སྨན་རྩིས་དྲ་བ། - ཆེད་རྩོམ།

བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་ལ་ཞིབ་འཇུག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.01.2014
ཆེད་རྩོམ། >>


༄༅། །བོད་སྨན་བདུད་རྩི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་དང་བདེ་འཇགས་རང་བཞིན་ལ་

ཞིབ་འཇུག་མདོར་བསྡུས་གླེང་བ།

དྷ་ས་བོད་ཀྱི་སྨན་རྩིས་ཁང་།

 

༡༽ གླེང་བརྗོད།

བོད་ཀྱི་གསོ་བ་རིག་པའི་སྨན་རྫས་རིག་པ་ནི་རྗེ་གཡུ་ཐོག་ནས་བརྩིས་ཏེ་སྔོན་བྱོན་མཁས་དབང་དུ་མས་རང་རང་རྣམ་དཔྱོད་དང་ཞིབ་འཇུག་གི་ལམ་ནས་རོ་ནུས་ཞུ་རྗེས་སོགས་མཐར་ཕྱིན་པ་གཏན་འབེབས་གནང་བའི་འགྲན་ཟླ་བྲལ་བའི་སྨན་རྫས་རིག་པ་ཞིག་ཡིན། དེའི་ནང་ནས་བོད་ཀྱི་རྩ་ཆེན་སྨན་རྫས་བཙོ་ཐལ་དང་དེའི་སྨན་སྦྱོར་གྱི་ཕྱག་ལེན་ནི་ལོ་ངོ་སྟོང་ཕྲག་མང་པོའི་ནང་མཁས་གྲུབ་དུ་མའི་ཕུལ་བྱུང་གི་ལག་ལེན་རིམ་བརྒྱུད་ཀྱི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཞིག་ལས་བྱུང་བའི་ཁྱད་ནོར་ཞིག་ཀྱང་ཡིན།  དངུལ་ཆུ་བཙོ་བཀྲུ་ལག་ལེན་ནང་གཡའ་སྦྱོང་བ།  ལྕི་འབིགས་བཙོ་བཀྲུས་འདུལ་བ།  དགྲ་དང་སྤྲད་ནས་རང་གཟུགས་སུ་བསྒྱུར་བ་སོགས་དུག་འདོན་གྱི་ལག་ལེན་རིམ་པ་མང་པོ་བརྒྱུད་དེ་དུག་ཅན་དུག་མེད་ཀྱི་རྣམ་པར་བསྐྲུན་ནུས་པའི་ལག་ལེན་ཁྱད་པར་བ་ཞིག་ཡོད། ཕྲ་ཕུང་གི་ངོ་བོ་ཅན་གྱི་གཤེར་དུག་དངུལ་ཆུས་ལུས་ལ་ཟུར་ཕོག་ཚབས་ཆེ་བ་དང་། དབང་རྩ་དང་། གཅིན་ལམ་ཁོངས་གཏོགས་བཅས་ལ་གནོད་སྐྱོན་གཏོང་ཐུབ་སྐོར་ཉམས་ཞིབ་དང་ཁུངས་སྐྱེལ་ར་འཕྲོད་དངོས་གསལ་བྱས་ཡོད་ལ་དངོས་འབྲེལ་ཡང་ཡིན། སྲོལ་རྒྱུན་བོད་སྨན་ནང་དུག་ཅན་དངུལ་ཆུ་དེ་དུག་འདོན་གྱི་ལག་ལེན་ཚད་དང་ལྡན་པ་བྱས་རྗེས་བཙོ་ཐལ་གྱི་ངོ་བོར་འགྱུར་ནས་བེད་སྤྱོད་བྱེད་བཞིན་ཡོད་ནའང་མང་པོ་ཞིག་གིས་དངོས་ཡོད་གནས་ཚུལ་གསལ་རྟོགས་མ་ཐུབ་པའི་རྒྱུ་མཚན་གྱིས་སེམས་ནང་ཞེད་སྣང་དང་དྭངངས་ཚབས་ཐེ་ཚོམ་ཞིག་འཆར་ཡོང་གི་ཡོད།  ཚན་རིག་པས་བཤད་སྲོལ་ལ་དངུལ་ཆུ་རང་ཉིད་དུག་ཅན་གྱི་ངོ་བོ་ཡིན་པས་དེར་དུག་འདོན་བྱ་རྒྱུ་མེད་ལུགས་ཀྱི་འགྲེལ་བརྗོད་བྱེད་བཞིན་ཡོད། དེ་ནི་དངུལ་ཆུའི་ལས་བསྣོན་སྐོར་ལ་རྒྱུད་ངོ་མེད་པའི་ལེན་པ་ལས་དོན་དངོས་ཐོག་དེ་ལྟར་མིན་པ་སྲོལ་རྒྱུན་སྨན་སྦྱོར་གྱི་ལག་ལེན་ལས་ར་འཕྲོད་ཐུབ་ངེས་ཡིན།


༢༽ ཕན་ནུས་ཚད་གཞི །    

དུག་དང་བྲལ་བའི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་གྱིས་དབང་པོ་གསལ་བ། ལུས་ཟུངས་འཕེལ་བ། རྒས་ཀ་སྲ་བ།  ཚེ་སྲིང་། ལུས་སྟོབས་སྐྱེད་ཅིང་བདེ་ཐང་སྲུང་འཛིན་བྱེད་པ། དུག་རིགས་སེལ་བ། སྨན་ནུས་འཕེལ་བར་བྱེད་པ་སོགས་ཕན་ཡོན་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། རིན་ཆེན་རིལ་བུའི་གསོལ་སྨན་རིགས་ཀྱི་སྦྱོར་སྡེ་གཙོ་བོ་ཞིག་ཡང་ཡིན།



༣། བཙོ་ཐལ་གྱི་ཕན་གནོད་ལ་ཚན་རིག་དང་མཐུན་པའི་ཉམས་ཞིབ།

རྡ་ས་བོད་ཀྱི་སྨན་རྩིས་ཁང་དང་ཨི་སི་རེལ་ཧ་རྡ་ཤ་རང་བྱུང་སྨན་གྱི་ཉམས་ཞིབ་ཁང་ (Natural Medicine Research Center, (NMRC), Hadassah medical Organization, Jerusalem, Israel) དང་དབྱིན་ཡུལ་གྱི་ལི་ཝར་པུལ་མཐོ་རིམ་སློབ་གྲའི་རྫས་སྦྱོར་སྡེ་ཚན་ (University of Liverpool Chemistry Dept.) དབྱིན་ཡུལ་མན་ཅི་སི་ཏྲར་མཐོ་རིམ་སློབ་གྲྭའི་རྫས་སྦྱོར་ཚན་པ་ (Deparment of Chemistry, University of Manchester, UK) བོད་གཞུང་བདེ་ལེགས་སྨན་ཁང་ (Delek hospital, Dharamsala, India) བཅས་ཟུང་འབྲེལ་ཐོག་ཚན་རིག་དང་མཐུན་པའི་སྔོན་འགྲོའི་ཉམས་ཞིབ་ཞིག་ཕྱི་ལོ་༢༠༠༣ ལོར་བྱས་པ་དང་སླར་ཉམས་ཞིབ་རིམ་པ་གཉིས་པ་དེ་ཕྱི་ལོ་༢༠༠༩ ལོར་འགོ་འཛུགས་ཞུས། ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་བགྱིས་པའི་གྲུབ་འབྲས་ལ་གཞིགས་ན་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་ཡང་ལུས་ཁམས་ལ་དུག་ཤས་ཀྱི་གནོད་སྐྱོན་མངོན་གསལ་མེད་པ་མ་ཟད། སྤྱིར་བཏང་ལུས་པོའི་རྣམ་པ་དང་། མཁལ་མཆིན་གྱི་བྱེད་ནུས།   གལ་ཆེའི་དབང་རྟེན་ཁག་གི་ཕུང་གྲུབ་རིག་པའི་ཐོག་ལ་ཤུགས་རྐྱེན་མངོན་གསལ་མེད་པས། བཙོ་ཐལ་གྱི་ཟུར་ཕོག་མེད་ཁར་བདེ་འཇགས་རང་བཞིན་ལེགས་པོ་ཡིན་པ་བདེན་དཔང་ར་འཕྲོད་བྱུང་ཡོད། དེ་བཞིན་ནད་པའི་ཁྲག་དང་གཅིན་པའི་ནང་ལའང་དངུལ་ཆུའི་ཚད་གཞི་མངོན་གསལ་ཆེ་བ་མེད་ཅིང་། ཡང་ན་དངུལ་ཆུ་འདི་གཟུགས་པོའི་ནང་འཐིམ་པའི་ནུས་པ་ཧ་ཅང་ཆུང་བ་དང་། དེ་མིན་དངུལ་ཆུ་དུག་འདོན་གཡའ་ཕྱིས་སྐབས་སྐྱེས་ལྡན་དངུལ་ཆུའི་ངོ་བོ་ (HgS) གྱུར་ནས་ཆ་ཤས་ཞིག་གཟུགས་པོའི་ནང་འཐིམ་ཡང་འགའ་ཤས་སྐྱོན་མེད་པར་བཤང་གཅི་མཉམ་མྱུར་དུ་ཕྱིར་ཐོན་ཐུབ་པའི་ནུས་པ་ཡོད་སྲིད་ཅེས་མཇུག་བསྡོམས་གནང་ཡོད། མདོར་ན་ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་ཀྱི་གྲུབ་འབྲས་སུ་བཙོ་ཐལ་ཡོད་པའི་བོད་སྨན་བསྟེན་ན་ལུས་ཁམས་ཀྱིས་དབང་རྟེན་ལ་གནོད་ཚབས་མེད་པ་བདེ་འཇགས་ཀྱི་རང་བཞིན་བཟང་པོ་ལྡན་པའི་བདེན་དཔང་ར་འཕྲོད་གསལ་པོ་བྱུང་ཡོད། སྔོན་འགྲོའི་ཉམས་ཞིབ་ཀྱི་སྙན་ཐོ་དེ་བཞིན་ཚན་རིག་དུས་དེབ་ Human and experimental  Toxicology.(2006)}25:405-412 ) ནང་འདོན་སྤེལ་ཟིན་པ་དང་ཉམས་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་རྒྱས་པར་འཇུག་སྐྱོང་གི་ལས་གཞི་འགྲོ་མུས་ཀྱིས་རིང་མིན་ཚན་རིག་དུས་དེབ་ནང་འདོན་འཆར་ཡོད། 
► ཚན་རིག་ཉམས་ཞིབ་པ་ Dr. Sarah Sallon མཆོག་ནས་སྨན་རྩིས་ཁང་དང་ཨི་སི་རེལ་རང་བྱུང་སྨན་གྱི་ཉམས་ཞིབ་སྡེ་ཚན་གཉིས་ཀྱི་སྐུ་ཚབ་ཐོག་ནས་ཕྱི་ལོ་ ༢༠༡༢ ནང་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པར་བཙོ་ཐལ་ཉམས་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཐོག་གཏམ་བཤད་དང་སྙན་ཐོ་སྙིང་བསྡུས་ཞིག་ཚོགས་ཆེན་དེབ་ནང་འདོན་སྤེལ་ཞུས་ཡོད། 
►ཉེ་ཆར་སྨན་རྩིས་ཁང་དང་ཚན་རིག་པ་སྒེར་པ་ཞིག་མཉམ་འབྲེལ་ཐོག་བོད་སྨན་གྱི་སྦྱོར་བས་འབྲས་ནད་ཀྱི་ཕྲ་ཕུང་ལ་ཕན་གནོད་ཇི་བྱུང་ཐོག་སྔོན་འགྲོའི་བརྟག་ཞིབ་ (Cell line study) ཞིག་བྱས་ཡོད་པས་གྲུབ་འབྲས་སྙིང་བསྡུས་ནི་བཙོ་ཐལ་གྱི་སྦྱོར་བ་ལྡན་པའི་བོད་སྨན་ཁག་གཉིས་དང་བཙོ་ཐལ་མེད་པའི་བོད་སྨན་གྱི་སྦྱོར་བས་ཕྲ་ཕུང་ལ་འགྱུར་བགྲོད་ཡོད་མེད་བརྟག་འབྲས་སུ་འབྲས་ནད་ཕྲ་ཕུང་གི་འགྱུར་འགྲོས་ཤིན་ཏུ་ཉུང་དུ་གཏོང་རྒྱུའི་མངོན་དཔག་བཞིན་དེ་ལྟར་བྱུང་ཡོད། དེ་བཞིན་ནད་མེད་དམ་རྒྱུན་ལྡན་སྐྱེས་ལྡན་ཕྲ་ཕུང་རྣམས་ལ་བོད་སྨན་སྦྱོར་བས་གནོད་སྐྱོན་མ་མངོན་པ་ནི་སྤྱིར་བོད་སྨན་དང་ལྷག་པར་བཙོ་ཐལ་གྱི་སྦྱོར་བ་དེ་ལ་རྫས་བསྐྱེད་ཀྱི་ནུས་པ་ཧ་ཅང་བཟང་པོ་ལྡན་ལ་བདེ་འཇགས་རང་བཞིན་ཡིན་པ་ཡང་མངོན་གསལ་ར་འཕྲོད་བྱུང་ཡོད། 
►ཕྱི་ལོ་ ༢༠༡༢ ཟླ་ ༡༠  ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་མཇལ་བཅར་སྐབས་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཙོ་ཐལ་ཐོག་བཀའ་སློབ་བསྩལ་དོན། " ངེད་རང་ལོ་རེའི་འཕྲོད་བསྟེན་བརྟག་དཔྱད་བརྒྱུད་རིམ་ནང་ཕྱི་ལུགས་སྨན་པ་ཁ་ཤས་ནས་ངོས་ཀྱི་ཁྲག་ནང་དངུལ་ཆུའི་ཆ་འདྲ་པོ་ཐོན་གྱི་ཡོད་པ་གསུངས་ཀྱི་འདུག  ངོས་རང་ནས་ཁོང་ཚོར་རྐང་ཚུགས་ནས་བཏང་གི་ཡོད་ལབ་ཀྱི་ཡོད།  ང་ཚོས་དུག་འདོན་ཟིན་པའི་དངུལ་ཆུ་༼བཙོ་ཐལ༽བེད་སྤྱོད་བྱ་ཡི་ཡོད་པ་ལས་དུག་འདོན་མ་ཟིན་པའི་དངུལ་ཆུ་ཞིག་བེད་སྤྱོད་བྱ་ཡི་མེད། བྱས་ཙང་ངོས་ནས་བགྲང་བྱ་བཞི་བཅུ་ལྔ་བཅུའི་རིང་བཙོ་ཐལ་ཡོད་པའི་བོད་སྨན་མུ་མཐུད་བེད་སྤྱོད་བྱས་པ་ཡིན་ཀྱང་དངུལ་ཆུའི་དུག་ཤས་ཅན་གྱི་མངོན་ཚུལ་འམ་རྟགས་མཚན་འདྲ་པོ་གང་ཡང་མངོན་གསལ་མིན་འདུག"  ཅེས་བཀའ་བསྩལ།།    
►ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པའི་སྐབས་རྒྱལ་ཁབ་ ༢༢ ཙམ་ནས་ཚོགས་བཅར་བ་གྲངས་ ༢༣༠ ཙམ་འདུ་འཛོམས་སར་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ནང་ Dr.Sarah Sallon  མཆོག་གིས་གསུངས་དོན།  "ང་རང་སྨན་པ་ཞིག་དང་ཉམས་ཞིབ་པ་ཞིག་གི་ཐོག་ནས་བོད་སྨན་ནང་གི་བཙོ་ཐལ་ལ་ད་བར་ང་ཚོས་ཉམས་ཞིབ་ལན་གཉིས་བྱས་པའི་ནང་དོན་དང་གྲུབ་འབྲས་ཡིས་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་ཡང་ལུས་ཁམས་ལ་གནོད་མེད་བདེ་འཇགས་རང་བཞིན་ལེགས་པོ་ཡིན་པའི་བདེན་དཔང་ར་འཕྲོད་བྱུང་ཡོད།" ཅེས་བརྗོད། 
►སྐབས་དེར་ Siddha ལུགས་ཀྱི་སྨན་པ་ Dr.T.Thirunarayana མཆོག་ནས་གསུངས་དོན། "Siddha སྨན་ལུགས་ནང་ལ་ཡང་དུག་འདོན་ཟིན་པའི་དངུལ་ཆུ་བེད་སྤྱོད་རྒྱ་ཆེ་བྱེད་བཞིན་པ་དང་དེའི་སྦྱོར་བས་འབྲས་ནད་སོགས་ལ་ཕན་ནུས་ཆེ་བ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་ནད་ཉམས་ཞིབ་ཁང་སོགས་ནས་དུག་འདོན་ཟིན་པའི་དངུལ་ཆུར་ཉམས་ཞིབ་ཐེངས་འགའ་བྱས་པས་དུག་གི་ཞོར་སྐྱོན་གང་ཡང་མེད་པ་ར་འཕྲོད་བྱུང་ཡོད། དངུལ་ཆུ་དུག་འདོན་ལེགས་པོ་བྱ་དགོས་པ་དང་འབྲེལ་ཡོད་ནས་དེ་ལྟར་ལག་ལེན་ཆོག་པའི་ངོས་ལེན་དགོས་པ་ནི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་གལ་གནད་ཆེ།" ཞེས་གསུངས་ཡོད། 

བོད་དང་རྒྱ་ནག་ནང་བཙོ་ཐལ་ཐོག་ཉམས་ཞིབ།
►ཕྱི་ལོ་ ༢༠༠༠ ལོར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཞིག་ལྷ་སར་ཚོགས་པའི་སྐབས་བོད་པ་དང་རྒྱ་རིགས་ཀྱི་མཁས་དབང་ ༦༠༠ ལྷག་འདུ་འཛོམས་སར་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་དབུ་འཛིན་ཛམ་རྡོ་མཆོག་ནས་གསུངས་དོན་ལ་ཁོང་ནས་རྒྱ་ནག་གི་སློབ་གཉེར་ཁང་ཞིག་ཏུ་གཏེར་དངོས་སྨན་རྫས་ཡོད་པའི་བོད་སྨན་ལ་དུག་ཤས་ཡོད་མེད་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་སུ་དུག་ཤས་མེད་པ་ར་འཕྲོད་བྱུང་ཞེས་གཏམ་བཤད་གནང་ལ་ Beijing Review August 28,2000 ནང་འདོན་སྤེལ་ཡང་གནང་འདུག
► ཕྱི་ལོ་ ༢༠༠༣  ཟླ་༦ ཚེས་༤ ཉིན་རྒྱ་ནག་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ www.seac.gov.cn ཞེས་པའི་དྲ་ཚིགས་ནང་ (བོད་སྨན་བཙོ་ཐལ་ནང་གི་དངུལ་ཆུའི་བྱེད་ནུས་དམིགས་བསལ་དང་བདེ་འཇགས་རང་བཞིན་ལ་ཞིབ་འཇུག) ཅེས་པའི་ཚོགས་ཆུང་དེ་དཀར་མཛེས་བོད་སྨན་ཁང་དང་། ཁྲིན་ཐུའུ་ཀྲུང་དབྱིས་སྨན་ལུགས་སློབ་གྲྭ་ཆེན་མོ། ཧྭ་ཞི་གསོ་རིག་སློབ་གཉེར་ཁང་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་གིས་འགན་ལེན་གནང་ཏེ་ཚན་རིག་ཞིབ་འཇུག་བྱེད་སྟངས་དང་རྒྱལ་ཡོངས་སྨན་རྫས་ལྟ་ཞིབ་ཅུའུ་ཡིས་བཏོན་པའི་སྨན་རྫས་ཀྱི་བདེ་འཇགས་རང་བཞིན་གྱི་ཞིབ་འཇུག་ཐབས་ལམ་གཞིར་བཟུང་གིས་ཚན་རིག་གི་བྱེད་ཐབས་སྤྱད་དེ་ཉམས་ཞིབ་བྱས་འདུག་ལ་ཞིབ་འཇུག་གི་ནང་དོན་དང་གྲུབ་འབྲས་ཀྱིས་བོད་སྨན་བཙོ་ཐལ་གྱི་བདེ་འཇགས་རང་བཞིན་གྱི་ཞིབ་འཇུག་ལས་ཀའི་ཕྱོགས་ཀྱི་སྟོང་ཆར་ཁ་གསབ་བྱས་པ་མ་ཟད། རྒྱལ་ནང་གི་རིགས་མཚུངས་ཞིབ་འཇུག་གི་སྔོན་ཐོན་ཆུ་ཚད་ལ་ཡང་སླེབས་ཡོད་འདུག   བོད་སྨན་བཙོ་ཐལ་ལ་མངོན་གསལ་གྱི་དུག་རིགས་ཟུར་ཕོག་མེད་པ་དང་། ལུས་ཕུང་གི་དབང་རྟེན་ལ་གནོད་སྐྱོན་མེད་པ། ནད་ཐོག་ལག་ལེན་སྟེང་བེད་སྤྱོད་བྱས་ཚེ་བདེ་འཇགས་ཡིན་པའི་བསྡོམས་ཚིག་ཐོབ་ཡོད་པ་རེད།  
►སྨན་དུག་རིག་པའི་ཞིབ་འཇུག །རྒྱ་རིགས་མཁས་ལས་པ་འགས་ཞིབ་འཇུག་བྱས་པའི་ཡིག་ཆ་འགའ་ཤས་ལ་གཞིགས་ན་གསེར་ཐལ་དང་དངུལ་ཐལ་བཙོ་ཐལ་སོགས་སྨན་དུག་རིག་པའི་ཞིབ་འཇུག་ཅིག་སྲོག་ཆགས་བྱི་ལའི་སྟེང་བྱས་འབྲས་ལ་སྨན་སྦྱོར་དེ་དག་གིས་བྱི་ལའི་ཕྱི་ཚུལ་གྱི་རྣམ་པ་བཟང་ཞིང་། སྤུ་པགས་ལ་འོད་ལྡན་པ། འགྲོ་འདུག་ལ་ཐོག་པ་མེད་པ། བཟའ་བཏུང་དང་བཤང་གཅི་རྒྱུན་ལྡན་ལྟར་ཡིན་པ་མ་ཟད། དོན་སྣོད་གཙོ་བོར་གཤག་ལས་བྱས་ཀྱང་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མངོན། གཞན་ཡང་ [ བོད་སྨན་བཙོ་ཐལ་གྱི་གཙོ་བོའི་ཕན་ནུས་ལ་ཞིབ་འཇུག ] ཅེས་པའི་འགོ་བརྗོད་ཐོག་ཞིབ་འཇུག་བྱས་འབྲས་ལ་བཙོ་ཐལ་གྱིས་ནད་འབུ་འཕེལ་བར་འགོག་སྲུང་གི་ནུས་པ་ལྡན་པ་དང་ཚེ་སྲིང་ལ་ཚད་པ་འཇོམས་ཤིང་གཉན་ཁ་གཅོག་པའི་ནུས་པ་ཡོད་པ་མ་ཟད། ནད་རིགས་འགོག་སྲུང་གི་ནུས་པ་ཧ་ཅང་ཚད་མཐོ་བོ་ལྡན་པའི་ར་འཕྲོད་གནང་འདུག  
►གཞན་ཡང་ [བོད་སྨན་བཙོ་ཐལ་ནང་གི་དངུལ་ཆུས་ཙི་ཙིའི་མཁལ་མར་ཤུགས་རྐྱེན་ཇི་ཡོད།] ཅེས་པའི་ཉམས་ཞིབ་བྱས་འབྲས་ལྟར་ན་ཙི་ཙིའི་མཁལ་མར་ཚད་ངེས་ཅན་གྱིས་གནོད་སྐྱོན་ཐེབས་བཞིན་ཡོད་པ་གསལ་འདུག་རུང་ཉམས་ཞིབ་དེའི་མཇུག་བསྡོམས་དེ་གསོ་བ་རིག་པའི་བཙོ་ཐལ་སྤྱིའི་ཕན་གནོད་ཡིན་པ་ར་འཕྲོད་ག་ལ་ཐུབ། 
► རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ལག་ལེན་ནང་བཙོ་ཐལ་བེད་སྤྱོད་ཀྱི་ལམ་ནས་ཕན་ནུས་ཡང་ཕལ་མོ་ཆེ་བོད་སྨན་ནང་གསུངས་པ་དང་མཚུངས། དེ་སྔོན་རྒྱ་གར་དབུས་གཞུང་སྲོལ་རྒྱུན་སྨན་གྱི་སྡེ་ཚན་(AYUSH) གྱིས་བཀའ་མངགས་འོག་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་དུ་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་བཙོ་ཐལ་ཡོད་པའི་སྨན་སྦྱོར་ཞིག་ལ་སྲོག་ཆགས་ཙི་ཙིའི་སྟེང་ཉམས་ཞིབ་བྱས་སྟེ་ཙི་ཙིའི་ཀླད་པ། མཁལ་མ་དང་མཆིན་པར་དུག་གི་ཞོར་སྐྱོན་མངོན་གསལ་ཐོན་མེད་པ་ནི་བཙོ་ཐལ་དེ་ཉིད་ནད་ཐོག་བེད་སྤྱོད་བྱེད་ཚེ་གནོད་མེད་བདེ་འཇགས་ཡིན་པའི་ར་སྤྲོད་བྱས་འདུག 
►དེ་བཞིན་ཀྲུང་ལུགས་ཀྱི་གསོ་རིག་ནང་ལ་ཡང་དུག་འདོན་ཟིན་པའི་ཅོག་ལ་བེད་སྤྱོད་བྱེད་བཞིན་པ་དང་མིའི་ལུས་ཁམས་ལ་གནོད་མེད་བདེ་འཇགས་ཡིན་ལུགས་གཅིག་མཚུངས་གསུངས་པ་དང་ཙི་ཙི་ཐོག་ཉམས་ཞིབ་ལམ་ནས་ནད་ཐོག་བེད་སྤྱོད་བྱས་ཚེ་གནོད་མེད་བདེ་འཇགས་ཡིན་པའི་ར་སྤྲོད་བྱས་འདུག 
►མདོར་ན་བཙོ་ཐལ་གྱིས་མིའི་ཚེ་སྲོག་ལ་གནོད་དང་མ་གནོད་ནི་ལས་སྣོན་ཀྱི་སྤུས་ཚད་ལ་ཤིན་ཏུ་རག་ལུས་ཡོད་སྟབས་བཙོ་ཐལ་གྱི་ལས་སྣོན་ཚད་ལྡན་ཞིག་དགོས་པ་ནི་གོར་མ་ཆག །

མཐའ་མའི་འདོན་ཐེངས་།: 20.01.2014 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།