སྨན་རྩིས་དྲ་བ། - མདུན་ངོས།

བགྲོ་གླེང་ཚོགས་ཐེངས་༩པ་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.06.2019
མདུན་ངོས། >>

 

ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་༩པ་ལེགས་གྲུབ།

ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དགུ་པ་དེ་བཞིན་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཁང་གི་འཇམ་དཔྱད་ཡན་ལག་ཏུ་ཕྱི་ལོ ༢༠༡༩ ཟླ་ ༤ ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ཚོགས་ཡོད།



བགྲོ་གླེང་གི་དབུ་འབྱེད་མཛད་སྒོ།

དེ་ཡང་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་ནས་བཀོད་སྒྲིག་སྔོན་སོང་ཐོག་ཕྱི་ཚེས ༡༣ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་ Smt. Meenakshi Negi, IFS Director, AYUSH, Govt. of Karnataka དང་། དམིགས་བསལ་སྐུ་མགྲོན་ Mr. Pramod Kumar Samad, Associate Director St. Johns medical college Hospital དང་། Mr. Ananta Desai དང་། བྷེང་ལོར་ལྷོ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་ལགས་རྣམ་པ་བཞི་སྐུ་མགྲོན་དུ་གདན་ཞུས་ཐོག་སྤྱི་སྲོལ་ལྟར་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་འགོ་འཛུགས་ཞུས། མཛད་སྒོའི་སྐབས་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་འབྱེད་དང་། དེ་ནས་འཇམ་དཔྱད་ཁང་གི་སྨན་ལས་རྣམས་ནས་སྣེ་འཁྲིད་དེ་གཡུ་ཐོག་གསོལ་འདེབས་བཏོན་པ་དང་། སྡེ་ཚན་འགན་ཚབ་སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་ནས་ཕེབས་བསུའི་གཏམ་བཤད་དང་སྦྲགས་བགྲོ་གླེང་ཐེངས་དགུ་པའི་ངོ་སྤྲོད་དང་། དེ་བཞིན་དགོས་དམིགས་དང་འབྲེལ་བའི་གཏམ་བཤད་གནང་། སྐུ་མགྲོན་རྣམ་གཉིས་ཀྱིས་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་མཚམས་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཞོན་སྐར་རྩིས་པ་གཙོ་བོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ནས་སྐུ་མགྲོན་རྣམས་ལ་གསོ་རིག་ཅ་དངོས་དང་དྲན་རྟེན་ཕྱག་རྟགས་བཅས་ཕུལ་ཡོད།

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Smt. Meenakshi Negi ནས་བྱིས་པའི་སེམས་ཁམས་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པ་དང་། བརྗོད་གཞི་འདིའི་ཐོག་བགྲོ་གླེང་དེ་ལྟར་གོ་སྒྲིག་གནང་བར་བསྔགས་བརྗོད་གནང་ཞིང་། བགྲོ་གླེང་དེ་བརྒྱུད་ནས་དེ་གའི་འཇམ་དཔྱད་ཁང་གི་སྐོར་མཁྱེན་རྟོག་བྱུང་བ་གསུངས་པ་དང་འབྲེལ་མ་འོངས་པར་བགྲོ་གླེང་འདི་འདྲའི་རིགས་ཁོང་རྣམ་པ་ཚོའི་ངོས་ནས་གོ་སྒྲིག་གནང་འདོད་ཡོད་སྐོར་ཡང་གསུངས་སོང་།

ཐེངས་འདིའི་ཚོགས་བཅར་བའི་ཁུངས་སུ་གཙོ་བོ་བྷེང་ལོར་ཁུལ་གྱི་ལས་ཀྱི་སྣེ་མོ་བ་དང་། སློབ་ཕྲུག ཆེད་ལས་པ། སེམས་ཁམས་རིག་པ་བ། དགེ་རྒན། སྨན་པ། སྨན་ཞབས་པ་སོགས་མི་གྲངས་ ༧༠ ལྷག་ནས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་ཡོད།

 

གསུང་བཤད་པ་དང་བརྗོད་གཞི།

བགྲོ་གླེང་ཐེངས་དགུ་པར་གནའ་དེང་གི་ལུགས་མི་འདྲ་བ་དགུ་ཙམ་ནས་ཆེད་ལས་གསུང་བཤད་པ་རེ་གདན་ཞུས་ཐོག་བྱིས་པའི་སེམས་ཁམས་གསོ་སྐྱོང་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་ཡོད།

དེ་ཡང་ཉིན་དང་པོར་ལུགས་མི་འདྲ་བ་ལྔ་སྟེ། དགེ་བཤེས་མ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་ནང་པའི་སེམས་ཁམས་རིག་པ་དང་། སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་། Dr. Hemant Bhargav ལགས་ནས་རྒྱ་གར་སྲོལ་རྒྱུན་ཡོག་(Yoga) དང་། Dr. Malavika Kapur ལགས་ནས་ནུབ་ཕྱོགས་སེམས་ཁམས་རིག་པ་དང་། Dr. Lashmeesha Upadhaya ལགས་ནས་ཨཱཡུརྦེད་སྨན་ལུགས་བཅས་རིམ་བཞིན་གཏམ་བཤད་དང་བགྲོ་གླེང་ལྷུག་པོར་གནང་། དེ་བཞིན་བགྲོ་གླེང་ཉིན་གཉིས་པར་ལུགས་མི་འདྲ་བ་ལྷག་མ་བཞི་སྟེ། Dr. M A Quamri ལགས་ཀྱིས་ཡུནྰནི་སྨན་ལུགས་དང་། རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ཀྱིས་བོད་རྩིས་རིག་པ་དང་། Dr. R Sudha ལགས་ནས་སིདྷ་སྨན་ལུགས་དང་། Dr. Rohit Shrivatsan ལགས་ནས་ཧོ་མི་ཡོ་པེ་ཐི་སྨན་ལུགས་ཀྱི་སྒོ་ནས་གསུང་བཤད་དང་བགྲོ་གླེང་ལྷུག་པོ་གནང་ཡོད། བགྲོ་གླེང་སྐབས་དགེ་བཤེས་མ་བསྟན་འཛིན་ལྷ་སྒྲོན་ལགས་དང་། རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས། སྨན་རམས་པ་བསྟན་འཛིན་ཆོས་སྒྲུབ་ལགས། སྨན་པ་པ་སངས་ཚེ་རིང་ལགས་ནས་གཙོ་སྐྱོང་བའི་ལས་ཁུར་ཞུས་ཡོད།


མཐའ་མའི་བགྲོ་གླེང་དང་མཇུག་སྡོམ་མཛད་སྒོ།


བགྲོ་གླེང་ཉིན་གཉིས་པ་སྟེ། ཕྱི་ཚེས ༡༤ ཕྱི་དྲོར་ཚོགས་བཅར་པ་སོ་སོའི་དོགས་དྲི་སེལ་ཆེད་གསུང་བཤད་པ་དང་མཉམ་དུ་དྲི་བ་དྲི་ལན་དང་གྲོས་བསྡུར་(Panel Discussion) གནང་། ཕྱག་ཚོད་ ༤།༣༠ ཐོག་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Father Mathew Chandran Kunnel, Director of Ecunemical Center, Bengaluru དང་། དམིགས་བསལ་སྐུ་མགྲོན་ཆོས་འཁོར་གསུམ་གླིང་ཚོགས་པའི་འགན་འཛིན་ Ms. Shanti Yachna དང་བོད་ཕྲུག་ཁྱིམ་སྡེ་ཉི་མ་བཟང་མོའི་སྡོད་ཁང་གི་ངེས་སྟོན་པ་དོན་གྲུབ་ལགས་རྣམ་གསུམ་གདན་ཞུས་ཐོག་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་པ་རྣམས་ལ་ཕྱག་འཁྱེར་དང་དྲན་རྟེན་ཕྱག་རྟགས་དང་། ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་ཕུལ་ཐོག་སྐབས་འདིའི་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ།

བགྲོ་གླེང་སྐབས་སུ་ཞལ་འདེབས་སྒམ་ཞིག་གོ་སྒྲིག་ཞུས་ཡོད་པ་དེ་ལས་ཞལ་འདེབས་སྒོར་ ༥༩༡༠ བྱུང་། དེ་བཞིན་དམིགས་བསལ་ Bagaria Trust ནས་བགྲོ་གླེང་ཆེད་ཧིན་སྒོར་ ༤༩༠༠༠།༠༠  གནང་བར་སྨན་རྩིས་ཁང་ནས་ཐུགས་རྗེ་ཆེ་ཞུས་ཡོད།།

                                              

                                              












མཐའ་མའི་འདོན་ཐེངས་།: 19.06.2019 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།