སྨན་རྩིས་དྲ་བ། - མདུན་ངོས།

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.05.2017
མདུན་ངོས། >>

 

ནུས་པ་གྲང་བསིལ་ཆེས་པའི་སྣུམ་གྱིས་ནད་སྣ་ཚོགས་སྐྱེད་པར་བཤད།

 

ང་ཚོ་ཚང་མས་བརྙན་འཕྲིན་ནང་དུ་ནུས་པ་གྲང་བསིལ་ཆེས་པའི་སྣུམ་(Cool Oil, Thanda Thanda Cool Cool) གྱི་ཁྱབ་བསྒྲགས་བརྙན་ཐུང་དེ་ངེས་པར་གཟིགས་ཡོད། དེ་ནི་བློ་ལ་འཐད་ཅིང་ཡིད་ཆེས་འཕེར་ནུས་པ་ཞིག་ཡོད། ཁྱབ་བསྒྲགས་གནང་མཁན་དེ་ཧིནྡི་གློག་བརྙན་འཁྲབ་མཁན་སྙན་གྲགས་ཆེ་ཤོས་ཤིག་ཡིན་ལ། གང་ཟག་ལ་ཚད་མར་བཟུང་ནས་དེའི་ནང་བསྟན་པ་བཞིན་སྣུམ་གྲང་བསིལ་ཅན་དེའི་ཁྱད་ཆོས་གང་དག་ཡོད་ངེས་ཏེ་སོམ་ཉི་མི་དགོས་སོ་སྙམ་ན་ཐུགས་བསམ་ལན་གཅིག་བཞེས། གང་ལགས་ཤེ་ན།

 

འདི་ལོའི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་གར་གྱི་ཧིན་ཡིག་གསར་ཤོག་ནཝ་བྷྰརཏ་ཊྰཨིམྶ་(NBT) ཡི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བནྰརས་ཧིནྡུ་གཙུག་ལག་སློབ་གྲྭ་ཆེན་མོ་(BHU) ཡི་སྨན་གྱི་ཚན་རིག་སློབ་གཉེར་ཁང་(IMA: Institute of Medical Science) གི་ངོས་ནས་དབུས་གཞུང་ལ་སྙན་ཐོ་ཞིག་བཏང་གནང་ཡོད། སྙན་ཐོ་དེའི་ནང་རེག་བྱ་གྲང་བསིལ་ཆེ་བའི་མགོ་སྣུམ་བེད་སྤྱོད་ཡུན་རིང་བྱས་པ་ལ་བརྟེན་ནས་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་པའི་སྐོར་འཁོད་ཡོད།

 

སྨན་གྱི་ཚན་རིག་སློབ་གཉེར་ཁང་གི་དབང་རྩ་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་བིཇཡ་ནྰཐ་མིཤྲ་ལགས་དང་ཁོང་གི་ལས་རོགས་རྣམ་པས་ག་བུར་སྦྱོར་སྡེབ་བྱས་ཡོད་པའི་གྲང་བསིལ་ནུས་པ་ཆེས་ཆེར་ཡོད་པའི་སྣུམ་གྱི་ཕན་གནོད་སྐོར་ཉམས་ཞིབ་གནང་ཡོད།  དེ་ཡང་སར་སུནྡར་ལྰལ་སྨན་ཁང་གི་ཀླད་པའི་རྩ་ཁམས་བརྟག་དཔྱད་ཁང་དུ། པྰུརྦྰཾཅལ་དང་བིཧྰར་མངའ་སྡེ་གཉིས་ཀྱི་རྒྱུན་ལྡན་བསིལ་སྣུམ་བེད་སྤྱོད་གནང་མཁན་གྱི་ནད་པ་གྲངས་ལྔ་བརྒྱའི་གནད་དོན་ལ་ལོ་གཉིས་ཙམ་རིང་ཉམས་ཞིབ་བྱས་ཡོད། ཉམས་ཞིབ་སྙན་ཐོ་དེ་དབུས་གཞུང་གི་ཚན་རིག་དང་འཕྲུལ་ལས་རིག་པའི་སྡེ་ཚན་(DST: Department of Science and Technology) དུ་བཏང་ནས་ཉམས་ཞིབ་རྒྱས་པ་ཞིག་དང་ག་བུར་གྱི་ཚད་གཞི་གཏན་འབེབས་དགོས་ཚུལ་སྐོར་སོགས་འཁོད་ཡོད།  

 

སློབ་དཔོན་ཆེན་མོ་མིཤྲ་ལགས་ཀྱིས་གསུངས་གསལ་ལྟར་ན། གྲང་བསིལ་ཆེ་བའི་སྣུམ་རྒྱུན་དུ་བེད་སྤྱོད་བྱེད་པ་ལ་བརྟེན་ནས་དབང་རྩའི་ནུས་སྟོབས་ཞན་པོའམ་ལྷོད་པོར་གཏོང་བ་དང་། ཀླད་པར་ཐད་ཀར་ཤུགས་རྐྱེན་སྤྲད་པའི་དབང་གིས་ཁྲག་རླུང་སྟོད་འཚངས་ཀྱི་ནད། མིག་གི་མཐོང་ཤུགས་ཉམས་པ། རྗེས་སུ་གྲིབ་སྐྱོན་གྱི་ཉེན་ཁ་ཆེ་རུ་འགྱུར་ཞིང་གནས་སྟངས་དེས་སྲོག་ལའང་གནོད་སྐྱོན་འབྱུང་སྲིད་པ་ཞིག་རེད། སློབ་སྟོན་བྱུང་རྗེས་ནུས་པ་གྲང་བསིལ་ཆེ་བའི་སྣུམ་བེད་སྤྱོད་མཚམས་འཇོག་གནང་མཁན་ནད་པ་འགའ་ཞིག་ལ་སྨན་མ་སྤྲད་ཀྱང་རིམ་པས་ཕན་ཐོགས་བྱུང་བར་གསུངས་ཡོད།

 

གཞན་ཡང་ཁྲོམ་དུ་ངོ་བོའི་ནུས་པ་བསིལ་ཆེས་པའི་སྣུམ་རིགས་བརྒྱ་ཕྲག་ལྷག་ཚོང་སྒྱུར་ཞུ་བཞིན་ཡོད་པ་དང་། སྣུམ་བཟོ་སྐྲུན་བྱེད་མཁན་ཚོང་བདག་ཚོས་ཚོང་བྲིན་པོ་ཡོང་ཆེད་སྣུམ་གྱི་ནང་དུ་ག་བུར་ཚོད་མེད་བླུག་བཞིན་ཡོད། ཨ་རིའི་ནང་དུ་ག་བུར་བེད་སྤྱོད་བྱེད་པའི་ཚད་གཞི་ངེས་ཅན་ཁྲིམས་བཅས་ཡོད་ཀྱང་རྒྱ་གར་ནང་དུ་ད་ལྟའང་དེའི་ཐོག་ཁྲིམས་བཟོས་མེད། ཨ་རིའི་ནང་དུ་ཅ་དངོས་གང་ཡིན་རུང་བརྒྱ་ཆ་ ༡༡ ལས་ལྷག་པ་ག་བུར་བེད་སྤྱོད་བྱེད་ཆོག་གི་མེད་ཀྱང་རྒྱ་གར་དུ་ག་བུར་གྱི་ཚད་གཞི་བརྒྱ་ཆ་བརྒྱ་ལྷག་མང་བ་སྣུམ་ནང་སྦྱོར་སྡེབ་བྱེད་བཞིན་ཡོད།  

 

ནུས་པ་བསིལ་གྲང་ཆེས་པའི་སྣུམ་རིགས་བེད་སྤྱོད་བྱས་པས་མགོ་གཟེར་བ། མགོ་ཡུ་འཁོར་བ། སྐྱུག་པ། མཐོང་ཤུགས་ཉམས་པ། ཀླད་རྩ་འགག་པ། ཀརྤལ་ཊནལ་མཉམ་འདུས་ནད་རྟགས། ཁྲག་ཤེད་མཐོ་བ། གྲིབ་སྐྱོན། ནད་གཞི་གཞན་ཡང་ཕོག་ཉེན་ཡོད་པ་བཤད་འདུག

 

ག་བུར་ཚད་གཞི་ཧ་ཅང་ཆེ་བའི་མགོ་སྣུམ་གྲང་བསིལ་ཅན་དེ་བཟོ་སྐྲུན་བྱེད་མཁན་ཚོང་བདག་ཚོས་སྣུམ་དེས་མགོ་ན་བ་དང་། ལུས་ཐང་ཆད་པ། དངངས་འཚབ། གཉིད་ཡེར་བ་སེལ་བའི་ཕན་ནུས་ཡོད་ཚུལ་གསུངས་པ་རྣམས་ད་ཆ་དོགས་གཞི་གནས་སུ་གྱུར་ཡོད་ལ། ནམ་ཟླ་སྟོན་ཀ་དང་སོས་ཀ་གཉིས་ནི་ཉི་མའི་འོད་ཟེར་རབ་ཏུ་རྒྱས་པའི་དུས་ཡིན་པ་དང་། ཁྱད་པར་ཚ་དྲོད་ཆེ་བའི་ས་ཕྱོགས་སུ་གནས་པའི་རང་རིགས་རྒན་གཞོན་བར་མའི་ནང་དུའང་མགོ་ན་བ་སོགས་སེལ་བའམ། ཡང་ན་ཉི་ཟེར་ཆེ་བའི་དུས་སྐབས་རེག་བྱ་གྲང་བསིལ་གྱི་ཚོར་བ་ཐོབ་འདོད་སོགས་གང་གི་སླད་དུ་ཡིན་རུང་ནུས་པ་གྲང་བསིལ་ཆེས་པའི་སྣུམ་རིགས་བེད་སྤྱོད་གནང་མཁན་འབོར་ཚད་དེ་ཙམ་མང་པོ་མེད་པ་བདེན་ཡང་། ཕལ་ཆེར་རྩ་བ་ནས་མེད་པ་མ་ཡིན་པས་བེད་སྤྱོད་གནང་མཁན་ཚོས་ངེས་པར་ཡིད་གཟབ་གནང་གལ་ཆེ།།

 

ཁུངས་གཏུགས་དྲ་ཐག འདིར་ནོན་ནས་གཟིགས།




མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 9:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།