སྨན་རྩིས་དྲ་བ། - ཆེད་རྩོམ།

ཕྱི་ནང་ལུགས་གཉིས་ཀྱི་འཇིག་རྟེན་ཆགས་ཚུལ་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2015
ཆེད་རྩོམ། >>


༄༅།བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ཁྱད་པར།

                                                                                                       རྩིས་རམས་པ་ཀུན་དགའ་དོན་གྲུབ།


སྤྱིར་འཇིག་རྟེན་ཁམས་ཆགས་ཚུལ་དང་དེའི་གྲངས་ཚད་སོགས་ནི་ཆེས་རྟོགས་པར་དཀའ་བ་ལྐོག་གྱུར་གྱི་གནས་ཞིག་ཡིན་གཤིས་དེའི་སྐོར་ད་བར་ཚོད་དཔག་ལྟ་བུ་བྱེད་པ་ལས་འཁྲུལ་པ་མེད་པ་ཡང་དག་པ་ཞིག་ཤེས་ཐུབ་པ་བྱུང་མེད་ལ་མ་འོངས་པར་ཡང་ཤེས་ཐུབ་པར་དཀའ།   དེའི་རྒྱུ་མཚན་ནི་འཇིག་རྟེན་ཁམས་ཀྱི་གྲངས་ཚད་ནི་མཐའ་མེད་མུ་མེད་ཡིན་པ་དང་དེའི་ནང་སྐྱེ་འགྲོ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ལྟར་གྲངས་ལས་འདས་པ་ཡོད། འོན་ཀྱང་འགྲོ་བ་མི་གཙོ་བོར་གྱུར་པའི་སེམས་ཅན་རྣམས་འཇིག་རྟེན་ཁམས་འདིའི་ནང་གནས་ཡོད་པ་དང་སྐྱེ་འགྲོའི་བདེ་སྡུག་དེ་འཇིག་རྟེན་ཁམས་དང་འབྲེལ་བ་ཆགས་ཡོད་སྟབས། ད་བར་མི་རྣམས་ཀྱི་དེའི་སྐོར་རྟོག་ཞིབ་བྱས་ནས་འགྲེལ་བཤད་དུ་མ་གནང་ཡོད། ལྷག་པར་དུ་རིག་གཞུང་དང་ཆོས་ལུགས་འདྲ་མིན་ནང་འགྲེལ་བརྗོད་བྱེད་ཚུལ་སྣ་ཚོགས་ཤིག་ཡོད་པ་དང་། དེང་དུས་ཚན་རིག་ཡར་རྒྱས་ཕྱིན་པས་རྒྱང་ཤེལ་སོགས་ལ་བརྟེན་ནས་གནས་ཚུལ་གསར་པ་དུས་ནས་དུས་སུ་ཤེས་བཞིན་ཡོད།


འདིར་འཇིག་རྟེན་ཁམས་ཀྱི་སྐོར་བོད་རྩིས་རིག་པ་ཁོ་ནའི་ངོས་ནས་མ་ཡིན་པར་འཛམ་གླིང་ནང་ལྟ་གྲུབ་གལ་ཆེ་བ་རྣམས་ཀྱི་འགྲེལ་བཤད་རྣམས་བརྗོད་འདོད་བྱུང་། རྒྱུ་མཚན་ནི་དེང་དུས་གོ་ལ་གཅིག་གྱུར་གྱི་དུས་འདིར་རང་ཉིད་ཁྱེར་རྐྱང་དུ་བསྡད་ན་མི་འགྲིག་པ་དང་།  འཛམ་གླིང་ཤར་ནུབ་ཚང་མའི་རིག་པ་རྣམས་ཤེས་དགོས་པ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བར་མངོན།  ལྷག་པར་དུ་ྋགོང་ས་མཆོག་གིས་སྣེ་ཁྲིད་པའི་ "སེམས་དང་སྲོག་གི་བགྲོ་གླེང་" དུ་བརྗོད་གཞི་གཙོ་བོ་བཞི་ཡོད་པའི་ནང་ནས་གཅིག་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་སྐོར་ཡིན།  ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ནི་བོད་རྩིས་རིག་པའི་སྦྱོང་གཞི་གཙོ་བོ་དེ་ཆགས་ཡོད་པ་མ་ཟད་སྐར་རྩིས་པས་རྒྱུན་དུ་ལག་ལེན་དུ་ལོ་ཐོ་འདོན་སྤེལ་དང་ཚེ་རབས་ལས་རྩིས་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་གཟའ་སྐར་སོགས་ཀྱི་བགྲོད་པ་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་རྣམས་ལ་འཕར་ཆག་ཇི་ལྟར་འགྲོ་ཚུལ་སྟོན་གྱི་ཡོད།


ད་ལྟའི་འཛམ་གླིང་ནང་དུ་འཇིག་རྟེན་ཁམས་ཆགས་ཚུལ་ཐད་ལྟ་གྲུབ་མང་པོ་ཡོད་པ་ལས་ཕལ་ཆེ་བས་ཡིད་ཆེས་བྱེད་སའི་ལྟ་གྲུབ་ནི། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱི་ལྟ་གྲུབ་དང་།   ནང་པ་དང་བོད་རྩིས་རིག་པའི་ལྟ་གྲུབ།   དེང་དུས་ཚན་རིག་པའི་ལྟ་གྲུབ་བཅས་གཙོ་བོ་གསུམ་ཡོད།  


༡། འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱི་ལྟ་གྲུབ།  

འཛམ་གླིང་དུ་སངས་རྒྱས་པ་ལས་གཞན་དུ་གྱུར་པའི་ཆོས་ལུགས་ཕལ་མོ་ཆེ་ཡིས་འཇིག་རྟེན་གྱི་བཀོད་པ་པོ་འདོད་པ་ཡིན།  ལྷག་པར་ད་ལྟའི་ཆར་ཆོས་ལུགས་རྗེས་འཇུག་པ་མང་ཤོས་ཡོད་མཁན་ཡེ་ཤུ་དང་།  ཁ་ཆེ།   མུ་སྟེགས་པ་གསུམ་པོ་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཡིན། ཆོས་ལུགས་དེ་ཚོས་འཇིག་རྟེན་ཁམས་འདི་གཙོ་བོ་དཀོན་མཆོག་གིས་བཀོད་པ་ཚང་མས་གཅིག་མཚུངས་སུ་འདོད་ཅིང་བཤད་པ་ལས། འཇིག་རྟེན་ཐོག་མའི་ཆགས་ཚུལ་སོགས་ཞིབ་ཕྲ་ཁུངས་ལྡན་ཞིག་བཤད་རྒྱུ་མེད། མུ་སྟེགས་པས་སྤྱིར་འཇིག་རྟེན་བཀོད་པ་པོ་འདོད་རུང་། སངས་རྒྱས་པ་ལྟར་འཇིག་རྟེན་ལ་ཐོག་མཐའ་མེད་པ་དང་། འཇིག་རྟེན་ཁམས་རྣམས་སྔོན་མའི་འཇིག་རྟེན་ཁམས་འཇིག་ཟིན་པའི་རྫས་རྒྱུན་ལས་སླར་དུས་ཡུན་གང་འཚམ་རྗེས་གསར་དུ་ཆགས་ཚུལ་གསུངས། འོན་ཀྱང་གསར་པ་བཟོ་མཁན་འདི་ནང་པས་བཤད་ཚུལ་བཞིན་སེམས་ཅན་སྤྱི་མཐུན་གྱི་ལས་ཡིན་པར་ངོས་ལེན་མེད།  མུ་སྟེགས་པའི་ལུགས་སུ་འཇིག་རྟེན་ནི་ཚངས་པས་བཀོད་པ་ཡིན་ཚུལ་བཤད། ཚངས་པ་ནི་འཇིག་རྟེན་གྱི་བཀོད་པ་པོ་དངོས་དེ་ཡིན།  ཚངས་པས་བསྐྲུན་པའི་འཇིག་རྟེན་དེ་སྐྱོང་མཁན་ཁྱབ་འཇུག་ཡིན་པ་དང་།  དེ་ཉིད་མཐར་དབང་ཕྱུག་ཆེན་མོས་བཤིག་ཚུལ་གསུངས། དེ་ཡང་འཇིག་རྟེན་འདིའི་ཡུན་ཚད་ནི་ཚངས་པའི་ཉིན་གཅིག་(མི་ལོ་དུང་གྱུར་༤༣ཙམ་)དང་དེ་ནས་འཇིག། ཚངས་པའི་མཚན་གཅིག་གི་དུས་ཡུན་(མི་ལོ་དུང་གྱུར་༤༣ཙམ་)སྟོང་གནས་པ་དང་། ཡང་བསྐྱར་འཇིག་རྟེན་གསར་དུ་གྲུབ་ནས་ཚངས་པའི་ཉིན་གཅིག་(མི་ལོ་དུང་གྱུར་༤༣ཙམ་)གནས་པ་དེ་རྗེས་ཡང་བསྐྱར་ཚངས་པའི་མཚན་གཅིག་གི་དུས་ཡུན་བར་སྟོང་གནས་ཚུལ་གསུངས། དེ་ལྟར་ལོ་བརྒྱ་ཐམ་པ་སོང་རྗེས་(མི་ལོ་ཁྲག་ཁྲིག་༣༡༡)ཚངས་པ་འཆི་བ་དང་། ཡང་བསྐྱར་ཚངས་པ་གསར་པ་སྐྱེས་ནས་སྔར་རྒྱུན་བཞིན་འཇིག་རྟེན་སྐྲུན་པ་དང་ཁྱབ་འཇུག་གིས་སྐྱོང་བ། དབང་ཕྱུག་ཀྱིས་འཇིག་པར་བྱེད། དེ་ལྟར་རྒྱུན་མི་ཆད་པ་འཇིག་རྟེན་ཆགས་འཇིག་གི་འཁོར་ལོ་འཁོར་བས་ན་འཇིག་རྟེན་ལ་ཐོག་མཐའ་མེད་པར་གསུངས།  སྤྱིར་ཡེ་ཤུ་ཆོས་ལུགས་ལ་འཇིག་རྟེན་ཐོག་མར་བཀོད་སྟངས་དང་བཀོད་དུས་སོགས་ལ་བཞེད་པ་མི་མཐུན་པ་མང་པོ་ཡོད་རུང་།  ཚང་མས་མགྲིན་གཅིག་གིས་འཇིག་རྟེན་དང་སྐྱེ་དངོས་སྲོག་ཆགས་རྣམས་དཀོན་མཆོག་ཉག་གཅིག་གིས་བཀོད་པ་དང་།  དེ་ཡང་དཀོན་མཆོག་གི་ཉིན་དྲུག་ནང་ཕྱི་སྣོད་ཀྱི་འཇིག་རྟེན་ཆེན་མོ་དང་།      དེའི་ནང་ཚན་འཛམ་གླིང་དང་གཞན་ཡང་སྐྱེ་དངོས་སྲོག་ཆགས་རྣམས་བཀོད་ཚུལ་དང་།  འཇིག་རྟེན་གྱི་ཐོག་མ་དེ་ཡང་ཡེ་ལོ་སྔོན་གྱི་ལོ་༤༠༠༠ - ༥༠༠༠ཡས་མས་ཡིན་ཚུལ་འདོད་པ་དང་། དཀོན་མཆོག་གིས་མིའི་ཐོག་མ་ཨེ་གྲམ་དང་ཨིབི་(Adam and Eve)ཞེས་པ་གཉིས་བསྐྲུན་ནས་དེ་ལས་མི་རྣམས་བརྒྱུད་པར་གསུངས།


དེ་བཞིན་ཁ་ཆེའི་ཆོས་ལུགས་སུའང་ཡི་ཤུ་ལྟར་འཇིག་རྟེན་འདི་གཙོ་བོ་དཀོན་མཆོག་གིས་བཀོད་ཚུལ་འདོད་ཅིང་།  དེ་ཡང་སྟེང་ལྷ་ཡུལ་དང་བར་མི་ཡུལ་འོག་དམྱལ་བ་གསུམ་ལས་གཞན་གོ་ལ་དང་རི་རྒྱལ་སོགས་ཀྱི་སྐོར་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་མེད།


 

༢། ནང་པ་དང་བོད་རྩིས་རིག་པའི་ལྟ་གྲུབ།    

བོད་རྩིས་རིག་པའི་འདོད་ཚུལ་ལ་རྒྱུ་དང་རྐྱེན་ལས་གྲུབ་པ་མ་གཏོགས་བཀོད་པ་པོ་མེད་པ་དང་། སྤྱིར་འཇིག་རྟེན་ཁམས་དེ་ལ་ཐོག་མ་དང་མཐའ་མ་མེད་པར་བཤད། འཇིག་རྟེན་ཁམས་འདི་ཡང་སྔ་རོལ་གྱི་འཇིག་རྟེན་ཁམས་ཀྱི་སྙིགས་རོའི་ཆ་རྡུལ་རྣམས་ལས་བྱུང་བ་དང་སྔ་རོལ་སྟོང་ཟིན་པའི་འཇིག་རྟེན་དེ་ཡང་དེའི་སྔ་རོལ་གྱི་སྟོང་ཟིན་པའི་འཇིག་རྟེན་ལས་གྲུབ་ཚུལ་གསུངས་ཡོད། དེ་ན་དུས་ཡུན་ཇི་ཙམ་སོང་ཡང་དངོས་པོའི་རྫས་རྒྱུན་དེ་མུ་མཐུད་གནས་པས།  འཇིག་རྟེན་ལ་ཐོག་མཐའ་མེད་ཚུལ་གསུངས།   ད་ལྟ་ང་ཚོས་སྤྱོད་བཞིན་པའི་སྣོད་ཀྱི་འཇིག་རྟེན་འདིའི་གྲུབ་ཚུལ་ནི་འདི་ལྟར་ཏེ། སྔོན་འཇིག་རྟེན་སྔ་མ་ཞིག་འཇིག་ཟིན་པའི་འབྱུང་བ་ཆེན་པོ་ལྔའི་སྙིགས་རོའི་རྡུལ་ས་ཆུ་མེ་རླུང་ནམ་མཁའ་ཁམས་ལྔའི་རྡུལ་ཕྲ་རབ་སིལ་བུར་གནས་པ་མིག་སོགས་ཀྱི་དབང་པོ་རགས་པའི་སྤྱོད་ཡུལ་མ་ཡིིན་པ་སྟོང་པའི་རྡུལ་རྣམས་ནམ་མཁའ་སྟོང་པར་སོ་སོར་གནས་པ་ལས། འཇིག་རྟེན་གྱི་ཁམས་དེ་ཐོག་མར་ཆགས་པར། མ་འོངས་འཇིག་རྟེན་ཁམས་དེ་ལོངས་སུ་སྤྱོད་འགྱུར་གྱི་སེམས་ཅན་དེ་དག་གི་སྤྱི་མཐུན་ལས་ཀྱི་ནུས་པ་སྨིན་པའི་དུས། དང་པོ་རླུང་རྡུལ་རྣམས་ཕན་ཚུནབརྡབ་འབྱར་དུ་གྱུར་པ་ལས་ཡང་ཞིང་གཡོ་བའི་རླུང་གི་དཀྱིལ་འཁོར་དུ་སྒྲ་རེག་གི་ཡོན་ཏན་གཉིས་དང་ལྡན།  དེ་དང་མེའི་རྡུལ་ཕྲ་རབ་རྣམས་བརྡབ་འབྱར་དུ་གྱུར་པ་ལས་གློག་གི་རང་བཞིན་མེའི་དཀྱིལ་འཁོར་དུ་སྒྲ་རེག་གཟུགས་ཀྱི་ཡོན་ཏན་གསུམ་དང་ལྡན། དེ་དང་ཆུའི་རྡུལ་འབྱར་བ་ཕྲད་ནས་འཆར་བ་སྟེ་ཆུའི་དཀྱིལ་འཁོར་དུ་སྒྲ་རེག་གཟུགས་རོ་ཡི་ཡོན་ཏན་བཞི་དང་ལྡན།  དེ་དང་སའི་རྡུལ་ཕྲ་རབ་འབྱར་བ་ཕྲད་པས་འཇའ་ཚོན་གྱི་རྣམ་པ་ལྟ་བུའི་སའི་དཀྱིལ་འཁོར་ཡོན་ཏན་ལྔ་དང་ལྡན་པའོ།།  ནམ་མཁའི་ཁམས་ནི་ཁམས་གཞན་བཞི་པོ་ཐམས་ཅད་ལ་ཁྱད་བྱེད་དུ་གནས་པ་ཡིན་ནོ།།


འཇིག་རྟེན་ཁམས་ལ་གྲངས་ཀྱི་ཚད་གཞི་དང་མུ་མེད་པ་ཡིན་ཏེ་འཇིག་རྟེན་ཁམས་གྲངས་ལས་འདས་པ་ཡོད།  དུས་འཁོར་ནང་དུ་འཇིག་རྟེན་སྐོར་གསུངས་སྐབས་གཙོ་བོ་གོ་ལའི་རྣམ་གཞག་སྐོར་གསུངས་ཡོད། དེ་ཡང་གོ་ལ་ནི་དབྱིིབས་ཟླུམ་པོ་དང་དེའི་ཐད་ཀར་རྒྱ་ཁྱོན་འབུམ་བཞི། སའི་དཀྱིལ་འཁོར་གྱི་སྟེང་དུ་འབུར་དོད་ཀྱི་ཚུལ་དུ་དབུས་སུ་རི་རྒྱལ་ལྷུན་པོ་རྒྱུ་རྡོ་སྦོམ་ཞེས་རིན་པོ་ཆེའི་རང་བཞིན་ཅན་རྩ་བ་ནས་གཙུག་གཏོར་བར་དཔག་ཚད་འབུམ་ཕྲག་གཉིས། དེ་ཡང་ལྷུན་པོར་གནས་པའི་རི་དྲུག་དང༌། མཚོ་དྲུག གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་པ་དང༌། ས་དཀྱིལ་གྱི་ཆ་གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཞེས་བྱ་སྟེ་རང་ཅག་རྣམས་གནས་པའི་གླིང་འདི་ཡིན། ནང་བཅུད་ཀྱི་སེམས་ཅན་རི་རབ་ཀྱི་རྩེ་མོ་ནས་ལྷ་གནས་སུམ་ཅུ་རྩ་གསུམ།  རྒྱལ་ཆེན་རིགས་བཞི། དེ་ནས་ལྷ་མ་ཡིན། མི།  དུད་འགྲོ། ཡི་དྭགས་དང་དམྱལ་བ་སོགས་གྲུབ། 


ཇི་ལྟར་འཇིག་རྟེན་ལ་ཐོག་མཐའ་མེད་པ་བཞིན་སེམས་ལ་ཡང་ཐོག་མཐའ་མེད་པ་དང་སེམས་ནི་འཆི་བ་མེད་ལ་སྐྱེ་བ་ཡང་མེད།  དེང་དུས་ཚན་རིག་པས་སེམས་དང་ཀླད་པ་གཉིས་ངོ་བོ་གཅིག་ཡིན་པར་འདོད་པ་དང་ལུས་འཇིག་སྐབས་སེམས་ཡང་འཇིག་ཚུལ་གསུངས།  ནང་པའི་ལུགས་སུ་སེམས་སམ་ཤེས་པ་ཀླད་པའི་རྫས་དང་འགྲེལ་བ་ཡོད་རུང་ཀླད་རྫས་ཁོ་ནའི་ནུས་པ་ཡིན་པར་མ་འདོད།  ཀླད་པ་དང་མ་འབྲེལ་བ་བདེ་སྡུག་གི་ཚོར་བ་མྱོང་མཁན་གཟུགས་མེད་གྲངས་ལས་འདས་པ་ཡོད། སྐྱེ་འགྲོ་རྣམས་སྐྱེ་བ་སྔ་མ་ནས་འོངས་པའི་སྲོག་འཛིན་ཕྲ་མོའི་རླུང་དང་དེ་ལ་བརྟེན་པའི་རྣམ་ཤེས་ཕྲ་མོ་དེ་ཉིད་ང་ཚོ་ཕ་མ་གཉིས་ཀྱི་ཁུ་ཁྲག་འདུས་པའི་སྙིང་པོར་ཞུགས་པའི་རྗེས་སུ་བྱུང་བ་དང་དེ་ལ་བརྟེན་ནས་ཡིད་ཤེས་ཕྲ་རགས་དང་།  དབང་ཤེས་ཕྲ་རགས་སོགས་རིམ་གྱི་བྱུང་བ་ཡིན། ནུབ་ཕྱོགས་པའི་ཚན་རིག་ཚོས་སེམས་ཅན་རྣམས་ནི་ཀླད་པའི་རྫས་ཀྱི་བྱ་ལས་ཁོ་ན་ཡིན་པ་ལས་གཞན་སེམས་ཟེར་བ་ཀླད་པ་ལས་རང་དབང་ཅན་ཞིག་མིན་པར་གསུངས།  ཁོང་ཚོས་དེའི་སྐོར་རླངས་འཁོར་གྱི་འཕྲུལ་ཆས་དང་དེ་ལས་བྱུང་བའི་ནུས་ཤུགས་ལ་དཔེ་བཞག་གནང་ཡོད།   ཇི་སྲིད་རླངས་འཁོར་གྱི་འཕྲུལ་ཆས་ལས་ཀ་བྱེད་པ་ཙམ་གྱི་དེ་ལས་ནུས་ཤུགས་བྱུང་བ་བཞིན།  ཇི་སྲིད་ཀླད་པ་ཡོད་ན་དེའི་རྐྱེན་པས་སེམས་ཀྱང་གནས་ཀྱི་ཡོད་པ་དང་། དེ་ལས་ལྡོག་སྟེ་གལ་ཏེ་རླངས་འཁོར་གྱི་འཕྲུལ་ཆས་ལས་ཀ་མ་བྱེད་ཚེ་དེ་ལས་ནུས་ཤུགས་མི་འབྱུང་བ་དེ་བཞིན་གལ་ཏེ་ཀླད་པ་མེད་ན་སེམས་ཞེས་པ་དེ་རང་བཞིན་དུ་མེད་པ་ཆགས་ཚུལ་བཤད་བཞིན་ཡོད།


 

༣། དེང་དུས་ཚན་རིག་གི་ལྟ་གྲུབ།  

འཇིག་རྟེན་གྱི་ཁམས་འདི་མ་གྲུབ་སྔ་རོལ་དུ་བར་སྣང་སྟོང་སང་ནམ་མཁའ་ལ་ཆ་རྡུལ་ཕྲ་རབ་རྣམས་ནུས་ཤུགས་སམ་ནུས་རྫས་གོང་བུ་གཅིག་ཏུ་དུས་ཡུན་གང་འཚམས་བསྒྲིལ་མཐར་གློ་བུར་དུ་གས་འཐོར་སོང་ནས་འབར་གས་ཆེན་པོ་ཞིག་བྱུང་བ་དང་། དེ་ལྟ་བུའི་འབར་གས་ཀྱི་ནུས་རྫས་རྣམས་རིམ་བཞིན་ཁྱབ་བརྡལ་དུ་རྒྱ་ཆེར་སོང་བ་མ་ཟད་དུས་ད་ལྟའང་རིམ་བཞིན་ཁྱབ་བརྡལ་འགྲོ་བཞིན་ཡོད། འབར་གས་ཀྱི་ནུས་རྫས་རྣམས་ཕྱོགས་ཡོངས་ལ་ཁྱབ་ནས་རིམ་བཞིན་དྲོད་ཚད་རྣམས་ཆག་པ་དང་དུས་མཚུངས་འཇིག་རྟེན་གྱི་དམངས་གཞི་རྡུལ་རྣམས་གྲུབ་སྒོ་ཚུགས།  དེ་ལས་གཟའ་སྐར་གྲངས་ལས་འདས་པ་ཆགས་པ་དཔེར་ན།  ཉི་མའི་ཁྱིམ་རྒྱུད་(solar system) འོ་མའི་མདོག་ལྡན་སྐར་འདུས་ཆེན་མོ་(milky way galaxy) སྐར་འདུས་ཆེན་མོ་(galaxy) རྣམས་ཆགས་ཡོད། འོན་ཀྱང་ཚན་རིག་པས་ཆ་རྡུལ་ཕྲ་རབ་རྣམས་གང་ནས་བྱུང་མིན་སྐོར་བཤད་རྒྱུ་མེད།  ཚན་རིག་པ་ཚོས་ཆ་རྡུལ་ཕྲ་རབ་རྣམས་རང་བཞིན་དུ་བྱུང་བ་མ་གཏོགས་འཇིག་རྟེན་སྔ་མའི་རྒྱུན་ཡིན་པ་བཤད་མེད།   ཚན་རིག་པས་འབར་གས་ཆེན་པོ་དེ་ཡང་མི་ལོ་ཐེར་འབུམ་ ༡༣ དང་ཕྱེད་ཀ་ལྷག་ཙམ་གྱི་སྔོན་ལ་བྱུང་ཚུལ་གསུངས།  དེས་ན་ཚན་རིག་པའི་ལུགས་སུ་འཇིག་རྟེན་ཁམས་ལ་ཐོག་མ་དང་མཐའ་མ་ཡོད་སྐད།  དེང་དུས་ཚན་རིག་པས་འཇིག་རྟེན་ཁམས་ཀྱི་དབྱིབས་ཕལ་ཆེར་ཟླུམ་པོ་སྒང་བུ་བཞིན་ཡིན་པ་དང་དེའང་(hubble)རྒྱང་ཤེལ་སོགས་ལས་བལྟས་སྐབས་ཤེས་ཡོད། འཇིག་རྟེན་ཁམས་ཆེན་པོ(universe)ནང་དུ་སྐར་འདུས་ཆེན་མོ་(galaxy) ཉི་མའི་ཁྱིམ་རྒྱུད་(solar system) དེ་དག་རེ་རེའི་ནང་དུ་རྒྱུ་སྐར་དང་གཟའ་རྣམས་ཡོད་པ།   ང་ཚོ་སྡོད་སའི་ཉི་མའི་ཁྱིམ་རྒྱུད་ནང་ཉི་མ་གཅིག་དང་། གཟའ་དགུ། ཟླ་བ་དུ་མ་ཡོད།  དེ་ལྟ་བུའི་ཉི་མའི་ཁྱིམ་རྒྱུད་གཞན་འཇིག་རྟེན་འདིར་གྲངས་ལས་འདས་པ་ཡོད།  དེང་དུས་ཚན་རིག་པས་གསུངས་པ་ལྟར་ན་འབར་གས་ཆེན་མོ་བྱུང་མ་ཐག གཟའ་སྐར་སོགས་དངོས་པོ་ཐམས་ཅད་ཀྱི་གྲུབ་གཞི་ནི་བར་སྟོང་དུ་ཁྱབ་བརྡལ་ཡོད་པའི་རྡུལ་ཕྲན་ཡིན་པ་དང་། རྡུལ་ཕྲན་ལ་ཡང་ཆ་རྡུལ་མང་པོ་འདུས་པའི་གོང་བུ་ཡིན།  ཆ་རྡུལ་དེ་ལའང་རིམ་བཞིན་དབྱེ་བ་ཡོད། རྡུལ་(atom)དེ་རྣམས་སྣོད་བཅུད་རྣམས་ཀྱི་གྲུབ་གཞི་གཙོ་བོ་ཡིན་པ་དང་། དེའང་ཚན་རིག་ནང་རྡུལ་ལ་དབྱེ་བ་མི་འདྲ་བ་མང་།


ང་ཚོ་གནས་བཞིན་པའི་འཛམ་གླིང་འདི་ཕལ་ཆེར་མི་ལོ་དུང་ཕྱུར་༤་དང་ཕྱེད་ཙམ་སྔོན་དུ་གྲུབ་འགོ་ཚུགས་ལུགས་གསུངས།  དེ་ཡང་སྲོག་ཆགས་ཀྱི་རིགས་དང་པོ་དེ་མི་ལོ་དུང་ཕྱུར  ༣་༨  ཙམ་ནས་བྱུང་བ་དང་དེ་རྣམས་ཀྱི་དཔང་རྟགས་ནི་དེང་དུས་བྲག་རྡོ་རྣམས་ཀྱི་ནང་ཤུལ་ལུས་ནས་ཤེས་ཀྱི་ཡོད། ལོ་ས་ཡ་ ༦༠༠ ཙམ་ནས་འགྲོ་བ་དངོས་དེ་ཆགས་ཡོད། དེ་སྔོན་ལ་སྲོག་ཆགས་རྣམས་ཤིན་ཏུ་ཕྲ་བ་ཡིན། སྲོག་ཆགས་དང་པོ་གྲུབ་པ་ནས་ད་བར་འཛམ་གླིང་གྱི་གནམ་གཤིས་སོགས་འཁོར་ཡུག་སྤྱི་ལ་འགྱུར་བ་ཆེན་པོ་སོང་ཡོད། དེར་བརྟེན་སྲོག་ལྡན་རྣམས་ལུས་དང་བསམ་བློར་འགྱུར་བ་ཕྱིན་ཡོད་པར་བཤད། དུས་ཡུན་དེའི་ནང་འཛམ་གླིང་གྱི་གླིང་ཆེན་རྣམས་ཁ་གས་པ་དང་ཁ་བསྒྲིལ་བ་སོགས་གཞན་འགྱུུར་བ་ཁག་ལ་བརྟེན་ནས་འཛམ་གླིང་ནང་དུ་འགྲོ་བ་གནས་པ་ལ་སྲོག་འཛིན་རླུང་དང་ས་བཅུད་འཕེལ་བ་སོགས་རིམ་བཞིན་འགྱུར་ཡོད། འཛམ་བུ་གླིང་གི་ཟླ་བ་དེ་ཡང་འཛམ་གླིང་ཆགས་ཚར་བས་རྗེས་མི་ལོ་ས་ཡ་མང་པོའི་རྗེས་སུ་གྲུབ་ཚུལ་གསུངས། འཛམ་གླིང་འདིར་སྲོག་ཆགས་དང་པོ་ཆུ་ནས་ཆགས་ཚུལ་དང་དེ་ཡང་དང་པོ་འབུ་སྲིན་ཕྲ་མོ་ནས་ཆུའི་ནང་གི་སྲོག་ཆགས་དང་དེ་ནས་ས་སྟེང་གི་སྲོག་ཆགས་གནའ་སྔ་མོར་སྟོང་ཟིན་པའི་(dinosaurs)སོགས་སྲོག་ཆགས་ཆེ་རིགས་རྣམས་རིམ་བཞིན་གཞན་རྣམས་གྲུབ་པ་དང་།      འགྲོ་བ་མི་ནི་ཨ་ཕྷ་རི་ཀའི་གླིང་ཕྲན་ནས་མི་རྒོད་ལས་བརྒྱུད་ནས་མི་ཆགས་ཚུལ་གསུངས་ཀྱི་ཡོད། དེ་ཡང་དེང་དུས་མིའི་གཟུགས་དབྱིབས་དང་ཕུང་པོའི་ཆ་ལག་ལྡན་པའི་མི་ཐོག་མ་དེ་ལོ་ངོ་འབུམ་གཉིས་ཙམ་སྔོན་ནས་ཆགས་ཡོད་ཚུལ་བཤད་ཡོད་དོ།། །།

མཐའ་མའི་འདོན་ཐེངས་།: 13.04.2015 ཉིན། 2:05 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།