སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

བཙན་བྱོལ་འབྱོར་མ་ཐག་པའི་གནས་སྟངས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


བཙན་བྱོལ་འབྱོར་མ་ཐག་པའི་གནས་སྟངས་སྤྱི་ཙམ།

 

ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་སྒྱུར་བསྐྱངས་པའི་རྗེས་བསྙེགས་ཀྱིས་བོད་མི་ཁྲི་ཚོ་ཁ་ཤས་རིམ་གྱིས་སྐྱབས་བཅོལ་དུ་འབྱོར་ཞིང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁ་བའི་ལྗོངས་ནས་གློ་བུར་དུ་ཚ་དྲོད་ཆེ་བའི་ལུང་པ་གསར་བ་ཞིག་ལ་སླེབས་སྐབས་ཚ་བའི་གདུང་བ་དང་ས་ཆུ་མ་འཕྲོད་པའི་དཀའ་ངལ་ཇི་སྙེད་ཅིག་ཡོད་པ་སྨོས་མེད་ཐོག་འཚོ་བའི་མཐུན་རྐྱེན་ཧ་ཅང་ཞན་པ། སྐད་ཡིག་མི་ཤེས་པ་སོགས་དཀའ་ངལ་མང་དག་ཅིག་གི་འོག་ཁྱིམ་གཞི་གསར་བ་ཞིག་འཛུགས་རྒྱུ་ནི་ལས་སླ་བོའི་ལས་དོན་ཞིག་མིན། འོན་ཀྱང་ྋགོང་ས་སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་དང་སྐབས་དེའི་བོད་མི་རྣམས་ཀྱི་སེམས་ཤུགས་སྙིང་སྟོབས་ལ་བརྟེན་ནས་རྟེན་གཞི་བརྟན་པོ་ཞིག་འཛུགས་ཐུབ་པ་བྱུང་བ་ནི་ངོ་མཚར་སྐྱེ་འོས་པ་ཞིག་རེད།

 

དེ་ཡང་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཡུ་པི་མངའ་ཁོངས་མ་སུ་རི་ནས་ཧི་མཱ་ཅལ་མངའ་ཁོངས་ངྷརྨ་ཤཱ་ལཱར་གནས་སྤོར་གྱིས་དགའ་ལྡན་ཕོ་ཕྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྲིད་གཞུང་གི་རྒྱུན་དེ་བསྐྱར་འཛུགས་གནང་སྟེ་ལས་གཞིའི་གནས་བབས་ལ་གཞིགས་ནས་སྒྲིག་འཛུགས་ཀྱི་ལས་དོན་ཆ་བགོས་དང་། འགན་ཁུར་མི་འགྲོ་བསྐོ་བཞག་སྩལ་བ་མ་ཟད་། རིང་ནས་ཐུགས་ལ་མངོན་པར་བརྣག་པའི་མང་གཙོའི་ལམ་ལུགས་གསར་གཏོད་ཀྱིས་མི་མང་འཐུས་མི་འོས་འདེམས་ཀྱི་ལམ་ནས་བསྐོས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལེའུ་གསར་བ་ཞིག་ཁ་སྐོང་མཛད། དེ་ཡང་རྒྱ་གར་གཞུང་གི་ངོས་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་བོད་ཀྱི་བདེན་མཐའ་མ་གསལ་པ་དེ་སྲིད་དུ་སྐུ་མགྲོན་གྱི་ངོ་བོའི་ཐོག་བཞུགས་ཆོག་པ་མ་ཟད་སྐུ་སྲུང་དང་མཐུན་རྐྱེན་ཅི་དགོས་རོགས་འདེགས་ཞུ་རྒྱུའི་ཞལ་བཞེས་ཐོབ་པ་བཞིན་ཁྲིམས་ཐོག་ནས་ངོས་ལེན་ཡོད་མེད་མ་ལྟོས་པར་སྲིད་གཞུང་ཞིག་གི་གནས་བབ་ཕལ་ཆེར་ཚང་བའི་བཙན་བྱོལ་བོད་མིའི་གཞུང་ངམ་སྒྲིག་འཛུགས་གསར་འཛུགས་གནང་བ་རེད།

 

ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བསྒྱུར་བའི་དུས་སྐབས་དང་བསྟུན་གདན་ས་ཆེན་པོ་ཁག་གིས་གཙོས་ཆོས་རྒྱུད་རིས་མེད་ཀྱི་དགེ་འདུན་སུམ་སྟོང་ཙམ་རིམ་གྱིས་འབྱོར་ཏེ་རྒྱ་གར་དང་འབྲུག་གི་ས་མཚམས་བཀསར་ཞེས་པར་ཨིིན་ཇིས་རྒྱ་གར་དབང་བསྒྱུར་བྱས་པའི་སྐབས་ཀྱི་མ་ཁང་གང་མང་ཞིང་ཡོད་པ་དེར་རེ་ཞིག་གནས་གཡར་ལྟ་བུའི་ཚུལ་དུ་བཞུགས་ཏེ། བོད་དུ་ཡོད་སྐབས་ཀྱི་སློབ་གཉེར་བགྱིད་སྒོ་རྣམས་དབུ་འཛུགས་ཞུས་ཀྱང་ཚ་བ་ཤིན་ཏུ་ཆེ་བ་སོགས་ས་ཆུ་མ་འཕྲོད་པའི་རྐྱེན་གྱིས་མི་མང་པོ་འདས་གྲོངས་སུ་གྱུར་བའི་དཀའ་ངལ་ཇི་སྙེད་ཅིག་ལ་འཕྲད་པར་བརྟེན། དགེ་འདུན་པ་ཁག་ཅིག་དམག་སྒར་དུ་འཛུལ་ཞུགས་གནང་དགོས་བྱུང་བ་དང་། ཁག་ཅིག་ཌལ་ཧོར་སོགས་སུ་གནས་སྤོས་གནང་བ་མ་ཟད། ཕྱི་ལོ་ ༡༩༦༩ ལོ་མཇུག་ཙམ་ནས་རིམ་པས་ལྷོ་ཕྱོགས་ཀྱིས་གཙོས་གཞིས་སྒར་ཆེ་ས་ཁག་ཏུ་གནས་སྤོར་གནང་སྟེ་བོད་ཀྱི་ཐུན་མིན་ཆོས་རིག་སློབ་གཉེར་གནང་ཡུལ་བསྟི་གནས་ཀྱི་གཞི་རྩ་བརྟན་པོར་བཙུགས།

 

དེ་བཞིན་དུ་བོད་མི་བྱིངས་ལའང་ས་ཆུ་འཕྲོད་མིན་དང་འཚོ་བའི་དཀའ་ངལ་འཕྲད་མུས་ཐོག་ལམ་བཟོར་འགྲོ་བ་དང་། རྒྱ་གར་གཞུང་གི་དམག་མིར་འཛུལ་བ་སོགས་ཀྱི་གནས་སྟངས་འོག་དཀའ་ངལ་སྣ་མང་ལ་གདོང་ལེན་གྱིས་རིམ་པས་གཞི་རྐང་ཚུགས། མགོན་པོ་གང་ཉིད་ཀྱིས་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ལ་ཛ་དྲག་གི་འབོད་སྐུལ་རིམ་ཞུས་ཀྱི་འབྲས་བུར་ཕྱི་ལོ ༡༩༦༠ ཙམ་ནས་གཞིས་ཆགས་གསར་རྒྱག་གི་ལས་མགོ་ཚུགས། དེ་ཡང་རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་སྲིད་ཇུས་འོག་རྒྱ་གར་ལྷོ་ཕྱོགས་ཀཱར་ནཱ་ཌཀ་མངའ་སྡེས་གཙོས་རྒྱ་གར་མངའ་སྡེ་གང་མང་ཞིག་གི་ནང་དུ་བོད་མི་གཞིས་སྡོད་ཀྱི་རྟེན་གཞི་དང་ས་ཞིང་བཅས་ཐོབ་སྐལ་གསོལ་སྩལ་བཀའ་དྲིན་རིམ་གྱིས་བསྐྱངས་པར་རྟེན་གཞི་གསར་རྒྱག་གི་ལས་ལ་དངོས་སུ་ཞུགས་ཏེ་བྷེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་། མོན་གྷོ་འདོད་རྒུ་གླིང་སོགས་གཞིས་ཆགས་ཁག་རིམ་པར་བཙུགས་པ་མ་ཟད་།

 

ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་བོད་ཁྱིམ་སློབ་གྲྭ་དང་སིམ་ལ་གཏན་སློབ་གཉིས་འགྲོ་གྲོན་སྐུ་སྒེར་ནས་བཏང་སྟེ་གསར་འཛུགས་གནང་ཞིང་། མགོན་པོ་མཆོག་གི་དཀྱེལ་ཆེའི་དགོངས་བཞེས་དང་རྨད་དུ་བྱུང་བའི་ཐུགས་རྗེ་བྱིན་རླབས་ཉག་གཅིག་ལ་བརྟེན་བཙན་བྱོལ་བོད་མི་རྣམས་འགྱེལ་ས་ནས་ལངས་ཐབས་སུ་དྲང་བདེན་དང་ལྷག་བསམ་གཞི་རྩར་བཅོལ་ཏེ། གསར་གཏོད་དང་མདུན་མཆོངས་ཀྱི་རང་བཞིན་ལྡན་པའི་ལས་གཞི་མང་དག་ཅིག་གི་ལས་འཆར་བཀོད་འདོམས་གནང་བ་མ་ཟད་། རྒྱ་གར་གཞུང་གི་མཐུན་རྐྱེན་འོག་ཤེས་རིག་གི་ལྗང་སྨྱུག་མངོན་པར་བཞད་པའི་གཤིན་ས་དུ་མར་ས་བོན་བཏབ།

 

གང་གི་རྨད་བྱུང་ཐུགས་རྗེ་ཉི་གཞོན་འོག།

ལྷག་བསམ་རབ་དཀར་མི་རབས་རྒན་པ་ཚོས།།

སྙིང་རུས་ཁོག་བཅུགས་ལྷད་མེད་དཀའ་སྤྱད་ལས།།

གཞི་གསར་བཙུགས་པའི་ལོ་ཟླ་ངོ་མཚར་ཆེ།། ཞེས་ངལ་གསོ་བའོ།། །།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:05 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།