སྨན་རྩིས་དྲ་བ། - ཆེད་རྩོམ།

ཕྱི་རྒྱུད་སྡོང་འགྲེམས་ཡོངས་འདུས་དབང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2015
ཆེད་རྩོམ། >>



ཕྱི་མ་ཕྲིན་ལས་རྒྱུད་ཀྱི་སྡོང་འགྲེམས་ཡོངས་འདུས་དབང་པོ་ཞེས་བྱ་བ་བཞུགས་སོ།།

- གསོ་རིག་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན།

 


ཨོཾ་ཨཐཿ

ཚད་མེད་ཐུགས་རྗེའི་རྩ་བ་ལས།།

མཁྱེན་པའི་ཡལ་འདབ་འབུམ་གྲོལ་ཞིང་།།

མཛད་པའི་འབྲས་བཟང་ཡོངས་སྨིན་པ།།

བཤེས་གཉེན་ཡོངས་འདུའི་དབང་པོ་རྒྱལ།།


ཚིགས་ཚོགས་ལོ་མ་མི་བསྟུག་ཅིང་།།

རྒྱུད་དོན་འོ་མའི་བཅུད་འཛིན་པའི།།

ལེགས་བཤད་ལྗོན་བཟང་འདི་ན་སྣང་།།

བློ་ལྡན་གང་དག་བསྙེན་པར་མཛོད།།


དེ་ཡང་ཇི་སྐད་དུ། དང་པོ་སྣོད་ཀྱི་འཇིག་རྟེན་ཆགས། །བཅུད་ཀྱི་སེམས་ཅན་བདེ་བའི་ཕྱིར། །དང་པོ་གསོ་བ་རིག་པ་བྱོན། །ཞེས་གསུངས་པ་བཞིན་འཛམ་བུ་གླིང་འདིར་འགྲོ་བ་སོ་སོའི་ལེགས་བྱས་ཀྱིས་འཚོ་བར་བྱེད་པའི་རིག་པ་ཇི་སྙེད་ཅིག་དར་ཞིང་དེ་དག་གི་དོན་དུ་མི་ནུབ་པར་གནས་པ་མཐའ་དག་གི་དགོངས་པའི་ཆུ་ཀླུང་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ནི་རང་ཅག་གངས་ཅན་པའི་གསོ་བ་རིག་པའི་སྙིང་པོ་དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ཅིང་། དེང་འདིར་གང་གླེང་བར་བྱ་བ་ནི་ཡོངས་གཏད་ལས། ཕྱི་མ་ཕྲིན་ལས་རྒྱུད་འདི་ཕ་ལམ་འདྲ། །ནད་ཀྱིས་སྟེང་དུ་ཐོགས་པ་ཡོད་མ་ཡིན། །ཅེས་བསྔགས་པ་དོན་དང་ལྡན་ཞིང་རྒྱུད་གཞན་གྱི་ལག་ལེན་མན་ངག་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ནས་རྒྱས་བསྡུས་འཚམས་པར་སྟོན་པ་རྒྱུད་ཕྱི་མ་ཉིད་ཡིན་ནོ། །འདི་ལ་སྔོན་བྱོན་མཁས་པ་དུ་མས་སྤྱི་དོན་དང་། བསྡུས་དོན། ཚིག་དོན་མཐའ་དཔྱོད་སོགས་མཐའ་ཡས་པ་བཞུགས་པ་ལས་དེ་དག་གི་རྗེས་སུ་འབྲང་སྟེ་ལས་དང་པོ་པ་རྣམས་འཇུག་པ་བདེ་བའི་ཆེད་དུ་རྒྱུད་ཀྱི་དགོངས་དོན་དཔག་བསམ་ལྗོན་ཤིང་གི་གཟུགས་སུ་བཀོད་དེ་སྡོང་འགྲེམས་ཀྱི་ཚུལ་དུ་འཆད་པ་ལ།

          ཐོག་མར་རྩ་བས་གཞི་འཛིན་ས་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་རྩ་བ། དེ་ལས་གྱེས་པའི་སྡོང་པོ་ནི། བརྟག་པ་རྩ་ཆུའི་མདོའི་སྡོང་པོ། ཞི་བྱེད་སྨན་གྱི་མདོའི་སྡོང་པོ། སྦྱོང་བྱེད་ལས་ཀྱི་མདོའི་སྡོང་པོ། འཇམ་རྩུབ་དཔྱད་ཀྱི་མདོའི་སྡོང་པོ་སྟེ་སྡོང་པོ་བཞི་རུ་དོན་དྲིལ་བའོ།།

          དེ་ལས་གྱེས་པའི་ཡལ་ག་ལ། དང་པོ་བརྟག་པ་རྩ་ཆུའི་མདོའི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། རེག་པ་རྩའི་ཡལ་ག མཐོང་བ་ཆུའི་ཡལ་ག་སྟེ་ཡལ་ག་གཉིས་དང་། གཉིས་པ་ཞི་བྱེད་སྨན་གྱི་མདོའི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། ཐང་སྦྱོར་གྱི་ཡལ་ག ཕྱེ་མའི་ཡལ་ག རིལ་བུའི་ཡལ་ག ལྡེ་གུའི་ཡལ་ག སྨན་མར་གྱི་ཡལ་ག ཐལ་སྨན་གྱི་ཡལ་ག ཁཎྜའི་ཡལ་ག སྨན་ཆང་གི་ཡལ་ག རིན་པོ་ཆེའི་སྦྱོར་བའི་ཡལ་ག སྔོ་སྦྱོར་གྱི་ཡལ་ག་སྟེ་ཡལ་ག་བཅུ་དང་། གསུམ་པ་སྦྱོང་བྱེད་ལས་ཀྱི་མདོའི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། སྔོན་འགྲོ་སྣུམ་འཆོས་ཀྱི་ཡལ་ག དངོས་གཞི་བཤལ་གྱི་ཡལ་ག སྐྱུགས་ཀྱི་ཡལ་ག སྣ་སྨན་གྱི་ཡལ་ག འཇམ་རྩིའི་ཡལ་ག ནི་རུ་ཧའི་ཡལ་ག ལོག་གནོན་རྩ་སྦྱོང་གི་ཡལ་ག་སྟེ་ཡལ་ག་བདུན་དང་། བཞི་པ་འཇམ་རྩུབ་དཔྱད་ཀྱི་མདོའི་སྡོང་པོ་ལས་གྱེས་པའི་ཡལ་ག་ནི། གཏར་གའི་ཡལ་ག མེ་བཙའི་ཡལ་ག དུགས་ཀྱི་ཡལ་ག ལུམས་ཀྱི་ཡལ་ག བྱུག་པའི་ཡལ་ག ལོག་གནོན་ཐུར་མའི་ཡལ་ག་སྟེ་ཡལ་ག་དྲུག་དང་བཅས་བསྡོམས་པས་ཡལ་ག་ཉེར་ལྔས་བྱེ་བྲག་ཕྱེས་པའོ།།

          ཡལ་ག་དེ་དག་ལས་གྱེས་པའི་ལོ་མ་ལ།

དང་པོ་བརྟག་པ་རྩ་ཆུའི་མདོའི་སྡོང་པོའི་རེག་པ་རྩའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྔོན་འགྲོ་ཟས་སྤྱོད་བསླབ་ཅིང་། རྩ་བལྟ་བའི་དུས། བལྟ་བའི་གནས། ཇི་ཙམ་མནན་པའི་ཚད། ཇི་ལྟར་བལྟ་བའི་ཚུལ་ཏེ་སྔོན་འགྲོ་ལྔའི་ལོ་མ། ཐ་མལ་རྟེན་གྱི་རྩ་རྒྱུད་གསུམ་གྱི་ལོ་མ། དུས་དོན་ཁམས་དང་སྦྱར་བ་དང་སྐོར་འགོ་དགྲ་གྲོགས་བརྩི་བའི་ལོ་མ། ངོ་མཚར་རྩ་བདུན་བརྟག་པའི་ལོ་མ། ནད་མེད་ཐ་མལ་གྱི་རྩའི་ལོ་མ། སྤྱི་དང་བྱེ་བྲག་རྩས་ནད་ངོས་བཟུང་བའི་ལོ་མ། འཆི་རྩ་གསུམ་གྱིས་འཚོ་འཆི་ཁ་དམར་གདག་པའི་ལོ་མ། གདོན་རྩ་བརྟག་ཤིང་རིམ་གྲོ་འབོག་པའི་ལོ་མ། ཚེ་རྟགས་བླ་རྩར་བརྟག་པའི་ལོ་མ་སྟེ་དངོས་གཞི་བརྒྱད་ལ་ལོ་མ་བརྒྱད་དེ་རེག་པ་རྩ་བརྟག་པར་ལོ་མ་དགུ་དང་།

          རྩ་བལྟ་བའི་ལག་ལེན་ནི། རྩ་བལྟ་བའི་སྔ་རོལ་ནས་དྲོད་བཅུད་ཆེ་བའི་ཟས་སྤང་བ་སོགས་ཟས་སྤྱོད་ལ་བསླབ་པའི་ལག་ལེན་དང་། མཁའ་ལ་ཉི་མ་ཤར་ཞིང་ཀླུང་ལ་མ་ཕེབས་པར་བརྟག་པ་སོགས་བལྟ་དུས་དང་། མཁྲིག་མའི་རུས་འབུར་ལྡེབས་སུ་བལྟ་བ་སོགས་བལྟ་གནས་དང་། ཚོན་གྱིས་པགས་པ་ནོན་ཙམ་སོགས་མནན་ཚད་དང་། ཕོ་རྩ་གཡོན་དང་མོ་རྩ་གཡས་སུ་བལྟ་བ་སོགས་བལྟ་ཚུལ་གྱི་ལག་ལེན་ཏེ་སྔོན་འགྲོ་ལྔ་པོར་ལག་ལེན་རེ་རེ་ཡོད་པའི་ལོ་མ། སྦོམ་ལ་རགས་པ་ཕོ་རྩར་བཟུང་བ་དང་། ཕྲ་ལ་མྱུར་བ་མོ་རྩ། འཇམ་ལ་མཉེན་པ་བྱང་ཆུབ་སེམས་རྩར་བཟུང་བ་སྟེ་རྟེན་གྱི་རྩ་རྒྱུད་གསུམ་པོ་ཐོག་མར་ངེས་པར་ལག་ལེན་རེ་རེ་ཡོད་པའི་ལོ་མ། ཕྱིའི་དཔྱིད་ཤིང་རྩི་ཁ་འབུས་དུས་ནང་གི་ཤིང་ཁམས་མཆིན་རྩ་རྒྱུ་བ་སོགས་དུས་དོན་ཁམས་དང་སྦྱར་བ་དང་། ཤིང་མེ་མ་བུ་བསྐོར་བ་སོགས་སྐོར་འགོ་དགྲ་གྲོགས་བརྩི་བར་ལག་ལེན་རེ་རེ་ཡོད་པའི་ལོ་མ། རྩ་རྒྱུད་བྱིངས་འཐིབ་ཁྱིམ་དུ་མི་གཙང་བ་འོང་བ་སོགས་ཁྱིམ་ཕྱྭ་བརྟག་པ་དང་། གཞིས་པ་གང་བརྩེའི་མཆིན་རྩ་དྲག་ན་མགྲོན་པོ་གཞིས་ལ་ཡོད་པ་སོགས་མགྲོན་ཕྱྭ་བརྟག་པ། གློ་རྩ་དྲག་ན་དགྲ་བོར་ཕར་རྒོལ་ཐུབ་པ་སོགས་དགྲ་ཕྱྭ་བརྟག་པ། ནོར་བདག་གི་མཆིན་རྩ་དྲག་ན་ནོར་འཕེལ་བ་སོགས་གྲོགས་ཕྱྭ་བརྟག་པ། ཤིང་རྩ་གཉན་དང་རྒྱལ་པོས་བཟུང་བ་སོགས་གདོན་ཕྱྭ་བརྟག་པ། ཕ་ན་བར་བུར་བརྟག་པ་སོགས་མེ་ཆུ་གོ་ལྡོག་སྟེ་བརྟག་པ། སྦྲུམ་མའི་མཁལ་རྩ་གཡས་པ་དྲག་ན་བུ་ཕོར་སྐྱེ་བ་སོགས་བུ་རྩ་བརྟག་པའི་ལག་ལེན་གྱི་ལོ་མ་སྟེ་ངོ་མཚར་རྩ་བདུན་པོར་ལག་ལེན་རེ་རེ་ཡོད་པའི་ལོ་མ། སྨན་པའི་ཕྱི་ནང་དབུགས་ཀྱི་རྒྱུ་བ་རེར་མུ་ཏིག་གི་ཕྲེང་བ་ལྟར་ལན་ལྔ་རེ་འཕར་བ་སོགས་ནད་མེད་རྒྱུན་རྩ་བརྟག་པའི་ལག་ལེན་གྱི་ལོ་མ། ཚ་གྲང་ལ་ཤན་དབྱེ་བ་སོགས་སྤྱི་རྩ་དྲུག་དང་། རྩ་རྒྱུད་སོ་སོས་ནད་རིགས་གང་ཡིན་དབྱེ་བ་དང་། རྒྱུ་བ་བཅུ་གཉིས་ཀྱི་ལུས་ཀྱི་སྟོད་སྨད་དོན་སྣོད་སོགས་བྱེ་བྲག་གང་དུ་བབས་པ་བརྟག་པ་སྟེ་ནད་ངོས་བཟུང་བ་གསུམ་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ།

          དར་ལྕེ་རླུང་བསྐྱོད་སོགས་རྩ་རྒྱུད་འགྱུར་བ་དང་། ཕྱི་ལྕེ་ནག་འབུར་ཚུགས་བལྟ་བས་ནང་སྙིང་རྩ་མ་ཚང་བར་བརྟག་པ་སོགས་མ་ཚང་བ་དང་། གྲངས་དུས་ངེས་པ་ཅན་དུ་སྡོད་པ་སོགས་སྡོད་པ་སྟེ་འཆི་རྩ་བརྟག་པ་གསུམ་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། སྙིང་རྩ་འགྱུར་ལྡོག་མང་ཞིང་རྩ་རྒྱུད་མི་སྙོམས་ན་ལྷ་སྲུང་དང་རྒྱལ་པོར་བརྟག་པ་སོགས་གདོན་ངོས་བཟུང་བ་དང་། དེ་ལྟར་ངོས་ཟིན་ནས་རིམ་གྲོ་འབོག་པར་ལག་ལེན་རེ་རེ་ཡོད་པའི་ལོ་མ། བླ་རྩ་རང་མལ་དུ་གནས་ཤིང་རྒྱུ་ན་བླ་ཚེ་གནས་པ་སོགས་ཚེ་རྟགས་བླ་རྩར་བརྟག་པའི་ལག་ལེན་གྱི་ལོ་མ་སྟེ་རྩའི་ལག་ལེན་ཉེར་བདུན་ལ་ལོ་མ་དགུ་བཅས་ལོ་འདབ་བཅོ་བརྒྱད་དོ།།

          གཉིས་པ་མཐོང་བ་ཆུའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཆུའི་སྔོན་འགྲོ་ཟས་སྤྱོད་སྤང་བླང་ལ་བསླབ་པ་དང་། ཆུ་ལ་བལྟ་བའི་དུས་དང་། ཆུ་གང་དུ་བརྟག་སའི་སྣོད་ཀྱི་ཁྱད་པར་བསྟན་པ་དང་། ཆུར་གྱུར་ཚུལ་ཏེ་ཆུའི་སྔོན་འགྲོ་བཞིའི་ལོ་མ། ནད་མེད་ཐ་མལ་གྱི་ཆུའི་ལོ་མ། ནད་ཆུ་སྤྱིར་བལྟ་དུས་གསུམ་བརྟག་ཚུལ་དགུ་དང་། བྱེ་བྲག་ཚ་ཆུ་གྲང་ཆུ་གཉིས་སུ་བསྡུ་བའི་ལོ་མ། འཆི་ཆུའི་ལོ་མ། གདོན་ཆུའི་ལོ་མ་བཅས་ལོ་མ་ལྔ་དང་།

          ཆུའི་ལག་ལེན་ནི། སང་ཆུ་བལྟ་བའི་ནུབ་མོ་ནས་ཇ་དར་སོགས་ཆུ་མདོག་འགྱུར་བའི་ཟས་སྤྱོད་སྤང་བའི་ལག་ལེན་དང་། ཞོགས་པ་སྣོད་ལ་ཉི་མདངས་བྱུང་དུས་བལྟ་བ་སོགས་བལྟ་དུས་དང་། དཀར་ཡོལ་སོགས་ཆུ་མདོག་མི་བསྒྱུར་བའི་སྣོད་དུ་བལྟ་བ་སོགས་སྣོད་ཀྱི་ཁྱད་པར་དང་། གྱུར་ཚུལ་ཤེས་པས་ལུས་ཀྱི་ཚ་གྲང་སོགས་ཆུས་སྟོན་པ་རྟོགས་ནས་ཆུ་ལ་བལྟ་བ་རྣམས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། ཁ་དོག་འབྲི་མར་བཞུས་པ་ལྟ་བུ་སོགས་ཐ་མལ་ནད་མེད་ཀྱི་ཆུ་བལྟ་བའི་ལག་ལེན་གྱི་ལོ་མ། ཆུ་བཏང་མ་ཐག་ཚན་དེ་དང་། ཅུང་ཟད་གྲང་བ་ངད་ཡལ་དང་། ཤིན་ཏུ་གྲང་བའི་དུས་བཅས་སུ་བལྟ་བ་རྣམས་ལ་ལག་ལེན་རེ་རེ་ལྡན་པའི་ལོ་མ། ཚན་དེའི་དུས་སུའང་ལུ་མའི་ཆུ་ལྟར་སྔོ་ལ་སླ་བ་རླུང་ནད་ཡིན་པ་སོགས་ཁ་དོག་ལ་བརྟག་པ། རླངས་པ་རྒྱས་ན་ཚ་བ་རྒྱས་པ་སོགས་རླངས་པར་བརྟག་པ་དང་། དྲི་མ་དུགས་ན་ཚ་བ་ཆེ་བ་སོགས་དྲི་མར་བརྟག་པ། ཕྲ་ཞིང་སེར་བ་སངས་སྐྱེན་པ་མཁྲིས་པར་བཟུང་བ་སོགས་ལྦུ་བར་བརྟག་པ་བཅས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། སྤུ་དང་འདྲ་བ་རླུང་ལ་བརྟག་པ་སོགས་ཀུ་ཡ་དང་། སྲབ་ན་གྲང་བར་བཟུང་བ་སོགས་སྤྲིས་མར་བརྟག་པ་སྟེ་ངད་ཡལ་དུས་ཀྱི་བརྟག་ཚུལ་གཉིས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། རིམ་བཞིན་གྲང་མོར་འགྱུར་བའི་རིང་ལ་རླངས་པ་མ་ཡལ་སྔོན་ནས་ཆུའི་ཁ་དོག་སྔར་ལས་ལྡོག་པ་ཚ་བར་བཟུང་བ་སོགས་ལྡོག་དུས་ལ་བརྟག་པ་དང་། ཆུ་གང་སྲབ་པའི་མཐའ་ནས་ལྡོག་པ་གྲང་བར་བཟུང་བ་སོགས་ལྡོག་ཚུལ་དང་། སྐ་ན་ཚ་བ་ཡིན་པ་སོགས་ལོག་རྗེས་ལ་བརྟག་པ་སྟེ་གྲང་དུས་ཀྱི་བལྟ་ཚུལ་གསུམ་ལ་ལག་ལེན་རེ་ཡོད་པའི་ལོ་མ། ཁ་དོག་དམར་སེར་སོགས་ཚ་ཆུ་དང་། དཀར་སྔོ་སོགས་གྲང་བར་བཟུང་བ་སྟེ་བྱེ་བྲག་མདོར་བསྡུས་བརྟག་པ་གཉིས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། ཆུ་མདོག་ཁྲག་འདྲ་ཀོ་རུལ་མནམ་ཞིང་བཅོས་ཀྱང་འགྱུར་བ་མེད་པ་ཚ་བའི་འཆི་ཆུར་བཟུང་བ་སོགས་འཆི་ཆུ་བརྟག་པའི་ལག་ལེན་གྱི་ལོ་མ། ཆུ་ལ་རུས་སྦལ་ཁོག་རྩིས་སོགས་གདོན་ཆུ་བརྟག་པའི་ལག་ལེན་གྱི་ལོ་མ་སྟེ་ཆུའི་ལག་ལེན་ལ་ལོ་མ་དགུ་བཅས་མཐོང་བ་མེ་ལོང་ཆུ་ལ་ལོ་འདབ་བཅུ་བདུན་དང་། གལ་འགག་བཞི་དང་། གསོ་ཚུལ་གསུམ་རྣམ་བཤད་རྒྱུད་དང་མན་ངག་རྒྱུད་སོ་སོར་བསྟན་ཟིན་པས་འདིར་ལོ་མའི་རྣམ་བཞག་གི་སྤྲོས་པ་བྱེད་པའི་ཕྱག་ལེན་མེད་པས་སྡོང་པོ་དང་པོར་ནང་གསེས་བཞི་བརྒྱ་དང་། ལོ་འདབ་སོ་གཉིས་སུ་གནས་པ་ཡིན་ནོ།།

          གཉིས་པ་ཞི་བྱེད་སྨན་གྱི་མདོའི་སྡོང་པོའི་དང་པོ་ཐང་གི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མི་ཐོད་གསུམ་ཐང་སོགས་གནས་ཀྱི་ཚ་སེལ་བཅོ་བརྒྱད་ཀྱི་ལོ་མ། འབྲས་བུ་གསུམ་ཐང་སོགས་རིགས་ཀྱི་ཚ་སེལ་བརྒྱད་ཀྱི་ལོ་མ། འབྲས་དཀྲུས་གསུམ་ཐང་སོགས་ཁ་ཐོར་ཚ་སེལ་བཅུ་གཅིག་གི་ལོ་མ། ཨ་རུའི་ཆིག་ཐང་སོགས་ཚ་སེལ་ཆིག་ཐང་བཅུ་བདུན་གྱི་ལོ་མ་བཅས་ནང་གསེས་ཚ་སེལ་ང་བཞིར་ལོ་མ་བཞི་དང་། གྲང་སེལ་རྒྱམ་ཚྭ་གསུམ་ཐང་སོགས་བཅུ་གཉིས་ཀྱི་ལོ་མ། ཁ་རུ་ཚྭའི་ཆིག་ཐང་སོགས་ཆིག་ཐང་བཅུ་གཅིག་གི་ལོ་མ་བཅས་ནང་གསེས་གྲང་སེལ་སོ་གཉིས་ལ་ལོ་མ་གཉིས་བཅས་ཐང་སྦྱོར་ནང་གསེས་དོན་བདུན་ལ་ལོ་མ་དྲུག་གི་ལག་ལེན་ནི། ཐང་སྦྱོར་གང་ཡང་ཁུ་བ་སུམ་གཉིས་གདུ་བ་གདུས་ཐང་། ཁུ་བ་ཐོན་པ་སྦང་པ་གྲུང་ཐང་གཉིས་ལ་ལག་ལེན་རེ་རེའི་ལོ་མ། ཚ་སེལ་གྱི་ཐང་རྣམས་གྲང་མོ་བཏང་བ་དང་། གྲང་སེལ་རྣམས་ཚན་མོ་བཏང་བ། དེ་བཞིན་ཚ་གྲང་ལྡན་པའི་ཐང་རྣམས་དྲོད་འཇམ་དུ་གཏོང་བ་སྟེ། གཏོང་ཚུལ་གསུམ་ལ་ལག་ལེན་རེ་རེ་སྟེ་ཐང་གི་ལག་ལེན་ལྔ་ལ་ལོ་མ་གཉིས་བཅས་ཐང་ལ་ལོ་མ་བརྒྱད་དོ།།

          གཉིས་པ་ཕྱེ་མའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་སེལ་ག་པུར་རྒྱལ་པོའི་སྦྱོར་བ་ལ་མི་རྒོད་ལྟ་བུ་རྐྱང་རྒྱུག་ག་པུར་ཅུ་གང་ཆུ་ལ་སྦྱངས་པའི་སྦྱོར་བ་གཅིག་གི་ལོ་མ། དཔའ་བོ་ལྟ་བུ་མཚོན་ཆ་བསྐུར་བ་འཁྲུགས་ལ་ཙན་དན་དང་རིམས་ལ་བོང་དཀར་བསྣན་པའི་སྦྱོར་བ་གཉིས་ཀྱི་ལོ་མ། བཙུན་མོ་ལྟ་བུ་འཇམ་པོར་སྡེབས་པ་གུར་ཀུམ་དང་གི་ཝང་སོགས་བསྣན་པའི་སྦྱོར་བ་བཞིའི་ལོ་མ། སྐྱེལ་མ་ལྟ་བུ་དགྲ་ཟུན་སྦྲག་པ་ཆང་དང་སྦྱར་བའི་སྦྱོར་བ་གཅིག་གི་ལོ་མ། དམག་དཔོན་ལྟ་བུ་འཁོར་གྱིས་སྐོར་བ་བདུན་དགུ་བཅུ་བཞི་སྦྱོར་བ་གསུམ་གྱི་ལོ་མ། རྒྱལ་པོ་ལྟ་བུ་ཚོགས་སུ་འདོན་པ་ཉེར་ལྔའི་སྦྱོར་བ་ཁ་བསྒྱུར་ཅན་གཉིས་ཀྱི་ལོ་མ་སྟེ་དྲུག་དང་། བློན་པོ་གུར་ཀུམ་བདུན་པའི་སྦྱོར་བ་སྙིང་ཚད་སེལ་བ་སོགས་ཁ་བསྒྱུར་ཅན་བཅུ་བཞིའི་ལོ་མ། ཚ་བ་འབྲིང་སེལ་བར་གུར་ཀུམ་བདུན་པར་ཙན་དན་བསྣན་པས་ཙན་དན་བརྒྱད་སྦྱོར་བཅུ་བཞིའི་ལོ་མ། ཚ་བ་རབ་སེལ་བར་དེའི་སྟེང་ག་པུར་བསྣན་པས་ག་པུར་དགུ་པའི་སྦྱོར་བ་བཅུ་བཞིའི་ལོ་མ་སྟེ་གསུམ་དང་། རྗེའུ་གཙོ་བོ་བརྒྱད་པའི་སྦྱོར་བ་ལ་ཚ་སྟོབས་ཆེ་ན་དེ་སྟེང་ག་པུར་བསྣན་པ་སོགས་ཁ་བསྒྱུར་བཅུ་ཡོད་པའི་ལོ་མ་གཅིག་དང་། སྣ་ཚོགས་ཁ་ཐོར་དམངས་ཀྱི་སྦྱོར་བ་ལ་ཨ་གར་བརྒྱད་པ་སོགས་སྦྱོར་སྡེ་སོ་གཅིག་གི་ལོ་མ་གཅིག་བཅས་ཚ་སེལ་ནང་གསེས་གོ་དྲུག་ལ་ལོ་མ་བཅུ་གཅིག་དང་།

          གྲང་སེལ་རྒྱལ་པོ་སེའུ་འབྲུའི་སྦྱོར་བ་ལ་སེ་འབྲུ་གསུམ་པ་སོགས་སྦྱོར་བ་བདུན་གྱི་ལོ་མ། སེ་འབྲུ་བརྒྱད་པར་སྒ་དང་ཛཱ་ཏི་སོགས་ཁ་བསྒྱུར་བཅུ་བཞི་ཡོད་པའི་ལོ་མ། སེ་འབྲུའི་ཅུར་ནིས་གཅིག་གི་ལོ་མ། སེ་འབྲུ་བཞི་པར་ད་ཏྲིག་སོགས་ཀྱི་ཁ་བསྒྱུར་སེ་འབྲུ་བརྒྱད་པའི་སྦྱོར་བ་ལྔའི་ལོ་མ། སེ་འབྲུ་དགུ་པའི་ལོ་མ། སེ་འབྲུ་བཅུ་པའི་ལོ་མ། སེ་འབྲུའི་ཕྱེ་མའམ་ཅུར་ནིས་ཀྱི་ལོ་མ། གྲང་སེལ་རྒྱལ་པོ་སེ་འབྲུའི་སྦྱོར་བ་ཀུན་གྱི་ཡོན་ཏན་བསྟན་པའི་ལོ་མ་གཅིག་སྟེ་བརྒྱད་དང་། བློན་པོ་དྭ་ལིས་སྦྱོར་བ་ལ། དྭ་ལི་དྲུག་པའི་སྦྱོར་བ་གཅིག་གི་ལོ་མ། དེ་ལ་ཟི་ར་བསྣན་པ་སོགས་ཁ་བསྒྱུར་དྭ་ལི་བདུན་པའི་སྦྱོར་བ་ལྔའི་ལོ་མ། ད་ལི་བདུན་པའི་སྦྱོར་བ་གཅིག་གི་ལོ་མ། དྭ་ལི་བརྒྱད་པའི་སྦྱོར་བ་དྲུག་གི་ལོ་མ། དྭ་ལིའི་ཅུར་ནིས་གཅིག་གི་ལོ་མ་སྟེ་ལྔ་དང་། རྗེའུ་རྒོད་མ་ཁའི་སྦྱོར་བ་ལ་ཀརྰཉྫ་དྲུག་པར་རྒྱམ་ཚྭ་སོགས་ཁ་བསྒྱུར་བདུན་གྱི་ལོ་མ་གཅིག་དང་། སྣ་ཚོགས་ཁ་ཐོར་དམངས་ཀྱི་སྦྱོར་བ་ལ་སུག་སྨེལ་བདུན་པ་སོགས་སྦྱོར་སྡེ་བཅོ་བརྒྱད་ཀྱི་ལོ་མ་གཅིག་སྟེ་གྲང་སེལ་ནང་གསེས་རེ་དགུ་ལ་ལོ་མ་བཅོ་ལྔ་བཅས་ནང་གསེས་བརྒྱ་དང་རེ་ལྔའི་ལོ་མ་ཉེར་དྲུག་གོ།

          ཕྱེ་མའི་ལག་ལེན་ནི། ཚད་མེད་ཆ་སྙོམ་གཙོ་བོར་ཐུན་ཚད་བསྐྱེད་པ་དང་། ཚད་བཤད་ཚད་བཞིན་སྦྱར་བར་ལག་ལེན་རེ་རེ་ཡོད་པའི་ལོ་མ། རྭ་རྣམས་གང་གཏོང་རྩི་ཧྲོག་བསྲེག་པ་དང་། རྭ་ཤིང་སོགས་གང་སྲ་བའི་སྨན་རྣམས་སྔོན་དུ་བརྡུང་བ་དང་། རླན་དང་སྣུམ་ལྡན་རྣམས་རྗེས་ནས་བརྡུང་བ་དང་། སྤྱིར་སྨན་ནུས་བསྐྱེད་སླད་རྩི་བཞིན་འཐག་པ་སྟེ་འཐག་ཚུལ་བཞི་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། ཚ་སེལ་ཀ་ར་དྲུག་འགྱུར་དང་། གྲང་སེལ་བུ་རམ་བཞི་འགྱུར་སྦྱར་བ་སྟེ་སྨན་རྟ་གཉིས་ལ་ལག་ལེན་རེ་ཡོད་པའི་ལོ་མ། ལག་ལེན་ཁོངས་སུ་མི་བགྲང་བ་ཕྱེ་མའི་མིང་གི་རྣམ་གྲངས་ཀྱི་ལོ་མ། ཚ་སེལ་ཐམས་ཅད་ཁོལ་གྲང་དང་། གྲང་སེལ་ཐམས་ཅད་ཆུ་ཁོལ་གྱིས་འཕུལ་བ་སྟེ་འཕུལ་བྱེད་གཉིས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། ཟས་ཞུ་སྨན་གཏོང་སོགས་གཏོང་དུས་ཀྱི་ལག་ལེན་གྱི་ལོ་མ་སྟེ་ལག་ལེན་བཅུ་གཅིག་ལ་ལོ་མ་ལྔ་བཅས་ཕྱེ་མ་ཀུན་ལ་ལོ་འདབ་སོ་གཉིས་སོ།།

          གསུམ་པ་རིལ་བུའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་སེལ་གཞན་དུ་ཞལ་འཕངས་པའི་ལོ་མ། གྲང་སེལ་ཁྱུང་ལྔའི་སྦྱོར་ཚད་ཕན་ཡོན་དང་བཅས་པའི་ལོ་མ། དེ་ལ་ཛཱ་ཏི་བསྣན་པ་སོགས་ཁ་བསྒྱུར་བརྒྱད་ཀྱི་ལོ་མ། ཐུན་གསུམ་རིལ་བུ་སོགས་ཁ་ཐོར་སྦྱོར་བ་བཅུ་གསུམ་གྱི་ལོ་མ་སྟེ་གྲང་སེལ་ལོ་མ་གསུམ་བཅས་རིལ་བུའི་ནང་གསེས་ཉེར་གཉིས་ལ་ལོ་འདབ་བཞིའོ།།

          རིལ་བུའི་ལག་ལེན་ནི། སླ་དུས་སྔོ་ཞིང་གར་དུས་སེར་བ་སོགས་མ་ཞིབ་པ་སྤངས་པ་དང་། གར་སླ་གང་ཡང་མདོག་མི་འགྱུར་བ་ཞིབ་རྟགས་ཡིན་པས་དེ་ཉིད་མ་བྱུང་བར་འཐག་པ་སྟེ་འཐག་ལུགས་གཉིས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། དུག་གི་གཙོས་བྱས་སྲན་མ་ཙམ་དང་། གཞན་རྣམས་རིལ་མ་ཙམ་ནས་སེར་བ་རུས་ཙམ་བར་བྱས་པ་བསྒྲིལ་སྟངས་གཉིས་ལ་ལག་ལེན་རེ་ཡོད་པའི་ལོ་མ། ཆུང་བ་མིད་ལ་ཆེ་བ་མུར་བ་སྟེ་གཏོང་ལུགས་ལག་ལེན་གྱི་ལོ་མ་སྟེ་ལག་ལེན་ལྔ་ལ་ལོ་མ་གསུམ་བཅས་རིལ་བུར་ལོ་འདབ་བརྒྱད་དོ།།

          བཞི་པ་ལྡེ་གུའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་སེལ་ལྕགས་ཕྱེ་བརྒྱད་པའི་ལྡེ་གུ་སོགས་བཅོ་ལྔའི་ལོ་མ། ཆ་བསྐྱེད་རིལ་བུ་སོགས་གྲང་སེལ་ལྔའི་ལོ་མ་སྟེ་ལྡེ་གུར་ནང་གསེས་ཉི་ཤུར་ལོ་འདབ་གཉིས་སོ།།

          ལྡེ་གུའི་ལག་ལེན་ནི། སྦྲང་བུར་ཆུ་བཅད་དེ་མར་གྱི་ལྦུ་སྙིགས་ཕྱུང་བར་སྨན་ཕྱེ་གདབ་སྟེ་འདྲེས་པར་དཀྲུགས་པ་སོགས་སྦྱར་ལུགས་གཅིག་གི་ལོ་མ། འཇུ་བའི་ཚོད་དང་སྦྱར་ཏེ་ཁྱེའུ་སུས་བསྟེན་པ་གཏོང་ལུགས་གཅིག་གི་ལོ་མ་སྟེ་ལག་ལེན་གཉིས་ལ་ལོ་མ་གཉིས་བཅས་ལྡེ་གུར་ལོ་འདབ་བཞིའོ།།

          ལྔ་པ་སྨན་མར་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་སེལ་ཏིག་ཏ་རབ་འབྲིང་ཐ་མའི་སྦྱོར་བ་བཞིའི་ལོ་མ། གསལ་བྱེད་དགུ་པའི་སྨན་མར་སོགས་ཁ་ཐོར་བཅུའི་ལོ་མ་སྟེ་ཚ་སེལ་གཉིས་དང་། འབྲས་གསུམ་སྨན་མར་སོགས་གྲང་སེལ་དགུའི་ལོ་མ་གཅིག་སྟེ་སྨན་མར་ནང་གསེས་ཉེར་གསུམ་ལ་ལོ་མ་གསུམ་མོ།།

          སྨན་མར་གྱི་ལག་ལེན་ནི། སྨན་གང་ཡང་ཚོས་པར་བཙོས་ཏེ་ཁུ་བ་བཏོན་ཅིང་འོ་མར་གདུ་བ་སོགས་སྦྱོར་ལུགས་ཀྱི་ལག་ལེན་གྱི་ལོ་མ། ཐོ་རངས་ཁམ་རེ་གཏོང་བ་གཏོང་ལུགས་ལག་ལེན་གྱི་ལོ་མ་སྟེ། ལག་ལེན་གཉིས་ལ་ལོ་འདབ་གཉིས་བཅས་སྨན་མར་ལ་ལོ་འདབ་ལྔའོ།།

 

          དྲུག་པ་ཞི་བྱེད་སྡེ་ཚན་ལྔའི་ནང་དུ་མ་འདུས་པ་གྲང་བའི་གཉེན་པོ་ཐལ་སྨན་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྤྱིར་ཐལ་སྨན་རྣོ་འཇམ་བར་མ་གསུམ་གྱི་སྦྱོར་བ་རང་གྲོགས་རླུང་མཁྲིས་བད་ཀན་གྱི་ནད་གཞིར་སྦྱར་བའི་ལོ་མ། བྱེ་བྲག་གཅོང་ཞི་འཕྲུལ་ཐལ་ཆུང་འབྲིང་ཆེན་པོ་གསུམ་གྱི་སྦྱར་བའི་ལོ་མ། ཁ་ཐོར་གྱི་སྦྱོར་བ་ལ་ཚྭ་བསྲེགས་ཀྱི་སྦྱོར་བའི་ལོ་མ། ག་བུར་ནག་པོའི་ཐལ་སྦྱོར་གྱི་ལོ་མ། བིག་པན་གྱི་སྦྱོར་བའི་ལོ་མ། རིན་པོ་ཆེའི་སྦྱོར་བའི་ལོ་མ། མཚལ་ཐལ་གྱི་སྦྱོར་བའི་ལོ་མ། ཤ་རུ་སོགས་ཀྱི་ཐལ་བའི་ལོ་མ། ཅོང་ཞི་རྒོད་བཏུལ་གྱི་སྦྱོར་བའི་ལོ་མ་སྟེ་ཁ་འཐོར་བདུན་ལ་ལོ་མ་བདུན་བཅས་ཐལ་སྨན་ནང་གསེས་བཅུ་གསུམ་ལ་ལོ་མ་དགུའོ།།

          ཐལ་སྨན་གྱི་ལག་ལེན་ནི། དངོས་གཞིའི་སྨན་རྣམས་གར་སླ་རན་པར་འཕང་ལོ་བྱས་ཏེ་མ་སྤྱད་པའི་རྫར་ནུས་ལྡན་དུ་བསྲེགས་པ་སོགས་ཐལ་སྨན་སྤྱིའི་ལག་ལེན་གྱི་ལོ་མ། རང་གྲོགས་ཀྱི་སྨན་དང་ཉིས་འགྱུར་གྱི་ཅོང་ཞིར་མུ་ཟི་ཅུང་ཟད་དང་བཅས་ཞིག་དཀའི་ཀོང་བུར་བླུགས་ཏེ་སོལ་མེས་ཚོས་པར་བསྲེགས་པ་སོགས་ཅོང་ཞི་འཕྲུལ་ཐལ་གྱི་ལག་ལེན་དང་། ལན་ཚྭ་ལྷད་མེད་བ་ཞོ་དང་རྒོད་ཤ་སྦྱར་བ་ཆུ་ཆོད་པར་བཙོས་ཏེ་སླར་ནུས་ལྡན་དུ་བསྲེགས་པ་ཚ་བསྲེག་སྦྱོར་བའི་ལག་ལེན་དང་། ཕག་རིལ་རང་གྲོགས་དང་ལྷན་དུ་ནུས་ལྡན་བསྲེགས་པ་ག་པུར་ནག་པོའི་ཐལ་སྦྱོར་གྱི་ལག་ལེན་དང་། གསེར་སོགས་སྦྲང་གཤོག་ལ་གཉེན་པོའི་སྨན་དང་སྦྱར་ཏེ་བུམ་པ་ཚད་ལྡན་དུ་བསྲེགས་པ་སོགས་རིན་པོ་ཆེའི་ཐལ་སྦྱོར་གྱི་ལག་ལེན། ཞིབ་བཏགས་རྫ་མ་ཁ་སྦྱར་དུ་བླུགས་ནས་མཐིལ་སྐྱ་ཧར་བར་བསྲེགས་པ་སོགས་མཚལ་ཐལ་སྦྱོར་བའི་ལག་ལེན་དང་། ཤ་རུ་དུང་ཐོད་སོགས་སོལ་མེར་ཧར་བསྲེགས་བྱེད་པའི་ལག་ལེན་དང་། ཅོང་ཞི་སོལ་མེར་ཚོས་པར་བསྲེགས་ཤིང་ཆང་སོགས་ཀྱི་ནང་དུ་ངད་བསད་དེ་བཤིག་པ་སོགས་ཅོང་ཞི་རྒོད་བཏུལ་གྱི་ལག་ལེན་བཅས་བྱེ་བྲག་ཐལ་སྦྱོར་བདུན་པོར་ལག་ལེན་རེ་རེ་ལྡན་པའི་ལོ་མ་བཅས་ཐལ་སྨན་ལག་ལེན་བརྒྱད་ལ་ལོ་མ་གཉིས་བཅས་ལོ་འདབ་བཅུ་གཅིག་གོ།

          བདུན་པ་ཚ་བའི་གཉེན་པོ་ཁཎྜའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། འབའ་སམ་སོགས་གྲོགས་སྡེབས་ཀྱི་སྦྱོར་བ་བདུན་གྱི་ལོ་མ། བྲག་ཞུན་སོགས་ཁ་འཐོར་དགུའི་ལོ་མ། དྭ་བ་སོགས་སྲིན་སྨན་མང་སྦྱོར་གཅིག་གི་ལོ་མ་སྟེ་ཁཎྜར་ནང་གསེས་བཅུ་བདུན་ལ་ལོ་མ་གསུམ་མོ།།

          ཁཎྜའི་ལག་ལེན་ནི། ས་བཤལ་ཁྲོལ་བུར་བརྡུང་ཏེ་འཚོད་པ་སོགས་འཚོད་ལུགས་ཀྱི་ལག་ལེན་གྱི་ལོ་མ་སྟེ་ཁཎྜར་ལག་ལེན་གཅིག་ལ་ལོ་འདབ་གཅིག་བཅས་ལོ་འདབ་བཞིའོ།།

          བརྒྱད་པ་རླུང་ནད་བད་མཁྲིས་ལྡན་པའི་གཉེན་པོ་སྨན་ཆང་གི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རླུང་ཚབས་ཆུ་སེར་སྡོངས་པར་སྦྲང་ཆང་རྐྱང་ཁུག་ཡོངས་རྫོགས་གསུམ་གྱི་ལོ་མ། པུཥྤ་སྦྲང་ཆང་སོགས་རླུང་ཚབས་སེལ་བའི་སྦྱོར་བ་གཞན་དྲུག་གི་ལོ་མ། སྲོ་ལོས་བསིང་ཆང་སོགས་ཚ་བ་རླུང་ལྡན་སོགས་སེལ་བའི་སྦྱོར་བ་དགུའི་ལོ་མ། གྲང་རླུང་འཇོམས་པའི་ཟན་ཆང་གི་སྦྱོར་བ་གཅིག་གི་ལོ་མ་སྟེ་སྨན་ཆང་ནང་གསེས་བཅུ་དགུའི་ལོ་མ་བཞིའོ།།

          སྨན་ཆང་གི་ལག་ལེན་ནི། སྦྲང་རྩི་དྲུག་འགྱུར་གྱི་ཆུར་བཙོས་ནས་གསུམ་གཉིས་གདུས་ཏེ་བསྙལ་བ་སོགས་སྦྲང་ཆང་ལག་ལེན་གྱི་ལོ་མ། གྲོ་ནས་གཟེ་མ་བཙོས་ཏེ་བསྙལ་བའི་གླུམ་ལ་བུར་ཆུས་བསིང་པ་བུར་ཆང་ལག་ལེན་གྱི་ལོ་མ། ཆང་བཟང་བུར་སྦྲང་མར་སོགས་སྦྱར་བ་རྩེ་འཇམ་མནན་པ་མར་ཆང་ལག་ལེན་གྱི་ལོ་མ། གཟེ་མ་ནས་གསེས་ཀྱི་གླུམ་ལ་གཟེ་མའི་ཆུས་བསིང་བ་གཟེ་ཆང་ལག་ལེན་གྱི་ལོ་མ། ཐང་ཚེར་རུས་པ་སོགས་ཞིབ་བརྡུང་བསྲེས་པའི་གླུམ་ལ་བུར་ཆུས་བསིང་བ་སོགས་རུས་ཆང་ལག་ལེན་གྱི་ལོ་མ་སྟེ་སྨན་ཆང་ལག་ལེན་ལྔ་ལ་ལོ་མ་ལྔ་བཅས་སྨན་ཆང་ལ་ལོ་འདབ་དགུའོ།།

          དགུ་པ་ཞི་བྱེད་ཀུན་གྱི་ལོག་གནོན་རིན་པོ་ཆེའི་སྦྱོར་བའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། གྲང་སེལ་ཚ་སྦྱོར་གཅིག་གི་ལོ་མ། ཚ་སེལ་གྲང་སྦྱོར་ཆིག་ཐུབ་བཅུ་གཅིག་གི་ལོ་མ། ཀུན་རྒྱུགས་བརྒྱད་ཀྱི་ལོ་མ་སྟེ་རིན་ཆེན་ནང་གསེས་ཉི་ཤུའི་ལོ་མ་གསུམ་དང་། གསོ་བྱེད་གཉེན་པོའི་ཁོངས་སུ་མི་བགྲང་བ་སྐྱེ་རྒྱུན་གཅོད་པའི་སྦྱོར་བ་གཅིག་གི་ལོ་མ་ཞིག་ཀྱང་ཡོད་དོ།།

          རིན་པོ་ཆེའི་སྦྱོར་བའི་ལག་ལེན་ནི། ཚ་སྦྱོར་ལག་ལེན་གཅིག་གི་ལོ་མ། གྲང་སྦྱོར་བསྟེན་ཐབས་དགུ་པོར་ལག་ལེན་རེ་ཡོད་པའི་ལོ་མ། བྱིངས་འཐིབ་བསལ་བ་སོགས་ལོག་གནོན་དྲུག་ལ་ལག་ལེན་གཅིག་གི་ལོ་མ་བཅས་རིན་ཆེན་སྦྱོར་བའི་ལག་ལེན་བཅུ་གཅིག་ལ་ལོ་འདབ་གསུམ་བཅས་རིན་ཆེན་ལ་ལོ་འདབ་དྲུག་གོ།

          བཅུ་པ་སྔོ་སྦྱོར་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཚ་སེལ་རྒྱལ་བློན་འབངས་སོགས་ཐུན་མོང་བ་གཅིག་གི་ལོ་མ། གཙོ་བོ་བཞི་ལ་ཁ་བསྒྱུར་སྔོ་སྦྱོར་བདུན་པའི་སྦྱོར་བ་ཉེར་བདུན་གྱི་ལོ་མ་སྟེ་ནང་གསེས་ཚ་སེལ་ཉེར་བརྒྱད་ལ་ལོ་མ་གཉིས་དང་། གྲང་སེལ་དབྱི་མོང་བཞི་པར་ཁ་བསྒྱུར་སྦྱོར་བ་བཅུ་གསུམ་གྱི་ལོ་མ། རྩ་བ་དྲུག་པ་སོགས་ཀུན་འདུས་སྦྱོར་བ་གཅིག་གི་ལོ་མ་སྟེ་གྲང་སེལ་ནང་གསེས་བཅུ་བཞིར་ལོ་མ་གཉིས་བཅས་སྔོ་སྦྱོར་ནང་གསེས་ཞེ་གཉིས་ལ་ལོ་མ་བཞིའོ།།

          སྔོ་སྦྱོར་གྱི་ལག་ལེན་ནི། བསིལ་དྲོད་རང་གནས་ལ་སྐྱེ་བ་བཏུ་བ་སོགས་སྐྱེ་སར་སྐྱེ་བ་དང་། རྩ་སྡོང་ཡལ་ག་སྟོན་དུས་བཏུ་བ་སོགས་དུས་སུ་བཏུ་བ་དང་། བསིལ་སྨན་གྲིབ་སྐམ་དང་དྲོད་སྨན་མེ་ཉིས་སྐམ་པ་སོགས་སྐམ་གསེད་ལེགས་པ་དང་། སྔོ་སྨན་གང་ཡང་ལོ་དུས་བརྗེ་བ་སོགས་སོ་མ་རྙིངས་པ་དང་། རྩ་སྡོང་གི་རིགས་རྣམས་ཤུན་པ་དང་རྐང་ཕྲལ་བ་སོགས་དུག་འདོན་པ་དང་། རིགས་མཐུན་མང་སྣ་སྤྲོད་པའམ་ཕོ་བ་སོགས་དོན་སྣོད་གང་ལ་བབ་པའི་བཟང་པོའི་ཁ་འཛིན་ནམ་རླུང་གནོན་བུར་རྙིང་བསྣན་པ་སོགས་འཇམ་བཙལ་བ་དང། བསིལ་དྲོད་མ་འདྲེས་པར་སྦྱར་བ་སོགས་འཕྲོད་པར་སྦྱར་བ་སྟེ་གཅེས་པའི་ཡན་ལག་བདུན་ལ་ལག་ལེན་རེ་རེ་སྟེ་སྔོ་སྦྱོར་ལག་ལེན་བདུན་ལ་ལོ་མ་གཅིག་བཅས་སྔོ་སྦྱོར་ལ་ལོ་འདབ་ལྔའོ།། དེ་ལྟར་སྡོང་པོ་གཉིས་པ་ཞི་བྱེད་ཀུན་ལ་ནང་གསེས་བཞི་བརྒྱ་བཅོ་བརྒྱད་དང་། ལག་ལེན་ལྔ་བཅུ་རྩ་བདུན། ལོ་འདབ་བརྒྱད་ཅུ་ཐམ་པ་ཡོད་དོ།།

          གསུམ་པ་སྦྱོང་བྱེད་ལས་ཀྱི་མདོའི་སྡོང་པོའི་དང་པོ་སྔོན་འགྲོ་སྣུམ་འཆོས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཡུལ་ལ་ལྟོས་ཏེ་སྣུམ་འཆོས་རུང་བ་ལ་བྱ་ཞིང་མི་རུང་བ་ལ་སྤང་བའི་ལག་ལེན་གྱི་ལོ་མ། འབྲུ་མར་སོགས་སྣུམ་འཆོས་སྤྱིར་བསྟེན་ཐབས་དང་ཁྱད་པར་སྨན་མར་སོགས་བྱེ་བྲག་སོ་སོར་བསྟེན་ཐབས་ལག་ལེན་གྱི་ལོ་མ། སྣུམ་ལེགས་ཕན་ཡོན་ནས་བཤད་པ་ལྟར་བྱ་ཞིང་དེའི་མི་མཐུན་ཕྱོགས་ཀྱི་སྐྱོན་སྤང་བའི་ལག་ལེན་གྱི་ལོ་མ། སྣུམ་གྱིས་བསྐྱེད་པའི་སྐྱོན་རྣམས་བྱུང་ན་དེའི་ལོག་གནོན་བཀྲེས་སྐོམ་སོགས་བྱ་བའི་ལག་ལེན་གྱི་ལོ་མ་སྟེ་སྣུམ་འཆོས་ལག་ལེན་བདུན་ལ་ལོ་འདབ་བཞིའོ།།

          གཉིས་པ་ལས་ལྔའི་དང་པོ་བཤལ་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། དྲག་བཤལ་དེད་དཔོན་བཞི་སྦྱོར་གྱི་ལོ་མ། འཇམ་བཤལ་དེད་དཔོན་བཅུ་སྦྱོར་གྱི་ལོ་མ། དེད་དཔོན་བཞི་སྦྱོར་ལ་སྙིང་གི་ཚ་བ་སྦྱོང་བ་སོགས་ཁ་བསྒྱུར་སུམ་ཅུའི་ལོ་མ། འཇམ་བཤལ་དེད་དཔོན་བཅུ་སྦྱོར་ལ་ཡང་སྙིང་གི་ཚ་བ་སྦྱོང་བ་སོགས་ཁ་བསྒྱུར་སུམ་ཅུའི་ལོ་མ། རྩམ་པ་མི་འཁྲུ་ཞིང་ནད་རྣམས་སྦྱོང་བར་བྱེད་པ་སོགས་གནད་ཀྱི་མན་ངག་བདུན་གྱི་ལོ་མ། འཁྲུགས་རིམས་རྒྱས་ཚད་སྦྱོང་བ་སོགས་ཐོར་བུའི་ནད་ཀྱི་སྒོས་བཤལ་བཅུ་གསུམ་གྱི་ལོ་མ་སྟེ་བཤལ་ལ་ནང་གསེས་གྱ་གཉིས་ལ་ལོ་མ་དྲུག་གོ།

          བཤལ་གྱི་ལག་ལེན་ནི། བཤལ་རུང་བའི་ནད་གཞིར་སྦྱོང་གཏོང་ཞིང་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། རུང་བ་ལའང་ནད་སྨིན་ཅིང་འདུས་པའི་དུས་སུ་སྦྱོང་ཞིང་དེ་ལས་ལྡོག་དུས་མི་གཏོང་བའི་ལག་ལེན་གྱི་ལོ་མ། ལུས་ཤེད་ཀྱིས་བཤལ་ཐུབ་པ་ལ་སྦྱོང་ཞིང་མི་ཐུབ་པར་སྤང་བའི་ལག་ལེན་གྱི་ལོ་མ། གཏོང་ཐབས་ལ་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བའི་སྔོན་འགྲོ་གསུམ་ལ་ལག་ལེན་རེ་རེ་ཅན་གྱི་ལོ་མ། དངོས་གཞི་སྦྱོང་བ་ལ་ཨ་རུའི་མཆུ་སོགས་སྣ་སེལ་གཏོང་བའི་ལག་ལེན་གྱི་ལོ་མ། དྲག་པོ་དེད་དཔོན་བཞི་སྦྱོར་དང་། འཇམ་པོ་དེད་དཔོན་བཅུ་སྦྱོར་ལ་ཁ་བསྒྱུར་སུམ་ཅུ་རེ་སྦྱོར་བའི་ལག་ལེན་གྱི་ལོ་མ། དེ་རེ་རེ་ལའང་གནད་ཀྱི་མན་ངག་བདུན་ལྡན་ཚང་བའི་ལག་ལེན་གྱི་ལོ་མ། ལུས་ཟུངས་དང་སྦྱར་ཏེ་བཤལ་བྱེད་ཐང་ཕྱེ་རིལ་བུ་སོགས་གང་ལ་འཚམས་པ་གཏོང་བའི་ལག་ལེན་གྱི་ལོ་མ། ཐོ་རངས་སོགས་དུས་གང་དུ་གཏོང་བའི་ལག་ལེན་གྱི་ལོ་མ། གངས་ཆུ་སོགས་ཀྱི་ལྕག་གིས་བསྐུལ་བའི་ལག་ལེན་གྱི་ལོ་མ། རུས་ཁུ་སོགས་ཀྱིས་རླུང་གནོན་པའི་ལག་ལེན་གྱི་ལོ་མ། གྲངས་དང་བུངས་དང་ཁ་དོག་སོགས་འདོན་ཚད་ལག་ལེན་གྱི་ལོ་མ། བརྒལ་བ་མནན་པ་སོགས་ལོག་གནོན་བཞི་པོར་ལག་ལེན་རེ་རེའི་ལོ་མ། ཐོར་བུའི་རླུང་སྣ་སླན་པ་སོགས་སྲོག་གི་བྱ་ར་བཞག་པ་ལྔར་ལག་ལེན་རེ་རེའི་ལོ་མ། སྤྱི་དང་ཁྱད་པར་བ་གཉིས་ཏེ་རྗེས་གཅོད་གསུམ་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ། སྦྱོང་དྲགས་པ་དང་། ནད་མ་འདྲོངས་པའི་ཉེས་པ་སྤང་བར་ལག་ལེན་རེ་རེའི་ལོ་མ། སྦྱོང་ལེགས་ནད་གཞི་རྩད་ནས་ཆོད་དེ་ཕན་ཡོན་གཞུང་བཞིན་འབྱུང་བར་བྱ་བའི་ལག་ལེན་གྱི་ལོ་མ་སྟེ་སྦྱོང་གི་ལག་ལེན་སོ་དྲུག་ལ་ལོ་མ་བཅོ་བརྒྱད་དང་བཅས་སྦྱོང་ལ་ལོ་འདབ་ཉེར་བཞིའོ།།

          གསུམ་པ་ལས་ལྔའི་གཉིས་པ་སྐྱུགས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། གཙོ་བོ་རི་ཤོ་དྲུག་པའི་སྦྱོར་བའི་ལོ་མ། དེ་ལ་མ་ཞུ་བར་བཅའ་སྒ་སྡེབས་པ་སོགས་ཁ་སྒྱུར་བརྒྱད་ཀྱི་ལོ་མ། དེའང་འཇམ་སྐྱུགས་ཁུ་བ་བྱས་པ་བརྒྱད་ཀྱི་ལོ་མ། དྲག་སྐྱུགས་རིལ་བུ་བྱས་པ་བརྒྱད་ཀྱི་ལོ་མ་སྟེ་ནང་གསེས་བཅུ་དྲུག་ལ་ལོ་འདབ་བཞིའོ།།

          སྐྱུགས་ཀྱི་ལག་ལེན་ནི། ཟུངས་ཟད་རླུང་ཆེ་སོགས་སྐྱུགས་མི་རུང་བ་ལ་སྤང་བ་དང་། མ་ཞུ་ལྷེན་སོགས་རུང་བར་སྐྱུགས་གཏོང་བའི་ལག་ལེན་གྱི་ལོ་མ། སྔོན་འགྲོ་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བ་གསུམ་གྱི་ལག་ལེན་གྱི་ལོ་མ། སྔོན་འགྲོ་མི་དགོས་པར་སྔོན་འགྲོའི་ཆོ་ག་སྤང་བའི་ལག་ལེན་གྱི་ལོ་མ། དངོས་གཞི་རི་ཤོ་དྲུག་པའི་སྦྱོར་བ་ལ་ཁ་བསྒྱུར་བརྒྱད་ཀྱི་ལག་ལེན་གྱི་ལོ་མ། དེ་ཡང་འཇམ་སྐྱུགས་ཁུ་བ་དང་དྲག་སྐྱུགས་རིལ་བུ་གཏོང་བའི་ལག་ལེན་གྱི་ལོ་མ། ནམ་ལངས་དུས་སུ་མི་སྨྲ་བར་ཙོག་པུར་འདུག་སྟེ་གཏོང་བ་སོགས་སྐྱུགས་གཏོང་ཚུལ་ལག་ལེན་གྱི་ལོ་མ། སྤྱང་ཚེར་གྱི་ཁུ་བ་ལྡུད་པ་སོགས་ལྕག་གི་ལག་ལེན་གྱི་ལོ་མ། གྲངས་དང་བུངས་དང་ཁ་དོག་སོགས་ལ་དཔག་སྟེ་འདོན་པ་གདོན་ཚད་ལག་ལེན་གྱི་ལོ་མ། མཁྲིས་ཁ་ཤོར་བ་བསྡམ་པ་སོགས་ལོག་གནོན་ལྔར་ལག་ལེན་རེ་རེའི་ལོ་མ། རྗེས་གཅོད་སྤྱི་དང་ཁྱད་པར་བ་གཉིས་ལ་ལག་ལེན་རེ་རེ་ཡོད་པའི་ལོ་མ་སྟེ་སྐྱུགས་ཀྱི་ལག་ལེན་ཉི་ཤུར་ལོ་འདབ་བཅུ། སྐྱུགས་ལེགས་ནད་གཞི་རྩད་ནས་ཆོད་དེ་ཕན་ཡོན་གཞུང་བཞིན་འབྱུང་བའི་ཆོ་ག་བསྟེན་པའི་ལག་ལེན་བཅས་སྐྱུགས་ལ་ལོ་འདབ་བཅོ་ལྔའོ།།

          བཞི་པ་ལས་ལྔའི་གསུམ་པ་སྣ་སྨན་གྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མགོ་རླུང་འཇོམས་པ་སོགས་ཞི་བྱེད་འཇམ་པོ་ལྔའི་ལོ་མ། སྣ་སྦྱོང་དྲག་པོ་མགྲོན་ཐལ་དྲུག་པ་དང་། འཇམ་པོ་ས་འཛིན་ལྔ་པའི་ལོ་མ་སྟེ་ནང་གསེས་བདུན་ལ་ལོ་མ་གཉིས་སོ། །དེའི་ལག་ལེན་ལ་དང་པོ་ཞི་བྱེད་ཀྱི་ལག་ལེན་ནི། རིམས་གསར་སོགས་མི་རུང་བར་སྤངས་ཤིང་མགོ་དང་ནམ་ཚོང་ཡན་གྱི་ནད་ལ་ཕན་པའམ་རུང་བ་ལ་སྣ་སྨན་གཏོང་བའི་ལག་ལེན་གྱི་ལོ་མ། ཞུན་མར་གུར་གུམ་སྦྱར་བ་སོགས་ཞི་བྱེད་འཇམ་པོ་ལྔ་སྦྱར་ཐབས་ལག་ལེན་གྱི་ལོ་མ། སྔས་དམད་དེ་མགོ་དཔྱངས་ནས་བླུགས་པ་སོགས་གཏོང་ཐབས་དང་། དེ་རྗེས་དུད་པ་བསིལ་བུ་སྤང་བ་སོགས་རྗེས་ཀྱི་ལག་ལེན་གྱི་ལོ་མ། གཉིས་པ་སྣ་སྦྱོང་ལག་ལེན་ནི། རླུང་གིས་མགོ་འཁོར་བ་སོགས་མི་རུང་བར་སྤངས་ཤིང་། ཆམས་རྒན་མཚུལ་ཞེན་སོགས་ཕན་པའམ་རུང་བར་སྣ་སྦྱོང་གཏོང་བའི་ལག་ལེན་གྱི་ལོ་མ། དྲག་པོ་མགྲོན་ཐལ་དྲུག་པའམ་འཇམ་པོ་ས་འཛིན་དྲུག་པའི་སྦྱོར་བ་སྦྱར་བའི་ལག་ལེན་གྱི་ལོ་མ། སྣབ་སྦྱང་གན་རྐྱལ་ཉལ་བ་སོགས་གཏོང་ཐབས་དང་། ཐེབས་དཀའ་དུད་པ་སུག་ཕྱེ་སྣར་འབུད་པ་སོགས་བསྐུལ་བྱེད་ཀྱི་ལག་ལེན་གྱི་ལོ་མ། ཁྲག་ཤོར་མགོ་སྟོད་ཆུས་བྲན་པ་སོགས་ལོག་གནོན་གྱི་ལག་ལེན་གྱི་ལོ་མ་སྟེ་སྣ་སྨན་ལག་ལེན་བཅུ་གཅིག་ལ་ལོ་མ་བདུན་བཅས་ལོ་འདབ་བཅུའོ།།

          ལྔ་པ་ལས་ལྔའི་བཞི་པ་འཇམ་རྩིའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། འཇམ་རྩི་སླེ་འཇམ་སོགས་གཙོ་བོ་གསུམ་གྱི་ལོ་མ། རླུང་ལ་ཤིང་ཀུན་སོགས་ཁ་བསྒྱུར་དྲུག་གི་ལོ་མ་སྟེ་ནང་གསེས་དགུ་ལ་ལོ་མ་གཉིས་སོ།།

          འཇམ་རྩིའི་ལག་ལེན་ནི། རླུང་སྐྲན་ལྟོ་སྦོས་སོགས་འཇམ་རྩི་རུང་བར་གཏོང་ཞིང་དམུ་འོར་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། སླེ་འཇམ་སོགས་སྦྱོར་བ་གསུམ་ཁ་བསྒྱུར་དང་བཅས་པའི་ལག་ལེན་གྱི་ལོ་མ། ཁྱོར་གང་འོ་དྲོན་ཙམ་བསྲོས་ཏེ་གཏོང་བ་སོགས་གཏོང་ཐབས་དང་། གྲོད་པའི་དབུགས་བཏོན་ནས་བཅུག་པ་སོགས་གཏོང་ལུགས་ལག་ལེན་གྱི་ལོ་མ། གན་རྐྱལ་ཉལ་ཏེ་རྐུབ་མཚོས་རྡུང་བ་སོགས་ལུས་ཀྱི་བཅའ་གཞི་དང་། ཉི་ནུབ་གཏོང་བ་དགོང་མོ་དབྱུང་བ་སོགས་དབྱུང་དུས་ཀྱི་ལག་ལེན་གྱི་ལོ་མ། ཡི་ག་འགག་ཅིང་མེ་དྲོད་འཆི་བ་སོགས་དྲགས་པའི་སྐྱོན་དང་བྲལ་ཞིང་ནད་ཕྱིར་འདྲེན་པར་ནི་རུ་ཧ་དང་སྤེལ་མའི་ལག་ལེན་གྱི་ལོ་མ་སྟེ་འཇམ་རྩིའི་ལག་ལེན་དགུ་ལ་ལོ་མ་ལྔ་བཅས་ལོ་འདབ་བདུན་ནོ།།

          དྲུག་པ་ལས་ལྔའི་ལྔ་པ་ནི་རུ་ཧའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྦྱོར་བ་བར་པ་དུར་བྱིད་དྲུག་པའི་ལོ་མ། དེ་ལ་མཚོན་ཕོགས་མཁྲིས་པ་སྡེབས་པ་སོགས་ཁ་བསྒྱུར་དྲུག་གི་ལོ་མ། རྣོན་པོ་རེ་ལྕག་བསྣན་པའི་བདུན་པར་ཁ་བསྒྱུར་དྲུག་གི་ལོ་མ། འཇམ་པོ་ཨ་རུ་བདུན་པའི་སྦྱོར་བ་གཅིག་གི་ལོ་མ་སྟེ་ནི་རུ་ཧ་ནང་གསེས་བཅུ་བཞིར་ལོ་མ་བཞིའོ། །དེའི་ལག་ལེན་ནི། གཞང་ལུག་འཁྲུ་བ་འབྱམས་པ་སོགས་མི་རུང་བ་ལ་སྤང་བའི་ལག་ལེན་དང་། སྨད་དུ་མཚོན་ཕོགས་པའམ་ནད་སྟོབས་ཆེ་ན་སྦྱོར་བ་རྣོན་པོ་དང་། གཅིན་སྙི་དང་ཚད་འཁྲུ་སོགས་ལ་འཇམ་པོའི་སྦྱོར་བ་རུང་བའི་ལོ་མ། དེ་བཞིན་བསྟེན་པའི་ལག་ལེན་གྱི་ལོ་མ་ནི། སྦྱོར་བ་རྣོ་འཇམ་སོགས་ཚུལ་བཞིན་སྦྱར་བའི་ལག་ལེན་གྱི་ལོ་མ། བྲེ་ཕྱེད་དམ་ཕུལ་བཞི་སོགས་གཏོང་ཐབས་དང་། སྔས་སྨད་དེ་མགོ་སྒུར་ཅིང་གཏོང་བ་སོགས་གཏོང་ཚུལ་ལག་ལེན་གྱི་ལོ་མ། གཞོག་གཡོན་འོག་ཏུ་བཅུག་སྟེ་གྱེན་དུ་བཟློག་པ་སོགས་དང་། བཟློག་དྲགས་ན་ལ་བརྒལ་བས་དེའང་བྲལ་བར་བསྟེན་པའི་ལག་ལེན་གྱི་ལོ་མ། མ་ཐུབ་ན་འཐུར་དུ་གཏོང་བ་དང་། མ་ཐེབ་ན་སྐྱར་དུ་གཏོང་བའི་ལག་ལེན་གྱི་ལོ་མ། རྒྱམ་ཚྭའི་ཆུ་འཐུང་བ་སོགས་སྨན་རོ་བདའ་བའི་ལག་ལེན་གྱི་ལོ་མ་སྟེ་ནི་རུ་ཧའི་ལག་ལེན་བཅུ་གཅིག་ལ་ལོ་མ་དྲུག་བཅས་ནི་རུ་ཧར་ལོ་འདབ་བཅུའོ།།

          བདུན་པ་སྦྱོང་གི་ལོག་གནོན་རྩ་སྦྱོང་གི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྦྱོང་བྱེད་གཉེན་པོ་བྱང་པ་བདུན་པ་དང་། རྒྱ་རུ་དགུ་པ་གཉིས་ཏེ་ནང་གསེས་གཉིས་ཀྱི་ལོ་མ། རྩ་སྦྱོང་གི་ལག་ལེན་ནི། དང་པོ་གང་ནའི་གཉེན་པོ་དང་འབྲས་གསུམ་གྱི་ཐང་གཏོང་ཞིང་རྩ་ལམ་སྦྱོང་བ་སོགས་རིང་བའི་སྔོན་འགྲོ་དང་། གཟའ་སྐར་ཚེས་བཟང་ལ་བཀྲུ་བྱུགས་དང་བཀུ་མཉེ་བྱེད་པ་སོགས་ཉེ་བའི་སྔོན་འགྲོའི་ལག་ལེན་གྱི་ལོ་མ། སྡིག་སྲིན་སུག་སྨེལ་སོགས་སྦྱར་བ་སྣ་སེལ་དང་། རྒྱ་ཚྭ་ལི་ཤི་སོགས་སྦྱར་བ་མདུང་སྨན་ལག་ལེན་གྱི་ལོ་མ། བྱང་པ་བརྟག་པ་སོགས་བྱང་པའི་ཆོ་གའི་ལག་ལེན་གྱི་ལོ་མ། སྦྱར་ཚད་བྱང་པ་བདུན་པའམ་རྒྱ་རུ་དགུ་པ་སྦྱར་བའི་ལག་ལེན་གྱི་ལོ་མ། གློ་སྙིང་མཆིན་མཆེར་ནད་དང་སྦྱར་བ་སོགས་སྣ་ཁྲིད་དང་། དགོང་མོ་ཉི་དགའི་འདབ་ཚོད་དང་སྲོད་འཁོར་སྣ་སེལ་གཏོང་བ་སོགས་གཏོང་ཐབས་ལག་ལེན་གྱི་ལོ་མ། ལུས་སྦྲིད་པ་སོགས་ཐེབས་རྟགས་རྟོགས་པ་དང་། བསིངས་པོ་གསར་གླེག་གཏོང་པ་སོགས་ལྕག་གི་ལག་ལེན་གྱི་ལོ་མ། སྐྱུགས་ན་སྐེ་སྟོང་རྡོ་གྲང་གདུག་པ་སོགས་བརྒལ་བ་མནན་པ་དང་། སོ་རྙིང་པ་སོགས་སྟོར་བའི་རྒྱུ་གཉེན་པོས་བཙལ་བ་དང་། ཕོ་བ་རྫིང་ན་བཀུ་མཉེ་དང་དུགས་བྱེད་པ་སོགས་འགྱིངས་པ་འདྲེན་པ། རྒྱུ་ཞབས་དང་མཚན་མ་གཟེར་ན་དུགས་ཀྱི་བསྲོ་བ་སོགས་གཟེར་བ་བཅག་པ། མཚན་མ་བཞོ་བ་སོགས་འགག་པ་བསལ་བ་དང་། ལུས་སྟོབས་བཟང་ན་མི་གཅད་པར་འཇོག་པ་སོགས་འབྱམས་པ་གཅོད་པའི་ལག་ལེན་གྱི་ལོ་མ། གྲང་བ་ཤས་ཆེ་བར་གསར་འཇམ་གཏོང་བ་སོགས་རྗེས་གཅོད་ལག་ལེན་གྱི་ལོ་མ། ཕན་ཡོན་ནམ་རྩ་སྦྱོང་རུང་བའི་ནད་གཞིར་རྩ་སྦྱོང་གཏོང་བའི་ལག་ལེན་གྱི་ལོ་མ་སྟེ་རྩ་སྦྱོང་ལག་ལེན་བཅོ་བརྒྱད་ལ་ལོ་མ་དགུ་བཅས་ལོ་འདབ་བཅུའོ།།

དེ་ལྟར་སྡོང་པོ་གསུམ་པ་སྦྱོང་བྱེད་ཡོངས་ལ་ནང་གསེས་བརྒྱ་དང་སུམ་ཅུར་ལག་ལེན་བརྒྱ་དང་བཅུ་གཉིས་ལོ་མ་བརྒྱད་ཅུ་ཐམ་པ་ཡོད་དོ།།

          བཞི་པ་འཇམ་རྩུབ་དཔྱད་ཀྱི་མདོའི་སྡོང་པོའི་དང་པོ་གཏར་གའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། གཏར་རྩ་དོན་བདུན་གྱི་ལོ་མ་གཅིག་དང་། གཏར་གའི་ལག་ལེན་ལ། རྣོ་མཉེན་ལྡན་པ་སོགས་ཆ་བྱད་རྒྱུན་དུ་འཆང་བའི་ལག་ལེན་གྱི་ལོ་མ། རུང་དང་མི་རུང་བརྟག་པར་འགྲམས་འཁྲུགས་སོགས་གཏར་རུང་གི་ནད་གཞིར་གཏར་ག་གདབ་པའི་ལག་ལེན་གྱི་ལོ་མ། གདོན་ཅན་དང་སྦྲུམ་མ་སོགས་ནད་གཞིའི་མི་རུང་བ་དང་། རིམས་མ་སྨིན་པ་སོགས་གནས་སྐབས་ཀྱི་མི་རུང་བར་གཏར་ག་སྤང་བའི་ལག་ལེན་གྱི་ལོ་མ། བད་རླུང་ནད་ལ་ཁྲག་མཁྲིས་བསྡོངས་པ་སོགས་གནས་སྐབས་ཀྱིས་གཏར་རུང་ལ་གཏར་བའི་ལག་ལེན་གྱི་ལོ་མ། གནད་ཀྱིས་མི་རུང་བ་གཉན་པའི་གནད་ཡོད་པར་དོག་ས་དང་བླ་གནས་ཀྱི་སར་མི་གཏར་བའི་ལག་ལེན་གྱི་ལོ་མ། བྱང་ཁོག་ལ་ཁྲག་བབས་པ་སོགས་ལ་ཐོག་མ་གཏར་བ་དང་། གཟེར་འདུ་བ་སོགས་བར་དུ་གཏར་བ། ངན་ཁྲག་རྩར་བྱེར་བ་སོགས་ཐ་མར་གཏར་བ་སྟེ་དུས་ཚོད་སོ་སོར་ལག་ལེན་རེ་རེའི་ལོ་མ། མ་སྨིན་པ་སྨིན་པར་བྱ་བ་སོགས་རིང་བའི་སྔོན་འགྲོ་དང་། མེ་ཉེར་བསྲོ་ཞིང་འགྲུལ་སྲུང་བ་སོགས་ཉེ་བའི་སྔོན་འགྲོའི་ལག་ལེན་གྱི་ལོ་མ། དཔྲལ་རྩ་སོགས་ལ་སྨིན་སྟེང་ཐེ་གུས་བསྐོར་ནས་ཤིང་བུས་གཅུ་བ་སོགས་བསྙལ་ཐབས་དང་། རྩ་མ་འཆུས་པར་མནན་པ་སོགས་གདབ་ཐབས་ཀྱི་ལག་ལེན་གྱི་ལོ་མ། གཉའ་རེངས་འགྱུར་དཀའ་ལྟག་རྩ་གཏར་བ་སོགས་གདབ་དམིགས་རྒྱས་བསྡུས་གཉིས་ལ་གདབ་པའི་ལག་ལེན་གྱི་ལོ་མ། ནད་དང་ཟུངས་ཀྱི་ཁྲག་དབྱེ་བ་སོགས་ཁྲག་པྲ་བརྟག་པ་དང་། ནད་ཐོན་ཟུངས་ཁྲག་བྱུང་ན་གཅོད་པའི་ལག་ལེན་གྱི་ལོ་མ། ཁྲག་མ་ཐོན་པ་དང་། རྩ་ལ་ངན་ཁྲག་མེད་པ་དང་། ཁྲག་མ་ཆོད་པ་དང་། སྐྲངས་པ་དང་། བོགས་པ་དང་། རླུང་སྐྱེས་པ་རྣམས་ལ་ལོག་གནོན་ལག་ལེན་རེ་རེའི་ལོ་མ། བསྙལ་བཀྲོལ་བ་སོགས་ཕྱི་རྗེས་ལག་ལེན་གྱི་ལོ་མ། གཏར་དམན་པ་ཁྲག་རོ་མ་ཐོན་པ་སོགས་དང་། དྲགས་པ་ཟུངས་འཛད་པ་སོགས་དང་། ལོག་པ་མི་རུང་བའི་ནད་གཞིར་གཏར་བ། ཉེས་པ་ཤ་གདན་གནད་ཅིང་ཆུ་རྒྱུས་བཅད་པ་སོགས་གཏར་སྐྱོན་རྣམས་སྤང་བར་ལག་ལེན་རེ་རེའི་ལོ་མ། ངན་ཁྲག་སྦྱོང་ཞིང་གཟེར་བ་བཅག་པ་སོགས་གཏར་ལེགས་པའི་ཡོན་ཏན་དང་ལྡན་པར་གཏར་བའི་ལག་ལེན་གྱི་ལོ་མ་སྟེ། གཏར་གའི་ལག་ལེན་ཉེར་བརྒྱད་ལ་ལོ་མ་བཅུ་གསུམ་བཅས་ལོ་འདབ་བཅུ་བཞི་ཡོད་དོ།།

          གཉིས་པ་མེ་བཙའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། ཨན་སྟོང་ཚིགས་པ་དང་པོ་སོགས་རྒྱབ་གསང་ཉི་ཤུའི་ལོ་མ། སྐེ་སྟོང་ཙ་ར་ཁུང་སོགས་མདུན་གསང་ཉེར་གཉིས་ཀྱི་ལོ་མ། འདུས་སོ་གསུམ་སོགས་མཛུབ་ཚུགས་མགོ་གསང་ཉེར་དགུའི་ལོ་མ་བཅས་ནང་གསེས་དོན་ཅིག་གི་ལོ་འདབ་གསུམ་མོ།།

མེ་བཙའ་ལག་ལེན་ནི། སྤྲ་བ་བཏུ་དུས་སོགས་སྤྲ་བའི་ཆོ་གའི་ལག་ལེན་གྱི་ལོ་མ། མ་ཞུ་མེ་ཉམས་སོགས་མེ་གཙའ་གདབ་རུང་ལ་གདབ་ཅིང་མཁྲིས་ཚད་ཁྲག་ནད་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། སྨྱོ་འདར་འཕྱོ་ལྐུགས་ཨན་སྟོང་བསྲེག་པ་སོགས་གདབ་དམིགས་གཉིས་ལ་གདབ་པའི་ལག་ལེན་གྱི་ལོ་མ། འབྲས་དང་སྐྲན་ལ་བཙོ་ཞིང་། བད་ཀན་དང་ཆུ་སེར་སོགས་ལ་བསྲེག་པ་དང་། རླུང་གསང་དང་སྲིན་ལ་བསྲོ་བ་དང་། བྱིས་པའི་ལྷེན་སྣར་སྡིག་པ་སྟེ་གདབ་ཐབས་བཞིར་ལག་ལེན་རེ་རེའི་ལོ་མ། སྤྲ་གྲང་མཐེབ་རྗེས་གདབ་པ་སོགས་ཕྱི་རྗེས་དང་། རྩའི་འབྲོས་འཕྲང་འགེག་པ་སོགས་ཕན་ཡོན་རྣམས་ཤེས་ཏེ་དཔྱད་འདི་ལག་ལེན་དུ་འགེལ་བའི་ལོ་མ་སྟེ་ལག་ལེན་བཅུར་ལོ་མ་ལྔ་བཅས་ལོ་འདབ་བརྒྱད་དོ།།

          གསུམ་པ་དུགས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྐར་ཆུས་བརྡེག་པ་སོགས་བསིལ་དུགས་བཅུ་གཅིག་གི་ལོ་མ། ཚ་བསྲོས་གདུག་པ་སོགས་དྲོད་དུག་བཅུ་དགུའི་ལོ་མ་བཅས་ནང་གསེས་སུམ་ཅུར་ལོ་མ་གཉིས་སོ།།

          དུགས་ཀྱི་ལག་ལེན་ནི། བད་རླུང་དང་མ་ཞུ་བ་སོགས་དུགས་རུང་བ་ལ་བྱ་ཞིང་སྐྱ་རྦབ་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། འགྲམས་འཁྲུགས་ཁྲག་གཟེར་སོགས་ལ་གྲང་དུགས་དང་། མ་ཞུ་བ་ལ་དྲོད་དུགས་བསྟེན་པའི་ལག་ལེན་གྱི་ལོ་མ། འཕྲལ་གྱི་ནད་ཟུགས་གཅོག་པ་སོགས་ཕན་ཡོན་ཤེས་ཏེ་ལག་ལེན་བྱེད་པའི་ལོ་མ་སྟེ་དུགས་ཀྱི་ལག་ལེན་ལྔར་ལོ་མ་གསུམ་བཅས་ལོ་འདབ་ལྔའོ།།

          བཞི་པ་ལུམས་ཀྱི་ཡལ་ག་ལས་གྱེས་པའི་ལོ་མ་ནི། རང་བྱུང་ཆུ་ལུམས་སོགས་ཆུ་ལུམས་བཞིའི་ལོ་མ། འཆིང་ལུམས་ལ་འབྲུ་སྣའི་ལུམས་སོགས་ཚ་སེལ་བརྒྱད་ཀྱི་ལོ་མ། སྦང་སྐམ་བྱི་བྲུན་གྱི་ལུམས་སོགས་གྲང་སེལ་བཅུ་གཉིས་ཀྱི་ལོ་མ་སྟེ་ནང་གསེས་ཉེར་བཞིར་ལོ་འདབ་གསུམ་མོ།།

          ལུམས་ཀྱི་ལག་ལེན་ནི། ཡན་ལག་རེངས་འཁུམ་སོགས་རུང་བ་ལ་ལུམས་བསྟེན་ཅིང་རིམས་འཁྲུགས་ཚ་རྒྱས་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། འགྲམས་ཚད་སོགས་ལ་ཆུ་ལུམས་དང་མགོ་ཆག་སོགས་ལ་འཆིང་ལུམས་བསྟེན་པའི་ལག་ལེན་གྱི་ལོ་མ། ཚ་རླངས་ཆུ་སེར་བ་སྤུར་འདོན་པ་སོགས་ལུམས་ཀྱི་ཕན་ཡོན་ཤེས་ཏེ་ལག་ཏུ་ལེན་པའི་ལོ་མ་སྟེ་ལུམས་ཀྱི་ལག་ལེན་ལྔར་ལོ་མ་གསུམ་བཅས་ལོ་འདབ་དྲུག་གོ།

          ལྔ་པ་བྱུགས་པའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། མི་ཞུན་སོགས་སྣུམ་བྱུག་བཅུ་བཞིའི་ལོ་མ། ལྡེ་གུའི་བྱུག་པ་བཅུ་བཞིའི་ལོ་མ་སྟེ་ནང་གསེས་ཉེར་བརྒྱད་ལ་ལོ་མ་གཉིས་སོ།།

          བྱུགས་པའི་ལག་ལེན་ནི། ལུས་རྩུབ་ཁྲག་དང་ཁུ་བ་ཟད་པ་སོགས་བྱུག་པ་རུང་བར་བསྟེན་ཅིང་། མ་ཞུ་བརླ་རེངས་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། སྙིང་རླུང་འདྲེ་ཆགས་སོགས་ལ་སྣུམ་བྱུག་དང་། ལྷོག་པ་སོགས་ལ་ལྡེ་གུ་བྱུགས་པའི་ལག་ལེན་གྱི་ལོ་མ་སྟེ་བྱུག་པའི་ལག་ལེན་བཞིར་ལོ་མ་གཉིས་བཅས་ལོ་འདབ་བཞིའོ།།

          དྲུག་པ་དཔྱད་ལྔའི་ལོག་གནོན་ཐུར་མའི་ཡལ་ག་ལས་གྱེས་པའི་ལོ་མ་ནི། སྙིང་གསང་བཅུ་གཅིག་སོགས་ཐུར་མའི་འཕེན་ཡུལ་བརྒྱ་དང་བཅུ་གཅིག་ལ་ལོ་མ་གཅིག་གོ

          དེའི་ལག་ལེན་ནི། རླུང་དང་བད་ཀན་སོགས་ཐུར་མ་རུང་བ་ལ་འཕེན་ཅིང་། རྒན་བྱིས་སོགས་མི་རུང་བར་སྤང་བའི་ལག་ལེན་གྱི་ལོ་མ། ནས་འདྲ་སོགས་ཆ་བྱད་དབྱིབས་ཚད་གཏོང་ཡུལ་དང་མཐུན་པ་འཆང་བའི་ལག་ལེན་གྱི་ལོ་མ། དོན་སྣོད་ཡུལ་དང་རྩ་གནད་ཤེས་པ་སོགས་སྤྱིའི་གསང་ས་དང་། བྱེ་བྲག་སྙིང་རླུང་སོགས་ལ་རང་གི་གསང་ས་སོ་སོར་འཕེན་པའི་ལག་ལེན་གྱི་ལོ་མ། འབྲས་ལྷོག་སོགས་ལ་ཐུར་མ་བསྲེག་ནས་འཕེན་པ་སོགས་ཚ་ཐུར་དང་། དམུ་ཆུ་དབུགས་པ་དང་མིག་འགྲིབ་དབྱེ་བར་ཐུར་རྐྱང་གཏོང་བ་སོགས་གྲང་ཐུར་ལག་ལེན་གྱི་ལོ་མ། ཁད་སྙམ་སྟན་ལ་སྐྱིལ་ཀྲུང་འདུག་པ་སོགས་ལུས་ཀྱི་ཆོ་གའི་ལག་ལེན་གྱི་ལོ་མ། ཡིད་དང་མཐེབ་ཚོད་ཕྱི་རྟགས་བསྟུན་པ་སོགས་བརྡེག་ཐབས་སྤྱི་དང་། མགོ་དང་སྒལ་ཚིགས་རྒྱུ་སྨད་གསང་ལ་ཐུར་མ་དྲང་ཐད་འཕེན་པ་སོགས་བྱེ་བྲག་བརྡེག་ཐབས་བརྒྱད་ཀྱི་ལག་ལེན་གྱི་ལོ་མ། པགས་ལ་སྲ་བ་སོགས་སྤྱིའི་ལག་ཚོད་དང་། སྙིང་ཆུ་བཙག་པ་སོགས་བྱེ་བྲག་སོ་སོའི་ལག་ཚོད་བཟུང་བའི་ལག་ལེན་གྱི་ལོ་མ། རླུང་སྐྱེས་པ་སོགས་འཆི་ལྟས་སླེབས་ན་ཐུར་ཚོད་བཟུང་བའི་ལག་ལེན་གྱི་ལོ་མ། ཐུར་རྗེས་ཚ་གྲང་གཉིས་གང་དུ་ལོག་ཀྱང་དེའི་ལོག་གནོན་སོ་སོར་བསྟེན་པའི་ལག་ལེན་གྱི་ལོ་མ། ཐུར་མའི་ཕན་ཡོན་ཤེས་ཤིང་གདེང་དང་ལྡན་པས་སྐྱོན་དང་བྲལ་ཞིང་ཡོན་ཏན་ཚུལ་བཞིན་འབྱུང་བར་ལག་ལེན་བྱེད་པའི་ལོ་མ་སྟེ་ཐུར་མའི་ལག་ལེན་བཅུ་དྲུག་ལ་ལོ་མ་བཅུ་བཅས་ལོ་འདབ་བཅུ་གཅིག་གོ།

          དེ་ལྟར་སྡོང་པོ་བཞི་པ་དཔྱད་ཡོངས་ལ་ནང་གསེས་རྣམ་གྲངས་སུམ་བརྒྱ་བཞི་བཅུ། ཡལ་ག་དྲུག ལོ་འདབ་ཞེ་བརྒྱད་ཀྱི་ཚུལ་དུ་གནས་པ་ཡིན་ཅིང་། རྒྱུད་ཀུན་ལ་ནང་གསེས་བརྒྱད་བརྒྱ་གྱ་བརྒྱད། ལག་ལེན་སུམ་བརྒྱ་རེ་དྲུག ལོ་འདབ་ཉིས་བརྒྱ་དང་བཞི་བཅུས་རྒྱས་པར་བཀྲལ་བ་ཡིན་ནོ།།

          དེ་ལྟར་ཕྱི་མ་ཕྲིན་ལས་རྒྱུད་འདི་ཉིད་གསོ་བྱ་གསོ་བྱེད་གསོ་ཐབས་གསུམ་དུ་སྙིང་པོར་དྲིལ་བ་ཡིན་ཀྱང་གསོ་ཡུལ་སྡོང་འགྲེམས་རྒྱས་པ་ཟུར་དུ་གསལ་བ་ལས་ཤེར་པར་བྱ་ཞིང་འདིར་དངོས་དོན་མདོ་བཞི་དང་། གསོ་བྱེད་གཉེན་པོ་སྟོང་རྩ་གཉིས། གསོ་ཐབས་ལག་ལེན་སུམ་བརྒྱ་རེ་དྲུག་གི་རྣམ་གྲངས་ནང་གསེས་དང་བཅས་པ་གཙོ་བོར་བཟུང་སྟེ་རྒྱུད་ཀྱི་དགོངས་དོན་རྩ་བ། སྡོང་པོ། ཡལ་ག ལོ་འདབ་དང་ལྡན་པའི་དཔག་བསམ་ཡོངས་འདུ་ལྗོན་པའི་རྩེར་ཡོངས་གཏད་ལྟར་ལུས་ཅན་ནད་ཀྱི་གདུང་བ་ལས་བྲལ་ཞིང་ལང་ཚོའི་དཔལ་དང་ལྡན་པའི་མེ་ཏོག་དང་། དེ་ལས་དུས་མིན་འཆི་བ་ལས་ཐར་ཏེ་ཚེ་རིང་པོར་གནས་ཤིང་འདི་ཕྱི་གཏན་གྱི་འདུན་མ་ལེགས་པར་འགྲུབ་པའི་འབྲས་བུ་གཅིག་བཅས་ཀྱི་ཚུལ་དུ་གནས་པ་ཡིན་ནོ།།

 

སྨྲས་པ།

གཞུང་ལུགས་ནོར་འཛིན་ལྟེ་བར་ལེགས་འཁྱིལ་ཚིག་དོན་གཏིང་མཐའ་དཔོག་པར་དཀའ།།

བློ་དམན་བྱིས་པའི་སྙིང་ལ་སྤ་བཀོང་སྣ་ཚོགས་གཉེན་པོའི་རླབས་ཕྲེང་འཕྱོ།།

རྣམ་མང་ལག་ལེན་ཆུ་ཀླུང་འབུམ་སྤྲོ་བློ་གསལ་གཉིས་སྐྱེས་རོལ་པའི་གནས།།

སྣ་ཚོགས་གསོ་རིག་ཆུ་གཏེར་ཆེན་པོའི་དེ་ཉིད་མཐའ་དག་སུ་ཡིས་དཔོག།

འོན་ཀྱང་སྐྱེ་བས་ཐོབ་པའི་གྲུ་གཟིངས་ནི།།

སྦྱོར་བྱུང་མཐུན་པའི་རླུང་གིས་ཉེར་བསྐུལ་ནས།།

གསོ་རིག་རྒྱ་མཚོའི་དབུས་སུ་ལེགས་སོན་བས།།

ལེགས་བཤད་ཡོངས་འདུའི་དབང་པོ་འདི་ཉིད་བརྙེད།།

གང་དག་འགྲོ་རྣམས་དུས་མིན་འཆི་བ་ལས།།

བཟློག་ཅིང་གཞན་གྱི་སྤྱི་བོར་བཀུར་འདོད་ན།

འཁྲུལ་མེད་རྒྱུད་དགོངས་སྙིང་པོ་དོན་དྲིལ་འདི།།

བློ་གསལ་འཚོ་བྱེད་རྣམས་ཀྱིས་བསྟེན་བྱ་ཡིན།།

 རྣམ་དཔྱོད་མཁའ་ལས་ལེགས་བཤད་འོད་སྟོང་ཅན།།

ཤར་བས་ཉེས་བཤད་ཀུན་ད་ཟུམ་བྱེད་ཀྱང་།།

རྣམ་དག་རྒྱུད་དགོངས་འདབ་བརྒྱའི་ཚལ་ཆེན་པོ།།

ངོ་མཚར་དོན་གྱི་འཛུམ་དཀར་ཅི་ཡང་རྒོད།།

སྣ་ཚོགས་མཁས་པའི་ལེགས་བཤད་བཅུད་བསྡུས་ཏེ།།

རྒྱུད་ཆེན་ཕྱི་མའི་གསལ་བྱེད་བཀོད་པ་འདི།།

ཕྲག་དོག་འགྲན་སེམས་དབང་གིས་མ་ལགས་ཏེ།།

བདག་འདྲའི་བྱིས་བློ་རྣམ་དཔྱོད་འཕེལ་ཕྱིར་ཡིན།།

 ཚུལ་འདིར་འབད་པས་ཐོབ་པའི་ལེགས་བྱས་ནི།།

སྟོན་ཐའི་ཟླ་བ་མོག་པོར་བྱེད་པ་དེས།།

གངས་ཅན་མགོན་པོའི་བཞེད་དགོངས་ཡོངས་འགྲུབ་སྟེ།།

འགྲོ་ཀུན་དུས་མིན་འཆི་བ་ལས་བསྒྲལ་ཤོག།

ཅེས་རྒྱུད་ཕྱི་མའི་སྡོང་འགྲེམས་མདོར་བསྡུས་སུ་བཀོད་པ་ཡོངས་འདུའི་དབང་པོ་ཞེས་བྱ་བ་འདི་ནི་སྤྱིར་རྒྱུད་ཀྱི་སྡོམ་ནད་དང་གཉེན་པོ་གསོ་ཐབས་གསུམ་དུ་འདུ་མོད་ཀྱང་། འདིར་གཞུང་དོན་གསལ་ཞིང་ཚིག་ཚོགས་གཅུང་ཕྱིར་གཉེན་པོ་དང་གསོ་ཐབས་རྣམས་གཙོ་བོར་བཟུང་། དེ་ལའང་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་སྨན་རྒྱལ་བསྟན་པའི་ཉིན་བྱེད་དང་མི་ཕམ་འཇམ་དཔལ་དབྱངས་སོགས་ཀྱི་དགོངས་པ་བཞིན་ཕྱི་རྒྱུད་ཉིད་བཙལ་དུ་བཏོན་ནས་ཚིག་སྦྱོར་དོར་ཏེ་རྒྱུད་དང་མཐུན་པར་བསྒྲིགས་པ་པོ་ནི་འཇམ་དཔལ་དབྱངས་དངོས་མཁན་རིན་པོ་ཆེ་ཁྲོ་རུ་ཚེ་རྣམ་སོགས་དམ་པ་དུ་མའི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་འདབ་མ་ཅུང་ཟད་གྲོལ་བའི་ཚེ་རིག་འཛིན་པ་སུདྷཱིཿའི་མིང་ཅན་གྱིས་སྤྱི་ལོ་༡༩༩༢ ཐོག་མའི་ཟླ་བར་བཙན་བྱོལ་བོད་གཞུང་གྱི་རྒྱལ་ས་འཕགས་ཡུལ་དྷརྨཤཱལཱ་སྨན་རྩིས་རིག་པའི་འདུ་གནས་ཀྱི་མཐོ་སློབ་ཁང་གི་གཞུང་ལས་ཁང་དུ་སྦྱར་བའོ།། །།

 


མཐའ་མའི་འདོན་ཐེངས་།: 30.11.2015 ཉིན། 12:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།