་ཆེ་གཟིགས་སྲོལ་ཡོད་ལ། ས་པཎ་རང་ཉིད་ཀྱིས་(ཚད་མ་རིགས་གཏེར་)མཛད་པ་སོགས་མདོར་ན་བོད་གངས་ཅན་པ་རང་གི་མཁས་པས་ཚད་མའི་གཞུང་ལུགས་ཀྱང་མཛད་པ་བྱུང་ཡོད། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་ཀྱི་རྗེས་འབྲང་ཕྱྭ་པ་ཆོས་སེང་ཡབ་སྲས་དེ་དག་གི་སྐུ་དུས་ལ་ཚད་མའི་ཐོག་ཧ་ཅང་ཐུགས་སྣང་ཆེན་པོ་མཛད་པར་བརྟེན་ཡར་རྒྱས་ཤུགས་ཆེན་ཕྱིན་འདུག
རིག་གནས་ཆེ་བ་ལྔའི་ནང་ནས་ཚད་མའི་གཞུང་གི་ཐད་ནས་བཤད་ན། བོད་གངས་ཅན་ལྗོངས་ལ་ཡོད་པ་ལྟ་བུ་འཛམ་གླིང་འདིའི་སྟེང་དུ་གཞན་སུ་ལའང་མེད། དེ་ཡང་ང་རང་ཚོ་བོད་ཡིག་རང་གི་ཐོག་ནས་ཡོད་པ་ལས་ལེགས་སྦྱར་སྐད་སློབ་དགོས་ཀྱི་མེད་སྟབས། སྔོན་གྱི་ལོ་ཙཱ་བ་དེ་དག་དངོས་གནས་བཀའ་དྲིན་ཆེན་པོ་རེད་འདུག ང་ཚོ་ཁོང་རྣམས་ཀྱི་རྗེས་སུ་འཇུག་དགོས་པ་རེད། ད་ལྟ་བར་དུ་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་བཤད་གྲྭ་དང་། ཆོས་སྒར་ཁག་དེ་དག་ཏུ་དངོས་གནས་ཚད་མའི་གཞུང་གི་རྩ་བ་བློ་ངོར་འཛིན་ཅིང་། འགྲེལ་པའི་ཚིག་འབྲུ་རེ་རེ་ནས་འཆད་ཉན་བྱས། དེ་ནས་ཆོས་རའི་ནང་རིགས་པས་བརྡར་ཤ་བཅད་ནས་ད་ལྟ་བར་དུ་ཚད་མའི་གཞུང་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་ཡག་པོ་གནང་ཐུབ་པ་བྱུང་ཡོད། གཙོ་ཆེ་ཤོས་ང་ཚོ་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གཙོ་བོར་གྱུར་པའི་བཀྲ་ཤིས་ལྷུན་པོ་དེ་དག་སློབ་གཉེར་ཡག་ཐག་ཆོད་འདུག ད་དུང་ཡང་གཟབ་གཟབ་བྱ་དགོས།
བཟོ་རིག་པ་རྒྱ་ཆེན་པོ་ཡོད་པ་མ་རེད། ང་ཚོས་ཁབ་གཅིག་ཀྱང་བཟོ་ཤེས་ཀྱི་མ་རེད། ང་ཚོར་གཟེར་རྟ་མགོ་ཟེར་བ་དང་མགོ་ལེབ་ཟེར་བ་ཐེབས་ཆག་རིགས་མ་གཏོགས་ཡོད་པ་མ་རེད། ཡིན་ཡང་བཟོ་རིགས་པ་སྐུ་རྟེན་བཞེངས་སླད་ཆེད་མངགས་བཙུགས་ཡོད་པ་རེད། དེའི་ཐད་རྩ་བའི་ལག་རྒྱུན་ཡག་པོ་ཡོད། དེང་སང་ཡང་ནོར་བུ་གླིང་གར་སྐུ་རྟེན་བཞེངས་པ་སོགས་ཀྱི་ལག་རྩལ་རྒན་ལགས་གྲོངས་མཁན་དེ་འགན་འཁུར་བླངས་ཏེ་ཡག་ཐག་ཆོད་ཡོད། དེ་མིན་ང་ཚོར་བཟོ་རིག་པ་དེ་ཙམ་མེད། ཁུ་ནུ་བླ་མ་རིན་པོ་ཆེ་ཡིས་གསུངས་མྱོང་ཡོད། བཟོ་རིག་པ་ཞེས་པ་དེར་སྡེ་ཚན་ལྟ་བུ་གཉིས་ཐོག་བསམ་བློ་གཏོང་རྒྱུ་ཡོད་རེད། གཅིག་ཕྱིའི་ལག་རྩལ་ཐོག་ནས་བཟོ་ལས་ཀྱི་རིག་པ་དང་གཞན་དེ་ནི་ནང་བསམ་བློ་བཟོ་བཅོས་བཏང་ནས་འགྱུར་བ་གཏོང་བ་མདོར་ན་ནང་དོན་རིག་པ་དེ་ཡང་བཟོ་རིག་པའི་ཁོངས་ཡིན་པ་གསུངས་མྱོང་ཡོད།
དེ་ནས་ནང་དོན་རིག་པའི་ཐད་ཧ་ལས་པའི་ཡག་པོ་རེད། དེང་སང་འཛམ་གླིང་འདིར་ནང་པ་ཕལ་ཆེར་དུང་ཕྱུར་བཅུ་གྲངས་ཞིག་མེད་དམ། རྒྱ་ནག་ནང་ནང་པ་ཕོན་ཆེན་པོ་ཡོང་གི་འདུག འདི་དག་བསྡོམས་ན་དུང་ཕྱུར་བཅུ་གྲངས་ཤིག་ཕལ་ཆེར་ཡོད། འདིའི་ནང་ནས་ནང་དོན་རིག་པའི་སྐོར་བཤད་སྒྲུབ་ཟུང་འབྲེལ་བྱེད་མཁན་ནི་བོད་པ་གཅིག་པུ་རེད། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་རྒྱ་ཆེ་གཏིང་ཟབ་ཅན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐོས་པས་གཏན་ལ་ཕབ་པ་དང་། བསམ་པས་སྒྲོ་འདོགས་བཅད་དེ་ངེས་པ་རྙེད་པ། ངེས་པ་རྙེད་པའི་དོན་རྣམས་རྒྱུད་ལ་སྐྱེས་ནས་ཉམས་མྱོང་སྐྱེས་ཡོད། ཞེ་ས་མ་ཞུས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་བསྟན་པ་གསོན་པོ་གནས་ཡོད་པ་དང་། དེ་ཡང་སྐད་ཡིག་གཞན་ལ་རེ་མ་དགོས་པར། ང་ཚོ་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱེད་རྒྱུ་ཡོད་པ་འདི་ཧ་ལས་དགོས་པ་ཞིག་རེད། ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ཡུན་འདི་ཙམ་སོང་བའི་རིང་ནང་པའི་ཡུལ་གྲུ་མང་པོའི་ཆོས་པ་དང་། མཁས་པ་སོགས་དོན་གཉེར་ཅན་མང་པོར་ཐུག་གི་ཡོད། དེའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་དུས་ང་ཚོ་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་མཁས་བཙུན་བཟང་གསུམ་འཛོམས་པ་བྱ་རྒྱུ་འདི་དངོས་གནས་ཧ་ལས་དགོས་པ་རེད་འདུག ང་ཚོ་སུ་ལའང་འགྲམ་ཆུ་ལྡང་དགོས་དོན་མེད། དེ་ངས་ནམ་རྒྱུན་དུ་བཤད་བསྡད་ཀྱི་ཡོད། དེ་སྔོན་རྒྱ་གར་ལྷོ་ཕྱོགས་ལའང་བཤད་པ་ཡིན། ང་ཚོ་བོད་ལ་སངས་རྒྱས་པའི་བསྟན་པ་དར་ནས་དངོས་གནས་བསྟན་པ་ས་དར་རྡོ་དར་ཆགས་ཡོད། ལོ་ངོ་སྟོང་ཕྲག་རིང་བོད་གངས་ཅན་ཆོལ་གསུམ་ཡོངས་ལ་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་ཆ་ཚང་བ་དར་ཁྱབ་ཕྱིན་ཡོད། ཡིན་ནའང་། མང་ཆེ་བས་དད་པའི་རྗེས་སུ་འབྲང་བ་མ་གཏོགས་སློབ་སྦྱོང་བྱས་ཏེ་ཤེས་ནས་དད་པ་ཐོབ་པ་ཉུང་ཉུང་རེད་འདུག དེར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པར་བྱེད་དགོས་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་འཁྲིད་ཐུབ་པ་ཡིན་ན། སངས་རྒྱས་བསྟན་པ་ལོ་ངོ་བརྒྱ་ཕྲག་མང་པོར་གནས་ཐུབ། དབང་རྟུལ་དད་པའི་རྗེས་འབྲང་བྱས་པ་ཡིན་ན། བསྟན་པ་ཡུན་རིང་གནས་ཐུབ་དང་མི་ཐུབ་བཤད་རྒྱུ་ཁག་པོ་རེད། དེ་སྔོན་རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཆོས་སྐབས་ལབ་རྒྱུ་བྱུང་། དེ་འདྲ་ཡིན་དུས་ང་ཚོ་བོད་རྒྱ་ཆེ་མི་མང་སངས་རྒྱས་པའི་ཆོས་པ་རེད། ཡིན་ཡང་སངས་རྒྱས་པའི་ཆོས་གང་རེད་དྲིས་ན་ཁའི་ནང་མཛུབ་མོ་བཅུག་ནས་འདུག་པ་ལས་བཤད་རྒྱུ་གང་ཡང་མི་འདུག ཧི་མཱ་ལཱ་ཡའི་རི་རྒྱུད་པ་རྣམས་ཀྱང་དེ་ལྟར་ཡིན། དེ་སྔོན་གཡུ་ཐོག་ཡོན་ཏན་མགོན་པོར་བདུན་གཅིག་རིང་གསོལ་བ་སྨོན་ལམ་བཏབ་ན་དོན་འགྲུབ་ཀྱི་རེད་བཅས་བརྗོད་པར་ང་རང་ཡིད་ཆེས་མེད། བཅོམ་ལྡན་འདས་ལ་ལོ་དང་ཟླ་བ་སྦྲེལ་ནས་གསོལ་བ་བཏབ་ཀྱང་སོ་སོས་མ་བྱས་ན་གང་ཡང་ཡོང་གི་མེད། ང་རང་ལྟ་བུ་མཚོན་ན་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཡིན་བསམ་པ་དྲན་གྱི་ཡོད། ཁོང་གི་གཞུང་རྣམས་ལ་དོ་སྣང་བྱས་ནས་སློབ་སྦྱོང་བྱེད་བཞིན་ཡོད། དཔེ་ཆར་བལྟས་ནས་སེམས་ལ་འགྱུར་བ་འགྲོ་གི་འདུག་མ་གཏོགས་མགོན་པོ་ཀླུ་སྒྲུབ་ལ་ལོ་ཟླ་མང་པོ་སྦྲེལ་ནས་གསོལ་བ་བཏབ་ནས་ཕན་གྱི་མི་འདུག གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་མགོན་པོ་ཀླུ་སྒྲུབ་ལས་ལྷག་པ་རེད་སུས་ཀྱང་བརྗོད་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོ་དངོས་ཡོད་གནས་ཚུལ་ཐོག་ལ་འགྲོ་དགོས་པ་རེད་མ་གཏོགས། དད་པ་དག་སྣང་བྱས་ནས་དངོས་གྲུབ་དང་བྱིན་རླབས་ཡོད་རེད་ལབ་ན་རྨོངས་དད་རེད། བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་རེད། དེར་སློབ་སྦྱོང་བྱེད་དགོས་མེད་ན། དེ་དགོས་ཡ་མེད་པ་རེད། སྐྱབས་སུ་མཆི་ཟེར་ནས་བསྡད་ན་དེས་འགྲིག་པ་རེད། བཅོམ་ལྡན་འདས་རང་གིས། ངས་ནི་ཁྱེད་ལ་ཐར་བའི་ལམ་བསྩལ་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིན་བདེན་པ་བདེན་པས་གྲོལ་བར་འགྱུར། །དང་། རང་ཉིད་རང་གི་མགོན་ཡིན་གྱི། །ཞེས་པ་ལྟར། འཇིག་རྟེན་བཀོད་པ་པོ་གཞན་མེད་པར། རང་ཉིད་ཀྱི་མ་འོངས་པ་དེ་རང་ཉིད་ཀྱི་སྒང་ལ་འགན་ཡོད་པ་རེད། ལུས་ངག་ཡིད་གསུམ་གྱི་རྩ་བ་ཐུག་ས་དེ་རང་གི་བསམ་བློ་གཏོང་སྟངས་ལ་རག་ལས་བསྡད་ཡོད་པ་རེད། དེར་འགྱུར་བ་གཏོང་དགོས་ན་འགྱུར་བ་གཏོང་ས་དེ་རྩ་བ་ཀུན་སློང་ལ་འགྱུར་བ་གཏོང་དགོས་པ་ཆགས་ཡོད། དེ་འདྲ་ཡིན་དུས་སློབ་སྦྱོང་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་བྱས་ནས་ནང་དོན་རིག་པ་ཡག་ཐག་ཆོད་རེད་འདུག ད་དུང་ཡིན་འང་གདན་ས་ཚོར་ངོས་ནས་བཤད་བསྡད་ཀྱི་ཡོད། ང་ཚོས་དཔེ་ཆར་བལྟ་སྟངས་དེ་སྔོན་སྲོལ་གྱི་འཆར་ཅན་རང་མིན་པ་བྱས། ང་ཚོས་ཚན་རིག་དང་ལྟ་གྲུབ་འདྲ་མིན་ཡོད་པ་དེ་ཚོ་དང་བསྡུར། རྒྱ་གར་ལ་མཚོན་ན་མཁས་པའི་དབང་པོ་མང་པོ་ཡོད་པ་རེད། དེ་ཚོ་དང་མཉམ་དུ་ཐུག་ནས་བགྲོ་གླེང་བྱས། དེ་བཞིན་བོད་པ་ནང་ཁུལ་ལ་ཆ་མཚོན་ནའང་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ལ་བལྟས། ཕན་ཚུན་གོ་བསྡུར་དང་བགྲོ་གླེང་བྱས། ང་ཚོ་ན་ལེནྡྲའི་ཆོས་བརྒྱུད་གཅིག་པ་ཡིན་བསམ་པའི་ཐོག་ནས་བྱེད་དགོས་ཞེས་འབོད་སྐུལ་ཞུས་པ་ནང་བཞིན། ད་ལྟའི་བར་གྲུབ་འབྲས་གང་ལ་གང་འཚམ་ཐོན་འདུག་མོད། ད་དུང་ཡིན་ནའང་བརྒྱ་ཆ་བརྒྱ་ཐམ་པའི་འདོད་པ་ཁེངས་ཟེར་པ་དེ་ཁག་པོ་ཡིན་པས་མུ་མཐུད་ནས་འབད་བརྩོན་བྱེད་དགོས་ཀྱི་འདུག
དེ་ནས་སྐབས་སུ་བབས་པ་གསོ་བ་རིག་པ་རེད། ལས་སྡོམ་ནང་བཤད་པ་ལྟར་ཆོས་རྒྱལ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་བ་རིག་པའི་སྐོར་བོད་ལ་ཚོགས་འདུ་འཚོགས་པ་དེ་ནི་རླབས་ཆེན་རེད། སོ་སོའི་ས་གནས་ལ་ཡོད་པ་དེ་གཅིག་པུས་ཆོག་ཤེས་གནང་ནས་མ་བཞུགས་པར། ཁྱིམ་མཚེས་རྒྱ་ནག་དང་། རྒྱ་གར། ཏ་ཟིག་སོགས་ཡུལ་གྲུ་ཁག་གི་གསོ་བ་རིག་པའི་མཁས་པ་གདན་ཞུ་གནང་ནས་ཚོགས་འདུ་འཚོགས་པ་དེ་ལ་ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་ན། དུས་རབས་བརྒྱད་པའི་ནང་མཐུན་རྐྱེན་ཡག་པོ་མེད་པའི་སྐབས་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་འཚོགས་ཡོད་པ་རེད། དེང་སྐབས་རྒྱ་གར་ནི་འགྲིམ་འགྲུལ་སྟབས་བདེ་བོ་དང་མི་ལ་འབྲེལ་བ་བྱེད་རྒྱུ་ལས་སླ་པོ་ཡོད། ང་ཚོས་བོད་ཀྱི་གསོ་བ་རིག་པ་ཞེས་གཡུ་ཐོག་ཡོན་ཏན་མགོན་པོ་ནས་བཟུང་ལག་ལེན་བྱས་པ་དེ་དག་རྒྱ་ནག་གི་གསོ་བ་རིག་པའི་ཐོག་ནས་ལེགས་བཤད་བླངས་པ་དང་། གཙོ་བོ་རྒྱ་གར་གྱི་ཨྰཡུརྦེདའི་ཐོག་ནས་ལེགས་བཤད་བླངས་པ། དེ་བཞིན་ཡུ་ནྰ་ནི་ཟེར་བ་དེ་ནས་ཀྱང་ལེགས་བཤད་བླངས་ནས་བྱུང་ཡོད་པ་རེད། ད་ཆ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ཡོད། དེར་བརྟེན་སྔར་གྱི་སྲོལ་རྒྱུན་རྙིང་པའམ་གནའ་རབས་ཀྱི་གསོ་བ་རིག་པ་རྣམས་དེང་དུས་ཀྱི་ཚན་རིག་ཐོག་ནས་ཡར་རྒྱས་ཕྱིན་པའི་གསོ་བ་རིག་པ་དང་མཉམ་དུ་དཔྱད་བསྡུར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སྨན་པ་ཚོས་རྒྱུད་བཞིའི་ནང་དུ་གསུངས་ཡོད་པ་རེད་ཅེས་དེ་གཅིག་པུ་མ་ཡིན་པར། དངོས་སུ་འཕྲུལ་ཆས་ཀྱི་ཐོག་ནས་བརྟག་དཔྱད་བྱས་ཏེ་ར་འཕྲོད་པ་ཞིག་དང་ཕན་ཐོགས་ཡོང་བ་ཞིག་བྱེད་དགོས། དངུལ་ཆུ་བཙོ་བཀྲུར་ཨིས་རཱལ་ནས་ཡིན་པ་ཞིག་དང་། བོད་དུ་རྒྱ་ནག་གི་མཁས་པས་བརྟག་དཔྱད་བྱས་ཡོད་འདུག བརྟག་དཔྱད་བྱས་པའི་འབྲས་བུར། དེ་ལ་དུག་འདོན་གཡའ་ཕྱིས་ལེགས་པར་བྱུང་བས་དུག་རླངས་རྩ་བ་ནས་མི་འདུག་ཅེས་ཚན་རིག་གི་ཐོག་ནས་ར་འཕྲོད་བྱུང་ཡོད་པ་རེད། དེ་ཚོ་རླབས་ཆེན་རེད། ང་ཚོས་མུ་མཐུད་གོ་བསྡུར་དང་དཔྱད་བསྡུར་བྱས་ཏེ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོག་ཤེས་བྱས་ནས་གང་ཡོད་པ་དེར་རང་འཇག་བསྡད་ན་ནོར་འཁྲུལ་རེད། དེ་སྔོན་ཞུས་པ་བཞིན་རེད། དཔེར་ན། ནང་དོན་རིག་པར་ཆ་བཞག་ན། ངས་དེ་སྔོན་གདན་ས་ཚོར་དེ་བཤད་ཡིན། ང་ཚོ་དེ་སྔོན་བོད་ལ་ས་ཁུག་ལུང་ཁུག་བྱས་ནས་བསྡད་པ་རེད། ད་ཆ་ང་ཚོ་འཛམ་བུ་གླིང་གི་སྡིངས་ཆའི་སྟེང་སླེབས་ཡོད་པས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་ཤེས་པ་བྱེད་དགོས། དེའི་ཐོག་ནས་ང་ཚོས་ལེགས་སྐྱེས་ཕུལ་ཐུབ་པ་གང་འདུག ང་རང་ཚོར་ཡོད་པའི་ནང་དོན་རིག་པ་ད་དུང་ཡར་རྒྱས་གང་འདྲ་གཏོང་དགོས་རེད་ཅེས་བཤད་བསྡད་ཀྱི་ཡོད། འདིར་གསོ་བ་རིག་པ་ཡང་དེ་དེ་བཞིན་བྱས་ནས། རྒན་ལགས་ཀྱི་གསུངས་སོང་དང་། རྒྱུད་བཞིའི་ནང་ཡོད་རེད། གཅིག་གིས་གསུངས་ཡོད་རེད་ཅེས་གཅིག་པུར་ཆ་མི་བཞག་པར། མུ་མཐུད་གོ་བསྡུར་དང་ཚན་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ཏེ་ཡར་རྒྱས་གཏོང་ཐུབ་པ་བྱེད་དགོས།
ང་ཚོར་སྔོ་སྨན་རིགས་དང་རིན་ཆེན་གྱི་རིགས་མང་པོ་ཡོད་པས་དེ་དག་གི་ནུས་པ་གཞུང་ནང་གསུངས་པ་དང་ཏག་ཏག་ཡིན་མིན་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་ཐུབ་ན་ཚང་མར་མཐུན་སྣང་དུ་ཡིད་ཆེས་དང་བརྩི་འཇོག་བྱེད་རྒྱུ་ཅིག་ཡོང་གི་རེད། བོད་སྨན་ནད་རིགས་ཁག་གཅིག་ལ་ཧ་ལས་པའི་ནུས་པ་ཆེན་པོ་འདུག ཛ་དྲག་གི་རིགས་ལ་ཕྱི་ལུགས་སྨན་བཅོས་ཡག་པོ་ཡོད། གཞི་རྩའི་ནད་གཞི་སྔོན་འགོག་ཐོག་བོད་སྨན་ཧ་ཅང་ཡག་པོ་འདུག ད་དེ་རིགས་གནས་ཆེ་བ་ལྔ་ཟེར་བ་དེ་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ངོ་མ་དེ་རེད། རྩ་བ་རྒྱ་གར་ནས་བྱུང་བ་ཡིན་ཀྱང་བོད་པས་བདག་གཅེས་བྱས། བོད་ཡིག་ནང་ཆ་ཚང་ཡོད་དུས་བོད་ཀྱི་རིག་གཞུང་ཞེས་བརྗོད་ཆོག དེ་མི་རིགས་ཀྱི་སྤོབས་པ་སྐྱེས་དགོས་པ་ཞིག་རེད། ད་དུང་དེ་རྣམས་བདག་གཅེས་བྱས་ནས་མུ་མཐུད་ཡར་རྒྱས་གཏོང་རྒྱུར་བསམ་བློ་གཏོང་དགོས།
འདིར་གསོ་བ་རིག་པ་ཆ་བཞག་ན། སྨན་རྩིས་ཁང་ནས་ད་བར་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་དར་སྤེལ་གནང་བར་བྱས་རྗེས་དང་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། ད་དུང་བོད་པའི་གཞིས་ཆགས་ཁག་ཏུ་ཕྱིན་པའི་སྐབས་ནད་པ་མང་པོ་ཞེ་དྲག་འདུག སྔོན་འགོག་བྱེད་རྒྱུའི་ཐོག་ལ་འཐུས་ཤོར་ཕྱིན་པའི་རྟགས་གསལ་པོ་ཞེ་དྲག་འདུག འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཧ་ཅང་ཆེན་པོ་བཏང་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ནས་ཀྱང་འཐུས་ཤོར་ཕྱིན་པ་ལྟ་བུ་འདུག ང་ཚོས་འདིར་འདྲ་ཆགས་པོ་ཞིག་དང་། རྒྱས་རྒྱས་སྤྲོས་སྤྲོས་ལྟ་བུ་བྱས་ཀྱང་། དོན་དངོས་ཐོག་ས་གནས་ས་ཐོག་ལ་ནད་པ་དང་། དབུལ་ཕོངས། སྐྱབས་མེད་མགོན་མེད་དུ་ལྷག་པ་དེ་དག་ལ་ང་ཚོས་རྒྱབ་མདུན་ངོ་ལྐོག་མ་མཚུངས་པ་རེད། མདུན་ལ་འདྲ་ཆགས་པོ་ཞིག་བྱས། རྒྱབ་ལོགས་སུ་འཐུས་ཤོར་ཕྱིན་ན་འདིར་ང་ཚོ་ཧ་ཅང་འདྲ་ཆགས་པོ་ཞིག་བྱས་ཀྱང་གཟི་བརྗིད་ཁོག་སྟོང་ཞེས་པ་དེ་ཆགས་པ་རེད། གཟི་བརྗིད་དང་ལྡན་པ་ཞིག་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཁོག་སྟོང་ཆགས་ན་ཡག་པོ་གང་ཡང་མེད། ང་རང་ཚོ་འདྲ་ཆགས་པོའི་ཐོག་ལ་འགྲོ་རྒྱུ་མེད། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འགྲོ་དགོས་པ་ལས་འདྲ་ཆགས་ཆགས་དང་། ཁ་ཡམ་ཡམ་བྱས་ནས་ཕྱིན་ན། ད་ལྟ་བར་དུ་འགྲིག་ཙམ་ཐོག་ཁུངས་འཁྱོལ་བ་རེད། ག་ལེར་ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་བསླེབ་ཀྱི་ཡོད། གཟབ་གཟབ་བྱས་ན་མ་གཏོགས་ད་ལྟ་བར་ཁུངས་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་གྱི་རེད་བསམ་ན་ནོར་འཁྲུལ་རེད། དེ་ཁྱེད་རང་ཚོ་ཚང་མའི་སེམས་ལ་ངེས་པར་བྱེད་དགོས། ང་ཚོའི་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་ཞེས་པ་དུས་རྒྱུན་ཁ་ནས་བཤད་པ་ལས། ལག་ལེན་ངོ་མའི་ཐོག་ཏུ་ཚད་དམའ་རུ་འགྲོ་བཞིན་ཡོད་པ་ལྟ་བུ་ཞིག་འདུག དེ་རིགས་ལ་གཟབ་གཟབ་བྱེད་དགོས། འཐུས་ཤོར་གང་དུ་ཕྱིན་ཡོད་མིན་དེ་དག་ཁྱེད་རང་ཚོས་ཞིབ་འཇུག་བྱེད་དགོས་ལ། རྣ་བ་འོན་པ་ལྟ་བུ་མ་བྱས་པར་གནས་ཚུལ་མང་ཙམ་ཤེས་པར་བྱས་ནས་འཐུས་ཤོར་ཕྱིན་པ་དེ་དག་འཐུས་ཤོར་མ་འགྲོ་བའི་ཐབས་ཤེས་ཇི་ལྟར་བྱེད་དགོས་མིན་དང་། སྔོན་འགོག་བྱ་རྒྱུ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ཁ་སང་གདན་ས་ཁག་ལ་ངོས་ནས་དེ་ལྟར་བརྗོད་པ་ཡིན། ད་ལྟ་ང་ཚོ་འཐུས་ཤོར་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག དེ་ཡང་ཁག་མང་པོ་ཞིག་ནས་འཐུས་ཤོར་འགྲོ་བཞིན་འདུག་ཅེས་བརྗོད་ཀྱི་ཡོད། དེ་རིགས་ལ་ཉམས་ཞིབ་བྱས་ཏེ་འཐུས་ཤོར་ཇི་ལྟར་བྱས་ཏེ་འགྲོ་མིན་དང་། དེ་དག་སེལ་ཐབས་ཇི་ལྟར་བྱེད་དགོས་མིན་གདན་སའི་དཔེ་ཁྲིད་དགེ་རྒན་རྣམས་དང་། མཁན་པོ་ལས་ཟུར་སོགས་ཆེད་མངགས་ཐུག་འཕྲད་ཀྱིས་དེ་ལྟར་ཞུས་པ་ཡིན། འདི་དག་ང་ཚོས་སྤྱི་སྤོམ་དང་། འཆར་ཅན་ལྟར་བྱས་ཏེ་ཕྱིན་ན། ཉིན་ཞིག་ཕུག་མའི་འོག་གི་ཆུ་དོང་ཞེས་བརྗོད་པ་ལྟར་གང་འཚམ་ནས་བོང་བུ་ཐོན་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་གཟབ་གཟབ་བྱེད་དགོས། ཤེས་སོང་ངམ། ཞེས་བཀའ་སློབ་ཟབ་མོ་བསྩལ།།
- ཅོན་ཏ་ར་གསོ་རིག་སློབ་གཉེར་དང་ཞིབ་འཇུག་ཁང་ནས་ཡིག་ཐོག་ཏུ་ཕབ་ལེན་བགྱིས་པ་དགེའོ།།
མཐའ་མའི་འདོན་ཐེངས་།: 14.06.2016 ཉིན། 10:33 AM
<< སྔ་མ།