སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ནད་བཅོས་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

སྡེ་ཚན་འདིའི་ཐོག་མའི་འཕེལ་རིམ་གྱི་དབང་དུ་བྱས་ན་ཕྱི་ལོ་ ༡༩༨༠ ལོར་ནད་བཅོས་ཉམས་ཞིབ་ཁོ་ནའི་ཆེད་མ་ཡིན་པར་སྤྱིར་གསོ་རིག་ལས་དོན་གང་ཅིའི་ཐད་ལ་ཉམས་ཞིབ་བྱ་རྒྱུའི་ལས་འཆར་ཞིག་གི་སྟེང་ནས་མགོ་བཙུགས་ཤིང་། དེ་ཡང་སྐབས་དེར་ནད་རིགས་སྤྱི་ཙམ་ལ་ཉམས་ཞིབ་བྱེད་པ་ཁོ་ན་མ་ཡིན་པར་སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་རིགས་ཕྱོགས་སྒྲིག་དང་། ཞིབ་འཇུག འཚོལ་བསྡུ་བདག་གཉེར་བྱེད་པ། བོད་ཀྱི་གསོ་བ་རིག་པའི་ཐུན་མིན་སྨན་རྫས་ངོས་འཛིན་ཁ་གསལ་མེད་པ་རྣམས་འཁྲུངས་དཔེ་འདྲ་མིན་ལ་དཔྱད་བསྡུར་དང་། བོད་ཕྱི་ནང་གི་མཁས་པ་རྣམས་ལ་གོ་བསྡུར། དཔྱད་ཞིབ་བརྒྱུད་སྨན་རྫས་ངོས་འཛིན་བྱེད་པ། བོད་ཀྱི་གསོ་བ་རིག་པའི་གཞུང་ནས་བསྟན་པའི་སྔོ་སྨན་རིགས་ཀྱི་ཕན་ནུས་གཙོ་བོར་བཟུང་སྟེ་སྔོན་བྱོན་མཁས་དབང་རྣམས་ཀྱི་སྨན་སྦྱོར་ཉམས་མྱོང་དང་། དེང་རབས་ཚན་རིག་གི་སྨན་དཔྱད་རིག་པའི་སྦྱོར་བཟོའི་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་འཕྲོད་བསྟེན་ཐོན་དངོས་བཟོ་སྐྲུན་བྱེད་པ། དེང་དུས་དར་ཁྱབ་ཆེ་བའི་ནད་རིགས་འདྲ་མིན་ངོས་འཛིན་དང་། ཉམས་ཞིབ་བྱེད་པ་སོགས་སྤྱི་ཡོངས་ཀྱི་རང་བཞིན་ལྡན་པའི་ཉམས་ཞིབ་ཚན་པ་ཞིག་བཙུགས་འདུག

ཕྱིས་སུ་ཉམས་ཞིབ་བྱེད་ཡུལ་གྱི་ལས་གཞི་མི་འདྲ་བ་གཞིར་བཟུང་སྟེ་ཚན་པ་དང་། སྡེ་ཚན་སོ་སོར་ཕྱེས་ཏེ་སྨན་རྫས་ཉམས་ཞིབ་སྡེ་ཚན་དང་། སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་བཅས་རིམ་པས་བཙུགས་པ་བཞིན་ ༡༩༩༩ ལོར་ནད་བཅོས་ཚན་པ་དེ་ཉིད་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་ངོ་བོར་བསྒྱུར།


ཉམས་ཞིབ་ཀྱི་ལས་གཞི་མགོ་བཙུགས་པ་ནས་ནད་བཅོས་ཉམས་ཞིབ་ཚན་པ་དེ་ཉིད་སྡེ་ཚན་གྱི་ངོ་བོར་མ་བསྒྱུར་བར་འགན་ཁུར་བ་དང་འགན་འཛིན་གསུམ་ཙམ་བྱུང་ཡོད་པའི་ཐོག་མ་དེ་ཚ་རོང་འཇིགས་མེད་ལགས་ཡིན་ཞིང་།  དེ་ཡང་ཕྱི་ལོ་ ༡༩༨༠ ལོར་སྐུ་ངོ་ཚ་རོང་འཇིགས་མེད་ལགས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ནས་དགོངས་ཞུས་ཀྱིས་སྨན་གྱི་ལྟེ་གནས་ཁང་གི་ཉམས་ཞིབ་ཀྱི་ལས་གཞིར་ཞུགས་ཏེ། རྩིས་དགེ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་དང་།  སྨན་པ་བློ་བཟང་ཆོས་འཕེལ་གཉིས་དང་ལྷན་དུ་བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་མཚོན་པའི་དཔེ་དེབ་ Fundamental of Tibetan Medicine ཨིིན་ཡིག་ཐོག་ཕྱི་ལོ་ ༡༩༨༡ ལོར་དཔར་སྐྲུན་ཞུས་པ་དང་། བོད་སྨན་ནང་བེད་སྤྱོད་བྱེད་བཞིན་པའི་སྔོ་སྨན་འགའ་མཁོ་སྒྲུབ་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་གསུངས་པའི་མིང་དང་། ལེ་ཊིན་གྱི་མིང་སོགས་གཏན་འབེབས་གནང་བ་དང་། སྨན་གྱི་དཔེ་རིས་རྙིང་པའི་རིགས་བཅས་མཁོ་སྒྲུབ་གནང་མགོ་ཚུགས་ཀྱང་། ཕྱི་ལོ་༡༩༨༢ ལོར་ཚ་རོང་འཇིགས་མེད་ལགས་རྩ་དགོངས་ཞུས་པ་དང་།  སྨན་པ་བློ་བཟང་ཆོས་འཕེལ་ལགས་མཐོ་སློབ་དགེ་རྒན་དུ་བསྐོ་བཞག་གནང་བ། སྐར་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་སྐར་རྩིས་སྡེ་ཚན་གྱི་འགན་འཛིན་ཡིེན་པའི་ཆ་ནས་ལས་ཀའི་བྲེལ་ཟིང་ཆེ་བ་བཅས་ལ་བརྟེན་ཕྱི་ལོ་ ༡༩༨༢ ལོར་ཉམས་ཞིབ་ལས་གཞི་དེ་མཇུག་སྐྱོང་མ་ཐུབ་པར་རེ་ཞིག་སྒོ་རྒྱག་དགོས་བྱུང་འདུག


འོན་ཀྱང་ཕྱི་ལོ་ ༡༩༨༣ ཟླ་ ༡༠ ཚེས་ ༢༩ ཉིན་སྨན་པ་ཁང་ལེབ་བསོད་ནམས་ཚེ་རིང་ལགས་ཀྱིས་གཙོ་འགན་བཞེས་པའི་ཐོག་ཉམས་ཞིབ་ལས་གཞི་དེ་ཡང་བསྐྱར་དབུ་འཛུགས་གནང་སྟེ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་འགན་འཛིན་དང་། ཁང་ལེབ་བསོད་ནམས་ཚེ་རིང་ལགས་ཀྱིས་འགན་འཛིན་གཞོན་པའི་ལས་ཁུར་ཞུས། སྐབས་དེར་འགན་འཛིན་ྋབླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་གཙོས་འབྲེལ་ཡོད་སྨན་ལས་རྣམས་དང་། དབུས་རིག་གཞུང་སྡེ་ཚན་ཁག་གི་འགན་འཛིན་རྣམས་ཀྱིས་ལན་གྲངས་དུ་མར་འབད་བརྩོན་གནང་འདུག།


དེ་ཡང་སྤྱིར་གསོ་རྩིས་རིག་པའི་བསྟན་པ་ཡར་རྒྱས་གཏོང་ཕྱོགས་དང་།  ཡང་སྒོས་གསོལ་སྨན་གསར་བཟོ་དང་། ནད་བཅོས་ཉམས་ཞིབ། སྔོ་སྦྱོར་དང་སྨན་རྩིས་གཉིས་ཀྱི་རིག་གཅིག་རྐང་འཛིན་སྐྱེད་བསྲིང་རྒྱུན་གནས་སོགས་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་དང་། ལམ་སྟོན་བཀའ་སློབ་སོགས་ཡང་ཡང་གནང་བ། ལྷག་པར་དུ་ྋགོང་ས་མཆོག་གི་བཀའ་འབྲེལ་ལྟར་རྒྱ་གར་ནང་དང་། ཨ་རི། ཉི་ཧོང་། རུ་སུ་སོགས་སུ་ཚན་རིག་ཉམས་ཞིབ་པ་རྣམས་དང་འབྲེལ་ལམ་གྱིས་བགྲོ་གླེང་ཚོགས་འདུ་དང་། ཕན་ཚུན་རིག་གཞུང་སྤེལ་རེས་གནང་བ་སོགས་གང་མང་གནང་ཡོད་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཞི་རྩར་བཟུང་སྟེ་འབྲས་ནད་དང་།  ཟ་ཁུ་གཅིན་སྙི་སོགས་ནད་རིགས་ཁ་ཤས་ལ་ཉམས་ཞིབ་གནང་མགོ་བཙུགས།


ཉམས་ཞིབ་ཀྱི་ཚོགས་འདུ་དང་པོ་དེ་ཕྱི་ལོ་ ༡༩༨༣ ཟླ་ ༡༡ ཚེས་ ༩ ཉིན་འཚོགས་སྐབས་ཉམས་ཞིབ་ཀྱི་ལས་འཆར་དུ་ཟ་ཁུ་གཅིན་སྙིའི་ནད་གཞིའི་སྐོར་ཉམས་ཞིབ་གནང་རྒྱུའི་གཏན་འཁེལ་བ་མ་ཟད། ཉམས་ཞིབ་ཚན་པ་དེའི་ཚོགས་མི་རྣམས་ཟླ་བ་ ༦ ནང་ཐེངས་རེ་ཚོགས་རྒྱུའི་གྲོས་འཆམ་བྱུང་བ་བཞིན། ཚོགས་འདུ་ཐེངས་གཉིས་པ་དེ་ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས ༡༠ ཉིན་སྐོང་ཚོགས་སྐབས་སྨན་པ་ཁང་ལེབ་བསོད་ནམས་ལགས་ཀྱིས་ཟ་ཁུ་གཅིན་སྙིའི་ནད་གཞིའི་སྐོར་གྱི་ཤེས་བྱ་རྣམས་མཁོ་སྒྲུབ་གང་འཚམས་གནང་ཡོད་པ་དང་། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་ལམ་སྟོན་འོག་སྨན་སྦྱོར་ཁང་ནས་ཟ་ཁུ་གཅིན་སྙིའི་སྨན་གསར་པ་གཉིས་སྦྱོར་བཟོ་གནང་རྒྱུ་དང་། བླ་སྨན་བློ་བཟང་དབང་རྒྱལ་ལགས་ནས་ཟ་ཁུ་གཅིན་སྙིའི་ནད་པར་དམིགས་བཀར་གྱིས་བརྟག་དཔྱད་སྨན་བཅོས་གནང་རྒྱུ། སྨན་བཅོས་ཀྱི་ཡིག་ཆ་ཉར་ཚགས་དང་འབྲེལ་ཕྱི་ལུགས་བརྟག་དཔྱད་དགོས་ངེས་རིགས་ལ་བདེ་ལེགས་སྨན་ཁང་དུ་ཚན་རིག་བརྟག་དཔྱད་ཆེད་གཏོང་གནང་རྒྱུའི་ཐུགས་གཏན་འཁེལ། དེ་བཞིན་བཤད་པའི་རྒྱུད་ལས། དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན།། ཞེས་གཞུང་དོན་ལ་ཞིབ་འཇུག་བརྟག་དཔྱད་གནང་རྒྱུ་དང་།  སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྨན་པ་རྣམ་རྒྱལ་ཚེ་རིང་ལགས་གཉིས་ནས་སྐྲ་ནུས་གསོ་བྱེད་ཀྱི་བྱུག་རྫས་ཞིག་བཟོ་རྒྱུར་ཐག་གཅོད་བྱུང་།


ལོ་དེ་ནས་བཟུང་སྨན་རྩིས་ཁང་གི་སྨན་པ་རྣམས་ཀྱིས་ནད་པའི་ལོ་རྒྱུས་ཉར་ཚགས་བྱ་རྒྱུའི་ལས་གཞི་མགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༨༥ ལོར་འབྲས་ནད་ཆེད་སྨན་ཁག་གསུམ་གསར་སྦྱོར་གྱིས་ཉམས་ཞིབ་བྱས་པར་ཕན་ནུས་གང་འཚམས་བྱུང་ཞིང་། ཕྱི་ལོ་ ༡༩༨༦ ལོར་ཉམས་ཞིབ་སྨན་པ་བསོད་ནམས་ཁང་ལེབ་ལགས་དགོངས་པ་རྫོགས། ཉམས་ཞིབ་སྡེ་ཚན་གྱི་ལས་བྱེད་བསྟན་འཛིན་ཆོས་སྒྲོན་ལགས་སྨན་རྩིས་ཁང་གི་གསར་འཕྲིན་གྱི་རྩོམ་སྒྲིག་པར་བསྐོ་བཞག་གནང་། དེའི་རྗེས་སུ་ཉམས་ཞིབ་སྡེ་ཚན་ནང་མི་སྣ་ཉུང་བའི་དབང་གིས་ལས་དོན་རྒྱ་བསྐྱེད་དེ་ཙམ་ཐུབ་མེད་ཀྱང་ཉམས་ཞིབ་སྨན་པ་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ནས་གཉན་ནད་རེག་དུག་ནད་གཞིར་དམིགས་བཀར་ཐུགས་སྣང་ཞིབ་འཇུག་གནང་། དེ་བཞིན་ཕྱི་ལོ་ ༡༩༨༧ ལོར་ཉམས་ཞིབ་ཁང་དུ་ཉམས་ཞིབ་འགན་འཛིན་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། རྒྱུན་ལས་སློབ་མ་གཉིས། དྲུང་ཡིག་གཅིག སྔོ་སྨན་སྡེ་ཚན་དུ་སློབ་ཐོན་སྨན་པ་གཅིག་བཅས་ཡོད་ཅིང་།  སྐབས་ལྔ་པའི་སྨན་སློབ་རྣམས་སློབ་མཐར་ཕྱིན་རྗེས་ལག་ལེན་གྱི་ཉམས་མྱོང་ཆེད་སྡེ་ཚན་ཁག་ལ་ཆ་བགོས་གནང་བ་བཞིན་ཉམས་ཞིབ་ཚན་པའི་ནང་སྨན་པ་གསར་པ་རྣམ་རྒྱལ་ཁྱུ་གསར་དང་སྨན་པ་བློ་བཟང་ཚུལ་ཁྲིམས་གཉིས་ལས་གཞི་དེའི་ཐོག་ཆེད་བསྐོས་གནང་།  སྔོ་སྨན་ཉམས་ཞིབ་ཆེད་ལོ་དེར་སྨན་རྩིས་ཁང་ནས་ཕྱི་ལུགས་སྨན་པས་བོད་སྨན་གྱིས་ནད་གཞི་བྱེ་བྲག་ཁྲག་རླུང་སྟོད་འཚངས་དང་ཟ་ཁུ་གཅིན་སྙི། དབུགས་མི་བདེ་བའི་ནད་སོགས་ལ་ཕན་སྐྱེད་ཡོད་མེད་ཀྱི་ཉམས་ཞིབ་བྱ་འདོད་ཡོད་རིགས་ལ་ཟླ་དྲུག་རིང་དང་བླང་ཐོག་ཕྱག་ལས་གོ་སྐབས་གནང་རྒྱུའི་གསལ་བསྒྲགས་གནང་།

ལོ་དེར་ཨ་རིའི་ཝ་ཤིན་ཀྲན་ནས་ཡིན་པའི་ཕྱི་རྒྱལ་བ་གཏོང་ཕོད་ཅན Dr. Jeremy Waletzky (M.D) ནས་སྨན་རྩིས་ཁང་ལ་སྦྱིན་བདག་གནང་རྒྱུའི་ཞལ་བཞེས་གནང་བ་བཞིན་ཉམས་ཞིབ་སྡེ་ཚན་ནས་བོད་ལུགས་གསོ་བ་རིག་པའི་སྔོ་སྨན་གྱི་དེབ་ཞིག་དཔར་བསྐྲུན་གནང་རྒྱུའི་གྲ་སྒྲིག་གནང་།  སྐབས་དེ་དུས་ནས་སྦེལ་ཀོབ་ཡན་ལག་སྨན་ཁང་དུ་ནད་གཞི་བྱེ་བྲག་པ་འབྲས་ནད་དང་། ཁྲག་རླུང་སྟོད་འཚངས། དབུགས་མི་བདེ་བ། ཟ་ཁུ་གཅིན་སྙི་སོགས་ཀྱི་ཉམས་ཞིབ་ཀྱི་ལས་གཞི་ཞིག་དབུ་འཛུགས་གནང་རྒྱུའི་འཆར་གཞི་ཡོད་ཀྱང་ལས་བྱེད་དང་དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་པའི་དབང་གིས་དེ་མུར་ལུས་འདུག

སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་དེང་དུས་བཅོས་ཐབས་དཀའ་བའི་ནད་གཞི་གཉན་ནད་རེག་དུག་ནད་པར་བརྟག་དཔྱད་སྨན་བཅོས་ཞིབ་འཇུག་ཆེད་ཨ་རིར་གདན་ཞུས་ལྟར་ཕེབས་ཏེ་གཉན་ནད་རེག་དུག་ནད་པར་ཉམས་ཞིབ་ཚོད་ལྟའི་ཆེད་བོད་སྨན་བཏང་སྟེ་ཚན་རིག་པ་དང་།  སྨན་པ་མཁས་ཅན་མང་པོས་ནད་པ་དེ་ཚོར་བོད་སྨན་གྱིས་ཕན་སྐྱེད་ཇི་བྱུང་སྐོར་མུ་མཐུད་ཉམས་ཞིབ་ཚོད་ལྟ་གནང་རྒྱུ་དང་། པགས་ནད་དང་།  ནུ་འབྲས་ཉམས་ཞིབ་ལས་འགུལ་སྤེལ་བའི་འབྲེལ་བ་གསར་འཛུགས་གནང་།  རྩ་དཀར་ཆེད་བོད་སྨན་གསར་བཟོ་གནང་བར་ཕན་འབྲས་གང་ཆེ་བྱུང་བ་དང་།  རྒྱ་གར་བ་ལྦ་བ་ཅན་ཚོར་ཚོད་ལྟའི་ཞིབ་འཇུག་ཆེད་བོད་སྨན་གསར་བཟོ་ཐུབ་པ་དང་ཟ་ཁུ་གཅིན་སྙི། དབུགས་བསགས། ཁྲག་རླུང་སྟོད་འཚངས་བཅས་ཡོད་པའི་ཕྱི་ནང་གི་ནད་པ་མང་བོར་བོད་སྨན་གྱིས་ཕན་ནུས་ཆེན་པོ་བྱུང་།

ཕྱི་ལོ་ ༡༩༨༨ ལོར་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་དེང་དུས་བཅོས་ཐབས་དཀའ་བའི་ནད་གཞི་གཉན་ནད་རེག་དུག་ལ་བརྟག་དཔྱད་སྨན་བཅོས་ཞིབ་འཇུག་ཆེད་གདན་ཞུས་ལྟར། ཕྱིའི་རྒྱལ་ཁབ་ལ་ཕེབས་ཏེ་གཉན་ནད་རེག་དུག་ནད་པར་ཉམས་ཞིབ་ཚོད་ལྟའི་ཆེད་བོད་སྨན་དམིགས་བསལ་བཟོ་སྦྱོར་གྱིས་ནད་པ་རྣམས་ལ་སྨན་བཅོས་གནང་སྟེ། བོད་སྨན་གྱིས་ཕན་སྐྱེད་ཇི་བྱུང་། མུ་མཐུད་ཉམས་ཞིབ་ཆེད་ནད་པ་ཚོའི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་ལྟ་སྐབས། ཕན་སྐྱེད་མི་དམན་པ་བྱུང་བ་ཤེས་རྟོགས་བྱུང་པས་རྗེས་སུ་ཕྱི་རྒྱལ་སྨན་པ་དང་། འདི་ག་སྨན་རྩིས་ཁང་ཟུང་འབྲེལ་གྱིས་ཕྱི་རྒྱལ་དུ་ནད་གཞི་དེར་ཉམས་ཞིབ་གནང་རྒྱུའི་གྲོས་འཆར་བཏོན།


ཕྱི་ལོ་ ༡༩༨༨ ལོར་རྡ་ས་ཁུལ་གྱི་ལོ་ན་ ༣༠ ཡན་གྱི་མི་གྲངས་ ༡༡༠༤ ལ་ཁྲག་རླུང་སྟོད་འཚངས་ནད་ཅན་ཁག་ལ་སྔོན་འགྲོའི་ཞིབ་བཤེར་བྱས་པ་ལས་མི་གྲངས་ ༢༨༥ ཙམ་ལ་ནད་དེ་ཡོད་པ་ངོས་འཛིན་བྱུང་བའི་ནང་ནས་ཉམས་ཞིབ་ཀྱི་ཆ་རྐྱེན་ལྡན་པའི་ནད་པ་གྲངས་ ༨༣ མཉམ་ཞུགས་བྱས་པ་རྣམས་ལ་ཉམས་ཞིབ་བྱས། དེ་ནི་ཉམས་ཞིབ་ཀྱི་ལས་རིམ་དང་མཐུན་པའི་ཉམས་ཞིབ་གནང་བ་ཆེས་སྔ་ཤོས་དེ་ཡིན། དེ་ཡང་ཉམས་ཞིབ་ཁོངས་ནད་པ་རྣམས་སྡེ་ཚན་གཉིས་སུ་ཕྱེ་ནས་དང་པོར་སྨན་ཁག་ ༡༢ ཡོད་པ་དང་།  སྡེ་ཚན་གཉིས་པར་སྨན་ནུས་སྙོམས་པའི་སྨན་ཁག་བཞི་ཡོད་པ་རྣམས་གང་རུང་སྤེལ་མར་བཏང་ཡོད་ཅིང་།  ས་གནས་གངས་སྐྱིད་ཡན་ལག་སྨན་ཁང་དུ་ཉམས་ཞིབ་ཀྱི་ཡིག་ཆ་མཁོ་སྒྲུབ་གནང་། ཁྲག་རླུང་སྟོང་འཚངས་ཉམས་ཞིབ་སྨན་བཅོས་ཀྱི་དུས་ཡུན་ཟླ་བ་དྲུག་གིས་རྒྱས་བཅད་དེ། བདུན་རེའི་མཚམས་སུ་བརྟག་དཔྱད་གནང་བའི་བརྒྱུད་རིམ་ནང་སྨན་གྱི་ཕན་ནུས་ལ་བརྟེན་ཟླ་དྲུག་སོང་པའི་རྗེས་སུ་ཁྲག་ཤེད་ཀྱི་སྟེང་འོག་སྔར་བཞིན་གནས་ཡོད་པ་ལས་ཇེ་སྡུག་ཏུ་སོང་མེད་པ་མ་ཟད། ལུས་སེམས་སྔར་ལས་བདེ་བའི་དགེ་མཚན་ཡོད་པ་ཤེས་རྟོགས་བྱུང་འདུག།


ཕྱི་ལོ་ ༡༩༨༨ ནས་བཟུང་ཕྱི་ལོ་ ༡༩༩༨ བར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་འགན་འཛིན་དང་སྨནཔ་རྣམ་རྒྱལ་ཁྱུ་གསར་ལགས་འགན་འཛིན་གཞོན་པའི་འགན་འཁུར་གནང་།

ཕྱི་ལོ་ ༡༩༨༩ ལོར་ཨ་རིའི་ (Dr. Barry Kerzin) ཆེད་ཕེབས་ཀྱིས་ཁྲག་རླུང་སྟོད་འཚངས་ཉམས་ཞིབ་བྱ་ཕྱོགས་ཐད་ལམ་སྟོན་གནང་བ་དང་སྦྲགས་དངོས་གཞིའི་ཉམས་ཞིབ་སྐབས་ཕན་ཐོགས་གང་ལེགས་བྱུང་ཡོད་པར་བཤད། དེ་བཞིན་ཨ་རིའི་ཚན་རིག་མཁས་ཅན་ཀེ་རོལ་པོབ་ལགས་ཀྱིས་ (Dr. Carol Pop) འདི་གའི་ཉམས་ཞིབ་ཡར་རྒྱས་ཚགས་ཚུད་ཡོང་ཐབས་ལ་དམིགས་བསལ་དོ་ཁུར་ཆེ་བཞེས་ཀྱིས་སྔ་རྗེས་སུ་ཆེད་ཕེབས་གནང་སྟེ་ཉམས་ཞིབ་བྱེད་ཕྱོགས་དེང་དུས་ཚན་རིག་དང་མཐུན་པའི་དགོངས་འཆར་ལམ་སྟོན་ལྷུག་པོར་གནང་བ་དང་། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ཀྱི་གཙོས་ཉམས་ཞིབ་རྒྱུན་ལས་པ་ཚོ་དང་ཉམས་ཞིབ་བྱེད་སྒོའི་ཐད་རྒྱུན་མཐུད་ཚོགས་འདུ་གོ་བསྡུར་གནང་སྟེ་ད་ཕན་གྱི་ལས་དོན་ལ་ཕྱོགས་སྡོམ་དང་།  ཕྱིན་ཆད་ཀྱི་བྱེད་ཕྱོགས་འཆར་གཞི་བསྒྲིགས།

དེ་བཞིན་ ༡༩༩༠ ལོར་ཕྱི་ནང་ཟུང་འབྲེལ་ཉམས་ཞིབ་ལས་གཞིའི་ནང་དུ་ཞུགས་བདེ་ཡོང་ཕྱིར་ཉམས་ཞིབ་སྨན་པ་གསུམ་དང་། སྨན་སློབ་གྲངས་བཅུ་ལ་ཁོང་གིས་ཕྱི་ལུགས་སྐྱེ་དངོས་སྨན་རྫས་རིག་པ་སོགས་ཀྱི་རྨང་གཞིའི་ཤེས་བྱའི་སྐོར་ཟླ་གཉིས་ཙམ་ལ་ཟབ་སྦྱོང་སློབ་ཁྲིད་གནང་ཡོད་པ་མ་ཟད། སྨན་པ་ཁ་རོལ་པོབ་ (Dr. Carol Pop) ཀྱིས་ཕྱི་ལོ་ ༡༩༩༡ ལོར་ཡང་ཕྱི་ལུགས་ཀྱི་ལམ་ནས་ནད་ཡམས་ཁག་ལ་དཔྱད་ཞིབ་བྱས་པའི་སྐོར་ལ་ཡང་སློབ་ཁྲིད་གནང་པ་སོགས་ཉམས་ཞིབ་ཀྱི་ལས་རིམ་རྣམས་ཚན་རིག་དང་མཐུན་པའི་ལམ་སྟོན་དང་རོགས་རམ་གང་མང་གནང་པ་དང་ཆབས་ཅིག  སྐབས་དེར་ཉམས་ཞིབ་ཁང་དུ་རོགས་རམ་འཚོལ་རྒྱུའི་ཁས་ལེན་ཀྱང་གནང་འདུག

ཕྱི་ལོ་ ༡༩༩༥ ལོར་འབྲས་ནད་ནད་བཅོས་ཉམས་ཞིབ་ཐད། ཉམས་ཞིབ་བྱ་རྒྱུའི་སྒྲོམ་གཞིའི་ཡིག་ཆ་ཕྱོགས་སྒྲིག་ཆེད་འདི་ག་སྨན་རྩིས་ཁང་གི་ཁོངས་གཏོགས་ཡན་ལག་སྨན་ཁང་ཚང་མར་གནས་འབྲེལ་ཞུས་པར་སྨན་ཁང་ཁག ༧ ནས་ཉམས་མྱོང་དང་འབྲེལ་བའི་ཕྱག་བྲིས་གནང་འབྱོར་བྱུང་ཞིང་།  ལྷག་པར་དིལླིི་ནེ་ཛམ་མུ་དིན་སྨན་ཁང་ནས་འབྲས་ནད་ནད་པ་གསུམ་དྲག་བསྐྱེད་བྱུང་བའི་ཡིག་ཆ་དང་། འགེངས་ཤོག་བཅས་འབྱོར་ཡོད་པས་ནད་གཞི་དེར་བོད་སྨན་གྱི་ཕན་ནུས་གང་ལེགས་ཐོན་གྱི་ཡོད་པ་ཤེས་རྟོགས་བྱུང་།  དེ་བཞིན་དུ་ལོ་དེར་ལས་གཞི་འདིའི་ཐོག་དིལླིི་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་ཆེན་མོ་སྨན་རྩིས་ཁང་གཉིས་ནས་ནད་པ་བཞི་ལ་མཉམ་དུ་ཉམས་ཞིབ་གནང་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་གི་འབྲས་ནད་སྡེ་ཚན་ནས་རེ་འདུན་གནང་བ་ལྟར་ཕྱི་ལོ་ ༡༩༩༦ ཟླ་ ༡ ཚེས་ ༢༢ ཉིན་བོད་སྨན་གྱི་ངོ་སྤྲོད་དང་བོད་སྨན་གྱི་སྒོ་ནས་འབྲས་ནད་ནད་གཞིར་སྨན་བཅོས་བྱེད་ཚུལ་སྐོར་ལ་ཉམས་ཞིབ་པས་ངོ་སྤྲོད་ཞུས། ཕྱི་ལོ་ ༡༩༩༦ ཟླ་ ༢ ཚེས ༢༣ ཉིན་རྒྱལ་ས་དིལླིིར་སྔར་སྲོལ་སྨན་འདྲ་མིན་གྱི་འབྲས་ནད་སྨན་བཅོས་སྐོར་གྱི་ཚོགས་འདུའི་སྐབས་བོད་སྨན་གྱི་ཐོག་ནས་འབྲས་ནད་ངོས་འཛིན་དང་། དེང་སྐབས་སྨན་བཅོས་བྱེད་སྟངས་སྐོར་གསུང་བཤད་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༣ ནས་ ༡༩༩༧ ཟླ་ ༣ བར་ལོ་གཅིག་རིང་བོད་གཞུང་སྨན་རྩིས་ཁང་དང་ཧོ་ལནཌ་བོད་སྨན་ཐེབས་རྩ་ཚོགས་པ་ Dutch Foundation for Tibetan Medicine (N.S.T.G) གཉིས་ཟུང་འབྲེལ་ཐོག་སྨན་རྩིས་ཁང་གི་ཧོ་ལནཌ་ཡན་ལག་ཁང་དུ་གྲུམ་བུའི་ནད་པ་གྲངས་ ༣༥ ལ་བོད་ལུགས་སྨན་བཅོས་ཀྱིས་གྲུམ་བུའི་ནད་གཞིར་ཕན་བསྐྱེད་ཡོད་མེད་དེ་ན་ཟུག་ཆེ་ཆུང༌། ན་ཟུག་གི་གནས། ལུས་ཁམས་ཀྱི་བྱེད་ལས། ཡིད་མུག་སོགས་ལུས་སེམས་འབྲེལ་བའི་ནད་རྟགས་མི་འདྲ་བ་བཅུ་གཉིས་གཞི་ལ་བཞག་ནས་སྔོན་འགྲོའི་ཉམས་ཞིབ་བྱས་པའི་རྗེས་སུ་ནད་རྟགས་བཅུ་གཉིས་ལས་བདུན་ལ་དངོས་སུ་ཕན་འབྲས་ (P=<0.0005) མངོན་གསལ་བྱུང༌འདུག


ཕྱི་ལོ་ ༡༩༩༦ ལོར་ཉམས་ཞིབ་ཚན་པས་གོ་བསྒྲིགས་འོག་ནད་བཅོས་ཉམས་ཞིབ་ཀྱི་ཚོགས་ཆེན་ (Conference on Clinical Research, March 1996) ཐེངས་དང་པོ་ཚོགས་ཤིང་།  དེ་ཡང་ཕྱི་ནང་གི་སྨན་པ་མཁས་དབང་ཁག་ནས་ཟ་ཁུ་གཅིན་སྙི་དང་། འབྲས་ནད་སྐོར་བགྲོ་གླེང་གསུང་བཤད། སྨན་པ་རྣམས་ནས་དཔྱད་རྩོམ་ཁག་སྤེལ་ཏེ་འགྲེལ་བརྗོད་དང་། དྲི་བ་དྲིས་ལན་སོགས་འགྲོ་གླེང་ཚོགས་ཆེན་སྐབས་གླེང་མོལ་དཔྱད་རྩོམ་ཁག་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཕྱི་ལོ་ ༡༩༩༨ ལོར་འགྲེམ་སྤེལ་ཞུས་ཡོད་པ་དེས་ནད་བཅོས་ཉམས་ཞིབ་ལ་ཕན་ཐོགས་གང་ལེགས་བྱུང་འདུག

ཕྱི་ལོ་ ༡༩༩༧ ལོར་ཉམས་ཞིབ་ཀྱི་ཚོགས་ཆེན་འཚོགས་ནས་འབྲས་ནད་ཉམས་ཞིབ་བྱ་གཏན་འཁེལ་བ་བཞིན། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་ནས་ཆོག་མཆན་བཀའ་འཁྲོལ་གནང་རྗེས་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་དང་ཟུང་འབྲེལ་གྱིས་ཉམས་ཞིབ་ལྡི་ལིར་ཚུགས་རྒྱུ་དང་།  དེའི་ཆེད་དུ་ཉམས་ཞིབ་འབྲེལ་མཐུད་པ་ནས་ཕྱི་ལུགས་ནས་ངོས་འཛིན་བྱས་པའི་འབྲས་ནད་ལ་ཉམས་ཞིབ་བྱེད་ཕྱོགས་ཡིག་ཆ་བཟོ་སྟངས་སོགས་ལ་ཟབ་སྦྱོང་གནང་སྟེ། དིལླིར་ཉམས་ཞིབ་དབུ་འཛུགས་ཞུས་ཏེ་ལོ་གཉིས་ཙམ་སོང་ཡང་། ཉམས་ཞིབ་ཆེད་བཏང་བའི་ནད་པ་རྣམས་ (AIIMS) སྨན་ཁང་ནས་བཅོས་ཐབས་བྲལ་བའི་ནད་པ་ཤ་སྟག་བཏང་བ་ཡིན་སྟབས་ཡིག་ཆར་ཕན་ཐོགས་ཆེར་བྱུང་མེད།

ཕྱི་ལོ་ ༡༩༩༨ ལོར་ཟ་ཁུ་གཅིན་སྙིའི་ནད་པ་རྣམས་ལ་ཟས་སྤྱོད་ཐོག་ནས་བཅོས་ཐབས་དང་། སྨན་གྱི་བཅོས་ཐབས་བཅས་ཁག་གཉིས་ནས་ཉམས་ཞིབ་བྱས་བར་ཕན་འབྲས་ཕྲན་བུ་ཙམ་ལས་འདྲ་མཚུངས་བྱུང་བར་བརྟེན། གྲུབ་འབྲས་ཕྱོགས་སྡོམ་བྱ་རྒྱུར་དཀའ་ངལ་འཕྲད་སྟབས་ལོ་དེའི་ ཟླ་ ༨ ཚེས་ ༢༨ ནས་ཚེས་ ༣༠ བར་ནད་གཞི་དེའི་ཐོག་ལ་བགྲོ་གླེང་ཚོགས་འདུ་ཚོགས་ཤིང་།  དེ་ཡང་དིལླིི་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་གི་མཁས་དབང་ (Dr. Ajay Sood) མཆོག་དང་། (Dr. R.M. Pandey) གཉིས་བཞུགས་སྒར་དུ་གདན་ཞུས་ཐོག དིལླིི་ནི་ཛམ་མུ་དིན་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་དང་། གཅིན་སྙིའི་ཉམས་ཞིབ་སྨན་པ། དེ་བཞིན་བེངྒ་ལོར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་དང་། གཅིན་སྙིའི་ཉམས་ཞིབ་སྨན་པ། དབུས་ཉམས་ཞིབ་ཚན་པའི་སྨན་པ་རྣམས་ཀྱིས་གཙོས་དབུས་སྡེ་ཚན་ཁག་གི་སྨན་པ་རྣམས་ལ། གོང་གསལ་ཕྱི་ལུགས་སྨན་པ་རྣམ་གཉིས་ནས་ནད་གཞི་ངོ་སྤྲོད་དང་། ཉམས་ཞིབ་བྱས་པའི་ཡིག་ཆ་ཕྱོགས་བསྡོམས་བྱ་ཕྱོགས་སྐོར་ཟབ་ཁྲིད་གནང་ཞིང་།  ཚོགས་བཅར་སྨན་པ་རྣམས་ནས་ཀྱང་བཀའ་འདྲི་གོ་བསྡུར་ཞུས་པར་མཁས་དབང་རྣམ་གཉིས་ཀྱིས་སྨན་པ་རྣམ་པར་བཀའ་སློབ་ལྷུག་པོར་བསྩལ་བར་མ་ཟད། མ་འོངས་པར་ཉམས་ཞིབ་ཐད་སློབ་སྟོན་དང་རོགས་རམ་གང་དགོས་གནང་རྒྱུའི་ཞལ་བཞེས་ཀྱང་གནང་པས་ནད་གཞི་དེར་ཉམས་ཞིབ་བྱེད་བདེར་གྱུར།


སྔར་ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་དང་སྨན་རྩིས་ཁང་ཟུང་འབྲེལ་ཐོག་ཟ་ཁུ་གཅིན་སྙིའི་ནད་པ་གྲངས་ ༡༠༠ ཐམ་པར་ཟས་སྤྱོད་རྐྱང་པའི་སྒོ་ནས་བཅོས་ཐབས་བྱ་རྒྱུ་དང་། ནད་པ་གྲངས་ ༡༠༠ ཐམ་པར་ཟས་སྤྱོད་དང་སྨན་བཅོས་ཟུང་འབྲེལ་གྱིས་སྨན་བཅོས་བྱ་རྒྱུ་བྱས་པའི་ཐ་མའི་གྲུབ་འབྲས་གང་བཟང་དང་ཁྱད་པར་ཇི་ཡོད་ཚོད་བལྟ་བྱ་རྒྱུའི་འཆར་གཞི་བཀོད་དེ། སྨན་རྩིས་ཁང་ཡན་ལག་ཁག་ ༤ ལ་བཀོད་ཁྱབ་གནང་ཡང་ཕྱི་ལོ་ ༡༩༩༨ ལོར་ཉམས་ཞིབ་ནད་པ་འགའ་ཕྱིར་འཐེན་དང་། ཉམས་ཞིབ་ལ་མཁོ་བའི་ནད་པའི་གྲངས་ཏག་ཏག་བསྡད་མེད་པ་བཅས་ལ་བརྟེན་གྲུབ་འབྲས་ཕྱོགས་བསྡོམས་བྱ་རྒྱུར་དཀའ་ངལ་མཐོང་སྟེ། རྒྱ་གར་རྒྱ་ཡོངས་ཚན་རིག་སློབ་གཉེར་ཁང་གི་མཁས་དབང་གདན་ཞུས་ཀྱིས་བསྐྱར་ཞིབ་ཚོགས་འདུ་ཞིག་ཚོགས་བསྐོང་གནང་དགོས་བྱུང་འདུག།དིལླི་དང་བེངྒ་ལོར་སྨན་ཁང་གཉིས་ནང་ཉམས་ཞིབ་མུ་འཐུད་ཞུས་ཏེ་ཕྱི་ལོ་ ༡༩༩༩ ལོར་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད་པ་དང་། ཉམས་ཞིབ་བགྱིས་པའི་གྲུབ་འབྲས་སྙན་ཐོ་ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་མོ་མཆོག་སྨན་རྩིས་ཁང་ཞབས་སོར་བཀའ་དྲིན་བསྐྱངས་སྐབས་སྙན་སྒྲོན་ཞུས་ཏེ། དཔྱད་དེབ་འགྲེམས་སྤེལ་ཞུས་ཡོད་པ་རེད། གཅིན་སྙིའི་ནད་གཞིར་ཟས་སྨན་གཉིས་ཀའི་སྨན་གྱིས་མངར་ཚད་མང་བ་བཅག་པའི་གྲུབ་འབྲས་བཟང་བ་ཐོན་ཡོད་པས་བོད་སྨན་གྱིས་གཅིན་སྙིར་ཕན་པ་ཡོད་པ་གསལ་རྟོགས་ཐུབ་པ་བྱུང་འདུག དེ་ཡང་ནད་གཞི་དེར་ཉམས་ཞིབ་བགྱིས་པའི་གྲུབ་འབྲས་སྙན་ཐོ་རྣམས་ཨ་རི་སྙན་གྲགས་ཅན་གྱི་ཟ་ཁུ་གཅིན་སྙིའི་ཚན་རིག་དུས་དེབ་ (Diabetes Care) ནང་འདོན་སྤེལ་ཐུབ་ཡོད་པ་དང་། སྨན་རྩིས་ཁང་དུས་དེབ་དང་དྲྭ་རྒྱ་སོགས་ཀྱི་ནང་དུའང་འདོན་སྤེལ་ཞུས་པ་རེད། མང་ཚོགས་ནས་གཅིན་སྙིའི་ནད་གཞི་ངོས་འཛིན་དང་། སྔོན་འགོག་བྱ་ཐབས་བཅས་ཤེས་རྟོགས་ཐུབ་ཕྱིར་ཡིག་ཆ་གསར་བཟོས་ཀྱིས་གསར་ཤོག་དང་། རླུང་འཕྲིན་ཁག་བཅས་པར་གསལ་བསྒྲགས་བྱས་པ་དང་།  མི་མང་འདུ་འཛོམས་ཆེ་ས་ཁག་ལ་གསལ་བསྒྲགས་སྦྱར་འགྲེམས་བྱས་ཡོད་པ་བཅས་སོ།།


ཕྱི་ལོ་ ༡༩༩༩ ལོར་ནད་བཅོས་ཚན་པ་དེ་ནད་བཅོས་སྡེ་ཚན་གྱི་ངོ་བོར་དངོས་སུ་བསྒྱུར་ཏེ། ྋབླ་ཞབས་སྨན་རམས་པ་ཟླ་བ་སྒྲོལ་མ་ལགས་ཉམས་ཞིབ་འགན་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༨ བར་ནད་བཅོས་ཉམས་ཞིབ་ཀྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༦ ནས་བཟུང་འབྲས་ནད་ཉམས་ཞིབ་གནང་རྒྱུའི་ཐུགས་གཏན་འཁེལ་ནས་ལོ་གཉིས་ཙམ་སོང་ཡང་ཕན་ཐོགས་ཆེར་མ་བྱུང་བར་བརྟེན། འབྲས་ནད་ཉམས་ཞིབ་ཀྱི་སྦྱིན་བདག Mr. Subash Bagaria མཆོག་ཆེད་དུ་གདན་ཞུས་ཀྱིས་སྨན་རྩིས་དབུ་འཛིན་མཆོག་དང་། སྐུའི་བླ་སྨན་རྣམ་གསུམ། སྨན་སྦྱོར་འགན་འཛིན། འབྲེལ་ཡོད་སྦེང་ལོར་འགན་འཛིན་སྨན་པ་དང་ཉམས་ཞིབ་སྨན་པ་བཅས་ ༡༩༩༩ ཟླ་ ༣ ཚེས་ ༥ ཉིན་སྐོང་ཚོགས་ཀྱིས་འབྲས་ནད་ཉམས་ཞིབ་མུ་མཐུད་བྱེད་མིན་དང་།  བྱེད་ན་ས་གནས་གང་དུ་བྱེད་པ། ཉམས་ཞིབ་བྱ་ཕྱོགས་བཅས་ཀྱི་ཐད་གྲོས་བསྡུར་གནང་མཐར། འཛམ་གླིང་ནང་ད་བར་བཅོས་ཐབས་དཀའ་བའི་ནད་གཞི་འབྲས་ནད་ལ་རང་རེའི་སྨན་གཞུང་ནས་འབྲས་ནད་སྐོར་བཅོས་ཐབས་རྒྱས་བཤད་ཡོད་པ་དང་། རེ་ཟུང་ལ་ཕན་སྐྱེད་བྱུང་དང་འབྱུང་མུས་ཡིན་པས་ཉམས་ཞིབ་མུ་མཐུད་གནང་རྒྱུར་ཐུགས་གཏན་འཁེལ་ཞིང་། ཉམས་ཞིབ་གནང་ཡུལ་ཡང་ས་གནས་གཞི་རྒྱ་ཆེ་དྲག་ན་འགྲོ་སོང་དཀའ་ངལ་མེད་ཀྱང་སྨན་རྒྱུ་མཁོ་སྒྲུབ་དང་ལས་བྱེད་སོགས་ཀྱི་དཀའ་ངལ་འཕྲད་ངེས་པས་གནས་སྐབས་ཡན་ལག་ཁག་གཉིས་ནས་ཉམས་ཞིབ་གནང་རྒྱུ་དང་།  ཡན་ལག་སྨན་ཁང་གཞན་རྣམས་ནས་འབྲས་ནད་སྨན་བཅོས་ཇི་གནང་གི་ལས་དོན་ཕྱོགས་སྡོམ་བྱེད་དགོས་པའི་གཏན་འབེབས་གནང་བ་མ་ཟད།

འབྲས་ནད་ཉམས་ཞིབ་ཀྱི་སྦྱིན་བདག་མཆོག་ནས་ཀྱང་འགྲོ་སོང་གནང་རྒྱུ་ཞལ་བཞེས་ཐོབ་པ་བཅས་ལ་བརྟེན། ལས་འཆར་མགོ་འཛུགས་ཀྱིས་ཉམས་ཞིབ་སྡེ་ཚན་ནས་འབྲས་ནད་ཉམས་ཞིབ་འགན་འཛིན་སློབ་དཔོན་ཀི་ཅི་པི་ལ་ (Prof. Dr. Kochupillai) གཙོས་མཁས་དབང་བཞི་གདན་ཞུས་ཀྱིས་ལོ་དེའི་ཟླ་ ༦ ཚེས་ ༢༧ ནས་ཚེས་ ༢༩ བར་ཉིན་གསུམ་རིང་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་། དེ་ཡང་ཕྱི་ལུགས་ནས་འབྲས་ནད་སྤྱི་དང་ཁྱད་པར་ཕོ་བ་དང་། མངལ། བུ་སྣོད། མགོ སྐེ་བཅས་འབྲས་ནད་དག་གི་རྒྱུ་རྐྱེན་དང་། དབྱེ་བ། རྟགས། བརྟག་ཐབས་རིག་པ། བཅོས་ཐབས་ཇི་ཡོད་དང་ཕན་འབྲས་ཀྱི་ཚད་གཞི། ཉམས་ཞིབ་བྱ་ཕྱོགས་བཅས་ཀྱི་ཐད་ཟབ་སྦྱོང་དང་ལམ་སྟོན་སློབ་ཁྲིད་ཞུས།

དེ་བཞིན་སྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གིས་རང་ལུགས་གསོ་རིག་གཞུང་ནས་འབྲས་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་སོགས་ཀྱི་སྐོར་ཟབ་ཁྲིད་གནང་བ་དང་། ཟླ་ ༦ ཚེས་ ༣༠ ནས་ཟླ་ ༧ ཚེས ༢ བར་དབུས་ལྡི་ལི་དང་བེངྒ་ལོར་བཅས་ཀྱི་སྨན་པ་དང་། འགན་འཛིན། ཉམས་ཞིབ་སྨན་པ་ཚང་འཛོམས་ཐོག་ཉམས་ཞིབ་ཁང་ནས་འབྲས་ནད་སྤྱིའི་འགེངས་ཤོག་གསར་བཟོ་ལ་དགོངས་འཆར་བསྡུ་ལེན་དང་།  ཉམས་ཞིབ་བྱ་ཕྱོགས་བཅས་ཀྱི་གོ་བསྡུར་ཞུས་འབྲས་སུ། བོད་སྨན་ལ་འབྲས་ནད་ཅན་གྱི་ནད་པ་བསྟེན་གཏུགས་བྱ་མཁན་རྣམས་ལ་བོད་སྨན་གྱིས་ཕན་སྐྱེད་ཇི་ཙམ་བྱུང་ཡོད་མེད་ཞིབ་འཇུག་གི་ཡིག་ཆ་བཟོ་ཐུབ་པའི་ཆེད་དུ། འབྲས་ནད་སྤྱིའི་འགེངས་ཤོག་གསར་བཟོ་བྱས་ཏེ་དབུས་དང་། ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཚང་མར་འགྲེམས་སྤེལ་བྱ་རྒྱུར་གཏན་འཁེལ་བྱས་པ་བཞིན། ལོ་དེའི་ཟླ་ ༡༠ ནང་འབྲེལ་མཐུད་སྨན་པས་རྒྱ་གར་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ཡན་ལག་སྨན་ཁང་ ༡༤ ལ་འགེངས་ཤོག་འགྲེམས་སྤེལ་ཞུས། ལོ་དེར་འབྲས་ནད་ཉམས་ཞིབ་མགོ་བཙུགས་ཏེ་ཡན་ལག་སྨན་ཁང་ ༡༢ ནས་འབྲས་ནད་མི་འདྲ་བ་རིགས་ ༢༩ ལ་ཉམས་ཞིབ་ཀྱི་འགེངས་ཤོག་བརྒྱངས་ཡོད་པའི་ནང་།  སྨན་བཅོས་ཞུས་པ་ནད་པ་གྲངས་ ༢༥༥ ལས་ ༥༢ ལ་བོད་སྨན་གྱིས་ཕན་སྐྱེད་གང་ལེགས་འབྱུང་བཞིན་ཡོད་པ་གསལ་རྟོགས་བྱུང་འདུག གཞན་ཡང་ལོ་དེར་ཉམས་ཞིབ་སྡེ་ཚན་ནས་ར་ཇེ་པུར་དང་། མ་སུ་རི། བདེ་སྐྱིད་གླིང་། ཀལ་མིན་ཊའོན་སོགས་རྒྱ་གར་ནུབ་ཕྱོགས་བོད་མིའི་གཞིས་སྡོད་ཁག་གི་བོད་མི་རང་ལོ་ ༣༠ ནས་ ༦༥ བར་གྱི་མི་གྲངས་༥༢༠ ཙམ་ལ་ཟ་ཁུ་གཅིན་སྙིའི་ནད་གཞི་ཡོད་མེད་ཞིབ་འཇུག་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་ཡན་ལག་སྨན་ཁང་གི་སྨན་པ་རྣམས་ལྷན་འཛོམས་ཐོག་དར་ཁྱབ་ཆེ་བའི་ནད་ (Hepatitis B) ནད་གཞི་ལ་གསོ་བ་རིག་པའི་ཐོག་ནས་ནད་མིང་གཅིག་བསྒྱུར་ཡོང་ཐབས་དང་། ནད་གཞི་འདིར་ཆེད་དུ་དམིགས་ཏེ་བཟོ་སྐྲུན་ཞུས་པའི་སྨན་ ༼རྣམ་རྒྱལ་གསེར་མདོག་དང་ཕྱོགས་ཀྱི་རྩེ་མོ་༽ གཉིས་ཀྱིས་ནད་བཅོས་རྒྱུད་རིམ་ནང་ཕན་བསྐྱེད་གང་འདྲ་ཡོད་མེད་དང་། མ་འོངས་ནད་གཞི་འདིར་ཉམས་ཞིབ་བྱ་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་གནང་བ་མ་ཟད། བགྲོ་གླེང་ཚོགས་འདུའི་སྐབས་ཀྱི་དཔྱད་རྩོམ་ཁག་ཕྱོགས་བསྒྲིགས་ཞུས།


ཕྱི་ལོ་ ༢༠༠༡ ལོར་སྔར་ལོ་བཞིན་ཡན་ལག་སྨན་ཁང་བཅུ་གཉིས་ནས་འབྲས་ནད་སྐོར་ལ་ཉམས་ཞིབ་བྱེད་མུས་དང་། ནད་རིགས་སྔོན་འགོག་དང་རྒྱུན་མཁོའི་འཕྲོད་བསྟེན་ཆེད་མི་མང་རྣམས་ལ་ཉམས་ཞིབ་སྡེ་ཚན་ནས་འཚོ་བ་ཟས་ཀྱི་དེབ་ཕྲེང་དང་པོ་གསར་བསྒྲིགས་ཀྱིས་ལས་གཞི་མགོ་འཛུགས་ཀྱིས་ ༢༠༠༣ ལོར་ལེགས་གྲུབ་ཟིན། གཞན་ཡང་སྤྱི་ཚོགས་ནང་ནད་རིགས་འདྲ་མིན་སྔོན་འགོག་གི་ཆེད་། རེས་གཟའ་ཕུར་བུ་ནམ་འཆར་ལ་ཉམས་ཞིབ་སྨན་པ་རྣམས་ཀྱིས་རེས་མོས་ཐོག་ནོར་ཝེ་རླུང་འཕྲིན་ཐོག་བོད་ལུགས་སྨན་གཞུང་ནས་གསུངས་པའི་ནད་གཞི་ཁག་ངོ་སྤྲོད་དང་ཟས་སྤྱོད་བསྟེན་ནས་སྔོན་འགོག་བྱེད་སྟངས་སོགས་ཀྱི་སྐོར་རྒྱང་བསྲིངས་དང་།  ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཐོག་བུད་མེད་སྦྲུམ་མའི་འཕྲོད་བསྟེན་དང་།  བྱིས་པ་ཉེར་སྤྱོད་ཀྱི་སྐོར་སོགས་རྒྱང་བསྲིངས་བྱས་པ་བཞིན་དོ་སྣང་གནང་མཁན་རྣམས་ལ་ཕན་ཐོགས་གང་འཚམས་བྱུང་ཡོད་ངེས་ཡིན།


ཕྱི་ལོ་ ༢༠༠༢ ལོར་སྔར་མུས་ལྟར་ཡན་ལག་སྨན་ཁང་ ༡༤ ནས་འབྲས་ནད་སྐོར་ལ་ཉམས་ཞིབ་བྱས་ཡོད་པ་དང་།  ལོ་དེའི་ཟླ་ ༩ ཚེས་ ༧ ནས་ ༨ བར་ཉིན་གཉིས་རིང་རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་གི་སྨན་པ་གདན་ཞུས་ཀྱིས་དབུས་དང་ལྡི་ལི། སྦེང་ལོར་བཅས་ཀྱི་འགན་འཛིན་སྨན་པ་བཅས་ལྷན་འཛོམས་ཐོག་བགྲོ་གླེང་དང་ཟབ་སྦྱོང་དང་།  མ་འོངས་པར་ཕོ་བ་དང་བུ་སྣོད་གཉིས་ཀྱི་འབྲས་ནད་ལ་ཉམས་ཞིབ་དངོས་གཞི་བྱ་རྒྱུར་གཏན་འཁེལ་ཏེ་འགེངས་ཤོག་བཟོ་འགོད་ཞུས་ཡོད་པ་རེད།


ཕྱི་ལོ་ ༢༠༠༣ ལོར་འབྲས་ནད་ཉམས་ཞིབ་རགས་ཟིན་གྲུབ་རྗེས་བྱེ་བྲག་བུད་མེད་ཀྱི་བསམ་སེའུའི་འབྲས་ནད་ཐད། ཕྱི་ལུགས་ཀྱིས་གཤགས་བཅོས་ཟིན་པའི་ནད་པ་རྣམས་ལ་ནད་གཞི་སླར་མི་ལྡོག་པའི་ཕྱིར་བོད་ལུགས་སྨན་བཅོས་ཐོག་ཉམས་ཞིབ་བྱ་རྒྱུར་གཏན་འཁེལ་བ་བཞིན། རྒྱ་གར་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་དང་ཟུང་འབྲེལ་བྱ་དགོས་པར་བརྟེན་ཚན་རིག་སློབ་གཉེར་ཁང་གི་ Ethical Committee ཞེས་ལུགས་མཐུན་བཟང་སྤྱོད་ཚོགས་ཆུང་ལ་སྙན་སེང་ཞུས་ཡོད་པ་དང་།  འབྲས་ནད་ཀྱི་སྨན་གཡུ་གསང་སོགས་སྨན་ཁག་ཅིག་གསར་བཟོ་དང་། དངུལ་ཆུ་དང་དུག་རྫས་རིགས་ཡོད་མེད་ཀྱི་བརྟག་ཞིབ་སྙན་ཐོ་ཁ་གསལ་དགོས་གལ་ཆེ་སྐོར་ཞུས།


ལོ་དེའི་ཟླ་ ༧ ནང་ཉམས་ཞིབ་འགན་འཛིན་ནས་མཆིན་ནད་ཀྱི་བརྟག་ཐབས་རིག་པ་དང་། སྨན་བཅོས་དུས་ཡུན། ནད་པའི་ཡིག་ཆ་ཉར་འཇོག་བྱེད་སྟངས་སོགས་སྤྱིའི་འགེངས་ཤོག་བཟོས་ཏེ། ཡན་ལག་ཁག་ལ་འགྲེམས་སྤེལ་ཞུས། ཟླ་ ༨ ནང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་སྤྱི་ཟུར་ཨ་དབྱངས་རིན་པོ་ཆེ་ཐུན་མོང་ནས་ལྷོ་གཞིས་ཁག་ལྔའི་ནང་གི་མཆིན་ནད་དུག་ཐབས་ཀྱི་ནད་པ་རྣམས་ལ་བོད་སྨན་གྱིས་ཟླ་དྲུག་རིང་སྨན་བཅོས་བྱ་རྒྱུའི་འགྲོ་གྲོན་གནང་པ་ལྟར་སྨན་རྩིས་ཁང་ནས་མཆིན་ནད་དུག་ཐབས་ལ་ཚན་རིག་དང་མཐུན་པའི་ཉམས་ཞིབ་སྒྲོམ་གཞིའི་མ་ཟིན་བཟོ་འགོད་དང་། འབྲེལ་ཡོད་སྨན་སྦྱོར་ཁང་དང་། བདེ་ལེགས་སྨན་ཁང་། འཕྲོད་བསྟེན་ལས་ཁུངས་སོགས་ཀྱི་སྐུ་ཚབ་ཚོགས་འདུ་ཆེད་སྐོང་གིས་ཉམས་ཞིབ་བྱ་ཡུལ་དང་། སྨན་གསར་བཟོ་སོགས་ཀྱི་ཆེད་དགོངས་འཆར་བསྡུ་རུབ་ཞུས་ཏེ་ཉམས་ཞིབ་འབྲེལ་མཐུད་པ་བྷེེལ་ཀོབ་ས་གནས་སུ་ཉམས་ཞིབ་དབུ་འཛུགས་ཞུ་བར་ཆེད་རྫོང་བྱས་ཀྱང་ལས་དོན་འགའ་ཞིག་གཞན་དབང་སྟབས་བསྟུན་རྐྱེན་གྱིས་ཉམས་ཞིབ་དབུ་འཛུགས་ཞུ་ཐུབ་མེད།


བཙོ་ཐལ་ཉམས་ཞིབ་ཐད་དེ་སྔ་ (Israel, Hadassah) རང་བྱུང་སྨན་གྱི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ (Dr. Sarah Sallon) མཆོག་ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༡༨ ཉིན་ངྷ་སར་ཕེབས་སྐབས་བཙོ་ཐལ་ནང་ཡོད་པའི་རྫས་རིགས་འདྲ་མིན་རྣམས་ལ་དབྱེ་དཔྱད་དང་། དངུལ་ཆུ་དང་མུ་ཟི་ལ་སོགས་པའི་རྫས་གཞན་རྣམས་མིའི་གཟུགས་པོའི་ནང་གསོག་གི་ཡོད་མེད་བརྟག་ཞིབ་བྱ་ཆེད་འབྲེལ་ཡོད་སྨན་རྩིས་ཁང་གི་སྨན་ལས་དང་།  ཚན་རིག་པ་བཅས་ནས་གོ་བསྡུར་དང་ཟབ་སྦྱོང་གནང་རྗེས་སྨན་རྩིས་ཁང་དང་།  བདེ་ལེགས་སྨན་ཁང་།  Hadassah རང་བྱུང་སྨན་གྱི་སྡེ་ཚན་བཅས་མཉམ་འབྲེལ་ཐོག་སྔོན་འགྲོའི་ཉམས་ཞིབ་བྱ་རྒྱུ་དང་། སྔོན་འགྲོའི་ཉམས་ཞིབ་ཀྱི་གྲུབ་འབྲས་ལེགས་པོ་བྱུང་ཚེ་རྗེས་སུ་ཉམས་ཞིབ་རྒྱས་པ་འམ་ཞིབ་ཕྲ་བྱེད་རྒྱུར་ཐག་གཅོད་བྱས་ཏེ། ལོ་དེར་མི་གྲངས་ ༡༡ ལ་ཨི་ཛཱ་རེལ་རང་བྱུང་སྨན་གྱི་ཉམས་ཞིབ་ཁང་དང་ (Natural Medicine Research Centre (NMRC), Hadassah Hospital, Israel)  ཟུང་འབྲེལ་ཐོག་བོད་སྨན་བཙོ་ཐལ་གྱིས་མིའི་ལུས་ཁམས་ལ་གནོད་འཚེ་ཡོད་མེད་དེང་དུས་ཚན་རིག་དང་མཐུན་པའི་སྔོན་འགྲོའི་ཉམས་ཞིབ་བྱས་འབྲས་སུ་རང་ལུགས་བོད་སྨན་སྦྱོར་སྡེའི་ནང་བཙོ་ཐལ་ལ་མངོན་གསལ་གྱི་དུག་རིགས་ཟུར་ཕོག་མེད་པ་དང་། ལུས་ཕུང་དབང་རྟེན་ལ་གནོད་སྐྱོན་མེད་པ། ནད་ཐོག་ལག་ལེན་སྟེང་བེད་སྤྱོད་བྱས་ཚེ་བདེ་འཇགས་ཡིན་པ་ར་སྤྲོད་ཀྱི་སྙན་ཐོ་ཨ་རིའི་དུག་རིགས་བརྟག་དཔྱད་དུས་དེབ་ (Human & Experimental toxicology (2006) 25:405-412) ནང་འདོན་སྤེལ་ཞུས་ཡོད་པ་རེད།


བེངྒ་ལོར་ཡན་ལག་སྨན་ཁང་ནས་ལོ་དེའི་ཟླ་ ༤ ནས་ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༣༡ བར་འབྲས་ནད་ཀྱི་གྲངས་ ༢༢༢ ལ་བརྟག་དཔྱད་དང་སྨན་བཅོས་ཞུས་ཁོངས་ནས་ནད་པ་གྲངས་ ༡༡ ལ་ཕན་སྐྱེད་བྱུང་ཡོད་པའི་ལས་བསྡོམས་སྙན་ཐོ་གཤམ་གསལ་ལྟར་ཡིན།


༡།བོད་སྨན་གྱིས་སྔོན་འགོག་ནུས་པ་གོང་འཕེལ་དང་སྤྱིའི་ལུས་ཁམས་ཇེ་བཟང་བཏང་བ།

༢།བརྟག་ཞིབ་ཀྱི་བརྒྱུད་རིམ་ནང་བོད་སྨན་གྱིས་འབྲས་ནད་ཀྱི་ཚད་ཕྱེད་དལ་བར་བཏང་བ།
༣།བླ་གཉན་གྱི་ནད་རིགས་འགོག་པའམ། ཡང་ན་སྡོང་ཟླ་ཡོད་ཚེ་བཅོས་པར་གྲོགས་བྱེད་པ།
༤།འབྲས་ནད་དང་འབྲེལ་བའི་ལུས་སེམས་ཀྱི་ངལ་བ་སྤྱི་དང༌། ལྷག་པར་འབྲས་ནད་ཀྱི་ཟུག་རྔུ་ཇེ་ཉུང་དུ་བཏང་བ།
༥།ཕྱི་ལུགས་ CT & RT སྨན་བཅོས་དབང་གིས་ཟུར་ཕོག་རྣམས་ཇེ་ཉུང་དུ་བཏང་བ།
༦།བོད་སྨན་གྱིས་ནད་པའི་ཚེ་བསྲིང་བར་གྲོགས་བྱེད་པ་བཅས་ཀྱི་ཕན་འབྲས་གང་ལེགས་བྱུང་བར་གསལ་འདོན་གནང་ཡོད། དེ་བཞིན་མོམ་སྦེ་ཡན་ལག་སྨན་ཁང་ནས་ལོ་གཅིག་ནང་འབྲས་ནད་ནད་པ་གྲངས་ ༧༡ ལ་བརྟག་དཔྱད་དང་སྨན་བཅོས་གནང་ཁོངས་ནས་ནད་པ་གྲངས་ ༣༨ ནས་སྨན་བཅོས་མུ་མཐུད་བཞིན་པ་དང་གང་འཚམས་དྲག་སྐྱེད་བྱུང་བར་འཁོད་པ་སོགས་ཀྱིས་མཚོན་བོད་སྨན་གྱིས་འབྲས་ནད་ལ་ཕན་སྐྱེད་གང་འཚམས་ཡོང་གི་ཡོད་པ་ཤེས་ཐུབ།

ཕྱི་ལོ་ ༢༠༠༤ ལོར་མཆིན་ནད་དུག་ཐབས་ Hep B ནད་པ་གྲངས་ ༥༠ སྡེ་ཚན་གཉིས་སུ་ཆ་བགོས་བྱས་ཏེ། སྨན་རྩིས་ཁང་ནས་ནད་གཞི་འདི་ཁོ་ནའི་ཆེད་གསར་བཟོ་གནང་བའི་སྨན་དང་སྲོལ་རྒྱུན་དུ་ཡོད་པའི་བོད་སྨན་གཉིས་ཀྱི་ལམ་ནས་ནད་གཞིར་ཕན་ནུས་ཇི་ཙམ་ཡོད་མེད་ཟླ་དྲུག་རིང་། དེང་དུས་ཚན་རིག་དང་མཐུན་པའི་སྔོན་འགྲོའི་ཉམས་ཞིབ་ས་གནས་བྷེེལ་ཀོབ་ཡན་ལག་སྨན་ཁང་དུ་བྱས་པའི་མཐར། སྡེ་ཚན་གཉིས་ཀྱི་ནད་པ་རྣམས་ཀྱི་ནད་གཞི་དང་འབྲེལ་བའི་ནད་རྟགས་ཕལ་མོ་ཆེ་ལ་ཕན་བསྐྱེད་ཕྱིན་པར་གསལ་རྟོགས་བྱུང་ཡང་། ནད་འབུ་རྩ་མེད་ཕྱིན་མེད་པ་བཅས་ཀྱི་ཉམས་ཞིབ་གྲུབ་འབྲས་རྣམས་སྔ་ཕྱི་རིམ་པས་སྨན་རྩིས་བོད་དབྱིན་དུས་དེབ་ནང་འདོན་སྤེལ་ཞུས།


ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་རྒྱ་གར་ལྷོ་བྱང་ཁུལ་གྱི་གཞིས་ཆགས་ཁག་ལ་ཁྲག་རླུང་སྟོད་འཚང་ཞིབ་བཤེར་བགྱིས་པའི་མཐའ་མའི་འབྲས་བུར། ཕོ་མོའི་དབྱེ་བ་དང་ལྗིད་ཚད་། ཆང་རག དམར་ཟས། བོད་ཇ། ངལ་རྩོལ། དལ་རྩོལ་རྣམས་ཁྲག་རླུང་སྟོད་འཚངས་ནད་གཞི་སྐྱེད་པའི་རྐྱེན་དུ་ངོས་འཛིན་དང་།  ཉམས་ཞིབ་ཁོངས་སུ་ཞུགས་མི་ཡོངས་ཀྱི་སྤྱི་སྙོམས་ཁྲག་རླུང་སྟོད་འཚངས་སྟེང་གི་རིམ་པ་ ༼༡༢༨༡༩༽ གསལ་བ་དེ་ནི། ཁྲག་རླུང་སྟོད་འཚངས་ནད་ཀྱི་ཉེན་མཚམས་སུ་སླེབས་ཡོད་པར་ངོས་འཛིན་གནང་འདུག དེ་བཞིན་དུ་རྒྱ་གར་ལྷོ་བྱང་ཁུལ་བོད་མིའི་ཁྲོད་དུ་ཁྲག་རླུང་སྟོད་འཚངས་ནད་ཀྱི་ཁྱབ་ཚད་ནི་བརྒྱ་ཆ་ ༤༦ ཙམ་ཡོད་པར་ཤེས་རྟོགས་བྱུང་འདུག ཤ་ཡོད་ཁ་ཟས་དང་། གསོལ་ཇ་གར་པོ་སོགས་ལོངས་སུ་སྤྱོད་པ་ནི་བོད་མི་སྤྱིའི་བརྒྱ་ཆ་མང་ཤོས་ཕོ་ལས་བུད་མེད་མང་བ་དང་།  ཐ་མག་དང་རྡོ་ཐ་བཞེས་མཁན་ནི་བུད་མེད་ལས་སྐྱེས་པ་ཕོ་མང་པ། དལ་རྩོལ་དང་།  ངལ་རྩོལ། ཁྲག་རླུང་སྟོད་འཚངས་སྨན་བཅོས། གཅིན་སྙི་བརྟག་དཔྱད། གཅིན་སྙིའི་ནད་གྲངས། གཅིན་སྙི་སྨན་བཅོས་དང་བཅས་ཀྱི་བརྒྱ་ཆ་ཐད་ཕོ་མོ་གཉིས་ལ་ཁྱད་པར་མེད་པ། སེམས་ངལ་ལ་དཔྱད་ཞིབ་བྱས་འབྲས་སུ་སྐྱེས་པ་ཕོ་ལས་བུད་མེད་རྣམས་རྒྱུན་དུ་སེམས་ངལ་ཆེ་བ་ཡོད་པ་བཅས་ཤེས་རྟོགས་ཀྱི་སྙན་ཐོ་བཏོན་ཡོད་པ་དེ་ནི་ནད་བཅོས་ཉམས་ཞིབ་ཁང་གི་གལ་ཆེའི་གྲུབ་འབྲས་ཤིག་ཏུ་བགྲང་ཆོག 


ཞིབ་གཤེར་གྱི་སྙན་ཐོ་རྒྱས་པ་ ༢༠༡༡ ཟླ་ ༣ པའི་སྨན་རྩིས་གསར་ཤོག་ནང་འདོན་སྤེལ་ཟིན་པ་མ་ཟད། སྨན་རྩིས་དུས་དེབ་དང་རྒྱལ་སྤྱིའི་དུས་དེབ་ཁག་ནང་འདོན་སྤེལ་ཞུ་རྒྱུའི་ཆེད་ཕུལ་འདུག ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ ནས་སྨན་རམས་པ་པདྨ་རྡོ་རྗེ་ལགས་སླར་ཡང་ནད་བཅོས་ཉམས་ཞིབ་ཀྱི་སློབ་སྟོན་པར་བསྐོ་བཞག་གིས་ནད་བཅོས་ཉམས་ཞིབ་ཀྱི་ལས་དོན་གང་ཅིའི་ཐད་དངོས་ཤུགས་བརྒྱུད་གསུམ་ནས་བཀའ་སློབ་ལམ་སྟོན་གནང་བ་དང་།  ལྷག་པར་དུ་ཁྲག་རླུང་སྟོད་འཚངས། ཟ་ཁུ་གཅིན་སྙི། བད་ཀན་སྨུག་པོ་བཅས་ཀྱི་ཉམས་ཞིབ་ལས་དོན་ཆེད་ས་གནས་འདྲ་མིན་ཁག་ལ་ཆེད་ཕེབས་ཀྱིས་མང་ཚོགས་ལ་ནད་གཞི་དེ་དག་གི་ངོ་སྤྲོད་གཏམ་བཤད་དང་བརྟག་དཔྱད་གནང་བ་སོགས་ཉམས་ཞིབ་ཀྱི་ལས་དོན་ཐོག་ཕྱོགས་གང་ཐད་ནས་ཕན་རླབས་གང་ཆེ་བྱུང་ཡོད་པ་བཅས་སོ།།


ཕྱི་ལོ་ ༢༠༠༩ ལོར་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ནས་ ༢༠༡༠ ཟླ་ ༣ བར་དུ་ས་གནས་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་དུ་ཁྲག་རླུང་སྟོད་འཚངས་སྐོར་ལ་ཉམས་ཞིབ་གནང་ཡོད། ཉམས་ཞིབ་འདིའི་དགོས་པ་གཙོ་བོ་ནི་ཁྲག་རླུང་སྟོད་འཚངས་ནད་ལ་བོད་སྨན་གྱིས་ཕན་སྐྱེད་དང་ཟུར་ཕོག་མེད་པ་ཤེས་པའི་སླད་དུ་ཡིན་པ་བཞིན། ཐོག་མར་མི་གྲངས་ ༥༤༥ ཙམ་ལ་བརྟག་དཔྱད་བྱས་པས་མི་གྲངས་ ༢༨༥ ལ་ནད་དེ་ཡོད་པ་དང་།  དེའི་ནང་ནས་ཉམས་ཞིབ་ལ་དངོས་སུ་མཁོ་བའི་ནད་གྲངས་ ༡༥༠ འདེམས་ནད་གྲངས་ ༧༥ རེ་བགོས་ཏེ་སྡེ་ཚན་དང་པོར་ནད་འདི་ལ་སྔར་ནས་གཏན་འབེབས་ཟིན་པའི་གསོལ་སྨན་ཁག་བཞི་དང་ཟས་སྤྱོད་བླང་དོར་གྱི་བསླབ་བྱ་གནང་ཞིང་།  སྡེ་ཚན་གཉིས་པར་ཟས་སྤྱོད་བླང་དོར་བསླབ་བྱ་ཁོ་ནའི་སྒོ་ནས་ཟླ་བ་དྲུག་རིང་ཉམས་ཞིབ་བྱས། དུས་ཡུན་དེའི་རིང་སྡེ་ཚན་གཉིས་པོ་ལས་གང་ཕན་སྐྱེད་ཆེ་བ་དང་། སྡེ་ཚན་ནང་ཁུལ་ལ་ཁྱད་པར་གང་འགྲོ་ཡོད་མེད། ནད་པའི་ཁྲག་ཤེད་སྟེང་འོག་རིམ་པ་དང་། ཁྲག་རིགས་གནས་སྟངས། ལྟོ་སྟོང་ཁྲག་མངར། མཁལ་མའི་བྱེད་ལས། ཁྲག་ཚིལ། སྙིང་གི་བྱེད་ལས་། ནད་རྟགས་བཅས་ལ་ཉམས་ཞིབ་བྱས་འདུག ཉམས་ཞིབ་ཀྱི་ཐབས་ལམ་ནི་ཐོག་མ་ནས་ངེས་མེད་མིན་པའི་མཚུངས་བསྡུར་གྱི་ཐབས་ལམ་ཁ་གསལ་ཞིག་ཡིན་ལ་ཉམས་ཞིབ་ཀྱི་ཡིག་ཆ་ས་གནས་ཡན་ལག་སྨན་ཁང་དུ་བསྡུ་སྒྲུབ་གནང་ཡོད། ཁྲག་རླུང་སྟོད་འཚངས་ཀྱི་ཉམས་ཞིབ་བྱས་འབྲས་སུ་ཉམས་ཞིབ་ཆེད་གཏན་འབེབས་ཟིན་པའི་སྨན་སྣ་ཁག་བཞིས་ནད་གཞི་འདི་ལ་ཕན་བསྐྱེད་གང་ཙམ་བྱུང་ཡོད་པ་མ་ཟད། སྨན་གྱི་ཟུར་ཕོག་མེད་པ་ར་སྤྲོད་བྱུང་ཡོད་པ་རེད།


ཕྱི་ལོ་ ༢༠༠༩ ལོར་ཨི་ཛིའ་རལ་རང་འབྱུང་སྨན་གྱི་ཉམས་ཞིབ་ཁང་ (Natural Medicine Research Centre (NMRC), Hadassah Hospital, Israel) དང་ཟུང་འབྲེལ་གྱིས་ནད་གྲངས་ ༡༢༠ ལ་བཙོ་ཐལ་ཉམས་ཞིབ་ཐེངས་གཉིས་པ་མགོ་འཛུགས་ཞུས་ཡོད་པ་དང་། ལས་གཞི་གང་འཚམས་རྡ་སར་ལེགས་གྲུབ་ཟིན་ཡང་ཁྲག་གཅིན་ནང་ཁྱོན་ཡོངས་དངུལ་ཆུའི་འདུས་ཚད་ཚད་འཇལ་བརྟག་ཞིབ་སོགས་ཨི་ཛིའ་རལ་ (Israel) ཉམས་ཞིབ་ཁང་དུ་བརྟག་དཔྱད་འགྲོ་མུས་རེད།


ཕྱི་ལོ་ ༢༠༡༠ ལོར་ཟ་ཁུ་གཅིན་སྙིའི་ནད་པ་གསར་པ་གྲངས་ ༡༥༠ ལ་ཉམས་ཞིབ་ཐེངས་གཉིས་པ་མགོ་འཛུགས་ཀྱིས་ད་ཆ་དིལླིི་ནི་ཛ་མུ་དིན་ཡན་ལག་སྨན་ཁང་དུ་འགྲོ་མུས་ཡིན། དེ་བཞིན་ལོ་དེར་ནད་པ་གྲངས་ ༡༠༠ ལ་བད་ཀན་སྨུག་པོ་རྨ་ཅན་དང་ཕོ་སྨུག་གཉན་ཅན་ལ་ཉམས་ཞིབ་མགོ་འཛུགས་ཀྱིས་དབུས་གངས་སྐྱིད་ཡན་ལག་སྨན་ཁང་དུ་ཉམས་ཞིབ་འགྲོ་མུས་སུ་ཡིན་པ་བཅས་སོ།། ཚན་རིག་དང་མཐུན་པའི་ནད་བཅོས་ཉམས་ཞིབ་བྱས་དང་བྱེད་བཞིན་པའི་ཉམས་ཞིབ་ཐབས་ལམ་གཤམ་གསལ།
 

དང་པོ།༽ནད་བཅོས་ཉམས་ཞིབ་ཆེད་བརྗོད་གཞིའམ་ནད་གཞི་འདེམས་ཕྱོགས།

༡༽ཐོག་མར་ཉམས་ཞིབ་བྱ་ཡུལ་ནད་གཞི་འདེམས་སྐབས་ནད་གཞི་དེར་ཉམས་ཞིབ་དེ་དང་འདྲ་བའི་རིགས་གཞན་གྱིས་ཉམས་ཞིབ་བྱས་ཡོད་མེད་དང་།  གྲུབ་འབྲས་ཇི་ལྟར་བྱུང་ཡོད་མེད་ལ་སོགས་པའི་ཡིག་ཆ་དང༌། རྩོམ་བྲིས། དུས་དེབ། དྲ་ཚིག་སོགས་ནས་རྩད་ཞིབ་བྱས་ཏེ་དེ་དག་གི་གྲུབ་འབྲས་སོགས་ལ་ཞིབ་འཇུག་བྱེད་པ།
༢༽ནད་གཞི་དེར་སྨན་ལུགས་གཞན་ནས་ཕན་ནུས་ལྡན་པའི་སྨན་གང་ཡོད་དང༌། དེ་དག་གི་རིན་བབས། ཟུར་ཕོག་ཇི་ཡོད་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་པ་དགོས་པ།
༣༽ནད་གཞི་གང་ཞིག་ནད་བཅོས་ཉམས་ཞིབ་ཆེད་འདེམས་སྐབས་ནད་གཞི་དེར་ཕྱི་ལུགས་བརྟག་ཐབས་ཀྱི་ཡོ་བྱད་མཁོ་སྤྲོད་ཐུབ་པའི་རིགས་དང༌། ནད་པར་དངོས་སུ་བརྟག་ཐབས་བྱེད་པའི་ཚེ་དཀའ་ངལ་མེད་པ་དང་ཟུར་ཕོག་མེད་པའི་རིགས་ལ་འབད་དགོས་པ།
༤༽ནད་གཞི་དེར་རང་ལུགས་སྨན་གྱི་ཕན་ནུས་གང་ལེགས་ཡོད་པའི་ཉམས་མྱོང་ཡོད་པ་ཞིག་ཡིན་དགོས།
༥༽Hypothesis མདོར་ན་ཉམས་ཞིབ་གང་ཞིག་མགོ་མ་བརྩམས་གོང་ནས་ཉམས་ཞིབ་དེའི་གྲུབ་འབྲས་ལེགས་ཉེས་ཀྱི་ཚོད་དཔག་ཕྲན་བུ་བྱེད་ཐུབ་དགོས་པ།

གཉིས་པ༽ཉམས་ཞིབ་ཀྱི་དམིགས་ཡུལ་འཛིན་སྟངས།
༡༽ཉམས་ཞིབ་ཀྱི་དགོས་པ་དང་དམིགས་ཡུལ་གང་ཡིན་གསལ་བཤད་བྱེད་དགོས།
༢༽དེ་ཡང་ཡིག་ཕྲེང་འགའ་ཤས་སམ་གཉིས་གསུམ་ལས་མ་མང་བ་ཡིན་དགོས།
༣༽སྨན་རྒྱུ་སྤུས་ཚད་དང༌། སྦྱོར་ཚད། དེ་བཞིན་ཕན་ནུས་དང་ཉེན་འགོག་གི་དགོས་པ་རྒྱུ་མཚན་དང་སྨན་གཏོང་སྟངས་ལ་སོགས་པ་གསལ་འགོད་བྱ་དགོས།
༤༽དམིགས་ཡུལ་མང་མི་དྲགས་པ་དགོས།

གསུམ་པ༽ཉམས་ཞིབ་ཚོད་ལྟའི་རིགས་སམ་དབྱེ་བ།

༡༽ཉམས་ཞིབ་བྱེད་སྟངས་སམ་ཐབས་ལམ་མི་འདྲ་བ་སྣ་ཚོགས་ཡོད་པ་ལས་ཉམས་ཞིབ་བྱ་རྒྱུའི་དམིགས་ཡུལ་དང་ནད་གཞི་དེ་དང་འཚམས་པ་ཞིག་ཡིན་དགོས།
༢༽ཉམས་ཞིབ་ཀྱི་ཆེད་དུ་དམིགས་པའི་ནད་ཅན་གྱི་གྲངས་འབོར་དེས་མི་འབོར་སྤྱིའི་སྤུས་ཚད་མཚོན་ནས་གྲུབ་འབྲས་དེ་མི་འབོར་སྤྱི་ལ་ཁྱབ་པ་ཞིག་དགོས་པ།
༣༽ཉམས་ཞིབ་དེར་ཚན་རིག་སྤྱི་ཚོགས་ནས་ཡིད་ཆེས་དང་བློས་འཁེལ་ཐུབ་པ་ཡོང་ཕྱིར་ནད་གཞིའི་སྤྱི་སྲོལ་དང་ཡུལ་སྲོལ་གྱི་ཐ་སྙད། མི་འབོར་དང་ཡོང་ཁུངས། བརྟག་དཔྱད་ཀྱི་ཚན་པ་སོགས་ཀྱི་འགྲེལ་བརྗོད་ཁ་གསལ་འབྲི་དགོས་པ།
༤༽ཉམས་ཞིབ་ཚོད་ལྟའི་ནང་ཚུད་འོས་ཀྱི་ཆ་རྐྱེན་དང༌། མི་འོས་པའི་སྐྱོན་གནད། དེ་བཞིན་ཉམས་ཞིབ་འགྲོ་བཞིན་སྐབས་རྐྱེན་གང་ཞིག་གིས་ཕྱིར་འབུད་དང་། ནད་པ་རང་ངོས་ནས་ཕྱིར་འཐེན་བྱ་ཚེ་དོན་གནད་རྣམས་འགྲེལ་བརྗོད་ཁ་གསལ་དགོད་དགོས་པ།
༥༽ནད་པ་གདམ་ཕྱོགས་ཐད་དམ་བསྒྲགས་ཆེན་པོ་བྱེད་མི་རུང༌པ།
༦༽རྒྱུན་ལྡན་ནས་ནད་པ་ཚབས་ཆེན་དང་ཆང་རག་ལངས་ཤོར་ཅན་དང༌།  རིག་འཚོ་མ་ཟིན་པ། སྦྲུམ་མ། བཅོས་ཐབས་ཡོད་པའི་ནད་པ་བཅས་གདམ་མི་རུང༌།
༧༽ཉམས་ཞིབ་ཀྱི་ཆེད་དུ་གདམས་ཟིན་པའི་ནད་པ་རྣམས་ནད་གཞི་བརྟག་དཔྱད་དགོས་རིགས་ཆ་ཚང་བྱས་ཟིན་པ་ཡིན་དགོས།
༨༽ནད་པ་རྣམས་དཔྱད་གཞིར་འོས་པའི་ཆ་རྐྱེན་ལྡན་པ་ཤ་སྟག་ཡིན་དགོས།

བཞི་པ།༽ཉམས་ཞིབ་བྱེད་སྟངས།

༡༽ཉམས་ཞིབ་བྱེད་སྟངས་ནི། ཉམས་ཞིབ་བྱ་ཡུལ་གྱི་ནད་གཞི་དང་འབྲེལ་བའི་དྲི་བ་རྣམས་འགེངས་ཤོག་གི་ཚུལ་དུ་ནད་ཚབས་ཆེ་ཆུང་ལ་སོགས་པ་བརྟག་ནས་དགང་དགོས།
༢༽འགེངས་ཤོག་ནང་གི་སྤྱིར་སྟངས་དྲི་བ་ཁག་ནི་མིང༌། ན་ཚོད། ཕོ་མོའམ་རྟེན། གཉེན་བསྒྲིགས་ཟིན་མིན། ཕྲུ་གུ་ཡོད་མེད། འཚོ་ཐབས་སམ་ལས་རིགས། གཟུགས་པོའི་ལྗིད་ཚད། རྩ་ཆུ་སྤྱིའི་ཚ་གྲང་གྱི་འགྱུར་བ་བརྟག་པ་ལ་སོགས་པ་འབྲི་དགོས། གཞན་ནད་གཞི་དེ་དང་འབྲེལ་བའི་ནད་རྟགས་སམ་དྲི་བ་ཇི་ལྟར་དགོས་མིན་སོགས་དྲ་རྒྱའི་ཐོག་ནས་རྩད་ཞིབ་དང་འབྲེལ་ཡོད་ནས་སློབ་སྟོན་ཞུ་དགོས།
༣༽དེ་མིན་ཚད་ལྡན་གྱི་དྲི་བ་གཞན་མི་ཚེའི་སྤུས་ཚད་དང༌། ཞིབ་བསྡུར་གྱི་དྲི་བ། སྤྱིར་བཏང་དྲི་བ་ཁག རྩ་ཆུའི་འགྱུར་བ་བརྟག་པ། རླུང་ཤས་ཆེ་ཆུང་བརྟག་པའི་དྲི་བ་ལ་སོགས་པའི་འགེངས་ཤོག་བཟོ་དགོས།
༤༽སྔར་བཅོས་ཟིན་པའི་སྨན་བཅོས་ལ་སྐྱོན་དང༌།  ཡོན་ཏན། ནད་གཞི་ངོས་འཛིན་གང་བྱུང་བའི་སྐོར།
༥༽ཉམས་ཞིབ་ཀྱི་འཆར་གཞིའི་མིང་དང༌། ཨང་གྲངས། ཚེས་གྲངས།  བསྐྱར་བཅོས་བྱས་ཚེ་དེའི་ཚེས་གྲངས་དང་ཨང་གྲངས་ལ་སོགས་ཁ་གསལ་དགོད་དགོས།
༦༽ཉམས་ཞིབ་དེའི་སྦྱིན་བདག་དང་ཟུང་འབྲེལ་སྡེ་ཚན་གྱི་མིང་བྱང་དང་།  ཚོད་ལྟ་བྱ་ཡུལ་ཡན་ལག་སྨན་ཁང་དང་ཕྱི་ལུགས་བརྟག་དཔྱད་ཁང༌། ཉམས་ཞིབ་ཀྱི་སློབ་སྟོན་པ། རྟོགས་ཞིབ་པའམ་དཔྱད་ཞིབ་པ་གཙོ་བོ་དང་ཕལ་པ། བརྟག་དཔྱད་སྨན་པ། ཉམས་ཞིབ་ཀྱི་འབྲེལ་མཐུད་པ་བཅས་ཀྱི་མིང་བྱང་དགོད་དགོས།
༧༽ཉམས་ཞིབ་བྱ་རྒྱུའི་ནད་གཞིའམ་ཐོན་རྫས་སམ་སྨན་དེའི་མིང་དང་འགྲེལ་བརྗོད། ནུས་སྟོབས་ཕན་ཡོན། ཐུན་ཚད། གཏོང་སྟངས་ལ་སོགས་པ་ཁྱད་པར་ཅན་ཡོད་ལུགས་ཀྱི་ལོ་རྒྱུས་སམ་འགྲེལ་བརྗོད་གནང་དགོས།
༨༽ཉམས་ཞིབ་ཀྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་དྲི་བ་རྣམས་གཅིག་མཚུངས་འདྲི་པ་དང་ཕྱི་ལུགས་བརྟག་དཔྱད་རྒྱུན་རིམ་ཡང་སྔ་ཕྱི་གཅིག་མཚུངས་དགོས་པ།
༩༽ཚོད་ལྟ་བྱ་ཡུལ་གྱི་ནད་གཞི་དང༌། ནད་གྲངས། དབྱེ་གཞི་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་ཁག་གི་དཔེ་དེབ་ཇི་ཡོད་ཀྱི་ཐོ་དགོད་དགོས།

ལྔ་བ༽ཉེན་འགོག

༡༽ནད་པར་སྨན་གྱི་ཟུར་ཕོག་བྱུང་ཡོད་མེད་འདྲི་རྩད་བྱེད་དགོས།
༢༽ནད་པའི་དོན་སྣོད་འབྲེལ་ཡོད་རྣམས་ཀྱི་བྱེད་ལས་ལ་སོགས་པ་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་དགོས།
༣༽གལ་ཏེ་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་ནད་པ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཚེ་ཕྱིར་འབུད་བྱ་རྒྱུའི་འགེངས་ཤོག་བཀང་ནས་འཕྲལ་དུ་ཕྱིར་འབུད་བྱ་རྒྱུ་དང༌། དགོས་གལ་སྨན་བཅོས་བྱེད་དུ་གཞུག་དགོས།

དྲུག་པ༽དཔྱད་གཞིའི་ཐོ་འགོད།

༡༽དཔྱད་གཞིའི་འགེངས་ཤོག་རྣམས་གློག་ཀླད་ནང་བཅུག་སྟེ་ཨང་གྲངས་ནང་བསྒྱུར་དགོས།
༢༽ཨང་གྲངས་འགོད་སྟངས་ནི། དཔེར་ན། ཡིན་ལ་ཨང་གྲངས་ ༡ དང་།  མིན་ལ་ཨང་གྲངས་ ༢ མི་ཤེས་ལྟ་བུ་ལ་ཨང་གྲངས་ ༣ དཔྱད་གཞི་མེད་པའམ་ནད་རྟགས་མེད་པ་ལ་ཨང་གྲངས་ ༠ ལྟ་བུས་མཚོན་དགོས།
༣༽དཔྱད་གཞི་རྣམས་གློག་ཀླད་མཛད་འཆར་ (Excel & SPSS) ལྟ་བུར་འཇུག་ཐབས་བྱེད་ཐུབ་ན་དབྱེ་ཞིབ་བྱེད་སླ་བ་ཡོད།
༤༽དཔྱད་གཞི་རྣམས་གློག་ཀླད་ (Independent assessor) ནང་བཅུག་ཏེ་དཔྱད་ཞིབ་བྱེད་དགོས།

བདུན་པ༽དཔྱད་གཞིའི་དུས་ཡུན་དང་ཕན་ནུས་ཀྱི་ཚད་གཞི་འཇལ་ཐབས།

༡༽སྤྱིར་ཉམས་ཞིབ་ཀྱི་དཔྱད་གཞིའི་དུས་ཡུན་ཧ་ཅང་རིང་མ་དྲགས་པ་དང༌།  ཡང་ན་ཐུང་མ་དྲགས་པ་ཟླ་བ་ ༣ ནས་ ༦ བར་ཡུན་ཚད་ཡིན་ན་རན་པ་ཡོད། འོན་ཀྱང་ནད་གཞི་སོ་སོའི་བཅོས་ཡུན་དང་བསྟུན་དགོས།
༢༽ཕན་ནུས་ཀྱི་ཚད་གཞི་འཇལ་ཐབས་ནི་འགེངས་ཤོག་ཐོག་མར་བཀང་དུས་རྨང་གཞིའི་ཚད་གཞི་དང༌། ཉམས་ཞིབ་ཟིན་རྗེས་འགེངས་ཤོག་གཉིས་པ་དང་གསུམ་པ་བཀང་དུས་ཀྱི་ཚད་གཞི་རྣམས་ཞིབ་བསྡུར་བྱེད་དགོས།
༣༽གཞན་ཡང་མི་ཚེའི་སྤུས་ཚད་ལེགས་ཉེས་དང་སྤྱིར་གཟུགས་ཁམས་བདེ་རུ་སོང་ཡོད་མེད་སོགས་ལ་ཚད་འཇལ་ངེས་པར་དགོས་པ་བཅས་སོ།།

བརྒྱད་པ༽དཔྱད་གཞིའི་དབྱེ་ཞིབ།

༡༽དཔྱད་གཞིའི་དབྱེ་ཞིབ་ནི་ཆེད་གཉེར་བ་ (Statistician) གང་ཞིག་གིས་བྱེད་དགོས།
༢༽དཔྱད་གཞི་དབྱེ་ཐབས་རིགས་མི་འདྲ་བ་སྣ་ཚོགས་ཡོད་པས་སྤྱི་སྙོམས་བརྒྱ་ཆ་བར་མའི་ཆ་གྲངས་ (Average) འདོན་དགོས།
༣༽དཔྱད་གཞིའི་ཁག་མི་འདྲ་བ་ཡོད་པ་རྣམས་ཞིབ་བསྡུར་བྱེད་དགོས་པ་དཔེར་ན་ནད་བྱེ་བྲག་པ་དེ་ཉིད་ལ་དམིགས་བསལ་གསར་བཟོ་གནང་བའི་སྨན་དང་ཡང་ན་སྲོལ་རྒྱུན་སྨན་ནམ་ཟས་སྤྱོད་རྐྱང་པའི་སྡེ་ཚན་བཅས་གང་རུང་ཕན་ཚུན་ཞིབ་བསྡུར་བྱས་པ་ལྟ་བུ་བྱེད་དགོས།
༤༽སྨན་བཅོས་ཐོག་མར་བྱེད་དུས་སམ་རྨང་གཞིའི་སྐབས་ཀྱི་ནད་རྟགས་དང་གནས་ལུགས་སྨན་བཅོས་ཟིན་སྐབས་གཉིས་ཀྱི་ནང་ཁུལ་ནད་རྟགས་ཞིབ་བསྡུར་བྱེད་དགོས།
༥༽ཞིབ་བསྡུར་བྱེད་སྐབས་ཕན་ནུས་ཁྱད་པར་འདོན་ཐབས་སུ་དབྱེ་གཞིའི་ནད་གྲངས་གཅིག་མཚུངས་ཡིན་དགོས་པ་ནི་གལ་གནད་ཤིན་ཏུ་ཆེའོ།།

དགུ་བ༽བཟང་སྤྱོད་ཀྱི་ཁྲིམས་སྲོལ།

༡༽ཉམས་ཞིབ་ཀྱི་རིགས་སྤྱི་དང་ལྷག་པར་དུ་ནད་བཅོས་ཀྱི་ཉམས་ཞིབ་ཚོད་ལྟ་བྱ་དགོས་རྣམས་ལ་རྒྱལ་སྤྱིའི་བཟང་སྤྱོད་ཀྱི་ཁྲིམས་སྲོལ་ཚོགས་པ་ (Ethical committee) བོད་གཞུང་དབུས་སྨན་རྩིས་ཁང་ཆེས་མཐོའི་བཟང་སྤྱོད་ཚོགས་པ་ནས་ཆོག་མཆན་ཐོབ་ཟིན་པ་ཡིན་དགོས།
༢༽ནད་པར་མོས་མཐུན་ཡིག་ཆ་གསལ་བཤད་ཐོག་ནད་པ་རང་ཉིད་ནས་མོས་མཐུན་ཡིག་ཆར་ Consent form ས་རྟགས་འགོད་འདོད་ཡོད་པ་ཡིན་དགོས།  

བཅུ་བ༽ཉམས་ཞིབ་ཀྱི་བདག་དབང༌།

༡༽ཉམས་ཞིབ་ཀྱི་འཆར་གཞིའི་ཡིག་ཆ་དང་འགལ་བ་དང༌། ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་ཕན་ནུས་མ་ཤེས་པ། ཉམས་ཞུགས་པ་རྣམས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་མངོན་གསལ་ཤེས་ཚེ་ཉམས་ཞིབ་དེ་ཉིད་མཚམས་འཇོག་གནང་དགོས།
༢༽ཉམས་ཞིབ་ཀྱི་ཡིག་ཆ་མཁོ་སྒྲུབ་བྱས་ཟིན་པ་དང་བྱེད་བཞིན་པའི་ཡིག་ཆའི་གྲུབ་འབྲས།
༣༽གཞུང་འབྲེལ་འགྲེམས་སྤེལ་མ་གནང་བར་འགན་དང་བདག་དབང་ཆ་ཚང་ཉམས་ཞིབ་སྡེ་ཚན་དང་འབྲེལ་ཡོད་སྨན་པ་རྣམས་ལ་ཡོད་པ་ལས། ཕྱི་ནང་མི་རིགས་གཞན་སུ་ལའང་ཡིག་ཆའི་གནས་ལུགས་དང་གྲུབ་འབྲས་སྐོར་གྱི་ཐོབ་ཐང་མེད།

བཅུ་གཅིག་པ༽ཉམས་ཞིབ་ཀྱི་གྲུབ་འབྲས།

༡༽ཉམས་ཞིབ་ཀྱི་གྲུབ་འབྲས་འབྲི་སྟངས་ནི་གྲུབ་འབྲས་ལེགས་ཉེས་ལ་མ་བལྟོས་པར་ངེས་པར་དུ་བྲིས་ཏེ་ཡིག་ཆ་རྣམས་མ་འོངས་ཉམས་ཞིབ་བྱེད་ཕྱོགས་ཀྱི་ཆེད་དུས་དེབ་ཁག་དང་འཕྲོད་བསྟེན་གྱི་དུས་དེབ་སོགས་ནང་འདོན་ཐབས་བྱེད་དགོས། 
༢༽ཉམས་ཞིབ་ཀྱི་གྲུབ་འབྲས་ལེགས་པོ་བྱུང་ཡོད་ཚེ་ཕྱི་ནང་གི་དུས་དེབ་ཚད་ལྡན་དང༌། གསར་ཤོག སྙན་འཕྲིན། དྲ་ཚིག་སོགས་ནང་འདོན་ཐབས་བྱེད་དགོས།  
༣༽གྲུབ་འབྲས་ཀྱི་བརྗོད་གཞིའམ་དོན་སྙིང་རྣམས་ཚིག་ཉུང་ལ་དོན་ཟབ་པ་གོ་དོན་གསལ་བོར་བྲིས་ཏེ་དུས་དེབ་ཡོངས་གྲགས་ཁག་དང༌། འཕྲོད་བསྟེན་གྱི་དུས་དེབ་སོགས་བརྒྱུད་ཕྱི་ལུགས་ཉམས་ཞིབ་པ་དང་། ཚན་རིག་པ། སྨན་པ། གཞན་ཡང་དོན་གཉེར་ཅན། མི་མང་བཅས་ཀྱི་སྙན་ལམ་དུ་འབུལ་ཐུབ་པ་བྱེད་དགོས་པ་བཅས་ཡིན་ནོ།། །།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:52 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།