སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

ནང་པས་འཆི་བ་ལ་ལྟ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.05.2021
བཀའ་སློབ་དང་གསུང་བཤད་གཞན། >>


༄༅། །ནང་པས་འཆི་བ་ལ་ལྟ་ཚུལ།

-          སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག

 

༄༅། །གང་གི་ཐུགས་བརྩེས་ཉེར་བཟུང་ནས།།

ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།།

དམ་པའི་ཆོས་ནི་སྟོན་མཛད་པའི།།

གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།

        དེ་རིང་འདིར་ཕེབས་པའི་ཀོ་རི་ཡའི་རབ་བྱུང་དང་བཙུན་མ་རྣམ་པ་སོགས་ཀྱིས་གཙོས་པའི་ཆོས་གྲོགས་ཕོ་མོ་ཚང་མ་ལ་ངས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཀོ་རི་ཡའི་མང་ཚོགས་རྣམས་རིས་སུ་མ་མཆིས་པའི་ཆོས་ལུགས་ལ་དད་པ་དང་འདུན་པ་ཡོད་མཁན། དེ་བཞིན་མི་ཡ་རབས་སྤྱོད་བཟང་ཅན་ཤ་སྟག་རེད་འདུག དེར་བརྟེན་ཁྱེད་ཚོ་མཇལ་རྒྱུར་དགའ་པོ་དང་སྤྲོ་སྣང་ཡོང་གི་འདུག ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ད་བར་ཐེངས་བཞི་ལྔ་ཙམ་ཀོ་རི་ཡ་ལ་སླེབས་པ་རེད། སྐབས་དེར་མི་མང་པོ་འཇལ་རྒྱུའི་གོ་སྐབས་བྱུང་བ་དང་། ཆོས་ཀྱི་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བ་ད་ལྟ་ངའི་དྲན་ལམ་ནང་གསལ་པོ་ཡོད།

        དེ་རིང་འདིར་ཉི་མ་གཉིས་རིང་མང་ཚོགས་ལ་གཏམ་བཤད་བྱེད་རྒྱུའི་འཆར་གཞི་གོ་སྒྲིག་གནང་འདུག འདིའི་ནང་ནང་པའི་གཞུང་ནས་བཤད་པ་ལྟར་གྱི་འཆི་བ་ལ་ལྟ་ཚུལ་ཞེས་པའི་བརྗོད་གཞི་ཞིག་བཞག་འདུག ཐོག་མར་སྤྱིར་བཏང་ནང་པའི་གཞུང་ནས་སྐྱེ་བ་དང་ཤི་བ་དང་བར་དོའི་གནས་ཚུལ་མང་པོ་གསུངས་ཡོད་པ་ཡིན་སྟབས་འགྲིག་གི་རེད་བསམ་པ་བྱུང་། འོན་ཀྱང་ཉེ་ཆར་འདིར་འབྱོར་ནས་དངོས་སུ་བཤད་རྒྱུའི་གོ་སྐབས་སླེབས་པའི་སྐབས་སུ། འདིའི་ཐོག་གཞུང་བཞིན་ཞིབ་ཚགས་བཤད་ན། གཞུང་ལ་རྒྱུས་མེད་པ་ཚོའི་ཐུགས་ལ་ངེས་པོ་ཡོང་ཁག་པོ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ཤིག་བཤད་ན། འཆི་བ་ཟེར་བ་འདི་སུ་ལའང་ཉམས་མྱོང་མེད། ཤི་མ་མྱོང་མཁན་ཤ་སྟག་མ་གཏོགས། ཤི་མྱོང་བ་ཞིག་ཚུར་ལོག་ནས་འཆི་དུས་འདི་འདྲ་ཡོང་གི་འདུག་ཅེས་བཤད་མཁན་མེད་པར་བརྟེན། གཞུང་ནས་བཤད་པ་བསྐྱར་ཟློས་བྱ་རྒྱུ་ཙམ་ལས་མེད་སྟབས། གསལ་པོ་ཞིག་ཆགས་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག

        གཞུང་ནས་བཤད་པ་རྣམས་ལ་ད་ལྟའི་བར་དུ་དེང་རབས་ཀྱི་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱས་ཏེ་འཐད་དང་མ་འཐད་ཀྱི་ཐག་ཆོད་གང་ཡང་བྱུང་མེད། གང་ལགས་ཤེ་ན། ཚན་རིག་གི་ལམ་ནས་བརྟག་དཔྱད་བྱེད་རྒྱུའི་ཐབས་ལམ་དཀོན་པོ་རེད། ད་ལྟའི་གནས་སྐབས་སུ་ཚན་རིག་གིས་བརྟག་དཔྱད་གཅིག་རང་གང་བྱེད་ཀྱི་ཡོད་ཅེ་ན། ཆོས་ཉམས་ལེན་བྱེད་མཁན་ཁ་ཤས་ཤི་བའི་སྐབས་སུ་བདུན་ཕྲག་གཅིག་ནས་ཁ་ཤས་བར་དུ་ཕུང་པོ་རྙིང་པ་མ་དོར་བར་ཐུགས་དམ་ལ་བཞུགས་པ་རྣམས་ལ་ཇི་ལྟར་བཞུགས་ཀྱི་ཡོད་མེད་གཟིགས་ཀྱི་ཡོད། སྤྱིར་བཏང་སྨན་པས་བཤད་ཚུལ་ལྟར་ཀླད་པ་ཆ་ཚང་ཤི་ཟིན་པ་ཡིན་ནའང་། ཕུང་པོ་ལ་ཉམས་ཆག་མེད་པར་གསོན་པོ་བཞིན་ཐུགས་དམ་མ་གྲོལ་གྱི་བར་དུ་བཞུགས་པ་ཡིན་སྟབས། དེང་སང་ཚན་རིག་གི་ལམ་ནས་འཕྲུལ་ཆས་དེ་འདྲ་ཕུང་པོ་ལ་བཙུགས་ནས་བརྟག་དཔྱད་བྱེད་པའི་ལས་རིམ་ཞིག་རྒྱ་གར་ནང་འགྲོ་བཞིན་པ་རེད། ད་ལྟ་གྲུབ་འབྲས་གསལ་པོ་ནི་གང་ཡང་ཐོན་མེད། དེས་ན་འཆི་བའི་རིམ་པ་དང་འཆི་བ་ལ་ལྟ་ཚུལ་འདི་གཞུང་ལུགས་ནས་གང་བྱུང་བ་མ་གཏོགས། ང་ཚོར་དངོས་བྱུང་གི་ཉམས་མྱོང་དང་། ཚན་རིག་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཀྱི་ཐོག་ནས་བཤད་རྒྱུ་ཞིག་ད་ལྟ་མེད།

        སྤྱིར་བཏང་འཆི་བ་ནི་མཐོང་རྒྱུ་ཡོད་པ་ཞིག་རེད། ཡིན་ནའང་འཆི་བའི་རིམ་པ་ཇི་འདྲ་ཡོང་མིན་མཐོང་རྒྱུ་མེད། གང་ལྟར་ཤི་བའི་རྗེས་སུ་འཆི་མཁན་དེའི་ཚེ་གཅིག་གི་བྱ་བ་ཐམས་ཅད་རྫོགས་ནས་རང་གི་འབྲེལ་བ་ཡོད་པའི་རྒྱུ་ནོར་ལོངས་སྤྱོད་དང་། གཉེན་ཉེ་ཚན། གྲོགས་པོ་གྲོགས་མཆེད། ཐ་ན་རང་གི་ལུས་པོ་འདིའང་བཞག་ནས་འགྲོ་རྒྱུ་རེད། དེའི་རྒྱབ་ཏུ་གང་ཡོང་གི་ཡོད་པ་དང་། ཇི་ལྟར་འགྲོ་གི་ཡོད་པ་གསལ་པོ་མ་ཤེས་པ་ཡིན་སྟབས། ཚང་མས་འཆི་བ་ཟེར་བ་དེ་ཇི་ལྟར་ཡོང་མིན་ཐོག་དོ་སྣང་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། ཁ་ཤས་ནི་ཞེད་སྣང་ཐོག་ནས་དོ་སྣང་བྱེད་ཀྱི་ཡོད། ཁ་ཤས་ནི་སྤྱིར་བཏང་ཤེས་འདོད་ཀྱིས་དོ་སྣང་བྱེད་ཀྱི་ཡོད། གང་ལགས་ཤེ་ན། འཆི་བ་ཟེར་བ་འདི་ལ་དམིགས་བསལ་གྱིས་ཁྱད་ཆོས་ལྟ་བུ་གཉིས་ཡོད། དང་པོ་ནི་ཚང་མ་ལ་ཡོང་རྒྱུ་ངེས་པ་ཞིག་རེད། སུའང་སྐྱེ་བ་ལེན་པའི་རྗེས་སུ་མ་ཤི་བར་འགྲོ་ས་མེད། དེས་ན་མཐར་ལོངས་སྤྱོད་ཆེ་ཆུང་དང་། སྟོབས་ཆེ་ཆུང་། གྲོགས་པོ་ཡག་ལོད་སོགས་གང་ལའང་མ་ལྟོས་པར་ཚང་མ་ངེས་པར་དུ་འཆི་རྒྱུ་ཡིན་པ་དེ་ཐག་ཆོད་པ་ཞིག་རེད། དེ་དང་ཆབས་ཅིག་ཏུ་ག་དུས་འཆི་མིན་གྱི་དུས་ཚོད་འདི་རྩ་བ་ནས་མ་ངེས་ཤིང་། ལོ་རྒན་གཞོན་དང་། གཟུགས་པོ་ཡག་ལོད། རྒྱུ་ཆེ་ཆུང་སོགས་ཀྱི་ཁྱད་མེད་པར་གློ་བུར་དུ་འཆི་བ་རེད། དཔེར་ན། སང་ཉིན་སྔོན་ལ་ཡོང་གི་ཡོད་དམ། འཆི་བ་སྔོན་ལ་ཡོང་གི་ཡོད་སུས་ཀྱང་བརྗོད་ཐུབ་ཐབས་མེད། གློ་བུར་གྱི་རྐྱེན་ངན་དང་། འབྱུང་བའི་འཇིག་པ་སོགས་ཇི་ལྟར་ཡོང་མིན་ཚོད་མ་ཐིག་པ་རེད། དེས་ན་འཆི་བ་འདི་ངེས་པ་དང་། འཆི་བ་འདི་ནམ་ཡོང་མ་ངེས་པ་ཡིན་སྟབས། མི་ཚོས་ད་དུང་ཡང་དེའི་ཐོག་ཤེས་འདོད་ཆེ་བ་ཡོང་གི་ཡོད།

        ནང་པའི་གཞུང་ནས་བཤད་པའི་འཆི་བའི་རིམ་པ་འདི་གསལ་པོ་མཁྱེན་པ་ལ་ཐོག་མར་སྐྱེ་བའི་རིམ་པ་དེ་མཁྱེན་དགོས། དེ་ནི་སྐྱེ་བ་ལེན་པའི་སྐབས་སུ་ཇི་ལྟར་ཕུང་པོ་འདི་གྲུབ་པ་དང་། དེ་ལ་རྣམ་ཤེས་མཚམས་སྦྱར་ཚུལ་དེ་རེད། སྐྱེ་བ་ལེན་ཚུལ་ལ་མི་འདྲ་བ་ཁ་ཤས་ཡོད་ཅིང་། མངལ་སྐྱེས་ནི་མི་དང་དུད་འགྲོ་སོགས་ཕ་མའི་ཁུ་ཁྲག་ལ་བརྟེན་ནས་མངལ་གྱི་ནང་དུ་སྐྱེ་བ་ལེན་པ་དང་། སྒོང་སྐྱེས་ནི་སྒོ་ང་ནས་སྐྱེ་བ་རེད། དྲོད་ལས་སྐྱེ་བ་ནི་ཆུ་དང་རླུང་དང་ཉི་མའི་འོད་སོགས་ལ་བརྟེན་ནས་རང་བཞིན་གྱི་འབྱུང་བའི་ཁམས་ལ་བརྟེན་ནས་སྐྱེ་བ་རེད། རྫུས་སྐྱེས་ནི་ལྷ་དང་དམྱལ་བ་པ་སོགས་དང་བར་དོ་བ་རྣམས་གློ་བུར་དུ་ལས་ཀྱི་དབང་གིས་ལུས་ཆ་ཚང་བ་གྲུབ་ནས་སྐྱེ་བ་རེད། དེ་ལྟར་སྐྱེ་གནས་མི་འདྲ་བ་བཞི་རེད། དེ་ལས་རྫུས་སྐྱེས་ནི་ཐོག་མར་སྐྱེ་བའི་སྐབས་སུ་གཟུགས་པོ་ཆེ་ཆུང་དང་། ཡན་ལག་གང་ཡོད་པ་རྣམས་ཆ་ཚང་ཞིང་། དེ་ལ་འཚར་ལོང་བྱ་རྒྱུ་དང་རྒས་རྒྱུ་སོགས་མེད། ཤི་བའི་སྐབས་སུ་དེ་དག་ཆ་ཚང་བ་དེ་བྲལ་འགྲོ་རྒྱུ་ཞིག་རེད། དེ་མིན་མངལ་སྐྱེས་སྒོང་སྐྱེས་དྲོད་སྐྱེས་གསུམ་ནི་ཐོག་མར་ཕུང་པོའི་ཆ་ཤས་ཆུང་ཆུང་ཞིག་གྲུབ་པ་དང་། དེ་ལ་རྣམ་ཤེས་ཞུགས་པ་ལ་བརྟེན་ནས་ཕུང་པོ་ཡར་རྒྱས་ཕྱིན་ནས་དར་ལོང་ཆགས་པ་རེད། དེ་ནས་ཕུང་པོ་དེ་རྒུད་ནས་མཐར་ཕུང་པོ་འདི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་མེད་པ་ཆགས་དུས་འཆི་བ་ཟེར། དེས་ན་ཐོག་མར་ཕུང་པོ་ལ་རྣམ་ཤེས་ཉིང་མཚམས་སྦྱར་བའམ་ཞུགས་པ་ལ་སྐྱེ་བ་ཟེར་བ་དང་། དེ་ནས་རྣམ་ཤེས་དང་ཕུང་པོ་གཉིས་མ་བྲལ་བར་དུ་འཚོ་བའམ་ཚེ་ཞེས་ཟེར། དེ་ནས་རྣམ་ཤེས་འདི་ཕུང་པོ་དང་བྲལ་བའི་སྐབས་སུ་འཆི་བ་ཟེར། མདོར་ན་ཕུང་པོ་བཞི་དང་རྣམ་པར་ཤེས་པའི་རྒྱུན་གྱི་འབྲེལ་བ་ཆད་ནས་ལོགས་སུ་འགྲོ་བ་དེ་ལ་འཆི་བ་ཞེས་བརྗོད།

        སྲོག་ཆགས་ཤིག་སྲོག་ཆགས་ཀྱི་ངོ་བོར་གྲུབ་པ་ལ་སྔགས་ལུགས་ལྟར་ན་ཕུང་པོ་ལྔ་ངེས་པར་དུ་ཚང་དགོས་ཤིང་། ཕུང་པོ་ལྔ་ཚང་ནས་ཕུང་པོ་ལྔ་པོ་ཕན་ཚུན་འབྲེལ་བ་ཡག་པོ་ཞིག་ཆགས་པའི་སྐབས་སུ་སྲོག་ཆགས་ཤིག་སྐྱེས་པ་རེད། ཕུང་པོ་ལྔ་པོ་འབྲེལ་བ་མ་ཆད་པར་བསྡད་པའི་བར་ལ་འཚོ་བ་རེད། ཕུང་པོ་ལྔའི་འབྲེལ་བ་ཆད་ནས་ཕུང་པོ་གཞན་ཚོས་རྣམ་ཤེས་ཀྱི་ཕུང་པོའི་རྟེན་བྱེད་པའི་ནུས་པ་དེ་མེད་པར་ཆགས་པ་ལ་འཆི་བ་ཞེས་བརྗོད། རགས་པ་ཙམ་བྱས་ན་དེ་ལྟར་རེད། ཕུང་པོ་ལྔ་ནི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་བཅས་རེད། གཟུགས་ཀྱི་ཕུང་པོ་ནི་རྡུལ་རྫས་ལས་གྲུབ་པའི་གཟུགས་ཅན་ཞིག་རེད། ཨིན་སྐད་དུ་ Matter ཞེས་ཟེར། ཕུང་པོ་གཞན་བཞི་པོ་ཤེས་པའི་ཆ་ཤས་རེད། དེ་ནི་ Mind ནང་དུ་གཏོགས་པ་ཞིག་རེད། དེས་ན་ཤེས་པའི་ཆ་ཤས་དང་རྡུལ་རྫས་ཀྱི་ཆ་ཤས་གཉིས་ལས་ཀྱི་དབང་གིས་མཉམ་དུ་ཚོགས་ནས་རུག་རུག་ཆགས་པའི་སྐབས་སུ་ལུས་དང་ངག་དང་ཡིད་བཅས་ཡོད་མཁན་གྱི་སྐྱེས་བུ་གཅིག་གྲུབ་པ་རེད། གཟུགས་ཀྱི་ཕུང་པོ་ནི་སྤྱིར་བཏང་རྡུལ་རྫས་ལས་གྲུབ་པའི་གཟུགས་ཅན་གྱི་དངོས་པོ་ཞིག་ཡིན་རུང་། ས་དང་རྡོ་ལ་སོགས་པ་དང་། ཅོག་ཙེ་དང་ཁང་པ་ལ་སོགས་པ་བཞིན་བེམ་པོའི་རང་བཞིན་མ་རེད། དེ་ནི་ཤེས་པས་ཟིན་པ་ཞིག་ཡིན་ཞིང་། བརྡབ་ན་ན་ཚ་གཏང་རྒྱུ་ཡོད་པ་དང་། རྨ་བཟོས་ན་སོས་རྒྱུ་ཡོད་པའི་རང་བཞིན་ཞིག་རེད། འདི་ལྔ་པོ་ཚོགས་པ་ལ་འཚོ་བ་ཟེར་བ་དང་། གཟུགས་ཀྱི་ཕུང་པོས་ཕྱིའི་རྟེན་ལྟ་བུ་དང་། ཚོར་བའི་ཕུང་པོས་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་བཅས་མྱོང་བའི་བྱ་བ་བྱེད་པ། འདུ་ཤེས་ཀྱི་ཕུང་པོས་འདི་དང་འདི་ཞེས་ངོ་ཤེས་པའི་བྱ་བ་བྱེད་པ། འདུ་བྱེད་ཀྱི་ཕུང་པོས་ལུས་ངག་ཡིད་གསུམ་གྱི་བྱ་བ་རྩོམ་པའི་བྱ་བ་བྱེད་པ། དེ་ཚོ་ཚང་མའི་འབྱུང་ཁུངས་ལྟ་བུ་དེ་རྣམ་པར་ཤེས་པའི་ཕུང་པོ་རེད། དེ་ལྟ་བུའི་ཕུང་པོ་ལྔ་པོ་འདུས་པ་འདི་ལ་སྲོག་ལྡན་གྱི་གང་ཟག་དང་། གང་ཟག་འཚོ་བ་ཞེས་བརྗོད་ཀྱི་ཡོད།

        རགས་པའི་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་བཅས་བཞི་པོ་ཚེ་རེ་རེའི་ནང་དུ་གསར་དུ་ཡོང་བ་དང་།  ཚེ་རེ་རེའི་ནང་དུ་རྫོགས་འགྲོ་བ་རེད། ཚེ་འདིའི་ཕུང་པོ་བཞི་པོ་དེ་འཆི་བའི་སྐབས་སུ་རྒྱུན་ཆ་ཚང་ཆད་པ་ཡིན། སྐྱེ་བ་གསར་དུ་ལེན་པའི་སྐབས་སུ་གཟུགས་ཀྱི་ཕུང་པོ་རགས་པ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་ཆ་ཚང་གསར་དུ་གྲུབ་ཀྱི་ཡོད། རྣམ་ཤེས་ཀྱི་ཕུང་པོ་ནི་ནང་པའི་ལྟ་ཚུལ་ལྟར་ན། སེམས་ཅན་ནམ་གང་ཟག་ཟེར་བ་འདི་གསར་དུ་གྲུབ་པ་མེད་པར། ཐོག་མ་མེད་པ་ནས་ཡོད་པ་དང་། མཐའ་མའང་མེད་པ་ཞིག་ཏུ་འདོད། གང་ལྟར་གསལ་རིག་གི་སེམས་ཀྱི་རྒྱུན་ལ་ཐོག་མ་མེད་པ་དང་། མཐའ་མ་མེད་པ། རྟག་ཏུ་མུ་མཐུད་ནས་འགྲོ་རྒྱུ་ཞིག་རེད། དེས་ན་རྣམ་པར་ཤེས་པའི་ཕུང་པོ་རགས་པ་འདི་ཚེ་འདི་ལ་གྲུབ་པ་མ་གཏོགས། ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་དང་དེ་དང་མཉམ་དུ་ཤིན་ཏུ་ཕྲ་བའི་གཟུགས་ཀྱི་ཕུང་པོ་ཞིག་སྐྱེ་བ་སྔ་མ་ནས་འདིར་ཡོང་བ་དང་། འདིར་ཤི་བའི་སྐབས་སུའང་ཕུང་པོ་རགས་པ་ཚང་མ་དོར་བའི་རྗེས་སུ་རྣམ་པར་ཤེས་པའི་ཕུང་པོ་ཕྲ་མོ་དེ་དང་དེའི་གཟུགས་ཀྱི་ཕུང་པོ་ཕྲ་མོ་གཉིས་སྐྱེ་བ་ཕྱི་མ་ལ་འགྲོ་བ་རེད། དེར་བརྟེན་ཕུང་པོ་ལྔའི་ནང་གི་བདག་པོ་ལྟ་བུའམ་ལེན་མཁན་དང་འདོར་མཁན་ནི་རྣམ་པར་ཤེས་པའི་ཕུང་པོ་དེ་ཆགས་ཀྱི་ཡོད།

        དེ་འདྲ་བའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཆོས་ལུགས་དང་གྲུབ་མཐའ་འདྲ་མིན་གྱིས་ལྟ་སྟངས་དང་འདོད་ཚུལ་མི་འདྲ་བ་མང་པོ་རེད། རྒྱ་གར་གྱི་ནང་པ་མ་ཡིན་པའི་གྲུབ་མཐའ་མང་ཆེ་བས་དེ་ལ་བདག་ (Aatmaa) ཅེས་བརྗོད། དེ་འདྲ་བའི་རྣམ་པར་ཤེས་པའི་ཕུང་པོ་སྐྱེ་བ་སྔ་མ་ནས་འདིར་ཡོང་མཁན་དང་། འདི་ནས་ཕྱི་མར་འགྲོ་མཁན་དེ་ལ་བདག་ཅེས་བརྗོད་ཀྱི་ཡོད། དེ་བཞིན་ནུབ་ཕྱོགས་ཀྱི་ཆོས་ལུགས་ཁ་ཤས་ནང་ Soul དང་། Spirit,  Consciousness ཞེས་བཤད་ཚུལ་མི་འདྲ་བ་དང་། མིང་ཡང་བཏགས་སྟངས་མི་འདྲ་བ་ཡོད། ཡང་ཆོས་ལུགས་ཁ་ཤས་ནང་ Rooh ཞེས་ཐ་སྙད་སྦྱར་བ་ལ་སོགས་པ་གང་ལྟར་འདི་ལ་མིང་བཏགས་སྟངས་མི་འདྲ་བ་དང་། དེའི་རང་བཞིན་འདོད་ཚུལ་སྣ་ཚོགས་ཡོད། ནང་པའི་ནང་དུའང་འདོད་ཚུལ་མི་འདྲ་བ་གསུམ་ཙམ་རེད། སེམས་ཙམ་པས་འདི་ལ་ཀུན་ཤེས་ཡིད་ཀྱི་རྣམ་ཤེས་ཞེས་དང་། རང་རྒྱུད་པ་ལ་སོགས་པས་མཚན་གཞི་ཡིད་ཀྱི་རྣམ་ཤེས། ཐལ་འགྱུར་བས་ང་ཙམ་ཞེས་བརྗོད། གང་ལྟར་ཆོས་ལུགས་ཚོས་གང་ཟག་གི་རང་བཞིན་ལ་བལྟས་པའི་སྐབས་སུ་བལྟ་ས་གཙོ་བོ་ལྟ་བུ་གཅིག་ཡོད་པ་དེ་འཁོར་བ་ལ་འཁོར་མཁན་དང་། ཐར་པ་ཐོབ་མཁན། བཅིངས་བཀྲོལ་གྱི་རྣམ་གཞག་ཉམས་སུ་མྱོང་མཁན་དུ་ངོས་ཟིན་དགོས་ཀྱི་ཡོད།

        འདོད་ཚུལ་གཞན་རྣམས་བཞག་སྟེ། ནང་པས་འདོད་པའི་སྐྱེ་བ་དང་འཆི་བའི་སྐོར་བཤད་ན། ཐོག་མར་སྐྱེ་བ་ལེན་པའི་སྐབས་སུ་མི་ལྟ་བུ་གཅིག་ལ་མཚོན་ན། མི་ལ་སྐྱེ་བ་ལེན་མཁན་གྱི་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པའི་ཕུང་པོའམ་ཤིན་ཏུ་ཕྲ་བའི་སེམས་འདི་རང་གི་ཤིན་ཏུ་ཕྲ་བའི་གཟུགས་ཀྱི་ཕུང་པོའི་མཉམ་དུ་བར་དོའི་གནས་སྐབས་ནས་ད་ལྟའི་ཕ་མའི་མངལ་དུ་ཉིང་མཚམས་སྦྱར་ནས་སྐྱེ་བ་ལེན་པའི་སྐབས་དེ་ག་དུས་རེད་ཅེ་ན། ཕ་མ་ལས་ཐོབ་པའི་ཁུ་ཁྲག་གི་ཐིགས་པ་གཉིས་འདྲེས་པ་དེའི་དཀྱིལ་དུ་དེ་འདྲ་བའི་རྣམ་པར་ཤེས་པའི་ཕུང་པོ་དེ་ཞུགས་པ་དང་། རྣམ་པར་ཤེས་པ་དེའི་རྟེན་དུ་གྱུར་པའི་བར་དོའི་ཕུང་པོ་དེ་འགགས་པ། སྐྱེ་བ་ལེན་པ་པོའི་གང་ཟག་དེ་བར་སྲིད་ནས་སྐྱེ་སྲིད་དུ་འཕོས་པ་གསུམ་དུས་མཉམ་པ་དང་། དེ་ནི་སྐྱེ་བ་ལེན་པའི་དུས་ཡིན། ཤིན་ཏུ་ཕྲ་བའི་རྣམ་ཤེས་དང་མཉམ་དུ་གཟུགས་ཕུང་ཕྲ་མོའང་མངལ་དུ་ཞུགས་པ་ཡིན། དེ་ལྟར་རྣམ་ཤེས་ཞུགས་པའི་ཁུ་ཁྲག་གི་ཐིགས་པ་དེ་ཚེ་འདིའི་གཟུགས་ཀྱི་ཕུང་པོའི་ངོ་བོར་གྱུར་ནས་བདུན་ཕྲག་སུམ་ཅུ་སོ་བརྒྱད་ཀྱི་རིང་ལ་རིམ་པས་འཕེལ་ཏེ་ལག་པ་དང་། རྐང་པ། དེ་བཞིན་དབང་པོ་ལྔ་སོགས་ཕུང་པོ་ཆ་ཚང་གྲུབ་པ་རེད། མའི་མངལ་ནས་ཕྱི་ལ་ཡོང་བའི་སྐབས་སུ་སྐྱེ་བ་ཞེས་པའི་ཐ་སྙད་བཏགས་ཀྱང་། སྐྱེ་བ་ནི་ཉིང་མཚམས་སྦྱར་བའི་སྐབས་ནས་ལེན་ཟིན་པ་དང་། སྐབས་དེར་སྐྱེ་བ་བླངས་ནས་ཟླ་བ་དགུ་ལྷག་ཙམ་ཕྱིན་ཟིན་པ་རེད། དེ་ནས་ལོ་ཉི་ཤུ་རྩ་གྲངས་བར་ཕུང་པོ་འདི་ཡར་རྒྱས་དང་། དེ་ནས་གནས་སྐབས་ཤིག་རིང་རང་འཇགས་བསྡད་པ། དེ་ནས་རྒུད་དུ་ཕྱིན་ནས་མཐར་ཕུང་པོ་ལྔ་པོ་འདི་ཁ་བྲལ་བའི་སྐབས་སུ་འཆི་བ་ཞེས་བརྗོད།

        ཚེ་འདིའི་སྐྱེ་བ་ལེན་པའི་སྐབས་སུ་གཟུགས་ཀྱི་ཕུང་པོའི་ཉེ་བར་ལེན་པའི་རྒྱུའམ་གཟུགས་ཀྱི་ཕུང་པོའི་རྒྱུ་ངོ་མ་དེ་ཕ་མའི་ཁུ་ཁྲག་གི་ཐིགས་པ་དེ་རེད། དེའི་ནང་རང་གི་རྣམ་ཤེས་ཞུགས་པའི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་གཟུགས་ཀྱི་ཕུང་པོ་འདི་གྲུབ་ཀྱི་ཡོད། ཕུང་པོ་འདི་རགས་པ་གདོས་བཅས་ཀྱི་ཕུང་པོ་ཡིན་པར་བརྟེན་འབྱུང་བ་བཞིའི་རྡུལ་རྫས་དེའི་ནང་དུ་ཡོད་རེད། ས་དང་ཆུ་དང་མེ་དང་རླུང་བཅས་ཀྱི་རྡུལ་རྫས་འདུས་པ་ལ་བརྟེན་ནས་ཕུང་པོ་འདི་གྲུབ་པ་རེད། སྤྱིར་བཏང་རགས་པའི་གཟུགས་གང་ཞིག་གྲུབ་པ་ཡིན་ནའང་རྒྱུ་ཆ་ལ་འབྱུང་བ་བཞིའི་རྡུལ་རྫས་དགོས་ཀྱི་ཡོད་པ་དེ་སྨོས་མེད་རེད། རྡུལ་ཕྲན་ལས་རགས་པ་གྲུབ་ཚུལ་ནི་དེང་རབས་ཀྱི་ཚན་རིག་པས་མ་བཤད་པའི་སྔོན་དུ་ནང་པའི་གཞུང་ལུགས་ནང་ཧ་ཅང་གསལ་པོ་རེད། དེས་ན་རྡུལ་ཕྲན་དེ་དག་འདུས་པ་ལ་བརྟེན་ནས་རགས་པའི་གཟུགས་ཅིག་གྲུབ་ཀྱི་ཡོད། ས་དང་ཆུ་དང་མེ་དང་རླུང་བཅས་རང་བཞིན་གྱིས་འབྱུང་བ་བཞི་པོ་ནི་ཐོག་མ་མེད་པ་ནས་ཡོད་མུས་མ་གཏོགས་གསར་དུ་བཟོ་དགོས་པ་གང་ཡང་མེད། རྒྱུ་རྐྱེན་ལ་བརྟེན་ནས་གསར་དུ་ཡོང་བ་མ་གཏོགས་དེའི་རྒྱུན་རྟག་ཏུ་ཡོད་མུས་རེད། འབྱུང་བ་བཞི་པོ་རང་བཞིན་གྱི་ཆ་ནས་མི་འཕྲོད་པ་དང་འགལ་བ་རེད། མེའི་ནང་ཆུ་བླུགས་ན་མེ་ཤི་བ་དང་། མེ་ཤུགས་ཆེ་ན་ཆུ་སྐམ་པ། ས་ཡིས་རླུང་འགོག་པ། རླུང་གིས་ས་གཏོར་བ་སོགས་ཕན་ཚུན་འགལ་འདུ་ཤ་སྟག་མ་གཏོགས་རང་བཞིན་གྱིས་མཐུན་པ་མེད། ཡིན་ནའང་གང་ཟག་གི་ཕུང་པོའི་གྲུབ་ཆའི་ནང་སླེབས་པའི་སྐབས་སུ་རྣམ་པར་ཤེས་པའི་ཕུང་པོའི་སྟེང་དུ་ཡོད་པའི་སྐྱེ་བ་སྔ་མའི་ལས་ལ་བརྟེན་ནས་འདི་བཞི་པོ་ཕན་ཚུན་ཆ་མཉམ་པ་དང་མཐུན་གྲོགས་ལྟ་བུ་ཆགས་འགྲོ་གི་ཡོད། འགལ་འདུའི་ཚབ་ཏུ་གཅིག་ཕན་གཅིག་གྲོགས་སུ་འགྲོ་བའི་ཐོག་ནས་གོང་བུ་དང་ཡར་རྒྱས་འགྲོ་བ་རེད། འབྱུང་བ་གཅིག་མ་ཚང་ནའང་གཟུགས་ཀྱི་ཕུང་པོ་འདི་འགྲུབ་མི་ཐུབ། དེས་ན་དེ་ཚོ་ཆ་ཚང་གྲུབ་པའི་རྒྱུ་ཆ་ལྟ་བུ་དེ་ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་པོ་དང་། འདི་དག་མཉམ་དུ་འཁྲིད་མཁན་རྣམ་ཤེས་ཀྱི་ཕུང་པོ་དེའི་རྒྱུད་ལ་ཡོད་པའི་སྐྱེ་བ་སྔ་མའི་མིའི་ལུས་འཕེན་བྱེད་ཀྱི་ལས་ཀྱི་དབང་གིས་ཕན་ཚུན་མཚམས་སྦྱར་ནས་གཅིག་ཕན་གཅིག་གྲོགས་སུ་སོང་བ་རེད། གང་ལྟར་འབྱུང་བའི་ཆ་ཤས་དེ་དག་རྣམ་ཤེས་ཀྱི་ཕུང་པོའི་རྟེན་བྱེད་པའི་ནུས་པ་ཅན་དུ་གྲུབ་པ་འདི་ལ་སྐྱེ་བ་ལེན་པའམ་གཟུགས་སུ་གྲུབ་པ་ཞེས་མི་ཞིག་མཐོང་རྒྱུ་ཡོད་པ་ཆགས་ཀྱི་ཡོད།

        གཟུགས་ཀྱི་ཕུང་པོའི་གྲུབ་ཆའི་ནང་ཡོད་པའི་ས་དང་ཆུ་དང་མེ་དང་རླུང་བཞི་པོའི་ནང་ནས་གལ་ཆེ་ཤོས་དང་སྟོབས་ཆེ་ཤོས་དེ་རླུང་རེད། ས་དང་ཆུ་དང་མེ་གསུམ་ལ་རགས་པ་དང་ཕྲ་མོའི་ཁྱད་པར་ཙམ་ཡོད་རེད། རགས་པ་དང་ཕྲ་མོ་ཞེ་ན། བོངས་ཚོད་ཆེ་ཆུང་གི་ཆ་ནས་ཕྲ་བའི་ཆུ་རྡུལ་དང་མེ་རྡུལ་དང་ས་རྡུལ་ལ་སོགས་པ་དང་། རགས་པའི་ས་རྡུལ་ལ་སོགས་པ་ལས་གཞན་པའི་རང་གི་ངོ་བོའི་ཆ་ནས་ཕྲ་རགས་ཀྱི་དབྱེ་བ་གང་ཡང་ཕྱེ་རྒྱུ་མེད། རླུང་ལ་ངོ་བོའི་ཆ་ནས་ཕྲ་རགས་མང་པོ་ཡོད་པའི་གནས་སྟངས་ཤིག་རེད། གཟུགས་ཕུང་གི་གྲུབ་ཆར་གྱུར་པའི་ས་ཆུ་མེ་གསུམ་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་དེ་སུས་སྤྲོད་ཀྱི་ཡོད་ཅེ་ན། དེ་ནི་རླུང་གིས་སྤྲོད་ཀྱི་ཡོད། རླུང་ལ་བརྟེན་ནས་ས་ཆུ་མེ་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་དེ་རྙེད་ཀྱི་ཡོད། དེས་ན་རྣམ་ཤེས་ཀྱི་རྟེན་ངོ་མ་དེ་རླུང་གིས་བྱེད་ཀྱི་ཡོད། རགས་པའི་རླུང་ལྟ་བུ་ལ་མཚོན་ན། ང་ཚོས་དབུགས་འབྱུང་རྔུབ་བྱེད་རྒྱུ་རྣམས་ཤིན་ཏུ་རགས་པའི་རླུང་རེད། དེ་ལས་ཕྲ་བ་ནི་ལུས་ཀྱི་ནང་དུ་བྱ་བ་བྱེད་པའི་རླུང་དེ་ཚོ་རེད། དེ་ནས་གཉུག་མའི་རླུང་ཞེས་ཤིན་ཏུ་ཕྲ་བའི་རླུང་ནི་ཚེ་འདི་ལ་གསར་དུ་སྐྱེས་པ་མ་ཡིན་པར། སྐྱེ་བ་སྔ་མ་ནས་རྣམ་ཤེས་དང་མཉམ་དུ་ཡོང་བའི་རླུང་དེ་རེད། དེས་ན་རླུང་གི་རང་བཞིན་ལ་འདྲ་མིན་སྣ་ཚོགས་རེད། རགས་པའི་གཟུགས་ཅན་གྱི་རླུང་ནི་ད་ལྟ་ང་ཚོས་ཡོངས་གྲགས་ཀྱི་རླུང་ཟེར་བ་འདིའི་ངོ་བོ་ལའང་ཡོད། དེ་མིན་ནུས་པའི་ངོ་བོ་དང་། རླབས་ཀྱི་ངོ་བོ། ཡུལ་གྱི་ངོ་བོ་སོགས་སུའང་ཡོད། དེ་དག་ནི་དེང་རབས་པའི་ཚན་རིག་པས་བཤད་པའི་ Energy དང་ Wave སོགས་དང་འདྲ་པོ་རེད། དེ་འདྲའི་རིགས་རྣམས་ཚང་མ་འབྱུང་བ་བཞིའི་ནང་བསྡུས་པའི་སྐབས་སུ་རླུང་གི་ཆ་ཤས་ཤིག་རེད། དེས་ན་ང་ཚོའི་ལུས་ཀྱི་ནང་དུ་ཡོད་པའི་རླུང་གི་ནང་ལའང་ཚང་མ་རགས་པའི་གཟུགས་ཅན་གྱི་རླུང་ཡིན་པའི་ངེས་པ་གང་ཡང་མེད་ཅིང་། ཁ་ཤས་ནི་ཡུལ་གྱི་ངོ་བོ་ལ་ཡོད་པ་དང་། ཁ་ཤས་ནི་ནུས་པའི་ངོ་བོ་ལ་ཡོད་པ། ཁ་ཤས་ནི་རླབས་ཀྱི་ངོ་བོ་ལ་ཡོད། དེར་བརྟེན་ཤིན་ཏུ་ཕྲ་བའི་རླུང་འདི་མགྱོགས་ཚད་ཐམས་ཅད་ཀྱི་ནང་ནས་མགྱོགས་ཤོས་རེད། དཔེར་ན། ད་ལྟ་ཚན་རིག་པས་མགྱོགས་ཚད་ཐམས་ཅད་ཀྱི་ནང་ནས་འོད་དེ་མགྱོགས་ཤོས་ཡིན་ཚུལ་བཤད་ཀྱི་ཡོད་ཀྱང་། འོད་ལས་ཀྱང་མགྱོགས་པ་དེ་ཤིན་ཏུ་ཕྲ་བའི་རླུང་རེད། ཤིན་ཏུ་ཕྲ་བའི་རླུང་དང་ཡིད་ཀྱི་མགྱོགས་ཚད་ལ་ཚད་གཞལ་མི་ཐུབ་ཅིང་། སྐད་ཅིག་གཅིག་ལ་གང་དུའང་སླེབས་ཐུབ་པ་རེད། དེ་ལྟ་བུའི་རླུང་དེ་ཤིན་ཏུ་ཕྲ་བའི་སེམས་ཀྱི་བཞོན་པར་གྱུར་པའི་འཁོར་ལོ་ལྟ་བུ་རེད། རླུང་ལ་མ་བརྟེན་པར་རྣམ་ཤེས་ཡུལ་ལ་འཇུག་མི་ནུས་པ་ཡིན་སྟབས། ཕྲ་བའི་རླུང་འདི་ཕུང་པོའི་གྲུབ་ཆའི་ནང་གི་གལ་ཆེ་ཤོས་དང་། ཕྲ་རགས་ཀྱི་རྣམ་གཞག་མང་པོ་ཡོད་པ། རང་བཞིན་མི་འདྲ་བ་སྣ་ཚོགས་རེད།

        ད་ལྟ་ཕུང་པོ་གྲུབ་པའི་རིམ་པ་དང་འཚོ་བའི་རིམ་པ་ཞུས་པའི་རྗེས་སུ་འཆི་བའི་རིམ་པ་དེ་ཞུ་རྒྱུ་ཡིན། འཆི་བའི་རིམ་པ་ཞེས་པ་ནི་འབྱུང་བ་བཞིས་རྐྱེན་བྱས་པའི་གཟུགས་ཀྱི་ཕུང་པོའི་སྟེང་དུ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་རྣམས་ཚོགས་ནས་ཡོད་པ་འདི་རྣམ་པར་ཤེས་པའི་རྟེན་ཇི་ཙམ་གྱི་བར་དུ་བྱེད་པ་དེའི་རིང་ལ་འཚོ་བ་དང་། རྣམ་པར་ཤེས་པའི་རྟེན་བྱེད་པའི་ནུས་པ་དེ་རྫོགས་པའི་སྐབས་སུ་འཆི་བ་ཞེས་བརྗོད་ཀྱི་རེད། དེས་ན་ཇི་ལྟར་འཆི་བ་ཡིན་ཞེ་ན། གྲུབ་པའི་རིམ་པ་དང་གནས་པའི་རིམ་པ་གཉིས་མཁྱེན་ན་འཆི་བའི་རིམ་པ་མ་འཁྲུགས་པར་མཁྱེན་རྒྱུར་ཐུགས་སྟབས་བདེ་བ་ཡོད། དེས་ན་ངས་སྔོན་དུ་གྲུབ་པའི་རིམ་པ་ཞུ་དགོས་པའི་རྒྱུ་མཚན་དེ་རེད། འཆི་བ་ལའང་ཚེ་རྫོགས་ནས་འཆི་བ་དང་། དུས་མ་ཡིན་པའི་འཆི་བ་བཅས་འཆི་ཚུལ་མི་འདྲ་བ་གཉིས་རེད། ཚེ་རྫོགས་ནས་འཆི་བ་ཞེས་པ་ནི་ད་ལྟ་ང་ཚོ་མི་ལ་སྐྱེ་བ་བླངས་ཡོད་ཅིང་། མི་ལ་སྐྱེས་པའི་ལུས་འདི་ལོ་ཇི་ཙམ་བར་གནས་པའི་ལས་ཀྱི་འཕངས་ཚད་ཅིག་ཡོད། གང་ལྟར་ལས་ཀྱིས་སྐྱེ་བ་འཕངས་པའི་སྐབས་སུ་སྐྱེ་བ་འདིའི་ཚེ་ཚད་ཀྱང་མཉམ་དུ་འཕངས་པ་རེད། དམྱལ་བ་དང་ལྷ་ལ་སོགས་པ་ཚེ་རིང་པོ་ཡོད་པ་དེ་ཚོའང་ལས་ཀྱིས་འཕངས་དུས་ཚེ་དེའང་མཉམ་དུ་འཕངས་ཡོང་གི་ཡོད། ལས་ཀྱིས་འཕངས་པའི་ཚེ་ཚད་རྫོགས་པའི་སྐབས་སུ་དེ་ནས་ཕར་འགྱངས་པའི་ཐབས་ཤེས་མེད་པར་འཆི་རྒྱུ་རེད། དུས་མ་ཡིན་པའི་འཆི་བ་ཞེས་པ་ནི་ཚེ་མ་རྫོགས་པ་ཡིན་ནའང་བསོད་ནམས་རྫོགས་པ་དང་བར་ཆད་ལ་སོགས་པའི་དབང་གིས་ཚེ་ལྷག་མ་ཡོད་བཞིན་དུ་འཆི་བ་དེ་རེད། ཚེ་ལྷག་དེའང་སྐྱེ་བ་གཞན་ཞིག་ལ་མྱོང་རྒྱུ་རེད་མ་གཏོགས། ལས་ཀྱི་རྣམ་པར་སྨིན་པ་ཆུད་ཟ་བ་མེད། དེས་ན་ཚེ་འདི་ལ་ལོ་བརྒྱད་ཅུ་བསྡད་རྒྱུའི་ལས་ཤིག་ཡོད་ནའང་བར་ཆད་ཀྱི་དབང་གིས་ལོ་དྲུག་ཅུ་ལ་ཤི་ན་འདི་ལ་དུས་མ་ཡིན་པའི་འཆི་བ་ཟེར། འཆི་བ་རིགས་མི་འདྲ་བ་གཉིས་གང་འདྲ་བྱུང་བ་ཡིན་ནའང་རང་བཞིན་གྱིས་འཆི་བ་གཅིག་དང་། ཡ་ང་བ་མ་སྤངས་པར་འཆི་བའམ་གློ་བུར་དུ་འཆི་བ་གཅིག་བཅས་གཉིས་རེད། རང་བཞིན་གྱིས་འཆི་བ་ནི་རྒས་འཁོགས་ཆགས་པ་དང་། ཡང་ན་ན་ཚ་ཕོག་པ། དེ་ནས་ག་ལེར་ཉལ་སའི་ནང་ཤི་བ་དེ་རེད། གློ་བུར་དུ་ཤི་བ་ནི་སྣུམ་འཁོར་བརྡབ་པ་དང་། གནམ་གྲུ་གས་ཐོར་སོགས་ཀྱི་སྐབས་སུ་དུས་ཚོད་ཐུང་ཐུང་ནང་ལུས་སེམས་ཀྱི་འབྲེལ་ཐག་ཆད་པ་དེ་རེད། འདི་ལ་འཆི་བའི་རིམ་པ་ཆ་ཚང་ཡོང་མི་ཐུབ་ཅིང་། དཔེར་ན། ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ། མེ་རླུང་ལ་ཐིམ་པ་སོགས་ཐིམ་རིམ་རྣམས་རིམ་བཞིན་འགྲོ་རྒྱུའི་དུས་ཚོད་མེད། སྐབས་དེར་ངེས་པར་དུ་ཡོད་དགོས་པ་ནི་སྣང་བ་མཆེད་པ་ཐོབ་པ་འཆི་བ་བཅས་བཞི་རེད། གློ་བུར་དུ་འཆི་བ་དང་རང་བཞིན་གྱིས་འཆི་བ་ཇི་ལྟར་ཡང་འདི་བཞི་པོ་ངེས་པར་དུ་ཡོང་དགོས་པ་ཞིག་རེད། གང་ལྟར་རླུང་ནས་རྣམ་ཤེས་བསྡུས་པའི་རིམ་པ་འདི་མེད་དུ་མི་རུང་བ་རེད། དེ་ནི་རིམ་པ་གཞན་རྣམས་མེད་པར་གློ་བུར་དུ་འཆི་བ་རེད། རང་བཞིན་གྱིས་འཆི་བ་ལ་འབྱུང་བ་དེ་ཚོ་རིམ་གྱིས་ནུས་པ་ཉམས་པའི་སྒོ་ནས་འཆི་བ་རེད།

        རང་བཞིན་གྱིས་འཆི་བའི་སྐབས་སུ་ཐོག་མར་སའི་ཁམས་ཀྱི་ནུས་པ་ཉམས་ཀྱི་ཡོད། སའི་ཁམས་ཀྱི་ནུས་པ་ཉམས་པ་དང་ཆབས་ཅིག་ཏུ་གཟུགས་ཀྱི་ཕུང་པོའི་ནུས་པའང་ཉམས་པ་རེད། དེ་ནས་དབང་པོ་དྲུག་གི་ནང་ནས་མིག་གི་དབང་པོའི་ནུས་པ་ཉམས་པ་རེད། སའི་ཁམས་ཀྱི་ནུས་པ་ཉམས་ཟེར་ན་ཕུང་པོའི་ཆ་ཤས་སུ་གྱུར་པའི་སའི་ཁམས་དེ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་མེད་པར་ཆགས་པ་རེད། སྐབས་དེར་ཕྱིའི་རྣམ་འགྱུར་ལྟ་བུ་ནི་གཟུགས་པོ་འགུལ་བསྐྱོད་བརྒྱབ་རྒྱུ་མེད་པ་དང་། ལག་པ་བརྐྱང་བསྐུམ་སོགས་མི་ནུས་པ། མིག་འབྱེད་འཛུམ་བྱེད་རྒྱུ་མེད་པ། མིག་གིས་ལེགས་པར་མི་མཐོང་བ་སོགས་ཡོང་གི་ཡོད། དེ་བཞིན་ནང་གི་སྣང་བ་ལ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་གྱི་ཡོད། དཔེར་ན། ཉི་མ་ཚ་བའི་སྐབས་སུ་བྱེ་མའི་ཐང་ལ་ཆུ་ཡོད་པའི་སྣང་བ་ཞིག་འཆར་བ་དེ་ལ་སྨིག་རྒྱུ་ཞེས་བརྗོད། སྣང་བ་ཤར་ཞེས་པ་ནི་མིག་གིས་མཐོང་བ་དེ་འདྲ་མིན། རྨི་ལམ་གྱི་ནང་དུ་གནས་ཚུལ་མང་པོ་མཐོང་བའི་སྐབས་སུ་སེམས་ལ་སྣང་བ་ཤར་རྒྱུ་ཞིག་ཡོད། དེ་ལྟར་མིག་གིས་ཧ་ལམ་མཐོང་རྒྱུ་མེད་པར་མིག་གི་དབང་པོ་ཉམས་པ་དང་། སའི་ཁམས་ཉམས་པ། གཟུགས་ཀྱི་ཕུང་པོ་ཉམས་པ་རེད། གང་ལྟར་འཆི་བའི་བསྡུས་རིམ་མགོ་བཙུག་པའི་སྐབས་སུ་ས་ཁམས་ཀྱི་ནུས་པ་ཉམས་པ་དང་། གཟུགས་ཀྱི་ཕུང་པོའི་ནུས་པ་ཉམས་པ། མིག་གི་དབང་པོའི་ནུས་པ་ཉམས་པའི་སྐབས་སུ་ནང་གི་སྣང་བ་ལ་སྨིག་རྒྱུ་ལྟ་བུའི་སྣང་བ་ཤར་གྱི་ཡོད། ད་ལྟ་དུས་ཚོད་རྫོགས་སོང་། ཐུན་འདི་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་བྱུང་མ་སོང་། དྲི་བ་དྲིས་ལན་གྱི་གོ་སྐབས་དེ་རྗེས་སུ་འབུལ་རྒྱུ་ཡིན། ཞེས་གསུངས། དེ་ནས་སྔ་དྲོའི་ཐུན་གྲོལ།

 

ཉིན་དང་པོ། ཕྱི་དྲོ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༩)

        གོང་དུ་ཞུས་པ་ལྟར་ས་ཁམས་ཀྱི་ནུས་པ་ཉམས་པ་ལ་ས་ཆུ་ལ་ཐིམས་པའི་ཐ་སྙད་བྱས། དེ་ནས་ཆུ་ཁམས་ནུས་པ་ཉམས་པ་དང་མཉམ་དུ་ཚོར་བའི་ཕུང་པོ་དང་རྣ་བའི་དབང་པོ་བཅས་ཀྱི་ནུས་པ་ཉམས་ཤིང་། སྐབས་དེར་ཕྱིའི་རྟགས་སུ་ཁ་ཆུ་དང་རྔུལ་དང་གཅིན་དང་ཁྲག་ལ་སོགས་པ་རིམ་པས་སྐམ་པ་དང་། ནང་རྟགས་སུ་ཚོར་བ་བདེ་སྡུག་མི་གསལ་བ། སྒྲ་མི་ཐོས། དུ་བ་ལྟ་བུའི་སྣང་བ་སྟེ། ཁང་པའི་ནང་དུ་བ་འཁྲིགས་པའམ་དུད་ཁུང་ནས་དུ་བ་སྔོ་ཆིལ་ལེ་ཐོན་པ་ལྟ་བུའི་སྣང་བ་ཤར། དེ་ལ་ཆུ་མེ་ལ་ཐིམས་པའི་ཐ་སྙད་བྱས། དེ་ནས་མེ་ཁམས་ཀྱི་ནུས་པ་ཉམས་པ་དང་མཉམ་དུ་འདུ་ཤེས་ཀྱི་ཕུང་པོ་དང་སྣའི་དབང་པོ་བཅས་ཀྱི་ནུས་པ་ཉམས། སྐབས་དེའི་ཕྱིའི་རྟགས་སུ་ལུས་ཀྱི་དྲོད་ཡལ་མགོ་ཚུགས། ནང་རྟགས་སུ་འདུ་ཤེས་མི་གསལ། དྲི་མི་ཚོར། སྲིན་འབུ་མེ་འཁྱེར་ལྟ་བུའི་སྣང་བ་སྟེ། གློག་སྐུད་ལས་མེ་ཚག་ཐོར་བ་ལྟ་བུ་དམར་ཚོམ་ཚོམ་གྱི་སྣང་བ་ཤར། དབུགས་ཀྱི་རྒྱུ་བ་ཞན་པར་འགྱུར། དེ་ལ་མེ་རླུང་ལ་ཐིམས་པའི་ཐ་སྙད་བྱས། དེ་ནས་རླུངས་ཁམས་ཀྱི་ནུས་པ་ཉམས་པ་དང་མཉམ་དུ་འདུ་བྱེད་ཀྱི་ཕུང་པོ་དང་ལྕེའི་དབང་པོ་བཅས་ཀྱི་ནུས་པ་ཉམས། དེའི་སྐབས་སུ་ཕྱིའི་རྟགས་སུ་ཕྱི་དབུགས་ཆད། ནང་གི་རྟགས་སུ་དྲན་པ་ཉམས། རོ་མི་ཚོར། མར་མེ་འབར་བ་ལྟ་བུའི་སྣང་བ་སྟེ། ཐག་རིང་པོ་ལ་མཆོད་མེ་ཆེན་པོ་ཞིག་དམར་ལྷམ་ལྷམ་འབར་བ་ལྟ་བུའི་སྣང་བ་ཤར་བ་རེད། འདིའི་སྐབས་སུ་ཕྱི་དབུགས་ཆད་ཟིན་པ་ཡིན་སྟབས་ལུས་ཀྱི་བྱ་བ་ཐམས་ཅད་རྫོགས་ཟིན་པ་རེད། འཇིག་རྟེན་ཕལ་པས་བལྟས་ན་ཆ་ཚང་ཤི་ཚར་བ་རེད། ཡིན་ནའང་འཆི་བའི་རིམ་པའི་ལས་ཀ་ཆ་ཚང་རྫོགས་མེད་ཅིང་། འཆི་སེམས་ཕྲ་མོ་དེ་གཞི་ནས་སླེབས་རྒྱུ་རེད། ཕྱི་དབུགས་ཆད་ནའང་འཆི་སེམས་ཕྲ་མོ་མངོན་དུ་འགྱུར་བ་ལ་ཁ་ཤས་ལ་ཆུ་ཚོད་ཁ་ཤས་འགོར་བ་དང་། ཁ་ཤས་ལ་སྐར་མ་ཁ་ཤས་འགོར་བ་ཡོང་སྲིད།  འདིའི་རྗེས་སུ་ག་རེ་ཡོང་གི་རེད་ཅེ་ན། ཕྱིའི་དབང་པོ་ལྔའི་ནུས་པ་ཐམས་ཅད་ཉམས་ཚར་བ་ཡིན་སྟབས་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཚོར་བ་གང་ཡང་མེད། འདུ་ཤེས་རགས་པ་ཉམས་ཚར་བ་ཡིན་སྟབས་དགེ་བ་དང་མི་དགེ་བའི་འདུ་ཤེས་ཀྱང་གང་ཡང་མེད། འོན་ཀྱང་ཕྲ་བའི་རླུང་བསྡུས་མ་ཟིན་པའི་དབང་གིས་འཆི་བའི་བྱ་བ་མཐར་ཐུག་དེ་ཡོང་རྒྱུ་རེད། འཆི་བའི་བྱ་བ་མཐར་ཐུག་པ་དེ་ཇི་ལྟར་འགྲུབ་ཀྱི་རེད་ཅེ་ན། རླུང་ཐམས་ཅད་ཐོག་མར་སྲོག་ཆགས་སའི་སྙིང་གའི་དབུས་ལ་ཐིམས་ནས་མེད་པ་མ་ཆགས་ཀྱི་བར་དུ་རྣམ་ཤེས་ཀྱི་ཕུང་པོ་འདི་ལུས་རྙིང་པའི་ནང་བསྡད་ཡོད་པ་ཡིན་སྟབས་འཆི་བའི་བྱ་བ་མ་རྫོགས་པ་རེད། འཆི་བའི་སེམས་ཕྲ་མོ་དེ་ད་ལྟ་སླེབས་རྒྱུ་རེད། འདིའི་རྗེས་སུ་རྣམ་རྟོག་འདྲ་མིན་སྐྱེ་རྒྱུའི་རླུང་ངམ་ཀུན་རྟོག་བརྒྱད་ཅུའི་རླུང་དེ་རིམ་པས་ཐིམ་པ་རེད།

            སྤྱིར་བཏང་ལུས་ཀྱི་རྣམ་གཞག་ལ་གནས་པ་རྩ་དང་། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཅས་ལུས་ཀྱི་གྲུབ་ཆ་གཙོ་བོ་གསུམ་རེད། མངལ་ནས་སྐྱེས་པའི་འདོད་པའི་ཁམས་ཀྱི་མི་ལ་ཁམས་དྲུག་ལྡན་ཞེས་བཤད་ཅིང་། འབྱུང་བ་བཞིའི་ཐོག་ཏུ་རྩ་དང་ཐིག་ལེ་གཉིས་བསྣན་ན་ཁམས་དྲུག་རེད། དེ་ནི་སྔགས་ཀྱི་ཉམས་ལེན་བྱེད་པའི་སྐབས་སུ་ཉེ་བར་མཁོ་བའི་ཁམས་ཤིག་རེད། དེ་ལྟ་བུའི་ཁམས་དྲུག་ལྡན་གྱི་ལུས་ལ་རྩ་ཧ་ཅང་མང་པོ་ཡོད། རྩ་ཚང་མ་ང་ཚོ་ཕལ་པའི་མིག་རགས་པས་མཐོང་ཐུབ་པའི་ངེས་པ་མེད། དེ་ལ་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་ཞེས་ཁྲག་རྒྱུ་བའི་རྩ་དང་། རླུང་རྒྱུ་བའི་རྩ། དེ་བཞིན་ཁམས་རྒྱུ་བའི་རྩ་སོགས་རྩ་ཕྲན་ཧ་ཅང་མང་པོ་ཡོད་པ་དེ་ཚོའི་ནང་ནས་རླུང་ཚུར་བསྡུས་པ་རེད། དེ་ལྟར་ཀུན་རྟོག་བརྒྱད་ཅུའི་ལས་རླུང་རགས་པ་རྣམས་རིམ་པས་བསྡུས་ཏེ། སྣང་བ་ཞེས་པའི་སྐབས་སུ་སླེབས་དུས་ཕྱིའི་རླུང་གྲམ་པ་མང་ཆེ་བ་ཚུར་རུག་རུག་ཆགས་ཚར་བ་རེད། དེ་ལྟ་བུའི་སྣང་བ་ཞེས་པ་ལ་སླེབས་པའི་སྐབས་སུ་ནང་གི་ཡིད་ཀྱི་སྣང་བ་ལ་དཀར་ལམ་ལམ་ཞིག་བྱུང་བ་རེད། འདིའི་དཔེ་ལ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་ཞེས་གསུངས། གང་ལྟར་སྟོན་ཁ་གནམ་ཧ་ཅང་གསལ་བའི་དཀྱིལ་དུ་ཟླ་བའི་འོད་ཀྱིས་ཁྱབ་ན་སྐྱ་ཐིང་ངེར་ཐོ་རེངས་ལྟ་བུའི་སྣང་བ་ཤར་གྱི་ཡོད། འདིའི་རྗེས་སུ་མཆེད་པ་དམར་ལམ་པ་ཞེས་པ་སླེབས་པའི་སྐབས་སུ་ད་གིན་སྐྱ་ཐིང་ངེར་དཀར་པོ་ཡོད་པ་དེ་དམར་པོ་ལ་ཆགས་ནས་དམར་ཐིང་ངེར་མཐོང་བ་རེད།

            དེ་ལྟ་བུའི་དཀར་ལམ་པ་དང་དམར་ལམ་པ་ཅིའི་ཕྱིར་ཡོང་གི་ཡོད་ཅེ་ན། རླུང་རྣམས་སྙིང་གར་བསྡུས་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་ཁམས་ཁུ་བ་དཀར་པོ་དེ་སྤྱིར་བཏང་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་ཡང་། རྩ་བའི་གནས་སའམ་འབྱུང་ཁུངས་ལྟ་བུ་དེ་མགོའི་སྤྱི་བོ་རེད། དེ་བཞིན་ཁམས་དམར་པོ་ཁྲག་གི་ངོ་བོ་དེ་ལྟེ་བ་ལ་གནས་པ་རེད། གང་ལྟར་ལྟེ་བའི་འཁོར་ལོའི་ནང་དུ་ཁྲག་དམར་པོ་དེ་ཡོད་རེད། དེས་ན་ལུས་ཀྱི་སྤྱི་བོ་ལ་ཡོད་པའི་ཁམས་དཀར་པོ་དེ་རྩའི་ནང་ནས་མར་བབས་ཏེ་སྙིང་གའི་ངོས་སུ་འགྲོ་བའི་སྐབས་སུ་དཀར་ལམ་པའི་སྣང་བ་ཤར་གྱི་ཡོད། དེ་བཞིན་ལྟེ་བ་ནས་ཁམས་དམར་པོ་དེ་ཡར་གྱེན་དུ་སྙིང་གར་འགྲོ་བའི་སྐབས་སུ་མཆེད་པ་དམར་ལམ་པའི་སྣང་བ་ཞིག་ཤར་གྱི་ཡོད། དེ་ལྟར་དམར་པོའི་སྣང་བའི་མཐའ་ལ་སླེབས་སྐབས་ཉེར་ཐོབ་ཀྱི་ཐོག་མ་དེ་ལ་ནག་ཐིང་ངེར་ལྟ་བུ་ཞིག་མཐོང་གི་རེད། དེ་ནས་དྲན་མེད་ལ་འགྲོ་བ་རེད། ཉེར་ཐོབ་ཀྱི་ཐ་མར་དྲན་མེད་ལ་བརྒྱལ་ནས་དྲན་པ་མེད་པའི་གནས་སྐབས་དེ་ལ་འཆི་བ་ཞེས་བརྗོད་ཀྱི་རེད། དེ་ལྟར་སྣང་བ་དཀར་ལམ་པ་ཟེར་བའི་སྣང་བ་གཅིག་དང་། མཆེད་པ་དམར་ལམ་པ་ཟེར་བའི་སྣང་བ་གཅིག འདི་གཉིས་ཀྱི་སྐབས་སུ་ཁམས་དཀར་པོ་མར་བབས་པ་དང་། ཁམས་དམར་པོ་ཡར་འགྲོ་བ་གཉིས་ཀྱི་བར་དུ་སྙིང་གའི་དབུས་སུ་མི་བཤིགས་པའི་ཐིག་ལེ་ཞེས་ཐོག་མ་ནས་རྣམ་ཤེས་ཉིང་མཚམས་སྦྱར་བའི་སྐབས་སུ་ཡོད་པའི་ཁམས་དཀར་དམར་འདྲེས་པའི་ཐིག་ལེ་ཆུང་ཆུང་ཡུངས་འབྲུ་ཙམ་ཞིག་ཡོད། འདི་ཁམས་དཀར་དམར་གྱིས་བཏུམས་ནས་དེའི་དཀྱིལ་དུ་སེམས་ཕྱིན་པའི་སྐབས་སུ་དྲན་མེད་དུ་བརྒྱལ་བ་ཡིན། གང་ལགས་ཤེ་ན། རགས་པ་གློ་བུར་བའི་སེམས་སྐྱེ་བའི་རླུང་ཐམས་ཅད་མེད་པ་ཆགས་པར་བརྟེན། རགས་པ་གློ་བུར་བའི་སེམས་འདི་རླུང་ལ་མ་བརྟེན་པར་དབང་པོའི་ཡུལ་སོགས་གང་ལའང་འཇུག་ཐུབ་ཀྱི་མེད། དེས་ན་བརྟེན་རྒྱུའི་རླུང་ཆ་ཚང་འདིའི་སྐབས་སུ་རྫོགས་པ་ཡིན་སྟབས། ཉེར་ཐོབ་ནག་ལམ་པའི་སྟོད་ཆ་ལ་སྟོན་གནམ་ལ་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་ནག་ལམ་པའི་སྣང་བ་ཤར་ཡང་། སྨད་ཆ་ལ་ཤེས་པ་རགས་པའི་སྣང་བ་ཐམས་ཅད་འགགས་ཏེ་དྲན་མེད་དུ་བརྒྱལ་ནས་ཤི་བའི་གོ་སྐབས་དངོས་གནས་ལྟ་བུ་དེ་ཆགས་འགྲོ་གི་ཡོད།

            དེ་ལྟར་ཉེར་ཐོབ་ནག་ལམ་པ་ཞེས་དྲན་མེད་དུ་བརྒྱལ་བ་དེའི་སྐབས་སུ་ཚེ་འདིའི་ལུས་ཀྱི་ཆ་ཤས་སུ་གྱུར་པའི་སའི་ཁམས་དང་། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས་བཅས་ཀྱི་ནུས་པ་རགས་པ་རྣམས་ཉམས་ནས་རླུང་ཁམས་ཀྱི་ནུས་པ་ཕྲ་མོ་ཞིག་མ་གཏོགས་ལྷག་མེད། དེ་བཞིན་ཕུང་པོ་ལྔའི་ནང་ནས་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་རྣམས་ཀྱི་རྒྱུན་ཆ་ཚང་ཆད་ཟིན་པ་རེད། ཡིན་ནའང་རྣམ་ཤེས་ཀྱི་ཕུང་པོའི་རྒྱུན་ཕྲ་བ་དེ་བསྡད་ཡོད། དེ་མཚུངས་ཡིད་ཀྱི་དབང་པོ་མ་གཏོགས་པའི་མིག་གི་དབང་པོ་དང་། རྣའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་ལྔ་གའི་རྒྱུན་ཆད་ཟིན་པ་རེད། དེ་ལ་བརྟེན་པའི་ཤེས་པའི་རྒྱུན་ཡང་ཆད་ཟིན་པ་ཡིན་སྟབས་ཚེ་འདིའི་ལུས་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་མཇུག་བསྡོམས་ཟིན་པ་རེད། འདི་ནས་ཕྱི་ལ་གང་ཡང་མི་འགྲོ་བ་རེད། འོན་ཀྱང་འགྲོ་མཁན་གཅིག་པུ་ལུས་པ་དེ་གང་རེད་ཅེ་ན། ཤིན་ཏུ་ཕྲ་བའི་གཉུག་མའི་སེམས་དེ་རེད། གཉུག་མའི་སེམས་ཞེས་བརྗོད་དགོས་པ་གང་རེད་ཅེ་ན། དེ་ནི་ཚེ་འདི་ལ་གསར་དུ་བྱུང་བ་མ་ཡིན་པར་སྐྱེ་བ་ཐོག་མ་མེད་པ་ནས་ཡོང་བ་ཞིག་ཡིན་སྟབས་འདི་ལ་གཉུག་མའི་སེམས་ཞེས་བརྗོད། དེའི་རྟེན་དུ་གྱུར་པའི་སྲོག་འཛིན་གྱི་ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་དེའང་མཉམ་དུ་ཡོང་བ་ཡིན་སྟབས། གཉུག་མའི་རླུང་སེམས་གཉིས་པོ་སྐྱེ་བ་སྔ་མ་ནས་ཚེ་འདི་ལ་ཡོང་བ་དང་། ཚེ་འདི་ནས་སྐྱེ་བ་ཕྱི་མ་ལ་འགྲོ་བ་རེད། འདི་གཅིག་པུ་མ་གཏོགས་གཞན་པ་གང་ཡང་ལྷག་མེད། སྙིང་གའི་མི་བཤིགས་པའི་ཐིག་ལེའི་དབུས་སུ་རླུང་དེ་ཡོད་པ་དང་། རླུང་ཡོད་ས་དེ་ལ་སེམས་དེ་གནས་པ་རེད། འདི་ནི་ལྟེ་བ་ནས་ཡར་ཡོང་བའི་ཁམས་དམར་པོ་དང་། སྤྱི་བོ་ནས་མར་བབས་པའི་ཁམས་དཀར་པོ་གཉིས་ཀྱིས་བཏུམས་པའི་སྐབས་ནག་འཐོམ་མེར་འདུ་ཤེས་དང་དྲན་པ་གང་ཡང་མེད་པར་འགྲོ་བ་དེ་ལ་ཉེར་ཐོབ་ནག་ལམ་པ་ཟེར།

            དེ་འདྲ་བའི་འཆི་བའི་སེམས་ལ་ཕར་ཕྱིན་ཐེག་པ་ནས་བཤད་པ་ལྟར་ན་ལུང་མ་བསྟན་མ་གཏོགས་དགེ་བ་དང་མི་དགེ་བའི་སེམས་གང་ཡང་མི་བྱུང་། ཉེར་ཐོབ་ཀྱི་སྨད་ཆ་དྲན་མེད་དུ་བརྒྱལ་བ་དེ་ལས་སངས་པ་ན་གཉུག་སེམས་ཕྲ་མོ་མངོན་དུ་གྱུར་ཏེ། དེའི་སྐབས་སྟོན་གནམ་གཡའ་དག་པ་ལ་ཉི་ཟླ་སྨག་གསུམ་གྱིས་མ་བསླད་པར་སྟོང་སང་ཤིན་ཏུ་དྭངས་པའི་སྣང་བ་ཤར་བ་དེ་ལ་འཆི་བ་འོད་གསལ་ཟེར་ཞིང་། དེ་ནི་འཆི་བ་དངོས་ཡིན། འདིའི་རྒྱུན་རིང་ཐུང་གང་ཟག་སོ་སོར་མི་འདྲ་བ་ཡོང་ཞིང་། སྐྱེ་བོ་ཕལ་པ་ལ་ཇི་ཙམ་རིང་ཡང་ཉིན་ཞག་གསུམ་ཙམ་ལས་ལྷག་པ་མི་འོང་། རྣལ་འབྱོར་པ་འཆི་བ་འོད་གསལ་ལ་རང་སྟོབས་ཀྱིས་མཉམ་པར་བཞག་ནུས་པ་ཚོས་ ‘ཐུགས་དམ་ལ་བཞུགས་པ་’ ཞེས་འོད་གསལ་དེའི་ངང་བདུན་ཕྲག་ཁ་ཤས་བཞུགས་པའང་མང་པོ་མཇལ་རྒྱུ་ཡོད། འོད་གསལ་དེ་འཕོས་པའི་སྐབས་སྔར་སྙིང་གར་འདུས་པའི་ཁམས་དཀར་དམར་གཉིས་ཁ་ཕྱེ་ནས་དཀར་པོ་ཐུར་དུ་བབས་པ་གསང་གནས་ནས་དང་། དཀར་པོ་གྱེན་དུ་སོང་བ་སྣ་བུག་ནས་ཐོན་འོང་། དེ་ནས་ལམ་སེང་འོད་གསལ་གྱི་སེམས་འདིས་ལྷན་ཅིག་བྱེད་རྐྱེན་དང་གཉུག་མའི་རླུང་གིས་ཉེར་ལེན་བྱས་ནས་བརྫུས་ཏེ་སྐྱེས་པའི་བར་དོའི་ལུས་དེ་གྲུབ་པ་རེད། གལ་ཏེ་གཟུགས་མེད་ཁམས་ལ་སྐྱེ་མཁན་མིན་ན། འདོད་པ་ནས་འདོད་པ་དང་། འདོད་པ་ནས་གཟུགས། གཟུགས་ནས་འདོད་པར་སྐྱེ་མཁན་ཚང་མ་ལ་བར་དོའི་ལུས་དེ་ངེས་པར་དུ་དགོས། གལ་ཏེ་གཟུགས་མེད་དུ་འགྲོ་མཁན་ཡིན་ན། གང་དུ་འཆི་བའི་གནས་སུ་གཟུགས་མེད་ཀྱི་སྐྱེ་བ་གྲུབ་པ་ཡིན་སྟབས། འདི་ལ་བར་སྲིད་མེད།

            གོང་དུ་ཞུས་པ་བཞིན་འཆི་བ་འོད་གསལ་ལས་ལྡང་བའི་སྐབས་སུའང་སྣང་མཆེད་ཐོབ་གསུམ་ལུགས་ལྡོག་ཏུ་ཡང་བསྐྱར་ཡོང་ཞིང་། འཆི་བ་འོད་གསལ་ལས་ལྡང་སྟེ་གཉུག་སེམས་ཕྲ་མོ་ཕུང་པོ་རྙིང་པ་ལས་ལོགས་སུ་ཐོན་པ་དང་། ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ། བར་སྲིད་དུ་ཉིང་མཚམས་སྦྱར་བ་གསུམ་དུས་མཉམ་པ་དང་། དེའི་རྗེས་མཆེད་པ་དང་། སྣང་བ་གྲུབ་སྟེ་བར་དོའི་རགས་པ་གློ་བུར་བའི་ཀུན་རྟོག་རྣམས་ཤར་བ་རེད།

            འཆི་བའི་རིམ་པའི་ནང་དུ་ས་ཁམས་དེ་དང་པོ་ཡོང་གི་ཡོད། ས་ཁམས་ཀྱི་ནུས་པ་ཉམས་ནས་རྣམ་ཤེས་ཀྱི་རྟེན་བྱེད་མི་ནུས་པ་ཆགས་ཚར་དུས་འཆི་བ་བསྲིང་རྒྱུ་དང་དུས་ཚོད་འགྱངས་རྒྱུའི་གོ་སྐབས་མེད། དཔེར་ན། དེང་སང་འཕྲུལ་ཆས་ལ་བརྟེན་ནས་དབུགས་མ་ཆད་པར་རྒྱུན་རིང་པོ་གཞག་རྒྱུའི་ཐབས་ཤེས་བྱེད་རྒྱུ་ཡོད་པའི་རིགས་རྣམས་ས་ཁམས་ཀྱི་ནུས་པ་མ་ཉམས་པའི་གོང་དུ་བྱེད་རྒྱུ་ཡོད་པ་ཞིག་རེད། ས་ཁམས་ཀྱི་ནུས་པ་ཉམས་ཚར་བའི་རྗེས་སུ་མེ་ཁམས་ཀྱི་ནུས་པ་ཉམས་རྒྱུ་ནི་རང་བཞིན་གྱིས་གཅིག་མཇུག་གཉིས་མཐུད་ཡོང་རྒྱུ་ཡིན་པར་བརྟེན། འདི་ལ་སྨན་དང་འཕྲུལ་ཆས་ཀྱིས་འགྱངས་ཐུབ་ཁག་པོ་རེད། དེ་བཞིན་ཚེ་མ་ཟད་པར་ཤི་བའི་དབང་དུ་བཏང་བ་ཡིན་ནའང་འབྱུང་བའི་ཐིམ་རིམ་མ་བྱུང་གོང་དུ་ཚེ་སྲིང་བའི་ཐབས་ལ་བརྟེན་ནས་ཧ་ཅང་ནད་པ་སྡུག་པོ་དང་དྲན་མེད་དུ་བརྒྱལ་བ་དེ་འདྲ་ཡིན་ནའང་ཚུར་གསོ་བའི་ཐབས་ཤེས་ཡོད་རེད། འབྱུང་བ་བཞི་པོའི་ཐིམ་རིམ་མགོ་བཙུགས་ཚར་ན་འབྱུང་བའི་ནུས་པ་ཉམས་པ་དེ་ཡང་བསྐྱར་གསོ་རྒྱུའི་ཐབས་ལམ་མེད། དེས་ན་ད་གིན་ཞུས་པ་བཞིན་བཙན་ཐབས་སུ་འཆི་བ་ཡིན་ན་འབྱུང་བ་བཞིའི་ཐིམ་རིམ་གྱི་རིམ་པ་དེ་མེད་ཀྱང་། ཀུན་རྟོག་བརྒྱད་ཅུའི་རླུང་གི་ཐིམ་རིམ་འདི་མ་འགྲོ་ཐབས་མེད་རེད། དེས་ན་ཕལ་ཆེར་གཟུགས་པོ་རགས་པ་རྦད་དེ་འཕྲོ་བརླག་ཕྱིན་ནའང་། རང་བཞིན་གྱིས་མངོན་པར་མི་གསལ་བའི་རྩ་ཁམས་ཀྱི་ནང་དུ་རླུང་གི་ཐིམ་རིམ་དང་སྣང་མཆེད་ཐོབ་གསུམ་གྱི་རིམ་པ་དེ་གློ་བུར་དུ་འཆི་བ་དང་རིམ་གྱིས་འཆི་བ་ཚང་མ་ལ་ངེས་པར་དུ་ཡོང་དགོས་པའི་གནས་སྟངས་འདི་རྒྱུ་མཚན་འདིས་ཆགས་ཀྱི་ཡོད། ད་ལྟ་ལས་ཀྱི་དབང་གིས་ཚེ་རྫོགས་ནས་ཕུང་པོ་རྙིང་པས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པ་དང་། དེ་ལ་བརྟེན་ནས་རྣམ་ཤེས་ཕུང་པོ་རྙིང་པ་འདི་ལས་ལོགས་སུ་འགྲོ་བའི་རིམ་པ་དེ་དག་ཞུས་པ་ཡིན།                      དེ་འདྲའི་རིམ་པ་ལ་བརྟེན་མི་དགོས་པར་རྩ་རླུང་གི་ཉམས་ལེན་དང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་དང་ཕུང་པོ་དེ་ཚོས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་མ་ཉམས་པ་ཡིན་ནའང་རང་གི་རྣམ་པར་ཤེས་པ་ཕུང་པོ་འདི་ནས་གོ་ས་ལོགས་སུ་འགྲོ་ཐུབ་པའི་ཐབས་ལམ་ཡང་ཡོད། དཔེར་ན་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་རྫོགས་རིམ་གྱི་དག་མ་དག་གི་སྒྱུ་ལུས་སུ་ལྡང་བའི་ཚུལ་སོགས་ཡོད་ཀྱང་འདིར་སྐབས་སུ་མ་བབས་པས་ཞུ་མི་དགོས་པ་བྱས། དེ་འདྲའི་ལམ་གྱི་ཉམས་རྟོགས་མ་ཐོབ་ཀྱང་ཕུང་པོ་ལས་རྣམ་ཤེས་བཙན་ཐབས་སུ་འཕོ་བའི་མན་ངག་གྲགས་ཆེ་བ་གཅིག་ནི་འཕོ་བ་ཟེར་བ་དེ་རེད། འཕོ་བ་ཞེས་པ་དེ་ཉམས་ལེན་གནང་བའི་སྐབས་སུ་གསོན་པའི་གནས་སྐབས་ནས་རླུང་གི་སྟོབས་ཀྱིས་སྙིང་གའི་མི་ཤིགས་པའི་ཐིག་ལེ་དེ་ཕུང་པོ་རྙིང་པ་ལས་ལོགས་སུ་ཡར་འཐོན་པ་དང་། ཡང་མར་དབབ་ནས་སྙིང་ག་ལ་བཞག་རྒྱུ་སོགས་སྦྱངས་པའི་སྒོ་ནས་དངོས་གནས་ཚེ་རྫོགས་པའི་འཆི་རྟགས་བྱུང་ན་རང་བཞིན་གྱིས་ཤི་བ་ལ་བསྒུག་མི་དགོས་པར། ལུས་ལ་ན་ཚ་སོགས་གང་ཡང་མེད་ནའང་། འཕོ་བ་ལ་བརྟེན་ནས་འབྱུང་བའི་ཐིམས་རིམ་སོགས་ཀྱང་མི་དགོས་པར། ལུས་འཚོ་བཞིན་པའི་གནས་སྐབས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་ལུས་འདི་ནས་ཕྱི་རོལ་ལ་ཐོན་ནས་དག་པའི་ཞིང་དུ་འགྲོ་རྒྱུ་དེ་འདྲའི་གདམས་ངག་ཡོད་རེད། དེ་བཞིན་ཤི་ནས་བར་སྲིད་གྲུབ་ཟིན་པ་ཞིག་ཡིན་ནའང་། རྣམ་ཤེས་ཕུང་པོ་རྙིང་པར་དགུག་གཞུག་བྱས་ནས་གང་ཟག་གཞན་གྱིས་འདས་པོ་ལ་འཕོ་བ་རྒྱག་པའི་ཐབས་ཤེས་ཀྱང་གཞུང་ལུགས་སུ་གསུངས་ཡོད།

            འཕོ་བ་གྲོང་འཇུག་གི་གདམས་པ་ནི་དེང་སང་རྒྱུན་ཆད་པ་རེད། འོན་ཀྱང་འཕོ་བའི་གདམས་པ་ནི་ད་ལྟའང་ཡོད་བཞིན་པ་རེད། གྲོང་འཇུག་ཟེར་བ་ནི་སེམས་ཅན་གཞན་གྱི་རོ་རྨ་མེད་པ་རྙེད་ན་རང་གི་རྣམ་ཤེས་སེམས་ཅན་གཞན་གྱི་ལུས་ལ་ཞུགས་རྒྱུ་དང་། སོ་སོའི་ཕུང་པོ་བདག་པོ་བརྒྱབས་ནས་བཞག་པ་དེའི་ནང་རྣམ་ཤེས་རྗེས་སུ་ལོག་རྒྱུ་སོགས་ཡོད་པ་རེད། གྲོང་འཇུག་གི་གདམས་ངག་དེ་རྒྱ་གར་གྱི་ནང་དུ་བར་སྐབས་ཤིག་ལ་ཤུགས་ཆེན་པོ་དར་བ་རེད། དེའི་གདམས་ངག་དེ་བོད་དུ་སྲས་དར་མ་མདོ་སྡེས་བསྣམས་ཕེབས་པ་རེད། སྲས་དར་མ་མདོ་སྡེ་སྐུ་ཚེ་མ་ཟིན་པའི་སྐབས་སུ་ཕུག་རོན་གྱི་རོ་ཞིག་ལ་འཕོས་ནས་རྒྱ་གར་ལ་ཕེབས་པ་དང་། རྒྱ་གར་དུ་བྲམ་ཟེ་གཞོན་ནུའི་རོ་གསར་པ་ཞིག་རྙེད་ནས་བསྐྱར་དུ་མིའི་ལུས་རྟེན་ཐོབ་པའི་བྱུང་རབས་ཡོད། འདིས་གང་བྱེད་ཀྱི་ཡོད་ཅེ་ན། ལུས་འཚོ་བཞིན་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་ཕྱི་ལ་བཏོན་ནས་འདོད་པ་གང་ཡོད་ཀྱིས་དག་པའི་ཞིང་དུ་འགྲོ་རྒྱུའམ། ཡང་ན་ལུས་གཞན་ལ་ཞུགས་རྒྱུ་སོགས་ཀྱི་ཐབས་ལམ་འདི་དངོས་གནས་བྱུང་བའི་བྱུང་རབས་ཤིག་རེད་མ་གཏོགས། སྒྲུང་གཏམ་ལྟ་བུ་མིན།

            ཐུགས་དམ་ལ་བཞུགས་པ་དེ་ཚོས་གང་བྱེད་ཀྱི་ཡོད་ཅེ་ན། ལུགས་འབྱུང་གི་སྣང་མཆེད་ཐོབ་གསུམ་རིམ་གྱིས་འཆར་ཏེ་ཉེར་ཐོབ་ནག་ལམ་པའི་སྨད་ཆ་དྲན་མེད་ནས་སངས་པའི་རྗེས་ལ་སྟོང་སང་གི་སྣང་བའམ་འཆི་བ་འོད་གསལ་འདི་བྱུང་བའི་སྐབས་སུ། དེ་སྔ་སྔགས་ཀྱི་ཉམས་ལེན་ལ་གོམས་སྟོབས་ཀྱིས་ནུས་པ་ཡོད་མཁན་ཡིན་ན་འཆི་བ་འོད་གསལ་ལ་མཉམ་པར་བཞག་ནས་ཉི་མ་བདུན་ནམ་ཉི་མ་བཅུ་བཞི་སོགས་ཀྱི་རིང་ལ་ཕུང་པོ་མ་དོར་བར་ཕུང་པོ་རྙིང་པའི་སྙིང་ག་ལ་བསྡད་ཅིང་། མཉམ་པར་གཞག་རྒྱུ་ནི་འཆི་བ་འོད་གསལ་གྱི་ངང་ནས་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ཡིན་པ་རེད། བློའི་འཕེན་པ་ཇི་ཙམ་བཏང་བ་དེའི་རིང་ཕུང་པོ་དེའི་ནང་དུ་བསྡད་རྒྱུ་དང་། དེའི་རིང་ལ་ཕུང་པོ་དེ་འབྱུང་བ་ཆ་ཚང་ཐིམས་ནས་རྣམ་ཤེས་ཀྱི་རྟེན་བྱེད་མི་ནུས་པ་ཆགས་ཟིན་ནའང་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཕུང་པོ་རྙིང་པ་ནས་མ་འཕོས་པར་བསྡད་ཡོད་པ་ཡིན་སྟབས་ཕུང་པོ་བདག་མེད་མ་ཆགས་པ་རེད། དེར་བརྟེན་རུལ་རྒྱུ་དང་དྲི་ངན་མེད་པར་ཐུགས་དམ་མ་གྲོལ་གྱི་བར་དུ་ཕུང་པོ་ཉམས་མེད་དུ་རང་བཞིན་གྱིས་བསྡད་པ་རེད། འཆི་བ་འོད་གསལ་ལ་མཉམ་པར་བཞག་པའི་ནུས་པ་མེད་མཁན་གྱི་སྐྱེ་བོ་ཕལ་པ་ཞིག་ཡིན་ནའང་འོད་གསལ་ལ་ཉིན་ཞག་ཁ་ཤས་གནས་པ་འོང་། དེར་བརྟེན་ནང་པའི་སྤྱི་ཚོགས་སུ་ཕུང་པོ་སྦ་སྲེག་སོགས་ལམ་སེང་མི་བྱེད་པར་དུས་ཚོད་ཕྲན་བུ་གཞག་རྒྱུའི་ལམ་སྲོལ་དར་བ་རེད། གང་ལྟར་ཐ་མལ་པའམ་ཐུགས་དམ་བཞུགས་མཁན་ཇི་ལྟར་ཡང་འཆི་བ་འོད་གསལ་ལས་ལྡང་བའི་སྐབས་སུ་གཟུགས་མེད་ལ་སྐྱེ་མཁན་ཞིག་ཡིན་ན་མ་གཏོགས། བར་དོའི་ལུས་རྟེན་ལ་འགྲོ་དགོས་པ་དེ་ཚང་མ་གཅིག་པ་རེད།

            བར་དོའི་ལུས་ཟེར་བ་འདི་བརྫུས་སྐྱེས་ཡིན་སྟབས་དང་པོ་ནས་དབང་པོ་ཐམས་ཅད་ཚང་བ་དང་། ལུས་ཀྱི་དབྱིབས་དེ་སྐྱེ་བ་ཕྱི་མར་གང་དུ་སྐྱེ་བར་འགྱུར་བའི་ལུས་ཀྱི་དབྱིབས་དང་མཚུངས་པ་རེད། དཔེར་ན་སྐྱེ་བ་ཕྱི་མ་མི་ལ་སྐྱེ་རྒྱུ་ཡིན་ན་མི་ལྟ་བུ་དང་། རྟ་ལ་སྐྱེ་རྒྱུ་ཡིན་ན་རྟ་འདྲ་པོ་རེད། བར་སྲིད་ལ་རགས་པའི་ཕུང་པོ་མེད་པར་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་སྟབས་གང་དུ་ཕྱིན་ནའང་ཐོག་པ་མེད་པ་དང་། ཡིད་ལྟར་མགྱོགས་པ། སྐྱེ་བ་ལེན་སའི་བར་དུ་རྣམ་ཤེས་ཁྱེར་ནས་འགྲོ་བ་རེད། དེས་ན་ཤིན་ཏུ་ཕྲ་བའི་གཉུག་སེམས་ནི་བར་དོའི་ལུས་ལ་ཞུགས་མ་ཐག་ཏུ་ལས་ཀ་མི་བྱེད་ཅིང་། སྐབས་དེར་ལུགས་ལྡོག་གི་མཆེད་པ་དང་སྣང་བའི་མཉམ་དུ་ཀུན་རྟོག་གི་རླུང་དང་རགས་པ་གློ་བུར་བའི་སེམས་སླེབས་ཡོང་བ་རེད། བར་སྲིད་ལ་དྲི་ཟའང་ཟེར་ཞིང་། དེ་ལ་རོ་དང་རེག་བྱ་སོགས་ལ་ལོངས་སྤྱོད་པའི་ནུས་པ་མེད་པར་དྲི་ལ་སྣུམ་རྒྱུ་ཙམ་ཡོད། དེར་བརྟེན་བར་སྲིད་ལ་ང་ཚོས་བསྔོ་བ་བྱེད་པའི་སྐབས་སུ་གསུར་གཏོང་བ་སོགས་བྱེད་ཀྱི་ཡོད། བར་སྲིད་པ་ནང་ཕན་ཚུན་མཐོང་ཐུབ་པ་དང་། བར་སྲིད་ལ་གནས་པའི་དུས་ཚོད་རིང་པོ་མེད། བརྫུས་སྐྱེས་ཡིན་ན་སྐྱེ་གནས་མ་རྙེད་པའི་གོ་སྐབས་མེད། མངལ་སྐྱེས་དང་སྒོང་སྐྱེས་དང་དྲོད་སྐྱེས་སོགས་ལ་སྐྱེ་གནས་ལམ་སེང་རྙེད་དང་མ་རྙེད་ཀྱི་ཁྱད་པར་ཡོད་པར་བརྟེན། སྐྱེ་གནས་གསར་པ་ཞིག་མ་རྙེད་བར་དུ་བསྡད་ཀྱི་ཡོད། བར་དོ་བ་རྣམས་ཇི་ཙམ་ཚེ་རིང་ནའང་ཉིན་བདུན་ལས་ལྷག་པ་བསྡད་ཀྱི་མེད། དེ་ནི་ཉིན་བདུན་ནང་འཆི་དགོས། གལ་ཏེ་སྐྱེ་གནས་མ་རྙེད་ན་བར་སྲིད་གཞན་ཞིག་ཏུ་ཉིང་མཚམས་སྦྱར་གྱི་རེད། དེ་ལྟར་རིང་མཐའ་དེ་བདུན་ཕྲག་བདུན་རེད། དེས་ན་འདས་པོའི་ཆེད་དུ་དགེ་རྩ་སྒྲུབ་པའི་སྐབས་སུའང་བདུན་ཚིགས་བསྲུང་རྒྱུའང་བར་སྲིད་པ་དེ་བསྐྱར་དུ་ཤི་ནས་སྐྱེ་བ་ལེན་པའི་གོ་སྐབས་ཤིག་ལ་སླེབས་པ་རེད། གཞུང་ཁ་ཤས་ནས་བར་སྲིད་ནང་དུའང་འགྱུར་སྲིད་པར་གསུངས། དཔེར་ན། འཆི་བའི་སྐབས་སུ་ངན་འགྲོར་སྐྱེ་བའི་བར་སྲིད་གྲུབ་ཡོད་ནའང་བར་སྲིད་ཀྱི་སྐབས་སུ་དགེ་བ་བསྔོ་ན། བར་སྲིད་དེ་ཤི་ནས་བར་སྲིད་གཞན་ཞིག་གྲུབ་པའི་སྐབས་སུ་བདེ་འགྲོའི་བར་སྲིད་གྲུབ་སྲིད་ཅེས་གསུང་ཚུལ་མི་མཐུན་པ་ཁ་ཤས་ཡོད། དེས་ན་བདུན་ཕྲག་བདུན་གྱི་ནང་དུ་སྐྱེ་གནས་ངེས་པར་དུ་རྙེད་དགོས་པ་རེད། དེ་རིང་འདིར་མཚམས་གཞག་རྒྱུ་ཡིན། སྐར་མ་བཅོ་ལྔ་ཙམ་ལྷག་འདུག བཀའ་འདྲི་གནང་རྒྱུ་ཡོད་ན་གནང་རོགས།

 

 

དྲི་བ་དྲིས་ལན།

དྲི་བ། སོ་སོའི་ཕ་མ་དང་སྤུན་མཆེད་རྣམས་དུས་མ་ཡིན་པར་གློ་བུར་དུ་ཤི་ན་ཁོང་ཚོའི་ཆེད་དུ་རྗེས་སུ་ལྷག་པའི་ནང་མི་ཚོས་ཕན་པ་ག་རེ་བྱེད་ཐུབ་ཀྱི་རེད།

བཀའ་ལན། སྤྱིར་བཏང་དགེ་རྩ་བསྒྲུབ་རྒྱུ་འདི་རང་བཞིན་གྱིས་ཤི་བ་ཡིན་ནའང་རེད། གློ་བུར་དུ་ཤི་བ་ཡིན་ནའང་རེད། ཚང་མ་གཅིག་པ་རེད་མ་གཏོགས། གློ་བུར་དུ་ཤི་མཁན་ལ་དམིགས་བསལ་འདི་བྱེད་དགོས་ཞེས་མེད། གང་ལྟར་གློ་བུར་དུ་ཤི་མཁན་ཡིན་ནའང་རྣམ་ཤེས་འཕོས་པའི་རིམ་པ་དེ་གཅིག་གྱུར་རེད། འོན་ཀྱང་གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་མི་འགྱུར་ཞེས་སྤྱིར་བཏང་གང་ཟག་གཞན་གྱིས་བྱས་པའི་དགེ་རྩ་དེ་གང་ཟག་གཞན་ལ་ཐོབ་རྒྱུ་མེད་པ་ལས་འབྲས་ཀྱི་རྣམ་གཞག་ཡིན་མོད། ཡིན་ནའང་མདོ་ལས་འབྲེལ་བ་ཡོད་པ་ཁ་ཤས་ཀྱིས་དགེ་རྩ་བསྔོ་ན་གཞན་ལ་ཐོབ་ཀྱི་རེད་ཅེས་གསུངས་ཡོད། དེ་ཡང་ཕ་མ་སྤུན་མཆེད་ལྟ་བུ་ཤ་ཁྲག་གི་འབྲེལ་བ་ཡོད་པ་དང་། དགེ་རྒན་དགེ་ཕྲུག་ལྟ་བུ་ཆོས་ཀྱི་འབྲེལ་བ་ཡོད་པ། སྐྱིད་སྡུག་གཅིག་པའི་མི་ལྟ་བུ་དཔལ་འབྱོར་གྱི་འབྲེལ་བ་ཡོད་པ། ཧ་ཅང་གི་སྙིང་ཉེ་བའི་གྲོགས་པོའམ་ཕན་ཚུན་མཛའ་བརྩེ་ཡོད་པའི་གྲོགས་པོ་ནང་ཚགས་ལྟ་བུ་བྱམས་བརྩེའི་འབྲེལ་བ་ཡོད་པ་བཅས་བཞི་པོ་གང་རུང་གིས་འདས་པོའི་ཆེད་དུ་དགེ་རྩ་བསྒྲུབས་ཏེ་བསྔོ་བ་ཡིན་ན་དེ་ལ་ཐོབ་ཀྱི་རེད་ཅེས་གསུངས། སྤྱིར་བཏང་རང་ཉིད་གསོན་པའི་སྐབས་སུ་སྒྲུབ་པའི་དགེ་རྩ་དང་འདས་པའི་རྗེས་སུ་སྒྲུབ་པའི་དགེ་རྩ་གཉིས་པོ་ལ་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་ཅིང་། རང་ཉིད་ཡོད་པའི་སྐབས་སུ་བྱེད་པ་བཞིན་འདས་པའི་རྗེས་སུ་ཡོང་རྒྱུ་མེད་ཀྱང་། འདས་པོའི་ཆེད་དུ་བྱས་པའི་དགེ་རྩ་དེས་དགེ་རྩ་བྱེད་མཁན་ལའང་ཕན་ཡོན་ཡོད་ལ། དགེ་རྩ་གང་ལ་བསྔོ་བའི་ཡུལ་དེ་ལའང་ཕན་ཡོན་ཡོད་རེད། གལ་ཏེ་དགེ་རྩ་གང་ལ་བསྔོ་བའི་ཡུལ་དེ་རང་གི་ཕ་མ་དང་དགེ་རྒན་ལྟ་བུ་ཡིན་ན་དེའི་བཀའ་དྲིན་གསབ་པའི་དོན་དུ་ཆགས་རྒྱུ་རེད། དེས་ན་འདས་པོའི་ཆེད་དུ་དགེ་རྩ་བསྒྲུབ་རྒྱུ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད།

            གལ་ཏེ་འདས་པོ་བར་དོའི་ནང་ཡོད་ན་སྔགས་ཀྱི་ཆོ་ག་ཁྱད་པར་ཅན་ལ་བརྟེན་ནས་བར་སྲིད་དེ་དགུག་གཞུག་གིས་ཁྲུས་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་སྡིག་པ་སྦྱང་རྒྱུ་དང་། དེ་ལ་བར་དོའི་ངོ་སྤྲོད་བྱེད་རྒྱུའི་ཐབས་ལམ་ཡོད་རེད། འདི་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུ་རེད། དེ་ནས་ཡང་འདས་པོའི་ཕུང་པོ་མེར་བསྲེགས་བཏང་བའི་རུས་པ་དང་ཐལ་བ་ལ་རུས་ཆོག་གཏང་རྒྱུ་དང་། རུས་ཆོག་ལ་བརྟེན་ནས་འདས་པོའི་སྡིག་པ་སྦྱང་རྒྱུ། རུས་པ་རྣམས་ཚ་ཚ་དང་སྐུ་སོགས་བཞེངས་ནས་མཆོད་རྟེན་ནང་དུ་བཞག་པ་ལ་བརྟེན་ནས་སྡིག་པ་འདག་རྒྱུ་སོགས་ཡོད། དེ་རིགས་བར་དོའི་ནང་དུ་མེད་ནའང་འདས་པོའི་སྐྱེ་བ་རྗེས་མ་ལ་ཕན་ཐོགས་ཡོད་པ་དེ་འདྲའང་ཡོད།

 

དྲི་བ། སོ་སོ་གློ་བུར་དུ་ཤི་ན་སྐབས་དེར་བསམ་བློ་ག་འདྲ་གཏང་དགོས་ཀྱི་རེད།

བཀའ་ལན། གློ་བུར་དུ་འཆི་མཁན་ལ་འདི་འདྲ་བྱེད་དགོས་རེད། འདི་འདྲ་བྱེད་དགོས་མ་རེད་ཅེས་བརྗོད་རྒྱུ་ཁག་པོ་རེད། སངས་རྒྱས་ཀྱིས་མདོ་ནས་གསུངས་པའི་སྐབས་སུའང་ཡ་ང་བ་མ་སྤངས་པར་འཆི་བ་ཞེས་ཧ་ཅང་འཇིགས་སྐྲག་ཆེན་པོའི་ངང་ནས་འཆི་བ་ལ་གསུང་གི་ཡོད། སྤྱིར་བཏང་འཆི་བའི་སྐབས་སུ་འཆི་ཁར་འདུ་ཤེས་མ་བརླག་པའི་སྔོན་དུ་མི་དགེ་བའི་སེམས་མི་ཡོང་བ་དང་དགེ་བའི་སེམས་ཡོང་ཐབས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མ་གཞི་འདིའི་སྐོར་སང་ཉིན་ཕྲན་བུ་སླེབས་མདོག་ཁ་པོ་རེད། གལ་ཏེ་དགེ་བའི་སེམས་ཀྱི་ངང་ནས་འཆི་ན་ལས་བཟང་པོ་ལ་གསོས་བཏབ་རྒྱུའི་མཐུན་རྐྱེན་དེ་འཛོམས་པ་རེད། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་སོགས་མི་དགེ་བའི་སེམས་ཀྱི་ངང་ནས་འཆི་ན་ལས་མི་དགེ་བ་ལ་གསོས་བཏབ་ངེས་པ་རེད། དེར་བརྟེན་འཆི་ཁར་མི་དགེ་བའི་སེམས་མི་ཡོང་བ་དང་དགེ་བའི་སེམས་ཡོང་རྒྱུར་ནམ་རྒྱུན་ནས་སྦྱོང་བརྡར་བྱེད་དགོས་པ་གལ་ཆེན་པོ་རེད། གློ་བུར་ཞིག་ལ་འཆི་བའི་ཉེན་ཁ་ཡོད་ན། དཀོན་མཆོག་ལ་གསོལ་བ་བཏབ་རྒྱུ་དང་། སྐྱབས་འགྲོ་བྱེད་རྒྱུ། རང་གི་ལྷ་དང་བླ་མ་དད་པའི་ཡུལ་རྣམས་བློ་ལ་ཤར་ཐབས་བྱེད་རྒྱུ་སོགས་ནི་གློ་བུར་དུ་བྱེད་ཐུབ་པ་ཡིན། དེས་ན་རྒྱུན་ལྡན་ནས་དགོང་དྲོ་གཉིད་ཁུག་ཁར་དཀོན་མཆོག་ལ་གསོལ་བ་བཏབ་རྒྱུ་དང་། ལྷ་དང་བླ་མ་བསྒོམ་རྒྱུ་སོགས་ལ་སྦྱངས་པ་བྱས་ཏེ། དཔེར་ན། རྐང་པ་འདྲེད་བརྡར་ཤོར་བ་དང་། ཁ་སྦུབ་ལོག་པ་སོགས་བྱུང་བའི་སྐབས་སུ་ལམ་སེང་དཀོན་མཆོག་མཁྱེན་ཞེས་ཁ་ནས་ཐོན་པའི་གཤིས་ཀ་དེ་གོམས་པ་ཡིན་ན། གློ་བུར་དུ་འཆི་རྐྱེན་བྱུང་བའི་སྐབས་སུའང་བླ་མ་དཀོན་མཆོག་དྲན་ཐུབ་པའི་གོམས་གཤིས་དེ་འཇགས་འགྲོ་བ་རེད། དེས་ན་རྒྱུན་དུ་འདི་ལྟར་བྱེད་པ་ཡིན་ན། རྐང་ནི་འཆི་ཁར་དགེ་བའི་སེམས་མངོན་དུ་འགྱུར་རྒྱུ་དང་། དེའི་ཆེད་དུ་སངས་རྒྱས་དང་བླ་མ་དང་ཡི་དམ་གྱི་ལྷ་ལ་སོགས་པ་རྗེས་སུ་དྲན་པ་ཡིན་ན་རང་བཞིན་གྱིས་དགེ་བའི་སེམས་ཆགས་རྒྱུ་རེད། འདི་འདྲ་སྦྱང་ན་ཡག་པོ་ཡོད། ཅེས་གསུངས། དེ་ནས་ཕྱི་དྲོའི་ཐུན་གྲོལ།

 

 

ཉིན་གཉིས་པ། སྔ་དྲོ། (༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༢༠)

༄༅།། ཁ་སང་ནང་པའི་གཞུང་ནས་བཤད་པའི་འཆི་བ་ལ་ལྟ་ཚུལ་ཞེས་པའི་སྐོར་ལ་གོ་བསྡུར་ཞུས་ཏེ་རྣམ་གཞག་མདོར་བསྡུས་ཙམ་ཕྱིན་ཟིན། དེ་རིང་འཆི་བ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཞན་དག་ཁ་ཤས་ཐོག་གོ་བསྡུར་ཞུ་རྒྱུ་ཡིན། སྤྱིར་བཏང་ནང་པའི་གཞུང་ནས་གང་ཟག་ཐ་མལ་པ་གློ་བུར་མ་ཡིན་པའི་འཆི་བའི་རིམ་པ་ཇི་ལྟར་བྱུང་ཚུལ་དང་། འཆི་ནས་རྣམ་ཤེས་འཕོ་ཚུལ་རྣམས་ཁ་སང་ཞུས་ཟིན། ནང་པའི་གཞུང་ནས་གལ་ཆེན་པོ་ཞིག་གང་བཤད་ཀྱི་ཡོད་ཅེ་ན། འཆི་བའི་གནས་སྐབས་སུ་དགེ་བའི་སེམས་པ་དང་ལྡན་པ་དང་། མི་དགེ་བའི་སེམས་པ་དང་ལྡན་པ། བཏང་སྙོམས་ཀྱི་སེམས་པ་དང་ལྡན་པ་བཅས་བསམ་བློའི་གནས་བབས་མི་འདྲ་བ་གསུམ་གསུངས་པ་རེད། འདི་ནི་ཐོག་མར་སྣང་མཆེད་ཐོབ་གསུམ་གྱི་སྔོན་དུ་རླུང་རྣམ་ཤེས་ལ་ཐིམས་པའམ་རླུང་གི་ནུས་པ་ཉམས་ཀྱང་འདུ་ཤེས་མ་ཉམས་པའི་སྐབས་སུ་བཤད་ཀྱི་ཡོད། དེ་རྗེས་ལུང་མ་བསྟན་མ་གཏོགས་མེད། འཆི་བའི་སྐབས་སུ་སྐྱེ་བ་ཕྱི་མར་ག་འདྲ་འཕེན་དང་མ་འཕེན་ནི་ཚེ་འདིའི་ལས་ཀྱི་དབང་གིས་འགྲོ་རྒྱུ་རེད། ང་ཚོ་ཉོན་མོངས་མ་སྤངས་པའི་གང་ཟག་གི་རྒྱུད་ལ་ལས་དགེ་བ་དང་མི་དགེ་བ་སྣ་ཚོགས་ཡོད། འཆི་ཁར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་སྲེད་པ་ལེན་པ་སྲིད་པ་ཞེས་ལས་ལ་མཚམས་སྦྱོར་མཁན་གྱི་སེམས་བྱུང་གི་རིགས་ཅིག་ཡོད་པ་དེ་ཚོས་ལས་བཟང་པོ་ལ་མཚམས་སྦྱར་ན་ལས་བཟང་པོའི་འབྲས་བུར་སྐྱེ་བ་ཕྱི་མར་མཐོ་རིས་ལ་འགྲོ་རྒྱུ་དང་། ལས་ངན་པ་ལ་མཚམས་སྦྱར་ན་ངན་འགྲོར་འགྲོ་བར་བརྟེན། འཆི་ཁ་མའི་མིའི་བསམ་བློ་ལ་དགེ་བ་མ་ཡིན་པའི་བློ་མི་ཡོང་བ་དང་། ལྷག་པར་དུ་ཁོང་ཁྲོ་དང་ཞེན་ཆགས་སོགས་མི་ཡོང་བའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེས་ན་འཆི་ཁའི་མི་ལ་དཀོན་མཆོག་གི་མཚན་ནས་འབོད་རྒྱུ་དང་། བླ་མའི་མཚན་ནས་འབོད་རྒྱུ་དང་། ཡི་དམ་ལྷའི་མཚན་སྔགས་བགྲང་རྒྱུ་སོགས་བྱེད་ན་རང་བཞིན་གྱིས་བློ་དགེ་བའི་ཕྱོགས་སུ་འགྲོ་རྒྱུ་དང་། དེའི་དབང་གིས་དགེ་བ་ལ་མཚམས་སྦྱར་ནས་སྐྱེ་བ་ཕྱི་མར་ཡག་པོ་ཡོང་རྒྱུ་རེད། དེ་མིན་མི་དགེ་བ་ལ་མཚམས་སྦྱར་ན་སྐྱེ་བ་ཕྱི་མར་ངན་འགྲོར་འགྲོ་བའི་གནས་སྟངས་ཡོད་པ་ཡིན་སྟབས། འཆི་ཁ་མའི་སེམས་དེ་དངངས་སྐྲག་མེད་པ་དང་། ཁོང་ཁྲོ་སོགས་མི་སྐྱེ་བའི་ཐབས་ཤེས་བྱེད་དགོས་པ་གལ་ཆེན་པོ་རེད། ཡང་ཟུག་གཟེར་དྲག་པོ་ཡོད་མཁན་དེ་འདྲ་ཡིན་ན་ཟུག་བཅག་སྨན་སོགས་ཀྱིས་ཟུག་གཟེར་ཏོག་ཙམ་ཆུང་བ་བྱུང་ན། འཆི་བའི་སྐབས་སུ་གནད་གཅོད་ཀྱི་སྡུག་བསྔལ་ཆུང་བ་ཡོང་བའི་རེ་བ་ཡོད་པ་ཡིན་སྟབས། འཆི་ཁར་འཁྲིས་ལ་བསྡད་མཁན་གྱི་རོགས་པ་དེ་ཚོས་སྐྱོང་སྟངས་མཁས་པོ་དགོས་པ་འདི་གལ་ཆེན་པོ་ཡིན་པ་གསུངས་ཡོད།

            འཆི་ཚུལ་རགས་པ་ཞིག་ང་ཚོའི་མིག་གིས་མཐོང་རྒྱུ་ཡོད་ཅིང་། འཆར་ཅན་འབྲེལ་འདྲིས་ཡོད་པའི་གང་ཟག་ཅིག་ཤི་བའི་རྗེས་སུ་དེའི་ཕུང་པོ་ནི་མེར་བསྲེག་བཏང་བའམ་ས་ལ་སྦས་པ་སོགས་ལ་བརྟེན་གོ་རྒྱུ་ཚོར་རྒྱུ་མེད་པ་ཆགས་འགྲོ་གི་རེད། དངོས་གནས་གང་ཟག་དེ་གཏན་མེད་དུ་ཕྱིན་པ་ཡིན་ནམ། ཡང་ན་དེའི་སེམས་རྒྱུད་ཀྱི་རྣམ་པར་ཤེས་པ་དེ་སྐྱེ་བ་གཞན་བླངས་ནས་འགྲོ་གི་ཡོད་ཅེས་པ་འདི་ཧ་ཅང་གི་དཀའ་བའི་དྲི་བ་ཞིག་དང་། ལས་སླ་པོས་རྟོགས་མི་ཐུབ་པའི་དྲི་བ་ཞིག་རེད། དེར་བརྟེན་རྒྱ་གར་གྱི་གནའ་བོའི་གྲུབ་མཐའ་སྨྲ་བ་ལ་མཚོན་ན། རྒྱ་གར་ནང་གནའ་རབས་ཀྱི་གྲུབ་མཐའི་རྣམ་བཞག་ཤོད་མཁན་བརྒྱད་དགུ་ཞིག་ཡོད་པ་ལས། སྐྱེ་བ་སྔ་ཕྱི་མེད་པ་དང་། འཆི་བའི་སྐབས་སུ་ཆ་ཚང་རྫོགས་པ་རེད་ཅེས་འདོད་མཁན་གཅིག་མ་གཏོགས་མེད། འདི་ལ་རྒྱང་འཕེན་པའམ་ཚུ་རོལ་མཐོང་བ་ཞེས་བརྗོད། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པའི་རྒྱུ་མཚན་གང་བཀོད་ཀྱི་ཡོད་ཅེ་ན། འབྱུང་བ་ལ་བརྟེན་ནས་ཕུང་པོ་གྲུབ་པ་དེའི་ནང་ཕུང་པོ་ལྔ་ཆར་གྲུབ་པའི་ནུས་པ་ཡོད། སྲོག་ཆགས་གང་ཡིན་ནའང་དེའི་ཕུང་པོ་འབྱུང་བ་ལ་བརྟེན་ནས་གྲུབ་ཀྱི་ཡོད། དེ་ཡང་གློ་བུར་བ་ཞིག་ལ་ཡོང་གི་ཡོད། འདིའི་རྒྱུ་འདི་འདྲ་ཞིག་དགོས་ཞེས་རྒྱུ་མཚན་བཤད་རྒྱུ་གང་ཡང་མེད། འབྱུང་བ་འདུས་པའི་སྟབས་འགྲིགས་ན་མིའི་ལུས་རྟེན་དང་དུད་འགྲོའི་ལུས་རྟེན་སོགས་གྲུབ་པ་ཡིན། དེ་དང་ཆབས་ཅིག་ཏུ་རྣམ་པར་ཤེས་པའང་གྲུབ་པ་རེད། དེར་བརྟེན་ཕུང་པོ་གཞན་གྱི་རྒྱུན་འགགས་པ་དང་མཉམ་དུ་རྣམ་པར་ཤེས་པའི་རྒྱུན་ཡང་འགགས་པ་རེད། དེས་ན་སྐྱེ་བ་སྔ་ཕྱི་མེད་ཅེས་འདོད། དེ་མིན་གྲུབ་མཐའ་སྨྲ་བ་ཚང་མས་སྐྱེ་བ་སྔ་ཕྱི་ཡོད་པར་འདོད། སྐྱེ་བ་ཕྱི་མ་དེའང་ཐར་པ་ཐོབ་པའི་སྐབས་སུ་ཇི་ལྟར་འགྲོ་མིན་འདྲ་མིན་སྣ་ཚོགས་ཡོད་རེད་མ་གཏོགས། གང་ལྟར་རྣམ་པར་ཤེས་པ་དེ་ཐོག་མ་མེད་པར་ཚང་མས་འདོད་ཀྱི་ཡོད། ཡིན་ནའང་རྣམ་པར་ཤེས་པ་ལ་ཐ་མ་ཡོད་མེད་ཀྱི་འདོད་ཚུལ་མི་འདྲ་བ་ཁ་ཤས་ཡོད། ནང་པའི་ནང་དུའང་རྣམ་ཤེས་ཀྱི་རྒྱུན་ཆད་པར་འདོད་མཁན་གྱི་གྲུབ་མཐའ་སྨྲ་བ་རེ་གཉིས་ཡོད། དེར་བརྟེན་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་མཁན་གྱིས་ཚེ་འདིའི་མངོན་འདོད་ཙམ་མ་ཡིན་པར་སྐྱེ་བ་ཕྱི་མའི་མངོན་འདོད་བསྒྲུབ་རྒྱུ་འདི་གལ་ཆེན་པོ་ཡིན་པ་དང་། དེའི་དབང་གིས་ཚེ་འདིའི་རིང་ལ་སྐྱེ་བ་ཕྱི་མའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད་པ་རྣམས་སྤྱིར་བཏང་གཅིག་པ་ལྟ་བུ་རེད།

            ཆོས་ལུགས་ཁ་ཤས་ཀྱི་ནང་སྐྱེ་བ་སྔ་ཕྱིའི་སྐོར་མ་བཤད་ནའང་གང་ཟག་དེ་ཚེ་འདི་ལ་གསར་དུ་གྲུབ་པ་དང་། ཤི་བའི་རྗེས་སུ་གཏན་མེད་དུ་མི་འགྲོ་བར་འཇིག་རྟེན་ཕྱི་མ་ལ་གནས་པ་བཤད་ཀྱི་ཡོད། འདི་ལ་སྐྱེ་བ་ཕྱི་མ་ཞེས་མ་བཤད་ནའང་གང་ཟག་གི་རྒྱུན་གནས་པའི་ཚུལ་དེའང་ཡག་པོ་དང་སྡུག་པོ་གནས་རྒྱུ་ལ་སོགས་པའི་རྣམ་གཞག་གསུང་གི་ཡོད། དེ་ཚོས་རྣམ་པར་ཤེས་པའི་རྒྱུན་དེ་སྔོན་ནས་ཡོང་མི་དགོས་ནའང་། མ་འོངས་པ་ལ་དེ་རྒྱུན་མི་ཆད་པར་འདོད་མཁན་གྱི་རིགས་གཅིག་ཀྱང་ཡོད། དེང་རབས་ཀྱི་ཚན་རིག་པ་ལྟ་བུ་ལ་མཚོན་ན། ཚན་རིག་པ་ང་རྒྱལ་ཆེ་བ་དེ་ཚོས་སྐྱེ་བ་སྔ་ཕྱི་མེད་ཅེས་ཐག་བཅད་ནས་བཤད་ཀྱི་ཡོད། མེད་པ་དེ་ཚན་རིག་གི་ཞིབ་འཇུག་ཐོག་ནས་ངེས་པ་རྙེད་པ་རེད་དམ་ཞེ་ན། དེ་འདྲའི་ཞིབ་འཇུག་དང་ཚོད་བལྟ་བྱས་ནས་ངེས་པ་རྙེད་པ་བྱུང་བའི་གནས་སྟངས་ད་ལྟ་ངས་ཤེས་ཀྱི་མེད། དེང་རབས་ཀྱི་ཚན་རིག་པ་མང་པོ་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་བགྲོ་གླེང་དང་དྲི་བ་མང་པོ་གནང་མཁན་གྱི་རིགས་ཅིག་ཡོད། དེ་ཚོའི་ནང་ནས་མང་ཆེ་བས་སྐྱེ་བ་སྔ་ཕྱི་མེད་པ་དེ་ཐག་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་རེད་ཅེས་དྲང་བདེན་གྱི་གནས་ཚུལ་གསུང་གི་ཡོད། ལྷག་པར་དུ་ཀླད་པའི་ཚན་རིག་པའི་ནང་ནས་དེ་སྔ་ཡིན་ན་སེམས་དང་ཀླད་པ་ཟེར་བ་འདི་གཅིག་པ་མ་གཏོགས། ཀླད་པའི་ཆ་ཤས་ལས་གཞན་པའི་སེམས་ཟེར་བའི་དངོས་པོ་ཞིག་ཡོད་པ་དེང་རབས་ཀྱི་ཀླད་པའི་ཚན་རིག་པས་འདོད་ཀྱི་མེད། ད་ལྟ་གནས་ཚུལ་མང་པོ་ལ་ཞིབ་འཇུག་བྱས་པ་དང་། ལྷག་པར་དུ་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་གྱི་ཀླད་པའི་འགྱུར་བགྲོས་ལ་བརྟག་དཔྱད་བྱས་པའི་གྲུབ་འབྲས་སུ་ཀླད་པ་ལས་གཞན་པའི་སེམས་ཟེར་བ་ཞིག་མེད་ཅེས་ཐག་གཅད་རྒྱུ་ཁག་པོ་ཡིན་པ་དེ་ཁོང་ཚོས་ངོས་ལེན་གནང་གི་ཡོད། དེ་ཚོའི་ཐོག་ཏུ་ཡིག་ཆ་དང་དེབ་ཁ་ཤས་ཐོན་ཡོད། དེ་ཙམ་དུ་མ་ཟད་ཀླད་པའི་ནང་ཡོད་པའི་ལུས་ཀྱི་ཆ་ཤས་བཞིན་བསམ་བློ་དང་མཉམ་དུ་འགྲོ་མཁན་གྱི་དབང་པོའི་ཆ་ཤས་དེ་འདྲ་སྙིང་གི་ནང་དུའང་རྙེད་ཀྱི་འདུག་ཅེས་བཤད་མཁན་ཡོད། འདི་ནི་སྐད་ཆ་གསར་པ་ཞིག་རེད། འོན་ཀྱང་དེ་ཚོ་ད་ལྟ་སྤྱི་ཡོངས་ཀྱི་ཚན་རིག་གི་རྒྱུན་དེའི་ནང་སླེབས་ཐུབ་ཀྱི་མེད། དྲང་བདེན་གྱི་ཚན་རིག་པ་ཚོས་སྐྱེ་བ་སྔ་ཕྱི་མེད་པ་དེ་ཚན་རིག་གི་ཐོག་ནས་ཐག་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་ཡིན་པ་དེ་མཐོང་གི་ཡོད། དེ་ཙམ་དུ་མ་ཟད་དེང་སང་གསར་དུ་དར་བའི་ Quantum physics གྱིས་དངོས་པོ་དང་ཤེས་པའི་གནས་སྟངས་དེ་ཧ་ལམ་ནང་པའི་སེམས་ཙམ་པས་འདོད་ཚུལ་དང་འདྲ་བ་ཞིག་བཤད་ཀྱི་ཡོད། གང་ལྟར་ཡུལ་ཅན་ཤེས་པ་ལ་བརྟེན་ནས་ཡུལ་གྱི་རང་བཞིན་འགྲུབ་དགོས་པ་དང་། ཡུལ་ཅན་མེད་ན་ཡུལ་གྱི་རང་བཞིན་མེད་པའི་གནས་སྟངས་དེ་ཚན་རིག་གི་ཐོག་ནས་གྲགས་ཆེན་པོས་བཤད་ཀྱི་ཡོད། འདིས་ད་དུང་མ་འོངས་པ་ལ་ཚན་རིག་ཡར་རྒྱས་ཕྱིན་ན་གནས་ཚུལ་གསར་པ་མང་པོ་རྙེད་སྲིད་ཀྱི་རེད།

            ཆོས་ཁས་མི་ལེན་མཁན་དང་དེང་རབས་ཀྱི་ཚན་རིག་པའི་ནང་རིགས་ལྟ་བུ་གཉིས་ཡོང་གི་འདུག དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་མེད་ཤེས་ཀྱི་མེད་ཅེས་བཤད་མཁན་གཅིག་དང་། སྐྱེ་བ་སྔ་ཕྱི་མེད་ཅེས་ཐག་བཅད་ནས་བཤད་མཁན་གཅིག་རེད། གལ་ཏེ་མེད་ཅེས་བཤད་མཁན་གྱིས་རྒྱུ་མཚན་དང་དཔྱད་ཞིབ་ཐོག་ནས་མེད་པ་དེ་ངེས་པ་བརྟན་པོ་ཞིག་རྙེད་ན། དེ་རང་ལ་ཆ་བཞག་ཆོག དེ་མིན་རྒྱུ་མཚན་གྱིས་གཏན་ལ་མ་ཕབ་པར་སྤྱིར་བཏང་ཚན་རིག་པའམ་ཆོས་ལ་དད་པ་མེད་མཁན་གྱིས་སྐྱེ་བ་སྔ་ཕྱི་མེད་ཅེས་བཤད་པའི་ལུགས་སྲོལ་ཙམ་ལ་བརྟེན་ནས་བཤད་ན་རྨོངས་དད་རེད། དེ་བཞིན་ཆོས་ཀྱི་རྗེས་སུ་འཇུག་མཁན་དང་ཆོས་ཀྱི་རྗེས་སུ་མི་འཇུག་མཁན་གཉིས་ཀའི་ནང་སྐྱེ་བ་སྔ་ཕྱི་ཡོད་ཅེས་བཤད་མཁན་མང་པོ་རེད། སྐྱེ་བ་སྔ་ཕྱི་ཡོད་ཅེས་བཤད་མཁན་གྱིས་ཀྱང་རིགས་པའི་ལམ་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་ངེས་པ་རྙེད་པ་མ་བྱུང་ན། ང་ཚོའི་ཆོས་ཀྱི་ནང་ལ་འདི་འདྲ་གསུངས་ཡོད་ཅེས་བཤད་པ་ཡིན་ནའང་རྨོངས་དད་རེད། དེར་བརྟེན་ཚན་རིག་གི་རྗེས་སུ་འཇུག་པའི་རྨོངས་དད་ཡིན་ནའང་རེད། ཆོས་ཀྱི་རྗེས་སུ་འཇུག་པའི་རྨོངས་དད་ཡིན་ནའང་རེད། དེ་གཉིས་ཀ་ལ་རྨོངས་དད་ཀྱི་རིན་ཐང་ཞིག་མ་གཏོགས་ཤེས་རབ་ཀྱི་རིན་ཐང་མེད། དེས་ན་ནང་པ་དེ་ཚོས་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་ནའང་སངས་རྒྱས་ཀྱིས་གསུངས་པ་དང་། སྲོལ་རྒྱུན་ལ་དེ་འདྲ་ལབ་ཀྱི་ཡོད་ཅེས་ཟེར་བ་ཙམ་ལ་མ་བཞག་པར། སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་དེ་རང་གིས་ཤེས་པའི་ཐོག་ནས་ངེས་པ་རྙེད་པ་བྱུང་ན། སྐྱེ་བ་ཕྱི་མའི་དོན་བསྒྲུབ་རྒྱུ་དེའང་ཚད་ལྡན་དང་ནུས་པ་ཆེ་བ་ཡོང་རྒྱུའི་རེ་བ་ཡོད།

            ནང་པས་སྐྱེ་བ་སྔ་ཕྱི་དེ་ཅུང་ཟད་ལྐོག་གྱུར་གྱི་གྲངས་སུ་བཞག་པ་རེད། དེ་ནི་དངོས་སྟོབས་ཀྱི་རིགས་པ་ལ་བརྟེན་ནས་སྒྲུབ་ཀྱི་ཡོད། མདོ་དང་བསྟན་བཅོས་སྣ་ཚོགས་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་རྣམ་གྲངས་མང་པོ་གསུངས་ཡོད། དེ་ཚོ་ཚང་མ་བསྡོམས་ན་རིགས་པ་གསུམ་གྱི་ནང་བསྡུས་ཆོག དེ་ཡང་དང་པོ་རིགས་འདྲ་སྔོན་སོང་གི་རིགས་པ་དང་། གཉིས་པ་མྱོང་བའམ་གོམས་པ་སྔོན་སོང་གི་རིགས་པ། གསུམ་པ་དྲན་ཤེས་ཡོད་པས་དུས་ཕྱི་དྲན་པའི་རིགས་པ་བཅས་གསུམ་གྱི་སྒོ་ནས་སྐྱེ་བ་སྔ་མ་ཡོད་པ་དེ་སྔོན་ལ་སྒྲུབ་པ་ཡིན། སྐྱེ་བ་སྔ་མ་ཡོད་པ་དེ་རིགས་པས་བསྒྲུབས་ན། རིགས་པ་དེའི་འགྲོས་ཀྱིས་སྐྱེ་བ་ཕྱི་མ་ཡོད་པའང་རིགས་འདྲ་རྗེས་བྱུང་གི་རིགས་པ་ལ་བརྟེན་ནས་བསྒྲུབས་པ་རེད། དེས་ན་རིགས་པ་དང་པོ་རིགས་འདྲ་སྔོན་སོང་གི་རིགས་པ་དེ་གང་རེད་ཅེ་ན། རྣམ་པར་ཤེས་པ་སྟེ་གསལ་ཞིང་རིག་པའི་ཤེས་པ་དེ་གསལ་ཞིང་རིག་པ་མ་ཡིན་པའི་བེམ་པོའི་དངོས་པོ་རིགས་མི་མཐུན་པ་གཅིག་གིས་ཉེར་ལེན་བྱས་ནས་གསར་དུ་འགྲུབ་རྒྱུ་མེད། རྒྱུ་དང་རིགས་མཐུན་པའི་འབྲས་བུ་མ་གཏོགས། རིགས་མི་མཐུན་པའི་རྒྱུ་ལས་རིགས་མི་མཐུན་པའི་འབྲས་བུ་མི་སྐྱེ་བ་དེ་དངོས་པོའི་གཤིས་ལུགས་རེད། དེར་བརྟེན་གསལ་ཞིང་རིག་པའི་ཤེས་པ་ཞིག་ཡིན་ཕྱིན་ཆད་དེའི་ཉེར་ལེན་གྱི་རྒྱུ་གསལ་ཞིང་རིག་པ་མ་ཡིན་པའི་རགས་པའི་དངོས་པོའམ་བེམ་པོའི་དངོས་པོ་ཞིག་གིས་གསལ་ཞིང་རིག་པའི་ངོ་བོ་ལ་འགྱུར་མི་ཐུབ་པ་དེ་སྒྲུབ་ཀྱི་ཡོད། དེ་འགྱུར་མ་ཐུབ་པ་གང་རེད་ཅེ་ན། གལ་ཏེ་དེ་འགྱུར་ཐུབ་ཀྱི་ཡོད་ན། རྣམ་པ་ཐམས་ཅད་དང་ཕྱོགས་ཐམས་ཅད་དུ་ཤེས་པ་ཡོད་དགོས་པ་དང་། ཡང་ན་གང་ལའང་ཤེས་པ་མེད་དགོས། ཤེས་པ་དེ་རེས་འགའ་ཡོང་བའི་རྒྱུ་མཚན་གང་རེད་ཅེ་ན། ཤེས་པའི་རྒྱུ་ལ་ཤེས་པ་རང་གི་རིགས་དང་མཐུན་པ་ཞིག་དགོས་པ་མ་གཏོགས། ཤེས་པ་རང་གི་རིགས་དང་མི་མཐུན་པའི་རྒྱུ་ཞིག་གིས་ཤེས་པ་སྐྱེ་མི་ཐུབ་པ་དེའི་དབང་གིས་ཤེས་པ་གསལ་ཞིང་རིག་པའི་རང་བཞིན་དེ་སྐྱེ་བའི་ཉེར་ལེན་གྱི་རྒྱུ་དེའང་ཤེས་པ་དེ་དང་རིགས་མཐུན་པའི་གསལ་ཞིང་རིག་པའི་རིག་པ་སྔ་མ་ཞིག་སྔོན་དུ་འགྲོ་དགོས། དེ་ནི་རིགས་འདྲ་སྔོན་སོང་གི་རིགས་པས་སྒྲུབ་ཚུལ་རེད།

            རིགས་པ་གཉིས་པ་གོམས་པའམ་མྱོང་བ་སྔོན་སོང་གི་རེིགས་པ་དེ་གང་རེད་ཅེ་ན། མི་དང་དུད་འགྲོ་སོགས་སྲོག་ཆགས་ག་འདྲ་ཡིན་ནའང་ཕྲུ་གུ་སྐྱེས་མ་ཐག་ནས་ཨ་མའི་ནུ་མ་ནུ་རྒྱུ་སོགས་གོམས་གཤིས་སྣ་ཚོགས་མཐོང་རྒྱུ་ཡོད། གནས་ཚུལ་མང་པོ་ཞིག་བསླབ་མི་དགོས་པར་ཕྲུ་གུ་སྐྱེས་ཙམ་མིག་མ་ཕྱེ་གོང་ནས་ཨ་མའི་ནུ་མ་གང་དུ་ཡོད་མེད་དང་། ཇི་ལྟར་ནུ་དགོས་པ། འཁྱག་པ་དང་ཚ་བའི་སྐབས་སུ་ཇི་ལྟར་བསྐྱབ་དགོས་པ་སོགས་དང་། དེ་ནས་ཕྲན་བུ་ལོང་བའི་སྐབས་སུ་སྡིག་པ་ལ་གོམས་པ་ཞིག་ཡིན་ན་སྡིག་པའི་བྱ་བ་ལ་ངམ་ངམ་ཤུགས་ཀྱིས་འཇུག་པ་དང་། དགེ་བའི་བྱ་བ་ལ་གོམས་པ་ཞིག་ཡིན་ན་དགེ་བའི་བྱ་བ་ལ་དགའ་སྣང་དང་ངམ་ངམ་ཤུགས་ཀྱིས་འཇུག་པ་སོགས་གོམས་གཤིས་མང་པོ་ཞིག་མཐོང་རྒྱུ་ཡོད། གོམས་གཤིས་དེ་དག་ནི་ཚེ་འདི་ལ་བྱུང་བ་མིན་པར། སྐྱེ་བ་སྔོན་མ་ནས་བྱུང་བ་ཡིན་པ་ལ་ཚེ་འདིར་སྐྱེས་མ་ཐག་པ་ནས་མཐོང་གི་ཡོད། ཚེ་འདིར་བྱུང་བ་ཡིན་ན་སྔོན་ལ་ཚེ་འདིའི་གོམས་གཤིས་དེ་ཉམས་མྱོང་བསགས་ཏེ་གཞི་ནས་ཡོང་དགོས་པ་ཞིག་རེད། དེས་ན་སྐྱེས་མ་ཐག་ནས་ཡོད་པའི་གོམས་གཤིས་དེ་ཚོས་གང་མཚོན་གྱི་ཡོད་ཅེ་ན། འདི་ལྟ་བུའི་གོམས་གཤིས་ཡོང་བའི་སྐྱེ་བ་སྔོན་མ་ཡོད་པ་དེ་སྒྲུབ་ནུས་ཀྱི་ཡོད།

            གསུམ་པ་དྲན་པ་ཡོད་པའི་རྒྱུ་མཚན་དེ་རེད། འདི་ནི་རིགས་པའི་རྣམ་གཞག་མ་ཡིན་པར་མངོན་སུམ་ལ་གནོད་པ་བཏོན་རྒྱུ་ལྟ་བུ་རེད། སྐྱེ་བ་སྔ་མ་ཧ་ཅང་གསལ་པོ་དྲན་མཁན་མང་པོ་ཡོང་གི་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་གྱི་ནང་ཕྲུ་གུ་གསུམ་བཞི་བྱུང་སོང་། འདི་ནི་མངོན་ཤེས་སོགས་ཀྱི་སྐད་ཆ་གང་ཡང་མ་རེད། ལས་དང་སྨོན་ལམ་གྱི་དབང་གིས་རང་གི་སྐྱེ་བ་སྔ་མ་དྲན་མཁན་སྐྱེ་བོ་ཕལ་པའི་ནང་དུའང་ཡོང་གི་ཡོད་ལ། སྐྱེས་བུ་དམ་པའི་ནང་དུའང་ཡོང་གི་ཡོད། བར་ལམ་སྐྱེ་བ་སྔ་མ་དྲན་པའི་རྭ་འཕྲོད་བྱུང་བའི་བྱུང་བ་མང་པོ་བསྡུས་ནས་དེབ་ལ་པར་བརྒྱབས་པ་དེ་འདྲའང་ཡོད། གལ་ཏེ་དྲན་པ་དེ་དངོས་སུ་རྭ་འཕྲོད་པའི་སྐབས་སུ། འདི་བདེན་པ་མ་རེད་ཅེས་བཤད་ན་མངོན་སུམ་ལ་བསྙོན་པ་རེད། ཡིན་ནའང་དེང་སང་ཚན་རིག་པས་དེ་ཚོ་ལ་བསམ་བློའི་འགྲོ་སྟངས་ (Psychologically) ཤིག་གི་ཐོག་ནས་འདི་འདྲ་ཡོང་གི་ཡོད་ཅེས་འགྲེལ་བཤད་བརྒྱབ་རྒྱུའི་ཐབས་ཤེས་ལྟ་བུ་བཙལ་གྱི་ཡོད་ཀྱང་། དེ་ནི་ཡིད་ཆེས་རྙེད་ཐུབ་པའི་འགྲེལ་བཤད་ཅིག་ཏུ་ཧ་ཅང་འགྲོ་ཁག་པོ་རེད། གང་ལགས་ཤེ་ན། སྐྱེ་བ་སྔ་མ་དྲན་མཁན་མང་པོ་བྱུང་བ་བཞིན་ཞིབ་འཇུག་བྱེད་པའི་སྐབས་སུ་རྭ་འཕྲོད་ཀྱི་ཡོད། དེ་ལ་ཡང་བསྐྱར་འགྲེལ་བཤད་བརྒྱབ་རྒྱུའི་འབད་རྩོལ་བྱེད་པ་ལས། འདི་བདེན་པ་རེད་འདུག་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད།

            སྐྱེ་བ་སྔ་མ་དྲན་ཚུལ་འདི་དང་ཕྲན་བུ་མི་འདྲ་བ་ཞིག་དེང་སང་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད། དེ་ནི་བསམ་བློའི་སྨན་བཅོས་ (Psychotherapy) བྱེད་མཁན་གྱིས་ནད་པ་ལ་སྒྱུ་མའི་རྫས་ལ་སོགས་པས་བསམ་བློ་བསླད་ (Hypnotize) ནས་ཕྲུ་གུ་ཆུང་ཆུང་སྐབས་ཀྱི་གནས་ཚུལ་བསམ་དུ་བཅུག་པ་དང་། དེ་ནས་རིམ་པས་སྐྱེ་བ་སྔ་མ་ལ་བལྟ་རུ་བཅུག་གི་ཡོད། དེ་ཚོའི་ནང་ཁ་ཤས་ཚེ་འདིའི་ནད་ཀྱི་རྒྱུ་རྐྱེན་སྐྱེ་བ་སྔོན་མ་ནས་བསགས་པ་དང་། དེ་ལ་སྨན་བཅོས་བྱེད་པའི་སྐབས་སུ་ཚེ་འདིའི་ནད་དེ་དྲག་པ་ཡོང་གི་ཡོད། ཡིན་ནའང་དེ་འདྲ་བའི་བློ་ལ་འཁྲུལ་དུ་བཅུག་ནས་སྐྱེ་བ་སྔ་མ་དྲན་དུ་བཅུག་པ་རྣམས་ཡང་དག་པ་ཡིན་འགྲོ ཡང་ན་བསམ་པའི་འཁྲུལ་སྣང་ཡིན་འགྲོ་ཐག་གཅོད་ཐུབ་ཁག་པོ་རེད། གང་ལགས་ཤེ་ན། འདི་དག་དངོས་ཡོད་གནས་ཚུལ་ཡིན་མིན་བསྐྱར་ཞིབ་བྱེད་ས་དང་། རྭ་འཕྲོད་མིན་བལྟ་ས་གང་ཡང་མེད། འོན་ཀྱང་ཕྲུ་གུ་ཆུང་ཆུང་སྐྱེ་བ་སྔ་མ་དྲན་མཁན་རྣམས་ཚད་ལྡན་མིན་མིན་དབྱེ་བ་ཕྱེ་ཐུབ་པ་ཞིག་རེད།

            ནང་པའི་གཞུང་ནས་སྐྱེ་བ་སྔ་ཕྱི་ཡོད་པ་བཤད་པ་ཙམ་དུ་མ་ཟད། སྐྱེས་བུ་ཆུང་ངུའི་ལས་འབྲས་ཀྱི་རྣམ་གཞག་ནས་བཟུང་སྟེ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་བར་གྱི་ནང་པའི་ཆོས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་པ་སྐྱེ་བ་སྔ་ཕྱི་ཡོད་པ་གཞིར་བཞག་ནས་འགྲོ་དགོས་པ་ཤ་སྟག་རེད། དེར་བརྟེན་ནང་པའི་རྗེས་འཇུག་གི་ཆོས་པ་ཞིག་ཡིན་ན་ངེས་པར་དུ་སྐྱེ་བ་སྔ་ཕྱི་དེ་རིགས་པའི་ལམ་ནས་བརྟག་དཔྱད་ཀྱིས་ཡོད་པ་དེ་རང་གིས་ངེས་པ་འདྲོང་བ་ཞིག་བྱེད་དགོས། སངས་རྒྱས་ཀྱིས་གསུངས་པ་དང་ལུང་ནང་དུ་ཡོད་ཅེས་ལུང་ཙམ་ལ་སྐྱབས་སུ་མཆིས་པ་མ་ཡིན་པར། རིགས་པའི་སྒོ་ནས་སོ་སོས་ངེས་པ་རྙེད་པ་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་བྱུང་བ་ཡིན་ན་སྐྱེ་བ་ཕྱི་མའི་གྲ་སྒྲིག་བྱེད་རྒྱུ་དེའང་རང་བཞིན་གྱིས་ནུས་པ་ཆེ་བ་དང་མྱུར་བ་ཡོང་རྒྱུ་རེད།

            སྐྱེ་བ་སྔ་ཕྱི་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་པ་ཞིག་རྙེད་ན། སྐྱེ་བ་ཕྱི་མར་ངན་སོང་དུ་སྐྱེ་ན་སྡུག་བསྔལ་ཡོད་པ་དང་། སྐྱེ་བ་ཕྱི་མར་བདེ་འགྲོའི་གོ་འཕང་ཞིག་ཐོབ་ན། ཆོས་བྱེད་རྒྱུ་དང་ལམ་བསྒྲུབ་རྒྱུར་ས་ཆོད་ཆེ་བ་ཤེས་ནས་ཕྱི་མའི་དོན་བསྒྲུབ་རྒྱུ་དང་། ཚེ་འདི་ལ་བསགས་པའི་ལས་ཀྱི་འབྲས་བུ་སྐྱེ་བ་ཕྱི་མར་མྱོང་དགོས་ཀྱི་རེད་བསམ་པའི་ངེས་པ་དྲངས་པའི་ཐོག་ནས་ལས་འབྲས་ཚུལ་བཞིན་དུ་བསྲུང་རྒྱུ། དེ་ལ་བརྟེན་ནས་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་རྒྱུ་ལ་སོགས་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་རྒྱུ་ཡིན་ནའང་རེད། དེ་ནས་སྐྱེ་བ་ཕྱི་མ་གང་དུ་སྐྱེ་ནའང་ཁམས་གསུམ་འཁོར་བ་འདི་ལས་མ་ཐར་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་མ་གཏོགས་མེད་པས། འཁོར་བའི་ནང་སླར་སྐྱེ་མི་དགོས་པ་བྱེད་དགོས་ཀྱི་འདུག་བསམ་པའི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་རྒྱུ་ཡིན་ནའང་རེད། དེ་བཞིན་སྐྱེ་བ་ཐོག་མ་མེད་པ་ནས་རང་ལ་དྲིན་གྱིས་བསྐྱངས་པའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བ་ལ་ཇི་མི་སྙམ་པར་བཞག་ནས་རང་ཉིད་ཙམ་ཐར་པ་སྒྲུབ་པས་མི་འགྲིགས་བསམ་པའི་སྙིང་རྗེས་ཀུན་ནས་བསླངས་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་མཁན་ཞིག་ཡིན་ནའང་རེད། སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་པ་འདི་མར་ཤེས་ཀྱི་བསམ་བློ་ཚད་ལྡན་ཡོང་བ་ལའང་མེད་དུ་མི་རུང་བ་རེད། དེར་བརྟེན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གང་འདྲ་ཞིག་ལ་སློབ་མཁན་ཡིན་པ་དང་། ལྷག་པར་དུ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་སློབ་མཁན་རྣམས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ཟེར་བ་འདི་སྐྱེ་བ་མང་པོ་བརྒྱུད་དགོས་པའི་གནས་སྟངས་ཤིག་རེད་མ་གཏོགས། སྐྱེ་བ་གཅིག་གི་ནང་དུ་ཚར་རྒྱུའི་གནས་སྟངས་ཤིག་མེད། དེས་ན་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་པའི་ཐབས་འདི་ཆོས་ཀྱི་གཞི་རྩ་ལྟ་བུ་དང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གང་ལ་སྦྱང་ནའང་གལ་ཆེ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས། དེའི་ཐོག་བསམ་ཞིབ་ལེགས་པར་བྱེད་ན་ཡག་པོ་ཡོད།

འཆི་བའི་རྗེས་སུ་གང་ཟག་དེ་མེད་པ་ཆགས་རྒྱུ་མེད་པར་སྐྱེ་བ་ཕྱི་མ་བླང་དགོས་པ་རིགས་པའི་ལམ་ནས་ངེས་པ་རྙེད་ན། སྐྱེ་བ་ཕྱི་མ་དེ་གང་འདྲ་ཞིག་ལ་འགྲོ་དང་མི་འགྲོ་དེ་ད་ལྟའི་གནས་སྐབས་སུ་སོ་སོའི་ལག་པར་ཡོད་པ་ཞིག་རེད། སྐྱེ་བ་ཕྱི་མ་བདེ་འགྲོར་སྐྱེ་བའི་ཆེད་དུ་དགེ་བའི་ལས་བསགས་པ་དང་། མི་དགེ་བའི་ལས་རྣམས་བཤགས་སྡོམ། བདེ་འགྲོར་སྐྱེ་བའི་སྨོན་ལམ་སོགས་བྱེད་ན་ལྷ་དང་མིའི་གོ་འཕང་འཐོབ་རྒྱུ་དང་། དེ་མིན་ཤི་ཁར་མི་དགེ་བའི་ལས་ལ་གསོས་བཏབ་ན་ངན་སོང་གི་གནས་སུ་སྐྱེ་རྒྱུ་ཡིན་པ་ནི་ལས་འབྲས་ཀྱི་རྣམ་གཞག་མི་འཆོལ་བ་ཡིན་སྟབས། རང་བཞིན་གྱིས་ཐག་ཆོད་པ་ཞིག་རེད། ལྷག་པར་དུ་སྐྱེ་བ་ཕྱི་མ་མངོན་མཐོར་སྐྱེ་བའི་རྒྱུའི་གཙོ་བོ་ལྟ་བུ་དེ་ཚུལ་ཁྲིམས་རེད། ནང་པའི་རྗེས་འཇུག་རྣམས་ཀྱིས་ཡན་ལག་ལྔ་དང་། དགེ་བསྙེན་ཕ་མ། བསྙེན་གནས་བཅས་ཉིན་ཞག་ཕྲུགས་གཅིག་གི་མཐའ་ཅན་གྱི་ཚུལ་ཁྲིམས་དང་། ཇི་སྲིད་འཚོའི་མཐའ་ཅན་གྱི་ཚུལ་ཁྲིམས་སོགས་ཅི་རིགས་ཡོད་པ་རྣམས་ཉམས་ལེན་དང་། སྡིག་སྤོང་དགེ་སྒྲུབ་བྱེད་ན། སྐྱེ་བ་ཕྱི་མ་བདེ་འགྲོར་སྐྱེ་རྒྱུ་འདི་ངེས་པ་རྙེད་པ་ལྟ་བུ་རེད།

            ནང་པའི་རྗེས་འཇུག་སངས་རྒྱས་འོད་དཔག་མེད་ལ་དད་པ་བྱེད་མཁན་དང་། འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་མདོ་ལ་སོགས་པ་ཀློག་མཁན། རྒྱུན་དུ་འོད་དཔག་མེད་ཀྱི་མཚན་སྔགས་འདོན་མཁན་བཅས་ཤི་ཁར་འོད་དཔག་མེད་ཀྱི་མཚན་སྔགས་ཐོས་པ་དང་། འོད་དཔག་མེད་ཀྱི་སྐུ་མཇལ་བ་ལ་སོགས་པ་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དུ་འགྲོ་བའི་ཏན་ཏན་རེ་བ་བྱེད་རྒྱུ་ཡོད། རེ་བ་བྱེད་རྒྱུ་སུ་ལ་ཡོད་དམ་ཞེ་ན། རྒྱུན་དུ་ཆོས་དང་མཐུན་པའི་བྱ་བ་བྱེད་མཁན་དང་། སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་ཚུལ་བཞིན་བྱེད་མཁན། དགེ་བ་གསོག་མཁན་རིགས་རྣམས་ཤི་ཁར་ངེས་པར་དུ་འོད་དཔག་མེད་ལ་གསོལ་བ་བཏབ་ན་འོད་དཔག་མེད་ཀྱི་ཞིང་ལ་འགྲོ་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ཏུ་ཁ་སང་ཞུས་པ་བཞིན་འཕོ་བའི་ཉམས་ལེན་དེ་རེད། ད་ལྟའང་འཕོ་བའི་ཉམས་ལེན་གྱི་རྒྱུན་ཡོད་མུས་རེད། དེ་དག་མང་ཆེ་བས་འོད་དཔག་མེད་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དུ་འཕོ་བ་དང་།  དག་པ་མཁའ་སྤྱོད་ལ་འཕོ་བ། དགའ་ལྡན་ཡིད་དགའ་ཆོས་འཛིན་ལ་འཕོ་བ་བཅས་དེང་སང་གྲགས་ཆེ་བའི་འཕོ་བའི་ཉམས་ལེན་གསུམ་རེད།

སྤྱིར་བཏང་དག་པའི་ཞིང་ལ་དག་ཚུལ་མི་འདྲ་བ་གཉིས་རེད། སོ་སོ་སྐྱེ་བོས་དག་པའི་དག་ཞིང་དང་། ངན་འགྲོའི་སྐྱེ་གནས་ཀྱིས་དག་པའི་དག་ཞིང་བཅས་རེད། བདེ་བ་ཅན་དང་། དག་པ་མཁའ་སྤྱོད། དགའ་ལྡན་སོགས་ངན་འགྲོས་དག་པའི་དག་ཞིང་རེད་མ་གཏོགས། སོ་སོ་སྐྱེ་བོས་དག་པའི་དག་ཞིང་མ་རེད། དེ་ཚོའི་ནང་དུ་ང་ཚོས་སྐྱེ་བ་བླང་རྒྱུའི་འབད་རྩོལ་བྱེད་ན་ཏན་ཏན་སྐྱེ་བ་ལེན་ཐུབ་ཀྱི་རེད། སོ་སྐྱེས་དག་པའི་དག་ཞིང་འོག་མིན་སྟུག་པོའི་བཀོད་པའི་ཞིང་ལ་སོགས་པ་ཡིན་ན་འཕགས་པས་མ་གཏོགས་སོ་སོ་སྐྱེ་བོས་སྐྱེ་བ་བླང་མི་ཐུབ། དེས་ན་འཕོ་བའི་ཉམས་ལེན་བྱེད་མཁན་དང་། སྐྱེ་བ་ཕྱི་མ་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་གང་རུང་ལ་སྐྱེ་རྒྱུའི་འབད་རྩོལ་བྱེད་མཁན་ཡིན་ན། རྒྱུན་དུ་དགེ་བ་བྱེད་པའི་སྐབས་སུ་སྐྱེ་བ་ཕྱི་མར་དག་པའི་ཞིང་འདི་འདྲ་ཞིག་ཏུ་སྐྱེ་བར་ཤོག་ཅེས་ཉིན་ལྟར་སྨོན་ལམ་བརྒྱབ་རྒྱུ་དང་། དེའི་ཡི་དམ་གྱི་ལྷ་སངས་རྒྱས་གང་ཡིན་ནའང་དེའི་སྐུ་བསྒོམ་རྒྱུ། ལྷག་པར་དུ་དགོང་མོ་ཉལ་ཁར་གཉིད་དུ་མ་འགྲོ་བའི་གོང་དུ་གསོལ་བ་འདེབས་པ་སོགས་བྱེད་ན། འཆི་བའི་སྐབས་སུ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད།

            ནང་པ་ལས་གཞན་པའི་ཆོས་ལུགས་གཞན་པའི་རྗེས་འཇུག་ཡིན་ན། སྐྱེ་བ་ཕྱི་མའམ་འཇིག་རྟེན་ཕྱི་མའི་དོན་སྒྲུབ་སྟངས་དེ་སོ་སོའི་ཆོས་ཀྱི་གཞུང་ལུགས་ནས་གསུངས་པ་བཞིན་སློབ་སྦྱོང་བྱས་ཏེ་ཉམས་སུ་བླང་དགོས། ཆོས་ལུགས་གང་གི་རྗེས་སུ་འབྲངས་པ་ཡིན་ནའང་དབང་རྣོན་དད་པའི་རྗེས་འབྲང་གིས་དད་པ་བྱེད་སྟངས་ཤིག་ཡོད་རེད། དེ་ཡང་ཆོས་ཤེས་པའི་སྒོ་ནས་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། སྤྱིར་བཏང་ཆོས་ལུགས་གང་འདྲ་ཡིན་ནའང་འགྲོ་བའི་ཕན་བདེ་སྒྲུབ་མཁན་གཅིག་པ་རེད་མ་གཏོགས། ཆོས་ལུགས་ཁ་ཤས་བཟང་བ་དང་ཁ་ཤས་ཞན་པ། དེ་བཞིན་ཁ་ཤས་མཐོ་བ་དང་ཁ་ཤས་དམའ་བ་གང་ཡང་མེད། སེམས་ཅན་གྱི་ཁམས་དང་བསམ་པ་དང་མོས་པ་སྣ་ཚོགས་ཡོད་པ་བཞིན་ཆོས་དེའང་སྣ་ཚོགས་ཡོང་དགོས་པ་འདི་རང་བཞིན་རེད་མ་གཏོགས། རྣམ་པ་མི་འདྲ་བ་ཡོང་བའི་ཆེད་དུ་ཆོས་ལུགས་མང་པོ་བཟོས་པ་ཞིག་གང་ཡང་མིན། ཆོས་ལུགས་གཅིག་གིས་འགྲོ་བ་ཡོངས་རྫོགས་ཀྱི་དོན་བྱེད་ཐུབ་ཀྱི་མེད་པར་བརྟེན། རང་གང་གི་རྗེས་སུ་འབྲང་བའི་ཆོས་དེའི་གཞུང་ནས་ཇི་ལྟར་གསུངས་པ་བཞིན་ཉམས་ལེན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སྤྱིར་བཏང་སྡིག་པ་སྤོང་དགོས་པ་དང་དགེ་བ་སྒྲུབ་དགོས་པ་འདི་ཆོས་ལུགས་ཚང་མ་གཅིག་གྱུར་ལྟ་བུ་རེད། བྱམས་དང་སྙིང་རྗེ་དེ་གཞི་རྩ་ཡིན་པ་དང་། འཚེ་བ་སྤང་དགོས་པ་དེ་ཚོའི་བསླབ་བྱ་མ་གནང་མཁན་གྱི་ཆོས་ལུགས་ཧ་ལམ་མེད་པ་ལྟ་བུ་རེད། གཅིག་གྱུར་མ་ཡིན་པའི་སོ་སོའི་ཐུན་མོང་མ་ཡིན་པའི་ཉམས་ལེན་བྱེད་ཚུལ་ཡང་མང་པོ་རེད། དེ་བཞིན་ལྷག་བསམ་རྣམ་དག་གིས་གང་གི་རྗེས་སུ་འབྲང་བའི་ཆོས་ལུགས་དེའི་ཉམས་ལེན་བཟང་པོ་ཞིག་བྱེད་ན། སྐྱེ་བ་ཕྱི་མའམ་འཇིག་རྟེན་ཕྱི་མ་དེ་ཡག་པོ་ཡོང་རྒྱུ་དང་། ངེས་གཏན་རྙེད་པ་ཞིག་ཡོང་བའི་ཡིད་ཆེས་བྱེད་ཆོག།

            ཆོས་ལ་དད་པ་མེད་མཁན་འཆི་བའི་རྗེས་སུ་རྣམ་ཤེས་རྒྱུན་ཆད་པའམ། བདག་རྒྱུན་ཆད་པར་འདོད་མཁན་ཞིག་ཡིན་ནའང་རེད། གལ་ཏེ་འཆི་བའི་རྗེས་སུ་བདག་གི་རྒྱུན་ཆད་པ་འདི་ཚན་རིག་དང་རིགས་པའི་ལམ་ནས་དངོས་གནས་ངེས་གཏན་རྙེད་པ་ཐག་ཆོད་པོ་དང་། དྭོགས་པ་མེད་པ་བྱུང་ན་སྟབས་བདེ་པོ་རེད། དེ་ནས་ཚེ་འདིའི་སེམས་ཁྲལ་མ་གཏོགས་སྐྱེ་བ་རྗེས་མའི་སེམས་ཁྲལ་བྱེད་དགོས་དོན་མེད། གལ་ཏེ་ངེས་གཏན་མེད་པར་ཕལ་ཆེར་མེད་འགྲོ་བསམ་པ་ཡིན་ན་གཟབ་གཟབ་བྱེད་དགོས་ཀྱི་རེད། དཔེར་ན། སང་ཉིན་ཆར་པ་གཏང་གི་མེད་པ་དང་། ཕྱི་ལ་འགྲོ་མི་དགོས་པ་ཐག་ཆོད་ན། ཉི་གདུགས་དང་ཆར་གོས་སོགས་གྲ་སྒྲིག་མ་བྱེད་ནའང་འགྲིག་གི་ཡོད། འོན་ཀྱང་སང་ཉིན་གཅིག་བྱས་ན་ཆར་པ་གཏང་གི་རེད། ཕྱི་ལའང་འགྲོ་དགོས་སམ་མི་དགོས་དྭོགས་པ་ཡོད་ན། ཕལ་ཆེར་དགོས་མཁོ་དེ་གྲ་སྒྲིག་བྱེད་དགོས་བྱེད་ཀྱི་རེད། དེས་ན་སྐྱེ་བ་ཕྱི་མ་མེད་པ་དང་བདག་གི་རྒྱུན་ཆད་པ་འདི་ཚན་རིག་གིས་བརྟག་དཔྱད་བྱེད་པའི་ཐོག་ནས་ངེས་པ་རྙེད་པ་ཡོད་ནའང་རེད། ཡང་ན་རིགས་ལམ་གྱིས་བརྟག་དཔྱད་བྱེད་པའི་ཐོག་ནས་ངེས་པ་རྙེད་པ་གཏན་འཁེལ་ན། ཚེ་འདིའི་སེམས་ཁྲལ་མ་གཏོགས་བྱེད་མི་དགོས། གལ་ཏེ་དྭོགས་པ་ཞིག་ཐག་གཅོད་རྒྱུ་སྔ་དྲགས་ན་གྱོང་རག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་སྔོན་ལ་སོ་སོས་མེད་བསམ་པ་འདི་ཡོད་མིན་ཞིབ་ཚགས་པོས་བརྟག་དཔྱད་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། གལ་ཏེ་འདི་བདེན་པ་ཡིན་ན་དེ་དང་མཚུངས་པར་ལག་ལེན་བྱས་ནས་འགྲོ་རྒྱུ་སྟབས་བདེ་བ་རེད། བདེན་པ་མིན་ན་དེའི་ཕྱོགས་སུའང་ཕྲན་བུ་བསམ་བློ་གཏང་དགོས་པ་འདི་རང་བཞིན་གྱིས་ཆགས་ཀྱི་རེད། དུས་ཚོད་རྫོགས་སོང་། འདིར་གཞག་རྒྱུ་ཡིན། ཉིན་རྒྱབ་མཇལ་ཡོང་། ཞེས་གསུངས། དེ་ནས་སྔ་དྲོའི་ཐུན་གྲོལ།

 

 

དྲི་བ་དྲིས་ལན།

དྲི་བ། འཆི་བའི་གྲ་སྒྲིག་ཆེད་ནམ་རྒྱུན་ཉམས་ལེན་གང་བྱེད་དགོས་སམ།

བཀའ་ལན། སྤྱིར་བཏང་ཆོས་ཀྱི་བྱ་བ་སྡིག་པ་སྤོང་རྒྱུ་དང་། དགེ་བ་བསྒྲུབ་རྒྱུ། རང་རྒྱུད་ཀྱི་ཉོན་མོངས་འདུལ་རྒྱུ་སོགས་སྐྱེ་བ་ཕྱི་མ་ཕན་ཆད་ལ་ཕན་ཐབས་ཡིན་སྟབས། འཆི་བའི་གྲ་སྒྲིག་ལྟ་བུ་རེད། དེ་ལས་ལྷག་པ་འཆི་བ་རྐྱང་པའི་དོན་དུ་དམིགས་ནས་ཉམས་ལེན་འདི་འདྲ་བྱེད་དགོས་ཞེས་ཟུར་དུ་བསྟན་རྒྱུ་གང་ཡང་མེད། སྔགས་ཀྱི་ཉམས་ལེན་བྱེད་མཁན་ཡིན་ན། གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་ལམ་དུས་ཀྱི་རྒྱལ་བའི་སྐུ་གསུམ་ལ་བསྒྱུར་རྒྱུའི་སྐུ་གསུམ་ལམ་འཁྱེར་གྱི་བསྐྱེད་རིམ་དང་། དེ་བཞིན་བསྲེ་བ་སྐོར་དགུའི་རྫོགས་རིམ་གྱི་ཉམས་ལེན་ལ་སོགས་པ་ཡོད་ཀྱང་། དེ་ནི་སྔགས་བླ་མེད་ཀྱི་སྐད་ཆ་རེད། འདི་མི་ཚང་མས་བྱེད་ཐུབ་པ་ཞིག་མ་རེད། དེས་ན་རྒྱུན་དུ་བྱེད་རྒྱུ་ནི་སྡིག་སྤོང་དགེ་སྒྲུབ་དང་། སྐྱེ་བ་ཕྱི་མར་མངོན་མཐོའི་གོ་འཕང་འཐོབ་པའི་ཆེད་དུ་ཚུལ་ཁྲིམས་བསྲུང་རྒྱུ། འཆི་བའི་སྐབས་སུ་འདི་སྣང་གི་ཞེན་ཆགས་མེད་པར་བློ་ཐག་ཆོད་པོས་འཆི་ཐུབ་རྒྱུ། དེ་བཞིན་འཆི་དུས་ལ་ངེས་པ་མེད་པར་བརྟེན། དགེ་བ་བསྒྲུབ་རྒྱུ་དང་སྡིག་པ་བཤགས་རྒྱུ་རྣམས་སང་བྱ་གནངས་བྱ་ལ་མ་ལུས་པར་འཕྲལ་དུ་ལག་ལེན་བསྟར་ཐུབ་པ་ཡིན་ན། འཆི་བའི་སྐབས་སུ་འགྱོད་པ་མེད་པ་ཡོང་རྒྱུ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོའི་གསུང་རྒྱུན་ཞིག་ཡོད་ཅིང་། ཆོས་པ་རབ་ཡིན་ན་འཆི་དུས་དགའ་པོའི་ཐོག་ནས་འཆི་བ་ཡིན། དཔེར་ན་བུ་ཕ་ཁྱིམ་དུ་ལོག་པ་ཞེས་ཕྲུ་གུ་ཞིག་ཕྱི་ནས་ཕ་ཁྱིམ་དུ་ལོག་དུས་དགའ་པོ་བྱུང་བ་ལྟ་བུ་རེད། ཆོས་པ་འབྲིང་ཡིན་ན་འཆི་བ་ལ་མི་འཇིགས་པ་ཡིན། གང་ལྟར་འཆི་ཁར་འཇིགས་སྣང་མི་ཡོང་བ་རེད། ཆོས་པ་མཐའ་མ་ཡིན་ན་འཆི་བ་ལ་མི་འགྱོད་པ་ཡིན།ངས་འདི་བྱུང་མ་སོང་། དེ་ཡང་བྱུང་མ་སོང་ཞེས་འགྱོད་པ་མེད་པ་ཞིག་དགོས། དེ་དག་བྱུང་ན་ཆོས་པ་བྱེད་པའི་གོ་ཆོད་པ་རེད་ཅེས་གསུངས།

 

དྲི་བ། ཤི་བའི་རྗེས་སུ་སོ་སོའི་ཕུང་པོ་འདི་སྦྱིན་པ་གཏང་རྒྱུ་བྱེད་ན། སྦྱིན་པ་གཏོང་མཁན་གཤིན་པོ་དེ་ལ་ཁྱད་པར་འགྲོ་མིན་ནང་པའི་ལྟ་སྟངས་གང་ཡོད་དམ།

བཀའ་ལན། ཤི་བའི་རོ་ཆགས་ནས་ལུས་ཀྱི་དོན་སྣོད་དང་ཡན་ལག་སོགས་སྦྱིན་པ་གཏང་རྒྱུ་འདི་རང་ཉིད་མ་འཆི་བའི་སྔོན་དུ་འདི་འདྲའི་སྦྱིན་པ་གཏང་དགོས་ཞེས་ཁ་ཆེམས་བཞག་པ་ཡིན་ནའང་རེད། ཡང་དེང་སང་སྔ་ས་ནས་མིག་སོགས་སྦྱིན་པ་གཏོང་ཆེད་སྨན་ཁང་ལ་ཡིག་ཆ་གཞག་རྒྱུ་ཡོད། དེ་དག་ནི་རང་ཉིད་གསོན་པའི་སྐབས་སུ་བློ་ཐག་ཆོད་པོའི་ཐོག་ནས་སྦྱིན་པ་བཏང་བ་ཡིན་སྟབས་སྦྱིན་པ་བཏང་བའི་ཕན་ཡོན་ཆ་ཚང་ཡོང་རྒྱུ་རེད། གལ་ཏེ་རང་ཉིད་གསོན་པའི་སྐབས་སུ་སྦྱིན་པ་གཏང་རྒྱུའི་ཁ་ཆེམས་སོགས་མེད་པར། འཆི་བའི་རྗེས་སུ་རྗེས་འཇུག་བྱེད་མཁན་ཚོས་སྦྱིན་པ་བཏང་ནས་དགེ་བ་དེ་གཤིན་པོ་ལ་བསྔོ་ན། རང་ཉིད་ཡོད་པའི་སྐབས་སུ་བཏང་བ་ནང་བཞིན་གྱི་དགེ་བ་ཆེན་པོ་མ་ཐོབ་ནའང་། དགེ་བའི་ཆ་ཤས་ཤིག་གཤིན་པོ་ལ་ཐོབ་སྲིད་པ་རེད། གང་ལྟར་སྦྱིན་པ་གཏང་རྒྱུ་ནི་དགེ་བའི་བྱ་བ་ཆེན་པོ་ཞིག་རེད། ལྷག་བསམ་དག་པོའི་ཐོག་ནས་སྦྱིན་པ་བཏང་ན་གཤིན་པོ་དང་དེའི་རྗེས་འཇུག་བྱེད་མཁན་ཚང་མ་ལ་ཕན་ཐོགས་ཡོད་པ་བཤད་མི་དགོས་པ་རེད།

 

དྲི་བ། གང་ལྟར་རོ་དེ་གཞན་དག་ལ་སྦྱིན་པ་བཏང་ན། འཆི་བའི་རིམ་པ་ལ་གནས་པའི་གཤིན་པོ་དེ་ལ་སེམས་འཁྲུག་པ་ལ་སོགས་པའི་གནོད་པའམ་ཤུགས་རྐྱེན་གང་ཡང་ཡོང་གི་མ་རེད་དམ།

བཀའ་ལན། སོ་སོ་དྲན་པ་ཡོད་དུས་ནས་སྦྱིན་པ་བཏང་ན་འཆི་ཁར་གང་ཡང་ཡོང་རྒྱུ་མེད། སོ་སོ་དྲན་པ་མེད་པའི་སྐབས་སུ་མི་གཞན་གྱིས་སྦྱིན་པ་བཏང་བ་ཡིན་ནའང་འདས་པོ་དེ་ལ་ཚོར་བ་གང་ཡང་མེད། འཆི་མཁན་གང་ཟག་དེ་ལ་གནོད་པའམ་ཤུགས་རྐྱེན་གང་ཡང་ཡོང་གི་མ་རེད། གང་ལགས་ཤེ་ན། དོན་ལྔ་ལ་སོགས་པ་ད་ལྟ་བཀོག་མེད། ཤི་ཟིན་ནས་དོན་ལྔ་ལ་སོགས་པ་བཀོག་རྒྱུ་རེད་མ་གཏོགས། མ་ཤི་བའི་གོང་དུ་བཀོག་གི་མེད་པར་བརྟེན། འཆི་བའི་རིམ་པ་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད།

དྲི་བ། དཔེར་ན། མི་འགའ་ཞིག་ལ་འཆི་བའི་རིམ་པ་དེ་ཉིན་ཤས་འགོར་བ་དེ་འདྲ་ཡོང་གི་ཡོད། དངོས་སུ་འཆི་རིམ་མ་རྫོགས་སྔོན་དུ་སོ་སོའི་རོ་དེ་གཅོད་བཏུབ་བྱེད་ན། འཆི་བའི་རིམ་པའི་ནང་ཡོད་པའི་གང་ཟག་དེ་ལ་དམིགས་བསལ་གྱིས་ཤུགས་རྐྱེན་དང་། སེམས་འཁྲུག་པ་དེ་འདྲའི་གནོད་པ་ཡོད་དམ་མེད།

བཀའ་ལན། ནང་གི་འཆི་རིམ་སྣང་མཆེད་ཐོབ་གསུམ་གྱི་རིམ་པ་མ་རྫོགས་གོང་དུ་དབུགས་ཆད་མ་ཐག་ཏུ་ཕུང་པོ་གཅོད་བཏུབ་བྱེད་ན། ནང་གི་འཆི་རིམ་ད་ལྟ་གཞི་ནས་རྫོགས་རྒྱུ་ཡིན་སྟབས། ཧ་ཅང་སྡུག་ཏུ་འགྲོ་རྒྱུ་དང་ངན་སོང་དུ་འགྲོ་རྒྱུ་ལྟ་བུའི་ཤུགས་རྐྱེན་མི་ཡོང་ཡང་། གང་ལྟར་རིམ་པ་དེ་རང་བཞིན་གྱི་བརྒྱུད་རིམ་ནས་འགྲོ་མ་ཐུབ་པར་མགྱོགས་སུ་འགྲོ་དགོས་པ་དང་། ཛ་དྲག་གི་གནས་སྟངས་ཆགས་པ་འདི་འདྲ་ཡོང་སྲིད་ཀྱི་རེད། དེང་སང་སྨན་ཁང་ནང་སྙིང་མ་འཕར་བ་དང་ཀླད་པ་ལས་ཀ་མ་བྱེད་པའི་སྐབས་སུ་ལམ་སེང་ཤི་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ལམ་སེང་བཏོན་པ་ཡིན་ན་འཆི་བའི་རིམ་པ་ལ་ཏན་ཏན་གནོད་སྐྱོན་ཡོང་སྲིད་ཀྱི་རེད། བོད་དུ་ཡིན་ན་ཤི་བའི་རྗེས་སུ་སྣ་སྦུག་ནས་ཁྲག་མ་ཐོན་བར་དུ་སྒུག་མཁན་མང་པོ་ཡོད། དེ་མིན་ཉི་མ་གཅིག་གཉིས་ལག་པ་མ་འཆང་བར་གཞི་ནས་རོའི་འདོན་ཆོག་བྱེད་ཀྱི་རེད། དེ་ནི་དེང་རབས་ཀྱི་སྨན་ཁང་ནང་ཕལ་ཆེར་ཡོང་ཁག་པོ་ཡིན་པས། འཆི་བའི་རིམ་པ་ལ་གནོད་སྐྱོན་ཡོང་སྲིད། འོན་ཀྱང་གནོད་སྐྱོན་དེའི་དབང་གིས་སྐྱེ་བ་འགྱུར་བ་དང་། ལས་ཀྱིས་འཕེན་པ་འགྱུར་བ་དེ་འདྲ་ཡོང་མདོག་ཁ་པོ་མ་རེད། དེང་རབས་ཀྱི་སྨན་ཁང་ནང་ཤི་མཁན་ཡིན་ན། དབང་པོ་སྦྱིན་པ་བཏང་ཡོད་མེད་ལ་མ་ལྟོས་པར་གང་མགྱོགས་རོ་བཏོན་གྱི་རེད། རྒྱ་གར་གྱི་ནང་དུ་ལོ་གཅིག་གཉིས་སྔོན་གྱི་གནས་ཚུལ་ཞིག་རེད། སྨན་ཁང་ནས་བཏོན་ནས་རོ་གཞག་སའི་ཁང་པའི་ནང་དུ་བསྐྱལ་བ་ཞིག་སང་ཉིན་གསོས་པ་འདི་འདྲའང་བྱུང་བ་རེད།

 

དྲི་བ། ཀོ་རི་ཡ་ལ་གཤིན་པོའི་ཆེད་དུ་གྲོངས་པའི་ཉིན་མོ་ལ་མཆོད་པ་དང་ཆོས་བྱེད་ཀྱི་ཡོད། དེ་བཞིན་སོ་སོའི་ཕ་མ་དང་ཕ་མའི་ཕ་མ་སོགས་སྔོན་གྱི་མི་བརྒྱུད་གསུམ་གྱི་ཆེད་དུ་རྟག་ཏུ་ཆོས་བྱེད་ཀྱི་ཡོད། ནང་པའི་གཞུང་ནས་བཤད་པ་ལྟར་ན་ཁོང་ཚོ་ཚང་མ་སྐྱེ་བ་བླངས་ཟིན་པ་རེད། དེས་དངོས་གནས་གཤིན་པོ་དེ་ཚོ་ལ་ཕན་གྱི་ཡོད་དམ།

བཀའ་ལན། འདས་པའི་ཉིན་མོར་འབྲེལ་བ་ཡོད་པའི་མི་ཚོས་ཆོས་བྱེད་ན་འདས་པོ་ལ་ངེས་པར་དུ་ཕན་གྱི་ཡོད་པ་ནི་ནང་པའི་གསུང་རབ་ནས་གསུངས་ཡོད། ཁ་སང་ཞུས་པ་བཞིན་ནོར་གྱི་འབྲེལ་བ་ཡོད་པ་དང་། ཆོས་ཀྱི་འབྲེལ་བ་ཡོད་པ། ཤ་ཁྲག་གི་འབྲེལ་བ་ཡོད་པ། གྲོགས་ཀྱི་འབྲེལ་བ་ཡོད་པ་བཅས་ཀྱིས་འདས་པོ་ལ་བསྔོས་ནས་དགེ་བ་ག་འདྲ་བསགས་ནའང་དགེ་བ་བྱེད་མཁན་ལའང་དགེ་བ་ཐོབ་ཀྱི་རེད་ལ། གང་ལ་བསྔོས་པའི་གཤིན་པོ་དེ་ལའང་དགེ་བ་ཐོབ་ཀྱི་རེད། འདི་ནི་བཤད་མི་དགོས་པ་རེད། ཤི་བའི་རྗེས་སུ་བར་དོའི་ནང་དུ་ཇི་ཙམ་ཐག་རིང་ནའང་བདུན་ཕྲག་བདུན་ལས་མང་བ་མི་བསྡད་པར་སྐྱེ་བ་ལེན་པ་རེད། བདུན་ཕྲག་བདུན་གྱི་ཞག་རྩིས་སྟངས་ལ་མི་འདྲ་བ་ཁ་ཤས་ཡོད་ཀྱང་། ད་ལྟ་བོད་བརྒྱུད་ནང་བསྟན་གྱིས་ཡོངས་གྲགས་སུ་མིའི་ཉིན་མོ་ལ་རྩིས་ཀྱི་ཡོད། དེ་ལ་སྒྲུབ་བྱེད་ཀྱང་ཡོད། དེས་ན་བདུན་ཕྲག་བདུན་གྱི་རྗེས་སུ་སྐྱེ་བ་བླངས་པའི་སྐབས་སུ་དེའི་ཆེད་དུ་བྱས་པའི་དགེ་བ་རྣམས་འདས་པོ་ལ་ཕན་དང་མི་ཕན་ནི་ཞིབ་ཚགས་པོས་བརྟག་དཔྱད་བྱེད་དགོས། སྤྱིར་བཏང་དགེ་བ་ནི་སུ་ལ་ཡིན་ནའང་བསྔོ་རྒྱུ་ཡོད་རེད། ང་ཚོས་རང་གིས་བསགས་པའི་དགེ་བ་རྣམས་སེམས་ཅན་ཐམས་ཅད་ལ་བསྔོ་བའི་སྐབས་སུ་སེམས་ཅན་འདས་གསོན་ཆ་ཚང་ལ་བསྔོས་ཀྱི་ཡོད། དེ་བཞིན་ཤི་ནས་ལོ་མང་པོ་ཕྱིན་ནས་སྐྱེ་བ་ལེན་མཁན་གྱི་འདས་པོ་དེའི་མིང་ལ་དགེ་བ་བསྔོས་ན། དགེ་བའི་ཆ་ཤས་ཤིག་གང་དུ་སྐྱེ་བ་བླངས་ཡོད་ནའང་དེ་ལ་ཏན་ཏན་ཕན་ཐོགས་ཡོང་སྲིད། དེས་ན་གང་ཟག་གཞན་གྱི་ཆེད་དུ་བྱས་པའི་དགེ་བ་འདི་བསྔོ་བ་ཡང་དག་གིས་བསྔོས་ན། བར་དོའི་ནང་དུ་འཐོབ་རྒྱུ་ཡོད་པ་སྨོས་མ་དགོས་པར། སྐྱེ་བ་བླངས་ཟིན་པའི་རྗེས་སུའང་དགེ་བ་འཐོབ་རྒྱུ་ཡོད་རེད་བསམ་གྱི་འདུག

མི་རབས་མང་པོའི་འདས་པོ་ཚོ་ལ་མཆོད་པ་བྱེད་པའི་ལམ་སྲོལ་དང་། གཏོར་མ་སྦྱིན་པའི་ལམ་སྲོལ། རྗེས་དྲན་བྱེད་པའི་ལམ་སྲོལ་སོགས་མང་པོ་ཡོད། དེ་དག་ནི་ཆོས་མ་དར་གོང་དུ་ཡོད་པའི་ཡུལ་གྱི་གཤིས་ལུགས་ཤིག་ཡིན་སྲིད། དཔེར་ན། རྒྱ་གར་ལ་ཆ་བཞག་ན། རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་བྱེད་མཁན་མང་པོས་མི་རབས་མང་པོའི་འདས་པོའི་དོན་དུ་ལོ་རེ་བཞིན་དུས་ཚིགས་ངེས་ཅན་ཐོག་ཆོས་བྱེད་རྒྱུ་དང་། གཏོར་མ་སྦྱིན་པའི་ལམ་སྲོལ་ཡོད་རེད། སྔོན་མ་བོད་དུ་ནང་པའི་ཆོས་མ་དར་གོང་དུ་བོན་ཆོས་དར་བའི་སྐབས་སུའང་མི་རབས་མང་པོའི་གཤིན་པོ་དེ་ཚོའི་དོན་དུ་འདས་མཆོད་བྱེད་པའི་ལམ་སྲོལ་ཡོད་པ་ཞིག་རེད། འདས་པོ་དེ་ཚོ་ལ་དམིགས་ནས་ཆོས་བྱེད་རྒྱུ་དང་། ཡང་ན་འདས་པོ་དེ་ཚོ་ལ་མཆོད་པ་འབུལ་རྒྱུ་གཉིས་ཏོག་ཙམ་མི་འདྲ་བ་རེད་བསམ་གྱི་འདུག འདས་པོ་དེ་ཚོའི་ཆེད་དུ་དམིགས་ནས་ཆོས་བྱེད་ན་བསྔོ་བས་བསྔོ་ཆོག་གི་རེད། འདས་པོ་དེ་ཚོ་ལ་མཆོད་པ་འབུལ་རྒྱུ་ཟེར་བ་འདི་རྗེས་དྲན་ཙམ་རེད། དཔེར་ན། རང་གི་ཕ་མ་དང་རྒན་རབས་རྣམས་མཆོད་པའི་ཡུལ་ལ་བརྩི་ནའང་མི་འགྲིགས་པ་མེད་ཀྱང་། འདི་ནི་ཡུལ་གྱི་གོམས་པའི་གཤིས་ལུགས་ཙམ་ལས་ཆོས་དང་འབྲེལ་བ་ཡོད་པ་གང་ཡང་མ་རེད་བསམ་གྱི་འདུག དཔེར་ན། སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཚོད་འདི་ངེས་ཅན་དུ་བཟུང་ནས་དེའི་ཉིན་མོར་ཚང་མས་སྟོན་པ་མྱ་ངན་ལས་འདས་པའི་དུས་ཆེན་རྗེས་དྲན་ཞུ་རྒྱུ་དང་། མཆོད་པ་འབུལ་རྒྱུ། རང་གི་བླ་མ་དང་སྐྱེས་བུ་དམ་པ་དེ་ཚོའི་འདས་པའི་དུས་ལ་མཆོད་པ་འབུལ་རྒྱུ་རྣམས་ཆོས་དང་འབྲེལ་བ་ཡོད་པ་ཞིག་རེད། གང་ལགས་ཤེ་ན། དེ་ནི་ཉི་མ་ཁྱད་པར་ཅན་ཞིག་སོང་བ་ཡིན་སྟབས་དེའི་ཉིན་མོར་བླ་མ་དང་སངས་རྒྱས་བྱང་སེམས་ལ་མཆོད་པ་ཕུལ་ན་རྒྱུན་ལྡན་གྱི་མཆོད་པ་ལས་དགེ་བ་རླབས་ཆེ་བ་ཐོབ་ཚུལ་གསུངས་ཡོད། དེ་མིན་འདས་པོ་ལ་རྗེས་དྲན་བྱེད་རྒྱུ་དང་། འདས་པོ་ལ་མཆོད་པ་འབུལ་རྒྱུ། འདས་པོའི་ཆེད་དུ་ཆོས་ཀྱི་བྱ་བ་བྱེད་རྒྱུ་དེ་ཚོ་ངོ་བོ་མ་འདྲེས་པར་དབྱེ་བ་ཟིན་ཐུབ་ན་སྟབས་བདེ་བ་ཡོད།

 

དྲི་བ། རྗེས་ཤུལ་ནང་མི་ཚོས་ཞག་ཞེ་དགུའི་རིང་གཤིན་པོའི་ཆེད་དུ་བསྔོ་བ་སྨོན་ལམ་བྱེད་ཀྱི་ཡོད་ཚུལ་གསུངས་སོང་། སྨོན་ལམ་རྒྱག་སྟངས་ཤིག་གསུང་རོགས་གནང།

བཀའ་ལན། ནང་པའི་གསུང་རབ་ཀྱི་ནང་ལ་སྤྱིར་བཏང་སྨོན་ལམ་མང་པོ་ཡོད། དེའི་ནང་ནས་བཟང་པོ་སྤྱོད་པའི་སྨོན་ལམ་ནི་གཙོ་བོ་ལྟ་བུ་རེད། དེ་ལ་སྨོན་ལམ་གྱི་རྒྱལ་པོ་ཞེས་སྨོན་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པར་བརྩི། དེའི་ནང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་སྤྱོད་པ་ཐམས་ཅད་བསྡུས་ཡོད། དེ་བཞིན་བྱམས་པའི་སྨོན་ལམ་སོགས་ཀྱང་ཡོད། དེ་ནས་དུས་ཕྱིས་ཀྱི་རྒྱ་གར་གྱི་མཁས་པ་ཚོས་བརྩམས་པའི་སྨོན་ལམ་དེ་འདྲའང་ཡོད། སྨོན་ལམ་དེ་ཚོ་གང་འདྲ་ཞིག་ཡིན་ནའང་ཁྱད་པར་མེད། སྨོན་ལམ་བརྒྱབ་པ་ཡིན་ནའང་རེད། མཆོད་པ་ཕུལ་བ་ཡིན་ནའང་རེད། གང་བྱས་པའི་དགེ་བའི་རྩ་བ་རྣམས་ཆེད་དུ་བྱ་བའི་གཤིན་པོ་དེའི་ཆེད་དུ་བསྔོ་བས་མཚམས་སྦྱར་དགོས།

            སྤྱིར་བཏང་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་བསྔོ་བའི་རྫས་ཡོད་པ་ལ་བསྔོ་བ་དང་། བསྔོ་བའི་རྫས་མེད་ན་སྨོན་ལམ་རེད། གཉིས་ཀ་མངོན་འདོད་གང་གསལ་བར་བྱེད་ཀྱི་ཡོད་ཅེ་ན། ངས་ཕྱག་འཚལ་བའི་དགེ་བ་དང་། མཆོད་པ་ཕུལ་བའི་དགེ་བ། དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཚང་མ་འཇིག་རྟེན་འདི་ནས་ཚེ་ལས་འདས་པའི་གང་ཟག་འདི་ཞེས་བྱ་བའི་ཆེད་དུ་དེའི་འབྲས་བུ་སྨིན་པར་ཤོག་ཅེས་བཤད་རྒྱུ་འདི་བསྔོ་བ་དང་ཆབས་ཅིག་པའི་སྨོན་ལམ་དེ་རེད། དེ་འདྲའི་བསྔོ་བྱའི་རྫས་གང་ཡང་མེད་ན། ངན་སོང་དུ་མ་འགྲོ་བར་ཤོག བདེ་འགྲོར་སྐྱེ་བར་ཤོག བདེ་འགྲོར་སྐྱེས་ནས་དམ་པའི་ཆོས་དང་མཇལ་བར་ཤོག དགེ་བའི་བཤེས་གཉེན་དང་འཕྲད་པར་ཤོག་ཅེས་པའི་རིགས་རྣམས་སྨོན་ལམ་རེད། གཤིན་པོ་དེའི་འདོད་དོན་ཟེར་ནའང་མི་འདུག ཆོས་ཀྱི་དོན་ལེགས་པོ་འགྲུབ་པའི་ཆེད་དུ་སྨོན་ལམ་བརྒྱབ་རྒྱུ་དང་བསྔོ་བ་བྱེད་རྒྱུ་དེ་ཚོ་བྱེད་ན་འགྲིག་གི་ཡོད།

            བསྔོ་བ་དང་སྨོན་ལམ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་ཀུན་སློང་དེའང་གལ་ཆེན་པོ་རེད། ཀུན་སློང་ཐོག་མ་དང་། དགེ་བ་དངོས་གཞི། དེ་ནས་དགེ་བ་འདི་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་བཅས་སྦྱོར་དངོས་མཇུག་གསུམ་ཚང་ན། དགེ་བ་དེའང་ཕུན་སུམ་ཚོགས་པ་ཞིག་ཆགས་ཀྱི་ཡོད། དགེ་བ་ལ་ཆེན་པོ་དང་ཆུང་ཆུང་མེད། བྱ་བ་གང་ཞིག་དགེ་བ་ལ་འགྲོ་དང་མ་འགྲོ་དང་པོ་ཀུན་སློང་ལ་རག་ལས་པ་རེད། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་མཆོད་མེའམ་མེ་ཏོག་གཅིག་ཕུལ་བ་ལྟ་བུ་ཡིན་ན། ཀུན་སློང་དེ་ཚེ་འདིར་ལམ་འགྲོ་དང་བདེ་སྐྱིད་ཡོང་རྒྱུའི་ཆེད་དུ་དམིགས་པ་ཡིན་ན། མེ་ཏོག་ཕུལ་བ་ལ་དགེ་བ་ཡོད་ཀྱང་། དགེ་བ་དེ་ཆོས་སུ་མ་འགྲོ་བ་རེད། དེ་ནི་ཚེ་འདིའི་དོན་དུ་ཕྱིན་པ་རེད། དེར་བརྟེན་ཆུང་ཤོས་དེ་རེད། ཀུན་སློང་དེ་སྐྱེ་བ་ཕྱི་མར་བདེ་འགྲོའི་གོ་འཕང་ཐོབ་པའི་ཆེད་དུ་ཕུལ་བ་ཡིན་ན་སྐྱེས་བུ་ཆུང་ངུའི་ཆོས་ཤིག་ཆགས་པར་བརྟེན། བསོད་ནམས་ཆུང་ཆུང་རེད། ཀུན་སློང་དེ་རང་ཉིད་འཁོར་བ་ལས་གྲོལ་ནས་ཐར་པའི་གོ་འཕང་འཐོབ་པའི་ཆེད་དུ་ཕུལ་བ་ཡིན་ན་ཐར་པའི་རྒྱུ་ལ་ཆགས་པར་བརྟེན། བསོད་ནམས་འབྲིང་ཞིག་གསོག་པ་རེད། ཀུན་སློང་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའམ་ཡང་ན་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབྱུང་བའི་ཆེད་དུ་ཕུལ་བ་ཡིན་ན་དགེ་བ་དེ་ཆེ་ཤོས་ཆགས་པ་རེད།

            དེ་བཞིན་དགེ་བ་དེ་བསྒྲུབས་པའི་རྗེས་སུ་དགེ་བ་འདིས་ཚེ་འདིར་བདེ་སྐྱིད་དང་ལམ་འགྲོ་ཡོང་བར་ཤོག་ཅེས་སྨོན་ན་ཚེ་འདིའི་དོན་དུ་ཕྱིན་པ་རེད། སྐྱེ་བ་ཕྱི་མར་ངན་སོང་དུ་མི་འགྲོ་བར་ཤོག་ཅེས་དེའི་དོན་དུ་སྨོན་ན་སྐྱེས་བུ་ཆུང་ངུའི་ཆོས་སུ་ཕྱིན་པ་རེད། རང་ཉིད་ཐར་པའི་གོ་འཕང་ཐོབ་པར་ཤོག་ཅེས་སྨོན་ན་སྐྱེས་བུ་འབྲིང་གི་ཆོས་སུ་ཕྱིན་པ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དགེ་བ་འདི་བསྔོ་ན་སྐྱེས་བུ་ཆེན་པོའི་ཆོས་སུ་ཕྱིན་པ་རེད།

དེ་བཞིན་གཤིན་པོ་ལ་དགེ་བ་བསྔོ་བའི་སྐབས་སུའང་གཤིན་པོ་དེ་ངན་སོང་དུ་མི་འགྲོ་བ་ཙམ་དང་མངོན་མཐོ་ཐོབ་པ་ཙམ་གྱི་ཆེད་དུ་བསྔོ་ན་དགེ་བ་འདི་ཆུང་ཆུང་ཆགས་རྒྱུ་རེད། གཤིན་པོ་དེ་མངོན་མཐོའི་གོ་འཕང་ཅིག་ཐོབ་པ་དང་། དེ་ལ་བརྟེན་ནས་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་པའི་ཆེད་དུ་བསྔོ་ན་བསྔོ་བ་དེ་འབྲིང་ཆགས་པ་རེད། བསྔོ་བ་འདི་ལ་བརྟེན་ནས་གཤིན་པོ་དེ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནའང་རེད། མངོན་མཐོའི་གོ་འཕང་ཡག་པོ་ཞིག་ཐོབ་ནས་དེའི་རིང་ཆོས་བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་མཁན་གྱི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་བསྔོ་ན་བསྔོ་བ་དེ་ཆེ་ཤོས་རེད། དེས་ན་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ཚུལ་ཡག་པོ་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད།

            གལ་ཏེ་རང་གི་ངོས་ནས་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་པོ་མ་ཤེས་ན་བཟང་སྤྱོད་སྨོན་ལམ་གྱི་ནང་སྟབས་བདེ་ཞིག་གསུངས་ཡོད་ཅིང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སོགས་ཀྱིས་དགེ་བ་བསྔོས་པ་བཞིན་ངའི་དགེ་བའང་དེ་འདྲ་ལ་འགྲོ་བར་ཤོག་ཅེས་སོ་སོས་བསྔོ་བ་རྒྱ་ཆེན་པོ་མ་ཤེས་ནའང་གཞན་ལ་སྐྱབས་ལྟ་བུ་བཅོལ་ནས་བསྔོས་ན་འགྲིགས་ཀྱི་ཡོད།

 

དྲི་བ། འདི་ནི་འཆི་བ་དང་འབྲེལ་བའི་དྲི་བ་ཞིག་ཡིན། ནད་པ་སྡུག་བསྔལ་མི་བཟོད་པ་ཧ་ཅང་ཆེན་པོ་རྣམས་ཁབ་བརྒྱབས་ནས་ལྷོད་ལྷོད་ཤི་བཅུག་དགོས་ཞེས་གསུང་མཁན་མང་པོ་ཡོང་གི་ཡོད། ལུང་པ༠་ཁ་ཤས་ནང་སྙིང་རྗེའི་ཐོག་ནས་ཁབ་བརྒྱབས་ནས་ལྷོད་ལྷོད་ཤི་ཆོག་གི་ཡོད། ཁ་ཤས་ནང་རང་ཤི་བརྒྱབ་པ་ལྟ་བུ་ཆགས་པ་མ་ཟད། སྨན་པ་ལའང་མི་བསད་པ་ལྟ་བུའང་ཆགས་པར་བརྟེན་བཀག་འགོག་བྱེད་ཀྱི་ཡོད། དེ་བཞིན་ནང་པའི་ངོས་ནས་ཀྱང་རང་ཤི་བརྒྱབས་པ་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེན། ནད་པ་དེའི་ཆེད་དུ་ནང་པའི་ངོས་ནས་གང་འདྲ་བྱེད་ན་དགའ་གི་རེད་དམ།

བཀའ་ལན། དྲི་བ་འདི་ཁག་པོ་རེད། ཕྱེད་ཀ་ནི་ཆོས་དང་འབྲེལ་བ་ཡོད་པ་དང་། ཕྱེད་ཀ་ནི་ཁྲིམས་དང་འབྲེལ་བ་ཡོད་པ་ཆགས་ཡོད། ཡིན་ནའང་གཟུགས་པོ་ལ་ན་ཚ་ཧ་ཅང་ཤུགས་དྲག་པོ་ཡོད་པའི་དབང་གིས་ཡུན་རིང་བསྡད་ན་ན་ཚ་དེ་བཟོད་གླགས་མེད་པ་ཡིན་སྟབས། ན་ཚ་བཟོད་མི་དགོས་པའི་དོན་དུ་ཁབ་བརྒྱབས་ནས་མགྱོགས་པོ་འཆི་འཇུག་རྒྱུ་དེ་ལ་སྙིང་རྗེས་བསད་པ་ (Mercy-killing) ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་ཀྱི་ཡོད། འདི་ལུང་པ་ཁ་ཤས་ལ་ཆོག་པ་དང་། ཁ་ཤས་ལ་མི་ཆོག་པ་རེད། འོན་ཀྱང་འདི་སྲོག་བཅད་པ་ལ་འགྲོ་གི་རེད་དམ་མ་རེད་ཅེས་པའི་དྲི་བ་འདི་ཀུན་སློང་དང་སྦྱོར་བ་དངོས་གཞི་མཇུག་མང་པོ་ཞིག་ལ་བལྟ་དགོས་པ་ཡིན་སྟབས། མཐའ་གཅིག་ཏུ་འདི་འདྲ་རེད་ཅེས་བཤད་ཁག་པོ་རེད། དཔེར་ན། ཁ་སང་ངས་འཕོ་བའི་སྐོར་ལ་ཞུས་པ་རེད། རྣམ་ཤེས་རང་གི་ཕུང་པོ་ལས་བཙན་ཐབས་སུ་ཕྱི་ལ་བཏོན་ནས་ཞིང་ཁམས་གཞན་དུ་སྐྱེ་བ་བླང་རྒྱུ་དེ་ལ་འཕོ་བ་ཟེར་གྱི་ཡོད། འཕོ་བའི་མན་ངག་ཚང་མའི་ནང་འཕོ་བའི་ཉམས་ལེན་ཐོག་ནས་ལུས་བཞག་ནས་རྣམ་ཤེས་ག་དུས་བཏོན་ཆོག་གི་རེད་ཅེ་ན། འཆི་ལྟས་ལ་བལྟས་ནས་ཚེ་མེད་པ་དང་འཆི་རན་པ། དེ་བཞིན་དུས་ཚོད་ངེས་ཅན་ནང་འཆི་རྒྱུ་ཐག་ཆོད་ཡོད་ན་འགྲིགས་པ་གསུངས། དེས་ན་འཕོ་བའི་གདམས་པ་ཚང་མའི་ནང་འཆི་ལྟས་བརྟག་ཚུལ་འདི་སྔོན་དུ་གསུངས་ཡོད། དེ་ལ་ངེས་པའི་འཆི་ལྟས་དང་མ་ངེས་པའི་འཆི་ལྟས་གཉིས་རེད། མ་ངེས་པའི་འཆི་ལྟས་ཟེར་བ་ནི་གཅིག་བྱས་ན་ཤི་གི་རེད། གཅིག་བྱས་ན་མི་ཤི་ཟེར་བ་དེ་རེད། འོན་ཀྱང་ངེས་པའི་འཆི་ལྟས་ཟེར་བ་དེ་ཏོག་ཙམ་བལྟ་ཁག་པོ་རེད། ལྟ་སྟངས་དེའང་རླུང་གི་རྒྱུ་བ་ལ་བརྟེན་ནས་བལྟ་རྒྱུ་ཞིག་རེད། ང་ཚོའི་སྣ་སྦུག་གཡས་གཡོན་གཉིས་ལ་རླུང་གི་རྒྱུ་བ་དེ་ཉིན་རེའི་ཆུ་ཚོད་ཉེར་བཞིའི་ནང་ཕར་ཚུར་འགྲོ་སྟངས་ཤིག་ཡོད་རེད། གལ་ཏེ་འགྲོ་སྟངས་དེ་ངེས་ཅན་ཡིན་པ་ནས་འཁྲུགས་ཏེ་ངེས་གཏན་མ་ཡིན་པ་ཆགས་ན་འདི་ནི་ངེས་པའི་འཆི་ལྟས་རེད། སྐབས་དེར་གཞི་ནས་འཕོ་བའི་ཉམས་ལེན་བྱེད་ཆོག དེ་འདྲ་མ་བྱུང་བར་འཕོ་བའི་ཉམས་ལེན་བྱེད་ན་མི་བསད་པའི་སྡིག་པ་ཡོད་ཚུལ་གསུངས་པའི་གཞུང་དེ་འདྲ་ངས་མཇལ་མ་སོང་། དེ་བཞིན་ལུས་ཀྱི་ལྷ་བསད་པའི་སྡིག་པ་ཡོད་པར་གསུངས་པའང་ཡོད། སྔགས་ཀྱི་ཉམས་ལེན་བྱེད་མཁན་ཚོས་ལུས་དཀྱིལ་བསྒོམས་པའམ་ལུས་ལ་ལྷ་བཀོད་ནས་སྒོམ་གྱི་ཡོད། དེར་བརྟེན་ལུས་ཀྱི་ལྷ་སྐུ་བསད་པའི་ཉེས་པ་ཡོང་གི་རེད་ཅེས་པ་དེ་ཕལ་ཆེར་སྲོག་གཅོད་ཀྱི་ཉེས་པ་ཡོང་གི་ཡོད་པ་ལྟ་བུ་རེད། གང་ལྟར་ལུས་ལ་འཆི་ལྟས་མ་བྱུང་གོང་དུ་འཕོ་བའི་ཉམས་ལེན་བྱེད་ན་སྲོག་བཅད་པའི་ཉེས་པ་ཆ་ཚང་མེད་ནའང་དེ་དང་ཆ་འདྲ་བ་ཞིག་ཡོད་སྟབས་དེ་བཀག་པ་རེད། འཆི་ལྟས་ངེས་ཅན་བྱུང་བའི་སྐབས་སུ་འཕོ་བ་མ་བརྒྱབ་ནའང་འཆི་རྒྱུ་ཡིན་པ་གཏན་འཁེལ་ན། འཕོ་བ་བྱེད་ཀྱང་རང་ཤི་བརྒྱབས་པའི་ཉེས་པ་མེད་གསུངས་པ་རེད། གལ་ཏེ་ན་ཚ་དེའི་ཐོག་ཨུ་ཚུགས་ཀྱིས་བསྡད་དེ་ད་དུང་ཉི་མ་མང་པོ་བསྡད་རྒྱུའི་ཚེ་ཡོད་པ་དང་། ཡང་ན་ནད་དྲག་པའི་རེ་བ་ཡོད་པ་དེ་འདྲ་ལ་ཁབ་བརྒྱབས་ནས་བསད་ན། མི་གསོད་པའི་ཀུན་སློང་མེད་པ་ཡིན་སྟབས་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་རྫོགས་ཀྱི་ཡོད་མེད་མི་ཤེས་ཏེ། གང་ལྟར་སྲོག་གཅོད་པ་དང་མཚུངས་པའི་ཉེས་པ་ཞིག་ཏན་ཏན་ཡོང་སྲིད། དེ་བཞིན་ཟུག་བཅག་གི་སྨན་ཤུགས་ཆེ་བཏང་ན་འགྲིག་དང་མ་འགྲིག་སྐོར་མཁས་པ་ཚོའི་ནང་བགྲོ་གླེང་མང་པོ་གང་ཟག་དམིགས་བསལ་བ་ཞིག་གི་སྟེང་དུ་བྱུང་བ་རེད། མཐར་ཟུག་བཅག་གི་སྨན་ཤུགས་ཆེན་པོ་བཏང་བ་ལ་བརྟེན་ནས་གང་ཟག་དེ་དྲན་པ་གསལ་པོ་མེད་པར་འདས་པར་བརྟེན། ཁོང་གིས་འདས་ཁར་གསུངས་པའི་ཚིག་རྣམས་དངོས་གནས་ནམ་རྒྱུན་དགོངས་པར་ཡོད་པ་དེ་རང་ཡིན་གྱི་མ་རེད་ཅེས་བཤད་རྒྱུ་ཡོང་སྲིད། ཁ་ཤས་ཟུག་བཅག་གི་སྨན་བཏང་བ་ལ་བརྟེན་ནས་ཧ་ཅང་དཀའ་ངལ་མེད་པར་གྲོངས་ཐུབ་པ་བྱུང་བ་རེད། ཟུག་བཅག་གི་སྨན་འདིས་བསད་པ་མ་རེད། ཡིན་ནའང་ཁབ་བརྒྱབས་པ་ནི་ཚེ་མ་རྫོགས་པའི་སྔོན་དུ་སྲོག་བཅད་པ་ལྟ་བུ་རེད། དེས་ན་ནང་པའི་གཞུང་ནས་གསུངས་པའི་འཕོ་བའི་སྐོར་དེ་མདོར་བསྡུས་སྦྱར་བ་ལྟ་བུས་སྦྱར་ན། ཚེ་རྫོགས་པའི་གང་ཟག་ཅིག་ཡིན་ན་ཉེས་པ་ཆུང་བ་ཡིན་ཡང་། ཚེ་མ་རྫོགས་པའི་གང་ཟག་ཅིག་ཡིན་ན་ནི་ཉེས་པ་ཡོད་པའི་ཁྱབ་ཀྱི་རེད་བསམ་གྱི་འདུག

 

དྲི་བ། རིན་པོ་ཆེས་ནམ་རྒྱུན་ནས་དགེ་རྩ་གསག་རྒྱུ་དང་སྡིག་པ་སྦྱང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་། དེས་ན་སྡིག་པ་སྦྱང་སྟངས་ཀྱི་སྐོར་ལ་ཏོག་ཙམ་གསུང་རོགས་གནང།

བཀའ་ལན། སངས་རྒྱས་ཀྱིས་ཆོས་བཞི་བསྟན་པའི་མདོ་ཞེས་པའི་མདོ་ཐུང་ཐུང་ཞིག་ཡོད། དེའི་ནང་སྡིག་པ་སྦྱོང་སྟངས་དེ་གསལ་པོ་གསུངས་ཡོད། མདོ་འདི་ཀོ་རི་ཡའི་བཀའ་འགྱུར་གྱི་ནང་ཡོད་མེད་ངས་ཤེས་ཀྱི་མེད། གང་ལྟར་སྡིག་པ་བཤགས་པའི་སྐབས་སུ་གཉེན་པོ་སྟོབས་བཞི་པོ་ཚང་ན་སྡིག་པ་ཆེན་པོ་གང་འདྲ་ཡིན་ནའང་བཤགས་ཐུབ་ཀྱི་རེད། བཤགས་ནས་འདག་རྒྱུ་ཡོད་པ་དེ་སྡིག་པའི་ཡོན་ཏན་ཡིན་ཞེས་གསུང་སྲོལ་ཡོད། གཉེན་པོ་སྟོབས་བཞིའི་ནང་ནས་དང་པོ་རྟེན་གྱི་སྟོབས་ནི་སྡིག་པ་མ་བཤགས་གོང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་ཡག་པོ་བྱེད་རྒྱུ་དེ་རེད། སྔོན་ལ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ན། སྡིག་པ་བཤགས་མཁན་གྱི་མི་དེ་སྐྱབས་འགྲོ་སེམས་བསྐྱེད་ཡོད་མཁན་གྱི་གང་ཟག་ཅིག་ཆགས་པ་ཡིན་སྟབས་རྟེན་གྱི་སྟོབས་ཆེན་པོ་ཆགས་ཀྱི་རེད། གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས་ནི་འགྱོད་སེམས་དེ་རེད། དེའི་དཔེ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་གསུངས་ཤིང་། མི་གཅིག་དུག་བཏུངས་ནས་ཤི་བ་མཐོང་ན་ངས་ཀྱང་བཏུངས་ཡོད་པས་འཆི་རྒྱུ་རེད་སྙམ་དུ་འགྱོད་པ་ཆེན་པོ་སྐྱེས་པ་ལྟ་བུ་རེད། གསུམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི་སྡིག་པ་འདི་འདྲ་ངས་མ་འོངས་པ་ལ་བསྐྱར་དུ་བྱེད་རྒྱུ་མིན་བསམ་པའི་སྡོམ་སེམས་དེ་རེད། དེས་ན་སྡིག་པ་བྱས་པ་འདི་འགྲིག་མི་འདུག་བསམས་ནས་འགྱོད་པ་ཆེན་པོ་དང་། ཡང་བསྐྱར་བྱེད་ཀྱི་མིན་བསམ་པའི་སྡོམ་སེམས་དྲག་པོ་བསྐྱེད་པ་ཡིན། བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་སྡིག་པ་བཤགས་པའི་ཆེད་དུ་དགེ་བ་གང་ཡང་རུང་བ་བསྒྲུབ་རྒྱུ་དེ་རེད། དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་། གཉིས་པ་སྡོམ་སེམས། གསུམ་པ་འགྱོད་སེམས། བཞི་པ་སྡིག་པ་བཤགས་པའི་ཆེད་དུ་སངས་རྒྱས་ཀྱི་མཚན་འདོན་རྒྱུ་དང་། མདོ་ཀློག་རྒྱུ། སྐུ་གསུང་ཐུགས་རྟེན་བཞེངས་རྒྱུ། མཆོད་པ་འབུལ་རྒྱུ། ཕྱག་བཙལ་རྒྱུ་སོགས་ཡིན། དེ་བཞིན་མཚན་སྔགས་ལ་བརྟེན་པ་ཞེས་ལྟུང་བཤགས་སོགས་སངས་རྒྱས་ཀྱི་མཚན་བརྗོད་ནས་བྱེད་རྒྱུ་དང་། མདོ་སྡེ་ལ་བརྟེན་པ་ཞེས་དམ་ཆོས་པདྨ་དཀར་པོ་དང་རྡོ་རྗེ་གཅོད་པ་ལ་སོགས་པའི་མདོ་སྡེ་ཀློག་རྒྱུ། སྐུ་གཟུགས་ལ་བརྟེན་པ་ཞེས་སངས་རྒྱས་ཀྱི་སྐུ་བཞེངས་རྒྱུ་སོགས་རྣམ་དཀར་དགེ་བའི་བྱ་བ་སྡིག་པ་བཤགས་པའི་ཆེད་དུ་དམིགས་ནས་སྒྲུབ་པ་དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རེད། འདི་བཞི་ཚང་ན་སྡིག་པ་འདག་ཐུབ་ཀྱི་རེད། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་། སྡིག་པ་ལ་འགྱོད་སེམས། མ་འོངས་པ་ལ་མི་བྱེད་པའི་སྡོམ་སེམས། བཤགས་པའི་ཕྱིར་དུ་སངས་རྒྱས་ཀྱི་མཚན་སྔགས་འདོན་པ་སོགས་བཞི་པོ་མཉམ་དུ་ཚང་ན་སྡིག་པ་ཆེ་ཆུང་ཡིན་ནའང་འདག་ཐུབ།

ཁྱེད་ཚོ་ཀོ་རི་ཡའི་སྨོན་ལམ་ནང་ཡོད་པ་བཞིན་ཆོས་ལ་མཐའ་མེད་པ་ཡིན་སྟབས་བཤད་བསྡད་ན་རྫོགས་རྒྱུ་མེད། ཡིན་ནའང་དུས་ཚོད་མི་རྟག་པ་ཡིན་པར་བརྟེན་རྫོགས་འགྲོ་གི་ཡོད། དེ་རིང་ང་ཚོ་འདིར་མཚམས་གཞག་རྒྱུ་ཡིན། ད་རིང་ཀོ་རི་ཡའི་ཆོས་གྲོགས་མང་པོ་ཞིག་མཇལ་ནས་ཆོས་ཀྱི་གཏམ་བཤད་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང་། དེར་བརྟེན་གོ་སྒྲིག་གནང་མཁན་གྱི་འདི་གའི་དགོན་པ་དང་ལས་ཀ་བྱེད་མཁན་ཚང་མ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཀོ་རི་ཡའི་སྐད་ཤེས་ཀྱི་ཡོད་མ་རེད། སྐད་སྒྱུར་གྱིས་ཧ་ཅང་ཡག་པོ་བསྒྱུར་གྱི་འདུག་ཟེར་གྱི་འདུག དེས་ན་སྐད་སྒྱུར་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཕེབས་མཁན་ཚང་མས་ཐུགས་སྣང་ཆེན་པོ་དང་། སྐད་ཅོར་མེད་པར་བློ་གཏད་ནས་གསན་པ་ལ་དགའ་པོ་བྱུང་། བགྲོ་གླེང་འདི་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་འདིའི་ནང་ཡོད་པའི་ཆོས་ལུགས་ཡོངས་སུ་རྫོགས་པ་ལ་དད་པ་དང་གུས་པ་གཅིག་གྱུར་བྱེད་རྒྱུ་དང་། དེ་བཞིན་རང་རང་གི་ཆོས་ལུགས་ལ་ཉམས་ལེན་གནད་དུ་སྨིན་པ་བྱེད་རྒྱུ་བཅས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་དང་བསྔོ་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས། དེ་ནས་ཕྱི་དྲོའི་ཐུན་གྲོལ་ཏེ་གསུང་བཤད་ཆ་ཚང་ཟིན་ཏོ།། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་བསོད་ནམས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༣ ཉིན་ཀོ་རི་ཡར་རང་ཤག་ཏུ་རྫོགས་པར་ཕབ་པའོ།།

(སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༡༩ དང་ ༢༠ བཅས་ཉིན་གཉིས་རིང་སྔ་དྲོ་དང་ཕྱི་དྲོ་བཅས་ཐུན་གཉིས་རེར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་བུ་སན་གྱི་ Munhwa Broadcasting  Corporation ཞེས་པའི་ཚོགས་སྡེ་དེའི་ཚོགས་ཁང་དུ་ནང་པའི་འཆི་བ་ལ་ལྟ་ཚུལ་ཞེས་པའི་ཐོག་གསུང་བཤད་དང་། དྲི་བར་ལན་འདེབས་བཅས་གནང་ཞིང་། གོ་སྒྲིག་གནང་མཁན་ནི་བུ་སན་དུ་རྟེན་གཞི་བྱས་པའི་མུར་ཡང་སན་ཝན་དགོན་པ་ (Muryangsanwaun Temple, Busan) དང་གྱི་ཡོང་ཇུ་ས་གནས་སུ་རྟེན་གཞི་བྱས་པའི་ནཱ་ལནྡཱའི་རིང་ལུགས་འཛིན་སྐྱོང་ཁང་ (Institute of Nalanda Buddhism, Gyeongju) གཉིས་ཡིན།) 

 

- ངེས་པ་དོན་གྱི་པཎྜིཊ་ཆེན་པོ་ྋསྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་འདི་ནི་ <<བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་རྒྱ་ https://samdhongrinpoche.com >> འདི་ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 05.05.2021 ཉིན། 2:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།