སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.10.2014
ཆེད་རྩོམ། >>


 


མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག

༧ ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

(ཀུན་བཏུས། པོད་དང་པོ།)

 

 - ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 ༡) སྤྱི་བཤད། 

 

དེ་ལ་སྤྱིར་སྔོན་གྱི་འཕགས་ཡུལ་གྱི་ནང་པའི་གཞུང་བོད་དུ་འགྱུར་བ་དགའ་བོ་མངལ་འཇུག་ལྟ་བུའི་མདོ་དང་། གསང་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་མངལ་དུ་ལུས་ཆགས་པའི་རིམ་པ་རྒྱས་པར་གསུངས་ཀྱང་། དེ་དག་ཏུ་ཀླད་པའི་སྐོར་ལ་བཤད་པ་གསལ་བར་མཛད་པ་མི་སྣང་ལ། ཆོས་མངོན་པ་དང་ཚད་མ་རིག་པའི་གཞུང་རྣམས་སུའང་བློའི་རྣམ་གཞག་དང་བློ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་རྒྱས་པར་གཏན་ལ་ཕབ་པའི་ཐད་དུ། དབང་ཤེས་ཀྱི་རྟེན་དབང་པོ་ཙམ་ལས་རྟེན་ཀླད་པའི་སྐོར་ལ་བཤད་པ་གསལ་བར་མ་མཛད། རྣལ་འབྱོར་བླ་མེད་ཀྱི་གཞུང་དུའང་ཡུལ་ཅན་ཤེས་པའི་རྣམ་གཞག་རྒྱས་པར་གསུངས་པའི་ཐད་དུ་རྟེན་རྩ་རླུང་གསུང་བའི་སྐབས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཞེས་སྤྱི་བོར་གནས་པའི་རྩ་རྣམས་བདེ་བ་སྐྱེད་པའི་རྟེན་དུ་གསུངས་པ་ཙམ་ལས། ཀླད་པའི་སྐོར་ལ་བཤད་པ་གསལ་བར་མ་མཛད་པར་མངོན། དེ་ལྟ་ནའང་སྔོན་གྱི་གསོ་བ་རིག་པའི་གཞུང་དུ་ཀླད་པའི་སྐོར་ལ་རྣམ་གཞག་རྒྱས་ཙམ་ཞིག་གསུངས་འདུག་པས། འདིར་གསོ་བ་རིག་པའི་གཞུང་བཤད་རྒྱུད་དང་མན་ངག་རྒྱུད་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ཤིང་སྤྱི་ལོའི་དུས་རབས་བརྒྱད་པ་ཡས་མས་སུ་རྒྱའི་བཙུན་པ་ཧ་ཤང་མཱ་ཧ་ཡ་ན་དང། ལོ་ཆེན་བཻ་རོ་ཙ་ནས་བོད་སྐད་དུ་བསྒྱུར་བར་བཤད་པའི་གཞུང་སྨན་དཔྱད་ཟླ་བའི་རྒྱལ་པོ་སྟེ་སོ་མ་རཱ་ཛ་ཞེས་པ་དེར་འབྱུང་བ་ལྟར་ཀླད་པའི་རྣམ་གཞགཅུང་ཟད་འཆད་དོ།།

 

) མངལ་དུ་ཀླད་པའི་ཆགས་རིམ། 

སྤྱིར་སྨན་གཞུང་དུ་ལུས་ཀྱི་ཉེར་ལེན་ཕ་མ་ལས་ཐོབ་པའི་རྫས་རྣམས། དངོས་པོའི་གནས་ཚུལ་ལ་ཆུ་དང་འོ་མ་འདྲེས་པ་ལྟར་གནས་ཀྱང་སོ་སོར་འབྱེད་རྒྱུ་ཡོད་པར་བཤད་ལ། ཕ་ལས་ཐོབ་པའི་རྫས་ལས་རུས་པ་དང་། ཀླད་པ་དང་། གཞུངས་པ་དང་། མ་ལས་ཐོབ་པའི་རྫས་ལས་ཤ་དང་། ཁྲག་དང་། དོན་ལྔ་དང། སྣོད་དྲུག་རྣམས་གྲུབ་པར་བསྟན་པས་ཀླད་པ་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཕའི་ཁུ་བ་ཡིན་པར་བཤད། དེ་ལྟར་ཡང་བཤད་རྒྱུད་ལས།

          ཕ་ཡི་ཁུ་བས་རུས་པ་ཀླད་གཞུངས་སྐྱེད།།

          མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད།།100 ཅེས་གསུངས་སོ།།

 

སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ནི།

          མ་ཡི་མངལ་དུ་གནས་པ་ནི།། དང་པོ་ཞག་བདུན་ལས་ཀྱི་རླུང་།།

          རྒྱུ་སྟེ་མེར་མེར་པོ་དེ་ནི།། དེས་ནི་ཀུན་གཞི་འཛིན་པའི་རླུང་།།

          དང་པོའི་ཞག་ནི་གཅིག་ན་འོ།། ཞག་གཉིས་མངལ་ནི་འཇུག་པའི་རླུང།།

          འབྱུང་བས་མེར་མེར་པོར་གྱུར་ཏོ།། ཞག་གསུམ་མངལ་ནི་འཁྲུག་པའི་རླུང།།

          མཁྲང་འགྱུར་ཞེས་པར་གྱུར་པ་འོ།། ཞག་བཞི་ཀུན་ནས་སྡུད་པའི་རླུང་།།

          འབྱུང་བས་གོར་གོར་པོར་འགྱུར་རོ།། ཞག་ནི་ལྔ་ལ་ཐལ་བྱེད་ཅེས།།

          རླུང་འབྱུང་ལྟར་ལྟར་པོར་གྱུར་ཏོ།། ཞག་དྲུག་པ་ན་སྡུད་བྱེད་ཅེས།།

          རླུང་འབྱུང་ནར་ནར་པོར་གྱུར་ཏོ།། ཞག་བདུན་པ་ན་ཐོགས་མེད་ཅེས།།

          རླུང་འབྱུང་བུ་ག་ཅན་དུ་གྱུར།།101

ཅེས་མངལ་དུ་ཞུགས་པའི་ཞག་བདུན་ཕྲག་དང་པོའི་ནང་ཞག་རེར་རླུང་མི་འདྲ་བ་འབྱུང་བའི་དབང་གིས་ལུས་དེ་ཉིད་མེར་མེར་པོ་ལ་སོགས་པར་འགྱུར་ཚུལ་དང་ ཡང་དེ་ཉིད་ལས།

          བདུན་ཕྲག་གཉིས་ན་འཁོར་བ་ཞེས།། རླུང་འབྱུང་ལྟེ་བར་གནས་པ་འོ།།

          རླུང་བསྟེན་པ་ཡི་རྩ་གནས་ཏེ།། ཉི་མའི་འཁོར་ལོ་ཞེས་པ་ཆགས།།102

ཞེས་སོགས་ཞག་བདུན་ཕྲག་གཉིས་པ་ལ་འཁོར་བ་ཞེས་པའི་རླུང་འབྱུང་ཞིང་ལྟེ་བའི་རྩ་ཉི་མའི་འཁོར་ལོ་ཆགས་པ་ནས་བཟུང་སྟེ་ཞག་བདུན་ཕྲག་བཞི་བཅུ་ཞེ་སུམ་གྱི་བར་དུ་རླུང་མི་འདྲ་བ་རེ་རེ་དང་བཅས་ཏེ་ལུས་འཕེལ་ཚུལ་བཤད་ལ། བཤད་ཚུལ་དེ་དག་གོང་དུ་མདོ་རྒྱུད་བསྟན་བཅོས་རྣམས་ལས་འབྱུང་བའི་ལུས་ཀྱི་ཆགས་རིམ་བཤད་པ་དང་ཅུང་མི་འདྲ་བ་ཡོད།

ཀླད་པ་ཆགས་ཚུལ་ནི་བཤད་རྒྱུད་ལས།

          ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས།། རྩ་གཅིག་གྱེན་ལ་སོང་བས་ཀླད་པ་ཆགས།།

          གཏི་མུག་ཀླད་པར་བརྟེན་ནས་གནས་པ་སྟེ།། དེ་ལས་བད་ཀན་སྐྱེད་པས་སྟོད་ན་གནས།།103

ཞེས་གསུངས་པ་ལྟར་ལུས་འདི་ཉིད་མའི་མངལ་དུ་ཆགས་སྐབས་རྩ་ཐམས་ཅད་ཀྱི་ཐོག་མར་ཆགས་པའི་རྩ་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་ནི། ཁྲག་གམ་མེ་ཁམས་རྒྱུ་བའི་རྩ་དང་། ཆུའམ་ཟླ་བའི་ཁམས་རྒྱུ་བའི་རྩ་དང་། རླུང་ཁམས་རྒྱུ་བའི་རྩ་རྣམས་ཡིན་ལ། དེ་དག་ལས་ཟླ་བའི་ཁམས་རྒྱུ་བའི་རྩ་དཀར་པོ་དེ་ཉིད་ལུས་ཀྱི་གཡོན་ཕྱོགས་ནས་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོའི་ལྟེ་བ་རྣམས་བརྒྱུད་ནས་གཞན་དུ་གྱེས་པའི་ཚུལ་གྱིས་གྱེན་དུ་སོང་བ་ལ་བརྟེན་ནས་ཀླད་པ་ཆགས་ཤིང་། ཀླད་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གཏི་མུག་དང་། ཉེར་ལེན་བྱས་ནས་བད་ཀན་འབྱུང་བས་ན། མགོ་བོ་རྨོངས་ཤིང་ལྕི་འཐིབས་སོགས་ཀྱང་ཀླད་པ་ལས་འབྱུང་བ་ལྟར་སྣང་བ་ཡིན་ནོ།།

 

) ཀླད་པའི་ནང་གསེས་ཀྱི་དབྱེ་བ།

ཀླད་པ་ལ་རྩ་བའི་དབྱེ་བ་ཕོ་ཀླད་དང་མོ་ཀླད་གཉིས་སུ་བཤད་ཅིང་། དེ་ཡང་གར་སླའི་དབང་གིས་ཀླད་པ་གར་བ་ཐམས་ཅད་ཕོ་ཀླད་དང་། སླ་བ་ཐམས་ཅད་མོ་ཀླད་དུ་འདུ་ལ། དེ་ལའང་རུས་པའི་སྲུབས་མང་ཉུང་དང་། མགོ་བོའི་དབྱིབས། མིའི་གཤིས་རྒྱུད་སོགས་དང་འབྲེལ་བའི་དབྱེ་ཚུལ་ཡང་བཤད་དེ། རུས་སྲུབས་མེད་པ་ནས་སྲུབས་བཅུ་དྲུག་པ་ཅན་ཡོད་ལ། སྤྱི་བོ་ཟླུམ་ཞིང་མཐོ་བ་ནི་ཕལ་ཆེར་སྲུབས་གཅིག་པ་དང་གཉིས་པ་ཅན་དང་། མཐོ་ཞིང་གྲུ་བཞི་པ་ནི་སྲུབས་བཞི་པ་ཅན་དང། སྤྱི་བོ་འཕང་དམའ་བ་ནི་ཕལ་ཆེར་སྲུབས་དྲུག་པ་ཅན་དང་། ལྟག་པ་འབུར་ཞིང་མཚོགས་མ་དམའ་བ་ནི་ཕལ་ཆེར་སྲུབས་བརྒྱད་པ་བུང་ཚང་ཅན་ཡིན་ལ། དེ་དག་ཐམས་ཅད་ཕོ་ཀླད་དུ་འདུའོ།།

ཡང་ཁམས་བཟང་ལ་མིག་ཀོང་བ། སྨྲ་བ་ཉུང་ཞིང་བརྟན་པར་སྨྲ་བ། མིག་ཤིན་ཏུ་རྣོ་བ་དག་ནི་ཕལ་ཆེར་ཀླད་པ་བཟང་བ་དང་། སྤྱི་བོ་ལེབ་ཅིང་འཇོང་བ་ནི་ཕལ་ཆེར་སྲུབས་བཅུ་བ་ཅན་དང་། མཚོགས་མ་མཐོ་ཞིང་འཇོང་བ་ནི་སྲུབས་བཅུ་གཉིས་པ་དང་བཅུ་བཞི་པ་དང་བཅུ་དྲུག་པ་ཅན་ཡིན་ལ་དེ་དག་ཐམས་ཅད་མོ་ཀླད་དུ་འདུའོ། །དེ་ལྟར་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          ཀླད་པ་ཕོ་ཀླད་མོ་ཀླད་གཉིས།། ཕོ་ཀླད་ཐམས་ཅད་གར་བ་སྟེ།།

          མོ་ཀླད་ཐམས་ཅད་སླ་བ་ཡིན།། སྲུབས་མེད་གཅིག་ཏུ་ཟླུམ་པ་དང་།།

          གཉིས་པ་བཞི་པ་ལྔ་པ་དང་།། དྲུག་དང་བརྒྱད་དང་བཅུ་པ་དང་།།

          བཅུ་གཉིས་བཅུ་བཞི་བཅུ་དྲུག་པའོ།། སྤྱི་བོ་ཟླུམ་ཞིང་མཐོ་བ་ནི།།

          ཕལ་ཆེར་གཅིག་པ་གཉིས་པའོ།། རྭ་མཐོ་གྲུ་བཞི་བཞི་པའོ།།

          སྤྱི་བོ་འཕང་དམའ་ཕལ་ཆེར་དྲུག། ལྟག་འབུར་མཚོགས་མ་དམའ་བ་ནི།།

          བརྒྱད་པ་བུང་ཚང་ཅན་དུའོ།། དེ་རྣམས་ཀླད་པ་ཕོ་ཀླད་ཡིན།།

          ཁམས་བཟང་མིག་ཀོང་བ་དག་ནི།། སྨྲ་བ་ཉུང་ཞིང་བརྟན་པར་སྨྲ།།

          མིག་དག་ཤིན་ཏུ་རྣོ་བ་ནི།། ཕལ་ཆེར་ཀླད་པ་བཟང་བ་འོ།།

          སྤྱི་ལེབ་འཇོང་བ་བཅུ་པ་སྟེ།། མཚོགས་མ་མཐོ་ཞིང་འཇོང་བ་ནི།།

          བཅུ་གཉིས་བཅུ་བཞི་བཅུ་དྲུག་པའོ།། ཀླད་པ་མོ་ཀླད་དག་ཏུ་འདོད།།104 ཅེས་གསུངས་སོ།།

 

གཞན་ཡང་ཀླད་པའི་དབྱེ་བ་བདུན་འཇོག་ཚུལ་ཡང་། མན་ངག་རྒྱུད་ལས།

          ཀླད་པ་རྒྱ་མཚོའི་གནས་ལུགས་བསྟན་པ་ནི།།

          ཤ་ཀླད་མར་ཀླད་བུང་ཚང་ཀླད་པ་དང་།།

          ཕྲུམ་ཀླད་ཞོ་ཀླད་འོ་ཀླད་ཆུ་ཀླད་བདུན།།105

ཞེས་པ་ལྟར་བད་ཀན་ཤས་ཆེ་བའི་མི་ལ་ཤ་དང་སྲ་མཁྲེགས་མཚུངས་པའི་ཀླད་པ་དང་། མཁྲིས་པ་ཤས་ཆེ་བའི་མི་ལ་མར་དང་སྲ་མཁྲེགས་མཚུངས་པའི་ཀླད་པ་དང། འདུས་པ་ཤས་ཆེ་བ་ལ་སྦྲང་མའི་ཚང་ལྟར་སོབ་སོབ་ཏུ་ཆགས་པའི་ཀླད་པ་དང་། བད་མཁྲིས་དང་ལྡན་པ་ལ་འོ་མ་དང་དར་བ་བསྲེས་པའི་ཞོ་ཕྲུམ་མའི་གར་སླ་དང་མཚུངས་པའི་ཀླད་པ་དང། བད་རླུང་གི་མི་ལ་ཞོའི་གར་སླ་དང་མཚུངས་པའི་ཀླད་པ་དང་། རླུང་མཁྲིས་ཀྱི་མི་ལ་འོ་མའི་གར་སླ་དང་མཚུངས་པའི་ཀླད་པ་དང་། རླུང་གི་རང་བཞིན་ཅན་གྱི་མི་ལ་ཆུ་ལྟར་སླ་བའི་ཀླད་པ་སྟེ་བདུན་ནོ།།

འདི་དག་ནི་ཀླད་པའི་མཁྲང་སླ་དང་ཚོ་ཟིན་མི་ཟིན་གྱི་སྒོ་ནས་བཞག་པ་ཡིན་ནོ། །ཀླད་པའི་ལྡང་ཚད་ལ་རང་རང་གི་ཁྱོར་བ་གང་ཡོད་པའི་ཚུལ་ནི་བཤད་རྒྱུད་ལས།

          ཀླད་པའི་ལྡང་ཚད་རང་གི་སྙིམ་པ་གང།།106 ཞེས་གསུངས་པ་ལྟར་རོ།།

 

) ཀླད་རྩའི་རྣམ་གཞག 

ཡང་གསོ་བ་རིག་པའི་གཞུང་ལས་ཀླད་རྩའི་རྣམ་གཞག་འཆད་སྐབས། ལུས་འདི་ལ་སྲིད་པའི་རྩ་བོ་ཆེ་ཞེས་མིང་བཏགས་པའི་རྩའི་གཙོ་བོ་སྡེ་ཚན་བཞི་དང་། སྡེ་ཚན་རེར་རྩ་ཉེར་བཞི་རེ་དང་རྩ་ཕྲན་ལྔ་བརྒྱ་རེ་ཡོད་པ་ལས། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་རྣམས་ལ་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་འཆར་ཞིང་ཚོར་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ཡན་ལག་གི་་ལྔའི་རྟེན་གཙོ་བོར་གྱུར་པ་ནི་ཀླད་པར་རྩ་ཡི་རྒྱ་མཚོ་ཆེན་པོ་འཁྱིལ་བ་ཞེས་བྱ་བའི་རྩ་ལ་གནས་ཤིང། དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བར་བཤད་དེ། བཤད་རྒྱུད་ལས།

          སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ།།

          དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།།

          ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།།”107 ཞེས་པ་ལྟར་རོ།།

 

སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ཀྱང་།

          དེ་ནི་ཀླད་པའི་སྙིང་དག་སྟེ།། དབང་པོ་ལྔ་དང་འབྲེལ་བ་འོ།།108

ཞེས་དབང་བོ་ལྔའི་རྩ་ཀླད་སྙིང་དང་འབྲེལ་ཚུལ་གསུངས་སོ།།

 

ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          ཡན་ལག་ལྔ་ཡི་མགོ་བོ་ནི།། ཀླད་པ་དབང་པོ་ལྔ་ཡིས་ཁྱབ།།

          ཀླད་པ་དང་ནི་ཀླད་པའི་སྙིང་།། ལུས་ཀྱི་དབང་རྟེན་ས་བོན་འཛག།།

          དེ་ལ་རྩ་བརྒྱད་མཆིན་པ་མིག། རྣ་བ་མཁལ་མའི་རྩ་དག་དང་།།

          སྣ་དང་གློ་ཡི་རྩ་དག་དང་།། ལྕེ་དང་སྙིང་གི་རྩ་དག་གོ། །109 ཞེས་དང་།

 

ཡང་དེ་ཉིད་ལས།

          ཀླད་སྙིང་རྟ་མིག་ཕྱེད་པོ་འདྲ།། མིག་དང་རྣ་བ་སྣ་དང་ལྕེ།།

          རྩ་རྒྱུས་ཆུ་བ་དེ་དང་འབྲེལ།། འཕར་རྩ་བཞི་དང་འགྲོགས་བཞིའི་རྩ།།

          རྒྱུས་པ་བཞི་དང་ཆུ་བ་བཞིས།། ཀླད་པའི་སྙིང་དང་འབྲེལ་བ་སྟེ།།

          ལ་ལ་ཀླད་པའི་རྒྱ་ཡང་ཟེར།། དབུས་ན་ས་བོན་བཅུད་ཀྱི་རྩ།།

          ལུས་ཀྱི་བདེ་བ་རྒྱས་པར་བྱེད།། སྙིང་ནས་ཀླད་པ་དག་དང་ནི།།

          སྲོག་འགྲོ་ལུས་ཀྱི་བདེ་བ་འཇིག།110

ཅེས་གསུངས་པ་ལྟར། ཀླད་པའི་རྒྱ་དར་གྱི་འོག་ན་གནས་པའི་ཀླད་པ་ལ་ཀླད་ཁྱིམ་གྱི་མདུན་ངོས་ཀྱི་ཆར་གནས་པའི་ཀླད་པ་དང་། ཀླད་ཁྱིམ་གྱི་རྒྱབ་ངོས་ཀྱི་ཆར་གནས་པའི་ཀླད་སྙིང་གཉིས་ཡོད་ལ། དབང་པོ་ལྔའི་རྩ་རྣམས་དེ་དང་འབྲེལ་བས་ལུས་ཀྱི་དབང་པོའི་རྟེན་གཙོ་བོ་ཡིན་ཞིང་། ཡང་མཆིན་རྩ་ལ་སོགས་པའི་རྩ་བརྒྱད་དང་། འཕར་རྩ་བཞི་དང་། འགྲོགས་པ་བཞིའི་རྩ་རྣམས་ཀྱང་ཀླད་སྙིང་དང་འབྲེལ་བ་དང་། ཀླད་སྙིང་གི་དབྱིབས་རྟ་མིག་ཕྱེད་ཀ་དང་འདྲ་ལ། ཀླད་པའི་དབུས་ན་ས་བོན་བཅུད་ཀྱི་རྩ་ལས་ལུས་ཀྱི་བདེ་བ་འཕེལ་འགྲིབ་བྱེད་ཚུལ་སོགས་གསུངས།

 

ཡང་བཤད་རྒྱུད་ལས།

          ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས།། རྩ་བ་ལྟ་བུར་ཐུར་དུ་ཟུག་པ་ཡི།།

          བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད།། དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་ཡི།།

          དར་གྱི་དཔྱངས་ཐག་བཅུ་གསུམ་སྦས་པའི་རྩ།། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ།།

          དེ་ལས་ཆུ་རྩ་ཕྲན་བུ་བཅུ་དྲུག་གྱེས།།111

ཞེས་ཀླད་པ་ནི་རྩ་དཀར་ཐམས་ཅད་སྐྱེད་པའི་གཞི་རྒྱ་མཚོ་དང་མཚུངས་ལ། དེ་ལས་རྩ་བ་ལྟ་བུར་ཐུར་དུ་ཟུག་པའི་རྩ་རྒྱུངས་པ་ནི་སྲོག་རྩ་དཀར་པོ་སྟེ་གཙོ་བོ་ཡིན་ལ། དེ་ལ་ཆུའི་ཁམས་གསོ་ཞིང་སྐྱེད་པའི་ཆུ་རྩ་རགས་པའི་དབང་དུ་བྱས་པ་བཅུ་དགུ་ཡོད་ལ། དེ་ཡང་ཀླད་པ་ནས་མགྲིན་པའི་ནང་བརྒྱུད་དེ་དོན་སྣོད་དང་ནང་ནས་འབྲེལ་བའི་དར་གྱི་དཔྱངས་ཐག་བཅུ་གསུམ་ཞེས་སྦས་པ་ལྟ་བུའི་རྩ་བཅུ་གསུམ་དང་། དེའི་སྟེང་ཡན་ལག་རྣམས་དང་ཕྱི་རོལ་ནས་འབྲེལ་བའི་རི་མོ་མངོན་པའི་རྩ་དྲུག་བཅས་བསྡོམས་པས་བཅུ་དགུ་སྟེ། དེ་དག་ནི་གཙོ་ཆེར་ལུས་འགུལ་བསྐྱོད་སོགས་ཀྱི་བྱ་བ་བྱེད་པ་ཡིན་ལ། བཅུ་དགུ་པོ་དེ་ལས་ཀྱང་ཆུ་རྩ་ཕྲན་བུ་བཅུ་དྲུག་མགོ་དང་རྐང་ལག་སོགས་ལ་འབྲེལ་བར་གསུངས་སོ།།

 

༥) ཀླད་པའི་ཆ་ཤས་རྒྱུངས་པ་དང་། ཀླད་རྒྱ་དང་། ཚངས་དུང་གི་འཁོར་ལོ།།

རྒྱུངས་པའམ་གཞུངས་པ་ནི། ཕྱི་ནང་གི་ལུས་ཀྱི་ཆ་ཤས་ཕལ་ཆེ་བར་བཀོད་འདོམས་དང་ཚོད་འཛིན་བྱེད་པའི་སྲོག་རྩ་དཀར་པོ་ཡིན་ལ། དེ་ཡང་ཀླད་པ་ནས་གཞུག་ཆུང་བར་ལྗོན་ཤིང་གི་རྩ་བ་བཞིན་སྐེ་དང་སྒལ་ཚིགས་ཀྱི་སྦུབས་བརྒྱུད་དེ་འབྲེལ་པ་ཞིག་ཡིན་པར་བཤད་དེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          གཞུངས་པ་མགོ་བོ་དག་ལས་ཆགས།། སྒལ་པའི་ནང་འཁྲིས་བཅུ་གསུམ་བར།།

          བཙན་ནམ་བསྣད་ན་ས་བོན་འཆོར།། བེམ་པོ་འདྲ་སྟེ་འཆི་བར་འགྱུར།།112

ཞེས་གཞུངས་པ་གང་ལས་གྱེས་པ་དང་། གང་ནས་བརྒྱུད་པ་དང་། གང་དུ་འབྲེལ་ཞིང་བྱ་བ་བྱེད་ཚུལ་དང་། ནད་དུ་གྱུར་པའི་སྐྱོན་རྣམས་བསྟན་ཏོ།།

 

ཀླད་རྒྱའམ་རྒྱ་དར་ནི། ལུས་དབང་ཀླད་པ་དང་། ཀླད་སྙིང་དང་། རྒྱུངས་པ་རྣམས་ཀྱི་ཕྱི་བཏུམས་པའི་རྣམ་པས་ཀུན་ནས་གཡོགས་ཤིང་རྒྱ་དར་ལྟར་ཕྱི་ནང་མི་སྒྲིབ་པས་དྭངས་ཤིང་གསལ་བ། ཁྲག་སོགས་ཟུངས་ཀྱི་རྒྱུ་བ་དང་ལྡན་པས་མདོག་སྨུག་མདངས་ཅན་སྲ་ལ་མཉེན་པ་རི་དྭགས་གླ་བའི་པགས་པའི་སྲབ་མཐུག་ཙམ་ཡོད་པ། བྱེད་ལས་མཚོན་དང་གནོད་འབུ་སོགས་སྲུང་བར་བྱེད་པ་ཞིག་ཡིན་པར་བཤད་དེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          ལུས་ཀྱི་དབང་རྟེན་ཀླད་པ་ལ།། རྒྱ་ནི་དར་དཀར་དྲིལ་བ་འདྲ།།113

 ཞེས་དང། མན་ངག་རྒྱུད་ལས་ཀྱང་།

          རྒྱ་དར་སྨུག་ལ་དྭངས་པ་གླ་ཧེལ་ཙམ།།

          རྩ་ཡི་དྲ་བར་གཏུམས་ནས་གནས་པ་ཡིན།།114 ཞེས་གསུངས་སོ།།

 

ཚངས་དུང་གི་འཁོར་ལོ་ནི། སྲོག་རྩ་ལས་འོངས་པའི་ལྗོན་ཤིང་བཞིའི་རྩེ་མོ་གྱེན་དུ་སོང་བ་ཀླད་པར་འབྲེལ་བའི་རེ་ཐག་བཞི་དང་། ཀླད་པ་ལས་ཐུར་དུ་རྒྱུ་ཞིང་ནང་གི་དོན་སྣོད་སོགས་དང་འབྲེལ་བའི་ཆུ་རྩ་དང་དབང་རྩ་རྣམས་འདུས་པ། ཀླད་པའི་དབུས་སུ་སེམས་ཀྱི་བཞོན་པ་རླུང་གིས་ཐིག་ལེ་དང་རྩ་དང་རླུང་དང་སེམས་རྣམས་མ་ཚང་བ་མེད་པར་བཟུང་ཞིང་། ཀླད་དབུས་དེའི་རྩ་འགྲོ་ལམ་ལྟ་བུ་ལས་རླུང་རྒྱུ་བ་དང་ཐིག་ལེ་འཕོ་ལ་ད་དུང་ཐིག་ལེ་དང་རླུང་དེ་གཉིས་གནས་གཞན་དུའང་འདྲེན་པའི་རྩའི་འཁོར་ལོ་ཞིག་ཡོད་པ་དེ་ནི་ཚངས་དུང་གི་འཁོར་ལོ་ཡིན་པར་བཤད་ལ། ཡང་ཀླད་སྙིང་དང་ཐོད་པའི་ཕྲད་མཚམས་སུ་རྨེན་བུ་མཐེབ་མོ་ཙམ་ཡོད་པར་བཤད་དེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          སྤྱི་བོ་དག་ཏུ་ཕྲད་པ་ནི། །ཚངས་པ་དུང་གི་འཁོར་ལོ་འོ།།

ཞེས་དང་། ཡང་དེ་ཉིད་ལས།

          དེ་ལས་སྤྱི་བོར་ཕྲད་པ་ནི།། ལུས་ཀྱི་དབང་རྟེན་ཀླད་པ་ལ།།

          རྒྱ་ནི་དར་དཀར་དྲིལ་བ་འདྲ།། ཆུ་བ་རྒྱུས་པ་རྒྱ་སྲུབས་དང་།།

          འབྲེལ་ཏེ་ཕྱི་ཡི་རེ་ཐག་ནི།། ནང་གི་ལྗོན་ཤིང་རྩ་བཞི་དང་།།

          སྤྱི་བོ་དག་ཏུ་འདུས་པ་ནི།། རླུང་གིས་ལུས་ཀྱི་ས་བོན་བཟུང་།།

          ཚངས་པ་དུང་གི་འཁོར་ལོ་སྟེ།། ལུས་ཟུངས་ས་བོན་རྩ་ཡིན་ནོ།།115 ཞེས་གསུངས།

 

ཡང་སྨན་དཔྱད་དེ་ཉིད་ལས།

          ཀླད་སྙིང་ཐོད་པའི་འབོག་མཚམས་ན།། མཐེབ་མོ་ཙམ་གྱི་རྨེན་བུ་ཡོད།།116

ཅེས་དང་། ཡང་ཀླད་པའི་རྩ་དང་ལུས་ཀྱི་དོན་ལྔ་སྣོད་དྲུག་གི་རྩ་རྣམས་འབྲེལ་ཚུལ་ཡང། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          དོན་དང་སྣོད་ཀྱི་རྩ་དག་ནི།། ཚངས་པའི་བུ་གའི་རྩ་དང་འབྲེལ།།117

ཞེས་དང་། མིག་སོགས་དབང་པོ་རྣམས་ཀླད་རྩ་དང་ཕན་གནོད་འབྲེལ་ཚུལ་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          ཀླད་པའི་གཟེར་རྩ་དག་ནས་ནི།། ལྟག་པའི་ཚོན་གང་བཅལ་བ་ནི།།

          ཀླད་པ་དག་ནས་མིག་ཏུ་འཁོར།། ཆད་ན་མིག་འབྲུལ་གཞུང་རེངས་ཏེ།།118

ཞེས་སོགས་གསུངས།

 

ཡང་ཀླད་པའི་ཆ་ཤས་རྣམས་ལུས་ཀྱི་རྩ་དང་འབྲེལ་ཞིང་རྩ་ལ་བརྟེན་པའི་སྲོག་འཛིན་གྱི་རླུང་སོགས་རྩ་བ་དང་ཡན་ལག་གི་རླུང་རྣམས་སོ་སོས་ཐུན་མིན་གྱི་བྱ་བ་གང་བྱེད་པའང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།

          སྤྱི་གཙུག་ཚངས་པ་དུང་གི་སྒོར།། བདུད་རྩ་ནག་པོ་སྙིང་གི་རྩ།།

          འབྲེལ་ཏེ་རླུང་རྒྱུ་དེ་རྣམས་ལ།། གྱེན་དུ་རྒྱུ་བའི་རླུང་ཡིན་ཏེ།།

          ཤེས་པ་གསལ་བར་བྱེད་པ་འོ།།119 ཞེས་དང་།

 

བཤད་རྒྱུད་ལས།

          ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས།། གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད།།

          དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེགས་པ་འབྱིན།། བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད། །120 ཅེས་སོགས་གསུངས་སོ།།

 

མདོར་ན་ཀླད་པ་ནི་དབང་སྒྱུར་བ་པོ་དང་། དབང་པོ་དོན་སྣོད་སོགས་ལུས་ཀྱི་ཆ་ཤས་རྣམས་ནི་དབང་བསྒྱུར་བྱ་ལྟ་བུ་ཡིན་པས། སྔོན་གྱི་གསོ་རིག་གི་གཞུང་དག་ལས་ཀླད་པ་ལ་ལུས་ཀྱི་དབང་པོ་ཞེས་བཤད་ལ། དབང་བསྒྱུར་ཚུལ་ནི། སྙིང་ལྟ་བུ་ཡང་ཀླད་པ་ལ་རག་ལས་པའི་སྒོ་ནས་རང་གི་ལས་བྱེད་ལ། དོན་སྣོད་དབང་པོ་སོགས་ལུས་ཀྱི་ཆ་ཤས་རྣམས་ཀྱང་ཀླད་པ་ལས་བྱུང་བའི་རྩ་རྣམས་ཀྱིས་བསྐུལ་ཏེ་སོ་སོའི་ཐུན་མིན་གྱི་བྱ་བ་རྣམས་བྱེད་དོ། །ཡང་ཀླད་པ་ནི་ཀླད་སྙིང་དང་དོན་སྣོད་དང་དབང་པོ་དང་དབང་རྩ་དང་ཆུ་རྩ་དང་འབྱུང་བ་རྣམས་ལ་རག་ལས་ཤིང་དེ་དག་ཀྱང་ཀླད་པ་ལ་རག་ལས་པའི་སྒོ་ནས་ར་རང་གི་བྱ་བ་བྱེད་པ་ལས། ཕན་ཚུན་རག་མ་ལས་པར་ཀླད་རྡུལ་ཁོ་ནས་བྱ་བ་གང་ཡང་མི་བྱེད་པ་ནི་འདིར་དྲངས་པའི་གསོ་རིག་བཤད་རྒྱུད་དང་མན་ངག་རྒྱུད་དང་སྨན་དཔྱད་ཟླ་བའི་རྒྱལཔོ་རྣམས་ཀྱི་དགོངས་པར་གནས་སོ།།

 

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་བཞག་གི་མཆན། 

 

100 བཤད་རྒྱུད། ལེའུ་གཉིས་པ། ཤླཽཀ ༡༢ ཤོག ༢༦

101 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་དང་པོ། ཤླཽཀ ༧-༡༡ ཤོག ༡༠

102 སྨད་དཔྱད་ཟླ་བའི་རྒྱལ་པོ། ལེའུ་དང་པོ། ཤླཽཀ ༡༢ ཤོག ༡༠

103 རྒྱུད་བཞི། བཤད་རྒྱུད། ལེའུ་བཞི་པ། ཤླཽཀ ༨ ཤོག ༣༡

104 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་ཞེ་བརྒྱད་པ། ཤླཽཀ ༢༦-༣༠ ཤོག ༡༢༠

105 གསོ་རིག་རྒྱུད་བཞི། མན་ངག་རྒྱུད། ལེའུ་གྱ་གསུམ་པ། ཤླཽཀ ༣ ཤོག ༤༧༡

106 གསོ་རིག་རྒྱུད་བཞི། བཤད་རྒྱུད། ལེའུ་བཞི་པ། ཤླཽཀ ༤ ཤོག ༣༡

107 གསོ་རིག་རྒྱུད་བཞི། བཤད་རྒྱུད། ལེའུ་བཞི་པ། ཤླཽཀ ༡༡ ཤོག ༣༢

108 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་ཞེ་དགུ་པ། ཤླཽཀ ༣༦ ཤོག ༡༢༤

109 གོང་མཚུངས། ལེའུ་ཞེ་བརྒྱད་པ། ཤླཽཀ ༦-༨ ཤོག ༡༡༩

110 གོང་མཚུངས། ལེའུ་གསུམ་པ། ཤླཽཀ ༣༡-༣༣ ཤོག ༡༩

111 རྒྱུད་བཞི། བཤད་རྒྱུད། ལེའུ་བཞི་པ། ཤླཽཀ ༡༦-༡༨ ཤོག ༣༢

112 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་གཉིས་པ། ཤླཽཀ ༡༡ ཤོག ༡༥

113 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་བཞི་པ། ཤླཽཀ ༣༠ ཤོག ༢༡

114 རྒྱུད་བཞི། མན་ངག་རྒྱུད། ལེའུ་གྱ་གསུམ་པ། ཤླཽཀ ༤ ཤོག ༤༧༡

115 སྨན་དཔྱད་ཟླ་བའི་རྒྱལ་པོ། ལེའུ་བཞི་པ། ཤླཽཀ ༣༠-༣༣ ཤོག ༢༡116 གོང་མཚུངས། ལེའུ་ཞེ་དགུ་པ། ཤླཽཀ ༣༣ ཤོག ༡༢༣

117 གོང་མཚུངས། ལེའུ་གོ་བདུན་པ། ཤླཽཀ ༢༩ ཤོག ༢༧༠

118 གོང་མཚུངས། ལེའུ་ཞེ་དགུ་པ། ཤླཽཀ ༢༧ ཤོག ༡༢༣

119 གོང་མཚུངས། ལེའུ་བཞི་པ། ཤླཽཀ ༤༠ ཤོག ༢༢

120 རྒྱུད་བཞི། བཤད་རྒྱུད། ལེའུ་ལྔ་པ། ཤླཽཀ ༢༥ ཤོག ༣༦

121 སྡེ་དགེ བསྟན། མདོ་འགྲེལ། ངི་། བམ་པོ་གསུམ་པ། ཤོག ༣༩ ན། དཔེ་བསྡུར་མ། དེབ། ༦༥ ཤོག ༨༢༩

122 སྡེ་དགེ བསྟན། སེམས་ཙམ། ཚི། བམ་པོ་དགུ་པ། ཤོག ༡༠༡ བ། དཔེ་བསྡུར་མ། དེབ། ༧༢ ཤོག ༩༡༤

123 སྡེ་དགེ བཀའ། མདོ་སྡེ། ཚ། ཤོག ༡༢༤ བ། དཔེ་བསྡུར་མ། དེབ། ༦༢ ཤོག ༣༤༠

124 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༤༠ ཤོག ༡༠༩ ན།དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༣

125 སྡེ་དགེ བཀའ། མདོ་སྡེ། ཤ།ཆོས་ཀྱི་རྣམ་གྲངས་ཉེར་གཉིས་པ། ཤོག ༧༣ ན། དཔེ་བསྡུར་མ། དེབ། ༧༡ ཤོག ༡༦༨

126 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༦༣ ཤོག ༡༠༩ བ།དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༥

127 གོང་མཚུངས། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༡༦༦ ཤོག ༡༡༣ བ།དཔེ་བསྡུར་མ། དེབ། ༩༧ ཤོག ༥༡༥

128 སྡེ་དགེ བསྟན། ཚད་མ། ཆེ། ཚད་མ་གྲུབ་པའི་ལེའུ། ཤོག ༧༡ བ།དཔེ་བསྡུར་མ། དེབ། ༩༨ ཤོག ༡༧༡

129 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༥༡ ཤོག ༡༠༩ བ།དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༤

130 གོང་མཚུངས། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༧༦ ཤོག ༡༡༠ ན།དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༧

131 སྡེ་དགེ བསྟན། ཚད་མ། འེ། ཉེར་བདུན་པ་རྒྱང་ཕན་པ་བརྟག་པའི་ལེའུ། ཤོག ༩༦ ན།དཔེ་བསྡུར་མ། དེབ། ༡༠༧ ཤོག ༡༢༢༢

132 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༧༤ ཤོག ༡༡༠ ན།དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༦

133 སྡེ་དགེ བསྟན། ཚད་མ། འེ། ཉེར་བདུན་པ་རྒྱང་ཕན་བརྟག་པའི་ལེའུ། ཤོག ༩༦ ན།དཔེ་བསྡུར་མ། དེབ། ༡༠༧ ཤོག ༡༢༢༢

134 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༥༠ ཤོག ༡༠༩ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༤

135 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༤༡ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༤༧

136 གོང་མཚུངས། ཤོག ༡༤༡ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༤༧

137 སྡེ་དགེ བསྟན། རྒྱུད་འགྲེལ། ཆི། རིམ་པ་དང་པོ། ཤོག ༡༩༩ ན།དཔེ་བསྡུར་མ། དེབ། ༡༩ ཤོག ༥༣༠

138 སྡེ་དགེ བཀའ། རྒྱུད། ཅ། ལེའུ་རེ་བརྒྱད་པ། ཤླཽཀ ༧༡-༧༣ ཤོག ༢༧༦ བ།དཔེ་བསྡུར་མ། དེབ། ༨༡ ཤོག ༩༡༥

འབྲེལ་ཡོད་རྩོམ་ཡིག་གཞན།

  1. ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར། 
  2. ནང་པའི་ཚན་རིག་ལས་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག
  3. ནང་པའི་ཚན་རིག་ལས་ལུས་སེསམ་འབྲེལ་ཚུལ་ལ་དཔྱད་པ།

 

 

ཀུན་བཏུས་པོད་ལྔ་པའི་འབྲེལ་ཡོད་རྩོམ་གཞུང་གཞན།

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

དུས་འཁོར་རྒྱུད་དང་སྨན་གཞུང་ལས་མངལ་ཆགས་རིམ་སྐོར།

མདོ་སྡེ་ལས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་ཚུལ།

སྐྱེ་བའི་གནས་བཤད་པ།

ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།



མཐའ་མའི་འདོན་ཐེངས་།: 22.09.2016 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།