སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

བཀའ་ཤག་གིས་བསྐྱར་ཞིབ་སྙན་ཐོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།


བཀའ་ཤག་གིས་བཀོད་སྒྲིག་འོག་བསྐྱར་ཞིབ་ཇི་ལྟར་བྱས་པའི་སྙན་ཐོ།

བོད་གཞུང་སྨན་རྩིས་ཁང་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་དང་རང་གཞུང་གི་བཀའ་དྲིན་འོག་ཟུར་སྐྱོང་གི་ངོ་བོར་བཙུགས་པའི་ཚོགས་པ་གལ་ཆེ་ཤོས་དང་སྤྱི་ཚོགས་འཕྲོད་བཞེས་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན་ཀུན་གྱིས་སྤོབས་པ་དང་རེ་སྨོན་བྱེད་ཡུལ་དུ་གྱུར་ཡོད་པ་བཞིན་རང་གཞུག་བཀའ་ཤག་གི་ངོས་ནས་ཀྱང་དུས་དང་བསྟུན་ནས་ཡར་རྒྱས་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེ་བར་གཟིགས་ཏེ།

 
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་བཀའ་ཤག་ལྷན་རྒྱས་ནས་ཐུགས་ཁུར་ཆེན་པོའི་སྒོ་ནས་ཡར་རྒྱས་གཏོང་ཐབས་ཁོ་ན་ལ་གཞིགས་ཏེ་ཕྱི་ལོ་ ༢༠༡༠ ལོར་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་ཀྱིས་བསྐྱར་ཞིབ་གནང་ཡོད་པ་རེད།

 

དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡ འཁོད་པའི་བཀའ་དྲུང་ཡིག་ཚང་ནས་ལས་དོན་དེའི་ཐད་བསྐྱར་ཞིག་གནང་མཁན་གྱི་ཚོགས་མི་རྣམས་ལ་མཐུན་འགྱུར་གནང་འོས་གནང་དགོས་པའི་སྐོར་དང་ཞིབ་འཇུག་གནང་དགོས་པའི་དོན་གནད་གསལ་བསྒྲགས་དང་བསྐྱར་ཞིབ་བྱ་ཡུལ་གྱི་དོན་ཚན་བྱེ་བྲག་ཏུ་བཏོན་ཏེ་བཀའ་སྩལ་ཕེབས་དོན་ལྟར་ཚོགས་ཆུང་གི་ཚོགས་གཙོ་ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་ངེས་པའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་བསྐོས་ཡོད་ཀྱང་ཁོང་ངོ་ཕེབས་མ་ཐུབ་པར་བརྟེན་ཁོང་གི་ཚབ་ཏུ་རང་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཟུར་བ་དང་སྨན་རྩིས་ཁང་གི་འགན་འཛིན་ཟུར་བ་ཚེ་རིང་བཀྲ་ཤིས་མཆོག་ཚོགས་གཙོ་དང་།  ཝར་ཎ་གསོ་རིག་སློབ་དཔོན་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན། འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་།  སྨན་པ་ཐོགས་མེད་བཅས་ནི་ཚོགས་མིར་བསྐོ་བཞག་གནང་སྟེ་ཟླ་ངོ་གཅིག་ལྷག་གི་རིང་ཞིབ་འཇུག་དང་བསྐྱར་ཞིབ་གནང་སྟེ་སྙན་ཐོ་འགོད་འབུལ་ཞུས་ཡོད་པའི་ནང་གཙོ་བོ་ཁག་ནི།

 

དང་པོ༽སྨན་རྩིས་མཐོ་སློབ་ནི་སྨན་རྩིས་བསྟན་པའི་འབྱུང་རྩ་ལྟ་བུ་ཡིན་པར་བརྟེན་མཐོ་སློབ་ཀྱི་ཤེས་ཡོན་སོགས་ཕྱོགས་གང་ཅིའི་ཐད་ནས་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་དོན་གནད་བཅུ་བདུན་ཙམ་དུ་བསྡུས་ཏེ་ཞིབ་འགོད་གནང་ཡོད་ཅིང་། 

 

གཉིས་པ༽འཛིན་སྐྱོང་དང་འབྲེལ་བའི་སྙན་ཐོའི་ནང་དུ་སྨན་རྩིས་ཁང་དབུས་དང་།  ལས་བྱེད་མང་བའི་ཕྱོགས་མཐའི་ཡན་ལག་ཁག་གི་ལས་འབོར་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ལས་བྱེད་དང་སྨན་པའི་ས་མིག་གཏན་འབེབས་གནང་དགོས་པ། དེ་ཡང་ཁྱད་ལས་པའི་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཞིག་དང་འཛིན་སྐྱོང་ལས་བྱེད་ཀྱི་ལས་འབོར་ཉམས་ཞིབ་ཚོགས་ཆུང་བཅས་ཚོགས་ཆུང་གཉིས་འཛུགས་གལ་ཆེ་བ་སོགས་ཞིབ་ཕྲ་དོན་ཚན་བཅུ་དགུར་དབྱེ་ནས་བཀོད་ཡོད།

 

གསུམ་པ༽སྨན་རྩིས་ཁང་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབས་ཐད་རྩིས་ཞིབ་ལས་ཁུངས་ཀྱི་ལམ་སྟོན་ལྟར་སྔོ་སྦྱོར་དང་།  སྨན་སྦྱོར་ཁང་གཉིས་ཀྱི་རྩིས་ཁྲ་ཁུངས་སོ་སོ་ནས་འབྲི་ཉར་བྱེད་བཞིན་འདུག་རུང་། སྤྱི་ཁྱབ་རྩིས་པ་ནས་སྟངས་འཛིན་མེད་པ་ལྟ་བུ་འདུག་པ་མ་འགྲིག་པ་མངོན་པ་དང་། སྡེ་ཚན་ཚང་མའི་རྩིས་ཁྲ་ཉར་ཕྱོགས་དང་སྟངས་འཛིན་ཐོག་སྤྱི་ཁྱབ་རྩིས་པ་ནས་ངེས་པར་སྟངས་འཛིན་འགན་འཁུར་དང་དུས་ནས་དུས་སུ་གཟིགས་རྟོགས་དགོས་གལ་ཆེ་བ་སོགས་དོན་གནད་དྲུག་ཏུ་བསྡུས་ཏེ་གསལ་འདོན་གནང་ཡོད།

 

བཞི་བ༽ སྨན་སྦྱོར་ཁང་གི་སྨན་སྦྱོར་སྤྱི་དང་།  ཁྱད་པར་བཙོ་བཀྲུ་དུག་དབྱུང་བསྲེག་ཐལ། འདུལ་སྦྱོང་། སྨན་སྒྲུབ་སོགས་རྒྱུད་དང་མན་ངག་མཐོང་བ་བརྒྱུད་པའི་ཕྱག་ལེན་སྐོར་སོགས་དོན་གནད་ཉི་ཤུ་རྩ་གཉིས་ཐོག་ཕྲ་ཞིབ་ཀྱི་སྒོ་ནས་གསལ་འདོན་གནང་ཡོད་ཅིང་།

 

ལྔ་བ༽ྋསྐུ་བཅར་སྨན་པའི་ཞབས་ཞུ་གནང་ཕྱོགགས་ཐད། སྤྱིར་སྟངས་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་ཀྱི་གནས་དོན་འདི་ལྟར་ཧ་ཅང་གལ་འགངས་ཆེ་བར་སོང་འབྲེལ་ཡོད་འཕྲོད་བསྟེན་དང་བདེ་སྲུང་གཉིས་ཀྱི་བཀའ་བློན་དང་དྲུང་ཆེ། དེ་བཞིན་སྐུ་སྒེར་དྲུང་ཆེ་བཅས་ནས་སླར་ཡང་ྋསྐུ་བཅར་སྨན་པ་རྣམས་དང་ལྷན་དུ་བཀའ་བསྡུར་མཛད་ཕྱོགས་ཡོད་པ་ཞུ་གལ་ཆེ་བ་སོགས་དོན་གནད་ལྔ་ཙམ་དུ་བསྡུས་ཏེ་བཀོད་ཡོད།

 

དྲུག་པ༽སྐར་རྩིས་སྡེ་ཚན་གྱི་སྐོར། རྩིས་རིག་སློབ་སྦྱོང་ཡར་རྒྱས་དང་སློབ་ཞུགས་ཀྱི་དཀའ་ངལ་སེལ་ཐབས། ཚེ་རྩིས་སོགས་ལས་རིག་གཞུང་གི་བྱེད་སྒོ་ཁག་ལ་དོ་སྣང་མང་ཙམ་གནང་གལ་ཆེ་བ་སོགས་དམིགས་འདོན་གྱིས་དོན་གནད་ཁག་བཅུ་གསུམ་བཏོན་ཡོད།

 

བདུན་པ༽སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ད་ཡོད་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ཐོན་རྫས་བཟོ་ཡུལ་དང་།  བཟོ་མི། རྒྱུ་ཆ་སོགས་སྨན་སྦྱོར་ཁང་དང་འདྲ་འདྲེས་མེད་པ་མ་ཟད། སྨན་རྩིས་ཁང་ལ་ཡོང་སྒོ་ངེས་ཅན་ཞིག་འདུ་འགོད་ཐུབ་ཀྱི་ཡོད་པ་དང་།  ལྷག་པར་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་མང་ཚོགས་ཀྱི་མཛེས་སྤྱོད་ཙམ་མིན་པར་རྒྱུན་ལྡན་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པས་བོད་ཀྱི་གསོ་རིག་གི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་འཛམ་གླིང་ནང་ངོ་སྤྲོད་ཐུབ་ཀྱི་ཡོད་པར་བརྟེན། སླད་ཕྱིན་སྡེ་ཚན་འདི་ནས་ཐོན་རྫས་གསར་བཟོ་དང་རྒྱ་བསྐྱེད་ཐོག་འབད་བརྩོན་ཐུབ་པ་དགོས་རྒྱུ་ནི་དཔལ་འབྱོར་གྱི་རྒྱབ་བརྟེན་ངེས་ཅན་ཞིག་ཡིན་འདུག་པ་སོགས་དོན་གནད་དྲུག་གི་ནང་དུ་བསྡུས་ཏེ་ཡར་རྒྱས་གཏོང་ཕྱོགས་གསལ་འདོན་གནང་ཡོད།

 

 བརྒྱད་པ༽སྤྱི་སྨན་གནས་ཚུལ་གཞན།

ཀ༽ གསོ་བ་རིག་པ་ཞེས་རྒྱ་གར་གྱི་སྨན་ཁོངས་ཁྲིམས་མཐུན་ངོས་འཛིན་ཐོབ་པར་སོང་། ད་ཕྱིན་སྨན་པའི་ལྷན་ཚོགས་དང་། དེས་ངོས་འཛིན་ཁྱབ་ཁོངས་ཚང་མ་མཉམ་རུབ་ཐོག་ཕྱི་ནང་གང་སར་བོད་སྨན་གྱི་གཞུང་ལུགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་བཅུད། ཕྱི་ནང་དཀའ་སེལ་བཅས་ཀྱི་ཆེད་སྔར་ལྷག་ཚགས་ཚུད་དང་ཡར་རྒྱས་གོང་འཕེལ་གཏོང་ཐབས་སུ་ཆིག་བསྒྲིལ་དམ་ཟབ་དགོས་གལ།

 

ཁ༽ ད་ཆ་བོད་སྨན་གྱི་བདག་དབང་སོགས་ཉམས་ཆག་མི་འབྱུང་སླད་བོད་ཀྱི་སྨན་པའི་ལྷན་ཚོགས་ཧ་ཅང་གལ་གནད་ཆེ་བར་སོང་། སྨན་རྩིས་ཁང་ནས་ད་བར་མི་རྒྱུ་གཉིས་ཐོག་ནས་མཐུན་འགྱུར་གནང་དང་གནང་བཞིན་པར་སྔགས་བརྗོད་ཞུ་འོས་མ་ཟད། སླད་ཕྱིན་ལྷན་ཚོགས་འདི་ལྟར་སྲ་ཚུགས་ཡོང་ཐབས་སུ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་གནང་གལ་མཐོང་།

 

ག༽ སླད་ཕྱིན་སྨན་རྩིས་ཁང་ལ་ཕྱི་ཁག་ནས་དཀའ་རྙོགས་འཕྲད་སྐབས་ཁྲིམས་དོན་སློབ་སྟོན་ཞུ་དགོས་ཞུས་ཏེ་བབ་ལྷིང་བརྟན་གསུམ་ཐོག་ནས་གནང་གལ་དང་། ཡང་གནས་དོན་ཁག་གཅིག་སྨན་པའི་ལྷན་ཚོགས་བརྒྱུད་གནང་ཐབས་བྱུང་ན་གང་ཅིའི་དགེ་མཚན་ཆེ་བ་མངོན་པས་དེ་ལུགས་བབས་གཟིགས་གནང་གལ།

 

ང༽ ཡང་གསོ་བ་རིག་པ་ཞེས་རྒྱ་གར་གྱི་སྨན་ཁོངས་ཁྲིམས་མཐུན་ངོས་ལེན་བྱུང་བ་དེ་ནས་ལེགས་ཆ་དང་ཞན་ཆ་གཉིས་ཀ་ཡོད་ཅིང་།  ལེགས་པའི་ཆ་ནི། ཧི་མ་ལ་ཡའི་རི་བརྒྱུད་ནས་སྨན་རྩ་མཁོ་སྒྲུབ་བདེ་བ་དང་།  སྨན་སྦྱོར་བཟོ་སྐྲུན་བདེ་བ། ནད་པ་བརྟག་དཔྱད་བདེ་བ། སྨན་པ་ཚོར་ཁྲིམས་མཐུན་ལག་འཁྱེར་ཐོབ་ཐབས་ཡོད་པ། སྨན་པ་རྣམས་ཕྱིའི་རྒྱལ་ཁབ་ཏུ་འགྲོ་བདེ་བ། སྨན་རྩིས་མཐོ་སློབ་ཁང་ཁྲིམས་མཐུན་དེབ་སྐྱེལ་བྱེད་ལམ་ཡོད་པ། སྨན་པ་སྒེར་སོ་སོར་གོ་སྐབས་ཆེ་བ། རྒྱ་གར་གཞུང་ནས་རོགས་རམ་ཐབས་འཚོལ་བདེ་བ། ནད་བཅོས་ཉམས་ཞིབ་ཐོག་རྒྱ་གར་གཞུང་ནས་ཐུགས་སྣང་ཆེ་བ་དང་མཐུན་འགྱུར་བཟང་བ་ཐོབ་བདེ་སོགས་ཡོད།

 

ཞན་ཆ་ནི། སྨན་རྩིས་ཁང་གི་སྨན་པ་རྣམས་རྩ་ཁ་གང་བཟང་ལ་འཆོར་ཉེན་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཤུགས་འོག་ནས་གསོ་བ་རིག་པའི་མིང་ཐོག་ཚད་ལྡན་མིན་པའི་སྨན་དང་སྨན་པ་མང་དུ་འགྲོ་རྒྱུ་ཐེ་ཚོམ་མེད་པ། དེ་བཞིན་སྨན་རྩིས་ཁང་ལྟ་བུ་ཁྲིམས་མཐུན་ལྟར་ཚད་ལྡན་བྱེད་མཁན་གྱི་སྡེ་ཚོགས་རིགས་ལ་ཁྲིམས་ཐོག་ནས་དམ་དྲག་ཆེ་རུ་འགྲོ་ཉེན་སོགས་ཡོད།

 

ཅ༽ སླད་རྒྱ་གར་གསོ་བ་རིག་པའི་སྡེ་ཚན་ནས་གླ་ཕོགས་སོགས་མཐུན་རྐྱེན་བཟང་བ་སྤྲོད་རྒྱུ་སྨོས་མེད་ལ་སོང་སྨན་རྩིས་ཁང་གི་སྨན་པ་རྣམས་ཕྱི་ལ་འཆོར་རྒྱུའི་ཉེན་ཁ་ཡོད་པར་བརྟེན། ཁྱད་མཁས་སྨན་པ་རྣམས་ཀྱི་གླ་ཕོགས་མཐུན་རྐྱེན་སོགས་ལ་སྨན་རྩིས་ཁང་ནས་འོས་འཚམས་དགོངས་བཞེས་གནང་གལ་མཐོང་།

 

ཆ༽ རྒྱ་གར་གསོ་བ་རིག་པའི་འཛིན་སྐྱོང་ལས་ཁུངས་ནས་གསོ་བ་རིག་པའི་གཞུང་ཚད་གཏན་འབེབས་བྱེད་སྐབས་ད་ཡོད་སྨན་རྩིས་ཁང་གི་གསོ་བ་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ལས་དམའ་རུ་འགྲོ་ཉེན་མཐོང་བས་ཐུགས་སྣང་མཛད་གལ།

 

ཇ༽ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་བཞིན་ལ་དྭགས་རིག་གཞུང་བསྟི་གནས་ཁང་དེ་བཞིན་དོན་གཉེར་ཅན་གྱི་ཕྱི་ནང་མི་སྣ་ཡོངས་ལ་བོད་ཀྱི་སྨན་རྩིས་རིག་པ་ཟབ་སྦྱོང་དང་།  བགྲོ་གླེང་གོ་སྒྲིག་དང་།  འགྲེམས་སྟོན་ཁང་དུ་དོ་གཉེར་ཅན་གདན་ཞུ། ས་གནས་མི་དམངས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་སློབ་སྦྱོང་གོ་སྒྲིག དེ་བཞིན་བོད་ཀྱི་སྨན་རྩིས་རིག་པ་གཙོ་བོར་གྱུར་པའི་བཀའ་བསྟན་གསུང་རབ་བཞུགས་པའི་དཔེ་མཛོད་ཁང་བཅས་ཀྱི་ཆེད་དུ་འཛུགས་བསྐྲུན་བྱས་ཤིང་། ཕྱི་ལོ་༢༠༠༣ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞབས་སོར་འཁོད་དེ་སྒོ་དབྱེ་རབ་གནས་མཛད་པ་དང་། དམིགས་ཡུལ་ཇི་བཞིན་ལས་རིམ་གང་སྤྱིར་མདུན་བསྐྱོད་བྱེད་བཞིན་པ་དེ་ཉིད་བར་ལམ་རྒྱུ་མཚན་གཞན་མེད་པར་ལས་རིམ་རྣམས་མཚམས་འཇོག་བྱས་ཏེ་ཡན་ལག་སྨན་ཁང་ཁོངས་སུ་ཟླ་བསྒྲིལ་བྱས་པ་མ་འཐུས་སྟབས། དེ་ཉིད་ཐོག་མའི་དམིགས་ཡུལ་བཞིན་སླར་གསོ་དང་། སྔར་རྒྱུན་ལས་རིམ་ཁག་མཇུག་སྐྱོང་གིས་མདུན་བསྐྱོད་དང་ཡར་རྒྱས་ཡོང་ཐབས་འབད་བརྩོན་བྱེད་གལ། གསོ་བ་རིག་པ་ཞེས་རྒྱ་གར་སྨན་ཁོངས་ངོས་འཛིན་བྱུང་རྗེས་ལ་དྭགས་ཁུལ་བོད་སྨན་ལག་བསྟར་བྱེད་མཁན་མང་དུ་འགྲོ་རྒྱུ་ཡིན་སྟབས་སྨན་རྩིས་ཁང་གི་རིག་བསྟི་སྡེ་ཚན་གྱི་དགོས་གལ་སྔར་ལས་ལྷག་པ་ཆགས་ངེས་མཐོང་།

 

ཉ༽ སླད་ཕྱིན་རྒྱ་གར་གྱི་སྨན་ལུགས་ Ayussh བཅས་ཀྱི་གཞུང་འབྲེལ་ལས་ཁུངས་སྡེ་ཚན་ཁག་ལ་འབྲེལ་མཐུད་ཆེད་དང་།  དིལླི། སིམ་ལ། ལ་དྭགས། འབྲས་ལྗོངས་སོགས་སུ་བོད་སྨན་ཁྱབ་སྤེལ་སོགས་ཀྱི་ཆེད་ལྡི་ལིར་སྨན་རྩིས་ཁང་གི་སྨན་པ་ཨིན་སྐད་འགྲོ་རྒྱུགས་འཕེར་ངེས་ཐོག་ཕྱི་མིར་འབྲེལ་གཏུགས་ཐབས་ལམ་བྱ་མཁས་ཅན་ཞིག་གི་འོག་དགོས་ངེས་འཛིན་སྐྱོང་ལས་བྱེད་བོད་དབྱིན་སྐད་ཡིག་གཉིས་ལྡན་བཏང་འགྲོ་བཞག་སྡོད་འཕེར་བ་བཅས་ལས་གྲུབ་པའི་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཤིག་འཛུགས་གལ།

 

ཏ༽ བར་ལམ་སྨན་རྩིས་ཁང་གི་སྨན་དང་ཐོན་རྫས་འགའ་ཞིག་གི་མིང་དང་ཕྱི་ཤུབ་རྫུན་བཟོ་བྱས་ཏེ་ཁྲོམ་རར་འགྲེམས་ཚོང་བྱེད་མཁན་ཡོང་བཞིན་པ་དེ་དག་རྒྱུ་མཚན་གཅིག་དགྲ་བོའི་གཡོ་རྫུས་ངན་བྱུས་ཡིན་དང་། ཡང་ན་འགའ་ཞིག་ནས་དངུལ་དངོས་ཁོ་ནར་བསམས་ཏེ་ཁྲེལ་མེད་བྱས་འབྲས་ཇི་ཡིན་རྟོགས་རྒྱུ་དཀའ་ཡང་སྤྱང་དྲུང་རྫི་སང་བབ་ལྷིང་བརྟན་གསུམ་ཐོག་འབྱུང་ཁུངས་གཞི་རྩ་ངོས་རྟགས་ཆོད་པ་གནང་སྟེ་སྨན་རྩིས་ཁང་དང་། གོང་རིམ་སྤྱི་འཐུས་སོགས་ནས་སློབ་གསོ་གོ་བསྐོན་གནང་ཏེ་དོན་འབྲས་སོན་ན་རབ་དང་། དེ་མིན་ཁྲིམས་ཐོག་ནས་ལག་བསྟར་ཇི་དགོས་བབས་གཟིགས་གནང་གལ།

 

ཐ༽ དེ་སྔ་ལ་དྭགས་རིག་བསྟི་ཁང་གསར་རྒྱག་གི་སྦྱིན་བདག་ཉེ་ཧོང་Rev Dr. Diato Sadamits ཞེས་པ་དང་། ཨ་རི་ Emory University མཐོ་སློབ་ནས་ནད་བཅོས་ཉམས་ཞིབ་དང་། ཨོས་ཊེ་རེ་ཡ་ Viena University, botanical Department མཐོ་སློབ་ནས་སྔོ་སྨན་ཉམས་ཞིབ།སུད་སི་ Project 21 ནས་སྨན་རྩིས་མཐོ་སློབ་གསར་རྒྱག་འཆར་གཞི་བཅས་ཀྱི་ཆེད་གོང་གསལ་འབྲེལ་ཡོད་ཁག་དང་འབྲེལ་མཐུད་ཇི་བཞིན་མ་བྱུང་བར་བརྟེན་འབྲེལ་ལམ་ཆད་པའི་འཐུས་ཤོར་ཕྱིན་འདུག སླད་ཕྱིན་རྩ་ཆེའི་གོ་སྐབས་འདི་རིགས་བྱུང་ཚེ་དམ་དོན་གནང་གལ། ཐེངས་འདིའི་ཚོགས་ཆུང་གི་ཞིབ་འཇུག་ལས་རིམ་ནང་སྨན་རྩིས་ཁང་གི་འགན་འཛིན་གསར་རྙིང་གིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ལ་འདྲི་ཞིབ་སྐབས་དང་།  དེ་བཞིན་ཞིབ་འཇུག་ལས་དོན་དང་འབྲེལ་བའི་ཡིག་ཆ་མིག་སྟོན་བྱ་རྒྱུའི་མཚོན་གང་ཅིའི་མཐུན་འགྱུར་དམ་ཟབ་གནང་བྱུང་བར་ཚོགས་ཆུང་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འཛིན་སྐྱོང་ལས་དོན་དང་འབྲེལ་བའི་སྐྱོན་གནས་ཆུང་ཙག་རིགས་སྙན་ཐོར་བཀོད་རྒྱུར་ཡིག་རྫོབ་ཆེ་རྒྱུར་སོང་འབྲེལ་ཡོད་སོ་སོར་ཡོ་བསྲང་ལམ་སྟོན་ཡང་ཞུས་ཡོད་པ་བཅས།

 

སྨན་རྩིས་ཁང་གི་ལས་དོན་བསྐྱར་ཞིབ་ཚོགས་ཆུང་ནས་ ༢༠༡༠ ཟླ་ ༡༠ ཚེས་ ༧ ལ་ཕུལ།།

༡། ཚོགས་གཙོ། དཔལ་འབྱོར་དྲུང་ཟུར་ཚེ་རིང་བཀྲ་ཤིས་ཕུ་རི།

༢། ཚོགས་མི། ཝར་ན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བློ་བཟང་བསྟན་འཛིན།

༣། ཚོགས་མི། སྨན་པ་ཐོགས་མེད།

༤། ཚོགས་མི། འཕྲོད་བསྟེན་དྲུང་འཕར་སྟོབས་རྒྱལ་ཚེ་རིང་།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།