པོ་ཧྲི་སྨན་རམས་པ་ཐུབ་བསྟན་རྣམ་རྒྱལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.05.2018 |
པོ་ཧྲི་སྨན་རམས་པ་ཐུབ་བསྟན་རྣམ་རྒྱལ།
- བྱམས་པ་འཕྲིན་ལས།
ནད་བཅོས་སྨན་སྦྱིན་གྱི་ལས་ལ་རྩེ་གཅིག་ཡིད་ཀྱིས་གཞོལ་བའི་པོ་ཧྲི་སྨན་རམས་པ་ཐུབ་བསྟན་རྣམ་རྒྱལ་ལགས་ནི་སྤྱི་ལོ་ ༡༩༣༢ ལོར་མདོ་སྨད་ཀན་སུའུ་བསང་ཆུ་རྫོང་དུ་སྐྱེས། རང་ལོ་བདུན་པར་མདོ་སྨད་ས་ཡི་ཐིག་ལེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གཞན་ཕན་གླིང་གི་ཆོས་གྲྭར་ཞུགས། ཁུ་བོ་གྲགས་པ་དར་རྒྱས་དང་བློ་གྲོས་རྒྱ་མཚོའི་དྲུང་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་ལ་སྦྱངས། ཨ་ལགས་བླ་ཁོ་རིན་པོ་ཆེ་དང་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་རྗེ་འཇིགས་མེད་རྒྱ་མཚོ་མཆོག་དང་། རྗེ་སྐལ་བཟང་དཀོན་མཆོག་རྒྱ་མཚོ། རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་གསོ་བ་རིག་པ་གཙོས་པའི་ཐུན་མོང་དང་ཐུན་མིན་གྱི་ཤེས་རིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དབང་ལུང་བཀའ་ཆོས་མང་དུ་མནོས་པའི་མུར་ ༡༩༥༧ ལོར་ཕུལ་བྱུང་གི་སྦྱངས་འབྲས་ཐོབ་པར་བརྟེན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་རིན་པོ་ཆེའི་བཀའི་གསུང་སྤྱི་བོར་བླངས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་བགྱི་བ་དོན་གཉེར་མཛད། སྔ་རྟིང་དུ་དགོན་པ་དེའི་སྨན་ཁང་དང་གྱོའུ་རྒྱ། གནམ་ལྷ་སོགས་སུ་ལྷ་རྗེའི་འཁྲི་བ་ལྷུར་བཞེས། ལོ་བཅུའི་གོད་ཆགས་ཀྱི་ཀློང་དུ་ཚུད་ནའང་སྦ་གསང་གི་ཚུལ་དུ་སྨན་འཐུ་བ་དང་། ནད་བཅོས་ཀྱི་བྱ་བ་བར་མ་ཆད་དུ་བསྒྲུབས། ༡༩༧༢ ལོར་ཀན་སུའུ་ཀྲུང་དབྱི་རྩྭ་སྨན་ལག་དེབ་ཅེས་པ་རྩོམ་བསྒྱུར་གནང་བ་དང་རྒྱལ་ཁབ་ཀྱི་སྨན་མཛོད་ཅེས་པའི་ཞུ་དག་སོགས་རྩོམ་པའི་མཛད་འཕྲིན་ཡང་མང་དུ་སྤེལ། བསང་ཆུ་རྫོང་བོད་སྨན་ཁང་གི་འཛུགས་སྐྲུན་མཛད་མུར། ༡༩༨༠ ལོ་ནས་བཟུང་གསར་དུ་ཚུགས་པའི་ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་དུ་ད་ལྟའི་བར་སྨན་རམས་པ་གཞོན་པ་དང་སྨན་པ་འབུམ་རམས་པའི་མིང་བཏགས་བཞེས། ༡༩༩༦ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་གྱི་ཆེད་ལས་མཁས་པའི་ཐོབ་ཐང་གནང་། ༡༩༩༨ ལོརཨ་མེ་རི་ཁའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་ཁང་ཆེན་མོ་ལས་བསྩལ་བའི་སྲོལ་རྒྱུན་གསོ་རིག་གི་པོ་ཧྲི་ཞེས་པའི་རབ་འབྱམས་གྱི་གདེང་བརྙེས། ༡༩༧༧ ལོ་ནས་བཟུང་སྔ་གཞུག་ཏུ་དབུས་གཙང་ལ་ཐེངས་བརྒྱད་ཕེབས་ཏེ་སྨན་གཞུང་དཀོན་པའི་རིགས་འཚོལ་བསྡུ་བྱེད་ཞོར་དུ་སྨན་རྫས་ཕྱོགས་ཀྱི་དོགས་གཅོད་དང་བཀའ་འདྲི་བསམ་ལས་འདས་པ་གནང་ནས་ན་ལེནྡྲའི་མཁན་པོ་ཚུལ་རྒྱལ་པའི་དྲུང་ནས་གཡུ་ཐོག་སྙིང་ཐིག་དང་དེའི་ཆོས་སྐོར་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་སོགས་གསོ་རིག་སྐོར་གྱི་དབང་ལུང་མང་དུ་མནོས། གཞན་ད་དུང་ཀོང་པོའི་སྨན་ལུང་གི་བལྟ་ན་སྡུག་གི་དགོན་ཤུལ་དང་གཡུ་ཐོག་པའི་བདུད་རྩི་ཕུག་པར་ལན་གཉིས་ལ་མཇལ་བར་ཕེབས་ཏེ་སྔར་མིག་གི་མཐོང་ཡུལ་དུ་མ་གྱུར་བའི་སྨན་དང་དངོས་རྫས་ཀྱི་ངོ་སྤྲད་དེ་ཕྱི་རབས་པ་རྣམས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
མཁས་དབང་དེ་ཉིད་ཀྱིས་ལོ་བཞི་བཅུ་ལྷག་གི་རིང་ལ་ནད་བཅོས་སྨན་སྦྱིན་གྱི་བགྱི་བ་ལྷུར་བཞེས་མཛད་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ནད་པ་སུམ་འབུམ་ལས་བརྒལ་བ་འཆི་བདག་གི་ཞགས་ལས་གྲོལ། ༡༩༨༥ ལོར་ཁོང་གིས་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ནད་ཐོག་ཞིབ་འཇུག་སྡེ་ཁག་གི་དབུ་འཛིན་གྱི་འགན་བཞེས་པ་ནས་བཟུང་། ཞིབ་འཇུག་དང་ནད་བཅོས་གཉིས་ཆར་ཐུགས་ཁུར་ཟབ་གཞེས་གནང་བར། ཁོང་ལ་སྔ་གཞུག་ཏུ་ཞིང་ཆེན་དང་ཁུལ་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ལན་དུ་མར་ཐོབ། རྒྱལ་ཁབ་འཕྲོད་བསྟན་པུའུ་ཡིས་རྒྱལ་ཡོངས་མཐའ་མཚམས་ས་ཁུལ་གྱི་ཕུལ་བྱུང་གི་གསོ་རིག་ཚན་རྩལ་ལས་དོན་པ་ཞེས་པའི་མཚན་སྙན་དང་། འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་གྱི་མི་རིགས་གསོ་རིག་པ་ཕུལ་བྱུང་ཅན་ཞེས་དང་། ཀན་ལྷོ་ཁུལ་སྲིད་གཞུང་གིས་ཀན་ལྷོ་ཁུལ་གྱི་སྔོན་ཐོན་ཚན་རིག་དོན་གཉེར་བ་ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་དང་བྱ་དགའ་ལན་གྲངས་དུ་མར་གནང་།
༡༩༩༥ ལོར་འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་ཚོགས་འདུ་ཐེངས་གཉིས་པ་ཨ་རིའི་ལ་སུ་ཝེ་ཀ་སུ་རུ་ཚོགས་ཏེ་དེར་ཀྲུང་གོ་དང་། ཨ་མེ་རི་ཀ འཇར་པན། མའོ་ཞེས་ཀོ ཨོ་སུ་ཁྲུ་ལི་ཡ་སོགས་སྡོམ་པས་རྒྱལ་ཁབ་བཅུ་གསུམ་ནས་ཕེབས་པའི་མཁས་དབང་བརྒྱ་དང་བཞི་བཅུ་ལྷག་གིས་གསོ་རིག་འགྲན་རྩོད་བྱེད་པའི་ལས་སུ་ཞུགས་ནས་ཁོང་གིས་རང་ཅག་ཁ་བ་རི་བའི་ཐུན་མོང་མ་ཡིན་པའི་རིག་ལམ་གསོ་བ་རིག་པའི་མཚན་སྙན་གྱི་བ་དན་དེ་ཉིད་སྲིད་རྩེར་བཙུགས་ནས་ཚོགས་ཆེན་དེའི་དབུས་ནས་པོ་ཧྲི་ཞེས་པའི་མཚན་རྟགས་བླངས་ནས་བོད་རིགས་ཀྱི་སྙན་གྲགས་དེ་འཛམ་གླིང་དུ་ཁྱབ་པར་གྱུར།
མཁས་པའི་བྱ་བ་གསུམ་ལ་འགྲུས་པའི་ཆེད་དུ། གསོ་རིག་རྒྱུད་དོན་དགོས་འདོད་ཀུན་འབྱུང་དང་རྩ་རྒྱུད་ཀྱི་འགྲེལ་བ་གསལ་བའི་སྒྲོན་མེ། བྱང་བ་རྣམ་རྒྱལ་གྲགས་བཟང་གི་རྣམ་ཐར། ཞལ་ལུང་མཛེས་རྒྱན་སོགས་གནའ་གཞུང་དེབ་དྲུག་ལེགས་བསྒྲིགས་དང་དཔེ་སྐྲུན་མཛད། ཁྱད་པར་དུ་སྨན་ངོས་གསལ་སྟོན་བཻཌཱུརྱ་སྔོན་པོའི་མཛེས་རྒྱན་སོགས་ཆེད་དེབ་གཉིས་པོ་མི་འགྱང་བར་གཟིགས་ཡུལ་དུ་སྨིན་ངེས། ཆུ་དཔྱད་གསལ་བའི་མེ་ལོང་དང་ཕུལ་བྱུང་གི་བོད་ཀྱི་གསོ་རིག་མཁས་ཅན་ཟུར་མཁར་བློ་གྲོས་རྒྱལ་པོ་མཆོག་གི་རླབས་ཆེན་མཛད་རྗེས། སྨན་རྫས་འགའ་ཞིག་གི་དོགས་སེལ་སོགས་མཐའ་དཔྱོད་ཀྱི་རྩོམ་བཅུ་ཕྲག་ལྷག་འབྲེལ་ཡོད་ཀྱི་དུས་དེབ་ཏུ་སྤེལ། དེ་དག་ལས་ཆུ་དཔྱད་གསལ་བའི་མེ་ལོང་ཞེས་པ་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ཅིང་ཨ་རི་རྒྱལ་ཁབ་ཏུ་ ༡༩༩༥ ལོར་ཚོགས་པའི་སྐབས་གཉིས་པའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་དུ་སྒྲོག་སྦྱང་བྱས་ཤིང་ “ཚད་བརྒལ་བུམ་པ”ཞེས་པའི་གསེར་བུམ་ཁྱད་འཕགས་ཅན་གྱི་བྱ་དགའ་ཐོབ་པས་མཚོན་བོད་ཀྱི་གསོ་རིག་ཀྱང་འཛམ་གླིང་འཚོ་བྱེད་རིག་པ་སྨྲ་བའི་གྲལ་དུ་ཁྲི་འཕང་ངེས་ཅན་ཞིག་བརྙེས་པ་མཚོན་ནོ།།
མཁས་དབང་འདི་ཉིད་གསོ་རིག་འབའ་ཞིག་གི་དོན་གཉེར་བ་མ་ཡིན་པར། སྲིད་ཀྱི་ཕྱོགས་ནས་ཀྱང་འགྲོ་ལ་སྨན་པའི་བྱ་བ་ལ་ཐུགས་བརྣགས་པས། སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་མི་རིགས་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ཨུ། ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན། སྲིད་གྲོས་ཀན་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཁུལ་བོད་སྨན་སློབ་ཚོགས་ཀྱི་ལས་འཛིན་གཞོན་པ། གཙོས་ས་ཁུལ་གྱི་ཏང་ཕྱིའི་ཤེས་ཡོན་ཅན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་གི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་དབུ་འཛིན་བཅས་ཀྱི་འཁྲི་བ་མི་ཉུང་བ་བཞེས་མུས་ཀྱིས་གང་ཅིའི་མཛད་འཕྲིན་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་སོ།།
- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 02.05.2018 ཉིན། 4:40 PM
<< སྔ་མ།