སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་པའི་ཚན་རིག་ལས་ལུས་སེམས་འབྲེལ་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2014
ཆེད་རྩོམ། >>


མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག
 

༨ ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།

(ཀུན་བཏུས། པོད་དང་པོ།)

 

 

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 

དེ་ལ་སྤྱིར་སྣོད་ཀྱི་འཇིག་རྟེན་གྱི་གྲུབ་རིམ་བཅུད་ཀྱི་སེམས་ཅན་དང་འབྲེལ་ཡོད་པ་དང་།་བཅུད་ཀྱི་སེམས་ཅན་གྱི་ལུས་ད་ལྟར་ང་ཚོར་མངོན་བཞིན་པ་འདི་ཕྲ་བའི་རིམ་པ་ཞིག་དང་འབྲེལ་ཡོད་པ་དང་། ཕྲ་བ་དེ་ཡང་མཐར་ཐུག་ན་རླུང་སེམས་དབྱེར་མེད་ཀྱི་ཆེས་ཕྲ་རིམ་ཞིག་ནས་གྲུབ་ཡོད་པར་བཤད་པས། གསང་བ་འདུས་པའི་གཞུང་ལྟར་ན་འཇིག་རྟེན་གྱི་ཁམས་ནི་ཆོས་ཉིད་དང་རླུང་དང་རྣམ་ཤེས་ཀྱི་གཞི་མའི་རྣམ་པ་དེ་ང་ཚོར་མངོན་དུ་གྱུར་པ་ཙམ་ཞིག་ཡིན།

 

མཐར་ཐུག་ན་རླུང་དང་རྣམ་པར་ཤེས་པ་དབྱེར་མེད་པས་ང་ཚོའི་ལུས་པོའི་སྟེང་གི་འབྱུང་བ་དང་ཕྱིའི་འཇིག་རྟེན་གྱི་རང་བྱུང་གི་འབྱུང་བའི་བར་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་དེ། སྔགས་ལུགས་ཀྱི་རྩ་རླུང་སྒོམ་སྒྲུབ་ཀྱི་རྟོགས་པ་ཡོད་པ་དང༌། ཡང་ན་ལྷན་སྐྱེས་ཀྱི་ཚོར་ཤེས་སྐྱེན་པའི་གང་ཟག་རིགས་གཅིག་གིས་འབྲེལ་བ་ཕྲ་མོ་དེ་རྟོགས་ཐུབ།

 

དེ་ལྟ་བུའི་ལུས་དང་སེམས་ཀྱི་འབྲེལ་པའི་ཚུལ་མདོ་སྔགས་ཀྱི་གཞུང་རྣམས་ལས་འབྱུང་བ་མཚོན་ཙམ་འཆད་པ་ལ། ནང་པའི་མདོ་ཕྱོགས་ཀྱི་གཞུང་ལས་གསུངས་ཚུལ་ནི། དེ་ཡང་མའི་མངལ་དུ་ཉིང་མཚམས་སྦྱར་བ་དང་དུས་མཉམ་དུ་ཚེ་འདིའི་གཟུགས་ཕུང་གསར་དུ་གྲུབ་ཅིང་། དེ་དང་དུས་མཉམ་དུ་ཚེ་འདིའི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ། མིང་བཞིའི་ཕུང་པོའང་གྲུབ་པ་ཡིན་ལ། དེ་དག་ཀྱང་ཚེ་ཇི་སྲིད་ཀྱི་བར་དུ་མདུང་ཁྱིམ་ལྟར་གཅིག་ལ་གཅིག་རྐྱེན་གྱི་ཚུལ་དུ་འབྲེལ་ཏེ་གནས་པའི་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་སཱ་ལུ་ལྗང་པའི་མདོའི་རྒྱ་ཆེར་བཤད་པ་ལས། “དེ་དག་དང་འབྱུང་བ་ཆེན་པོ་བཞི་གཅིག་ཏུ་བསྡུས་ནས་མདུང་ཁྱིམ་གྱི་ཚུལ་དུ་མིང་དང་གཟུགས་ཞེས་བྱའོ། །”121 ཞེས་དང་། འཕགས་པ་ཐོགས་མེད་ཀྱི་སའི་དངོས་གཞི་ལས་ཀྱང་། “དེ་ལྟར་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་བྱ་ལ་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ད་ལྟར་གྱི་དུས་ན་ཚེ་ཇི་སྲིད་བར་མདུང་ཁྱིམ་གྱི་ཚུལ་དུ་འཇུག་གོ །”122ཞེས་གསུངས་པ་ལྟར་རོ།།

 

ནམ་ཞིག་གང་ཟག་དེའི་ལུས་སེམས་གཉིས་རྟེན་དང་བརྟེན་པའི་འབྲེལ་པ་ཆད་དེ་ཕུང་པོ་དོར་བ་དང་དྲོད་ཡལ་བ་དང་སྲོག་ཀྱང་འགགས་པས་གང་ཟག་དེ་ཤི་བ་ཡིན་ནོ། །དེ་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ལས། “འཆི་བ་གང་ཞེ་ན། སེམས་ཅན་གང་ཡིན་པ་དེ་དང༌དེ་དག་སེམས་ཅན་གྱི་རིས་དེ་དང༌དེ་དག་ནས་འཕོས་པ་དང༌། འཕོ་བ་ཉིད་དང༌། ཞིག་པ་དང༌། ནང་ཉམས་པ་དང༌། ཚེ་ཉམས་པ་དང༌། དྲོད་ཡལ་བ་དང༌། སྲོག་གི་དབང་པོ་འགགས་པ་དང༌། ཕུང་པོ་རྣམས་འདོར་བ་དང༌། ཤི་བ་དང༌། དུས་བྱེད་པ་འདི་ནི་ཤི་བ་ཞེས་བྱ་སྟེ།”123 ཞེས་གསུངས་པ་ལྟར་རོ།།

 

དེ་ལ་སེམས་སམ་རྣམ་པར་ཤེས་པ་ལ་ནང་གསེས་ཀྱིས་དབྱེ་བའི་དབང་དུ་བྱས་ན། དབང་ཤེས་དང་ཡིད་ཤེས་སུ་གྱུར་པའི་སེམས་གཉིས་ཡོད་པ་ལས། དབང་པོའི་རྣམ་པར་ཤེས་པ་རྣམས་ནི་དབང་པོ་གཟུགས་ཅན་པ་ལ་ལྟོས་ཚབས་ཆེ་བས་དབང་པོ་གཟུགས་ཅན་པ་ཡོད་མེད་དང་གསལ་མི་གསལ་གྱི་རྗེས་སུ་འབྲང་བ་ཡིན་ལ། དེ་བས་ན་དེའི་བདག་རྐྱེན་ཁྱད་པར་བ་ལ་དབང་པོ་གཟུགས་ཅན་པ་འཇོག་པ་ཡིན་མོད། ཡིད་བློ་རྣམས་ནི་དབང་པོ་གཟུགས་ཅན་པ་ལ་བརྒྱུད་ནས་བརྟེན་པ་ཙམ་ཡོད་ཀྱང་། ཡིད་བློའམ་ཤེས་པ་ཞིག་ཡིན་ཕྱིན་མཐར་ཐུག་དབང་པོ་གཟུགས་ཅན་པ་དང་ཀླད་པའི་རྣམ་འགྱུར་ལ་ངེས་པར་བརྟེན་མི་དགོས་པ་ནི། འཆི་བའི་གནས་སྐབས་སུ་ཕྱི་དབུགས་ཆད་དེ་ཀླད་པའི་ནང་ཁྲག་གི་འཁོར་རྒྱུག་མཚམས་ཆད་ནས་ཀླད་པའི་བྱ་བྱེད་མཐའ་དག་འགགས་ཀྱང་ད་དུང་ཤེས་པ་ཕྲ་མོའིའགྱུར་བ་མ་ལོག་པར་ཉིན་གྲངས་མང་པོར་བཞུགས་པ་དུ་མ་མཐོང་ཆོས་སུ་གྲུབ་པས་སོ།།


དེས་ན་ལུས་ཀྱིས་རང་འབྲས་ཡིད་བློ་རྟོག་པའི་རྐྱེན་ཙམ་བྱེད་པ་ལས་ཡིད་བློ་རྟོག་པ་ལ་འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ཁྱད་པར་བ་མི་བྱེད་ལ། ཡིད་བློ་རྟོག་པས་ནི་ལུས་ལ་འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ཁྱད་པར་བ་བྱེད་དོ། ། དེའི་ཚུལ་ཡང་ཚད་མ་རྣམ་འགྲེལ་ལས།

         དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན།།

         འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན།།124

ཞེས་སོགས་གསུངས་པ་ལྟར་རོ།།

 

ཡང་དཔེར་ན་གཞན་ལ་ཕན་པར་འདོད་པའི་བྱམས་པའི་སེམས་བསྐྱེད་པས་ལུས་ཀྱི་ཁྲག་དྭངས་པ་དང་། བཞིན་གྱི་མདོག་གསལ་བ། བལྟ་ན་མཛེས་པ་སོགས་མཐོང་ཆོས་ལ་ལུས་ལ་འགྱུར་བ་སྐྱེད་པའི་ཚུལ་ཡང་། མདོ་དྲན་པ་ཉེར་བཞག་ལས། “སེམས་ཅན་རྣམས་ཐམས་ཅད་ལ་ཡང་ཕན་པར་འདོད་པ་དེ་ནི། མཆོག་ཏུ་ཁྲག་རབ་ཏུ་དང་བར་འགྱུར་རོ། །ཁྲག་རབ་ཏུ་དང་བར་གྱུར་པས་བཞིན་གྱི་མདོག་དང་ངོ༌། །དེའི་བཞིན་གྱི་མདོག་རབ་ཏུ་དང་བས་བལྟ་ན་མཛེས་པར་འགྱུར་རོ། །དེས་སེམས་ཅན་རྣམས་ཐམས་ཅད་དགའ་བར་འགྱུར་ཏེ། མཐོང་བའི་ཆོས་ལ་ཡིན་ནོ།།”125 ཞེས་གསུངས།

 

ཡང་ལུས་གཟུགས་ཅན་ཐོགས་བཅས་ཀྱི་རང་བཞིན་ཅན་དེ་དང་སེམས་ཐོགས་མེད་གསལ་རིག་གི་རང་བཞིན་ཅན་དེ་གཉིས་རང་བཞིན་ཆེས་མི་འདྲ་བས། ཕན་ཚུན་གཅིག་གཅིག་གི་ངོ་བོར་འགྱུར་བའི་ཉེར་ལེན་བྱེད་པ་མི་སྲིད་ཀྱང་། ལུས་སེམས་ཕན་ཚུན་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡོད་པའི་ཚུལ་ནི། ཚད་མ་རྣམ་འགྲེལ་ལས།

         དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །

         སྐྱེ་བའི་འབྲས་བུ་ལྷན་ཅིག་གནས། །126

 

ཞེས་ད་ལྟའི་སེམས་དེ་སེམས་སྔ་མས་ཉེར་ལེན་དང་ལུས་སྔ་མས་ལྷན་ཅིག་བྱེད་རྐྱེན་བྱས་ནས་སྐྱེ་ཤིང་། ད་ལྟའི་ལུས་དེ་ཡང་ལུས་སྔ་མས་ཉེར་ལེན་དང་སེམས་སྔ་མས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་སྐྱེས་པའི་སྒོ་ནས་ལྷན་ཅིག་ཏུ་གནས་པ་ཡོད་པར་གསུངས་ལ། ཉེར་ལེན་མི་བྱེད་པ་ནི། དེ་ཉིད་ལས།

         རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །

         ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།127

ཅེས་དང་། ལྷ་དབང་བློའི་རྣམ་འགྲེལ་གྱི་འགྲེལ་པ་ལས་ཀྱང་། “རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཡིན་གྱི། རྣམ་པར་ཤེས་པ་མ་ཡིན་པའི་མ་ཡིན་ཞིང༌། རྣམ་པར་ཤེས་པ་མ་ཡིན་པའི་ངོ་བོ་ལུས་ལ་སོགས་པ་ཉེ་བར་ལེན་པ་མ་ཡིན་ནོ། །”128 ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ལུས་ཀྱིས་གནས་སྐབས་སེམས་ལ་ཕན་འདོགས་པའི་སྒོ་ནས་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡོད་ཀྱང། དེ་ཙམ་གྱིས་ལུས་ལོག་པའི་སྟོབས་ཀྱིས་སེམས་ཀྱང་ལྡོག་དགོས་པའི་རྒྱུ་ཁྱད་པར་ཅན་དུ་མི་འགྱུར་ཏེ། དཔེར་ན། མེ་ལ་སོགས་པས་བུམ་པའི་ཁྱད་ཆོས་མདོག་དམར་བ་སོགས་ལ་ཕན་འདོགས་ཀྱང་དེ་ཙམ་གྱིས་མེ་ལོག་པས་བུམ་པའི་ངོ་བོ་ལྡོག་པའི་རྒྱུ་ཁྱད་པར་ཅན་དུ་མི་འགྱུར་བ་བཞིན་ཡིན་ནོ། །དེའི་ཚུལ་ཡང་ཚད་མ་རྣམ་འགྲེལ་ལས།

         འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་པ་ཡིན་སླ་སྟེ།།

         བུམ་སོགས་ལ་ནི་མེ་སོགས་བཞིན། །དེ་ཙམ་གྱིས་ནི་ལྡོག་པ་མིན།།129 ཞེས་གསུངས།

 

དེས་ན་ལུས་ཀྱིས་སེམས་ཀྱི་ཉེར་ལེན་དང་བདག་རྐྱེན་ཁྱད་པར་ཅན་གང་ཡང་མི་བྱེད་དོ། །དེ་དག་ནི་ཚད་མ་རྣམ་འགྲེལ་ལས།

         འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན།།

         དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས།།

         འདིས་ནི་འདུས་པ་ལ་སོགས་པ། །དྲན་པ་ཉམས་སོགས་བཤད་པ་ཡིན།།

         ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ།།

         དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས།།

         ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན།།130

 

ཞེས་དུས་འགའ་ཞིག་གི་ཚེ་ལུས་རྒྱས་རྒུད་སོགས་ཀྱིས་ཆགས་སོགས་འཕེལ་བར་བྱས་པ་ཡང་གཙོ་བོ་ཚོར་བ་བདེ་སྡུག་ལས་དངོས་སུ་སྐྱེས་པ་ཡིན་གྱི་ལུས་དེ་ཆགས་སོགས་ཀྱི་དངོས་ཀྱི་བདག་རྐྱེན་མིན་པ་དང་། ཚོར་བ་བདེ་སྡུག་དེ་ཡང་ཁམས་སྙོམས་པ་དང་མ་སྙོམས་པ་ལ་སོགས་པའི་ནང་གི་རེག་བྱའི་དོན་གཟུང་ཡུལ་དུ་ཉེ་བ་ལས་སྐྱེས་པ་ཡིན་གྱི་ལུས་དེ་ཚོར་བ་བདེ་སྡུག་གི་བདག་རྐྱེན་མིན་ཞིང་། ཚུལ་འདིས་ནི་འདུས་པའི་རིམས་ལ་སོགས་པ་ལས་དྲན་པ་ཉམས་པ་སོགས་ཀྱང་ནང་གི་རེག་བྱའི་གཟུང་ཡུལ་དུ་ཡོད་པའི་ཁྱད་པར་ལས་དབང་བློས་འགྱུར་བར་བྱེད་པ་ཙམཡིན། དཔེར་ན། རྒྱུད་སྡར་མའི་ཁྱད་པར་འགའ་ཞིག་ལ་སྟག་བྱུང་ངོ་ཞེས་པའི་སྒྲ་ཐོས་པ་དང་། གཞན་བསད་པའི་ཁྲག་ལ་སོགས་པ་མཐོང་བ་ལས་དྲན་པ་རྨོངས་པ་ལ་སོགས་པ་དེ་དག་ཀྱང་ནང་གི་ཚོར་བས་འཕེལ་བར་བྱས་པ་ཙམ་ཡིན་གྱི་ལུས་ལ་དངོས་སུ་བརྟེན་པ་མ་ཡིན་པ་བཞིན་གསུངས་སོ།།

 

ཀ་མ་ལ་ཤཱི་ལའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཀྱང་། “འདི་ལྟར་སྟག་དང་ཁྲག་ལ་སོགས་པའི་འཇིགས་སུ་རུང་བའི་ཡུལ་མཐོང་བ་ལ་སོགས་པའི་སྟོབས་ཀྱིས་ཀྱང་རེས་འགའ་སྡར་མའི་ཡིད་རྨུགས་པའི་མཚན་ཉིད་ཀྱི་ཡིད་ཀྱི་འགྱུར་བ་འབྱུང་བ་ཁོ་ནའོ། །དེ་ཙམ་གྱིས་ནི་ཡིད་ཀྱི་བློ་དེ་དེ་ལ་བརྟེན་པར་འགྱུར་བ་ཡང་མ་ཡིན་ནོ། །”131 ཞེས་གསུངས་པ་ལྟར། དཔེར་ན་སྡར་མ་འགའ་ཞིག་སྟག་མཐོང་བའམ་གཞན་བསད་པའི་ཁྲག་ལྟ་བུ་མཐོང་བ་ལས་ཤིན་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར་ཡང་དེ་ནི་དོན་དེ་དག་དམིགས་ཡུལ་དུ་བྱས་པའི་སྟོབས་ཀྱིས་ཡིད་བློ་ལ་འགྱུར་བ་དེ་ལྟར་བྱུང་བ་ཡིན་གྱི། དོན་དེ་དག་གིས་ཉེར་ལེན་སོགས་བྱས་པ་ལས་བྱུང་བ་མིན་པ་ལྟར་རོ།།

 

གཞན་ཡང་ཡིད་བློའི་ཡོན་ཏན་བརྩེ་བ་དང་ཤེས་རབ་ལ་སོགས་པ་ནི། ལུས་འཕེལ་འགྲིབ་ཀྱི་རྗེས་སུ་མི་འབྲང་བར། རང་གི་རྫས་རྒྱུན་བློ་སྔ་མ་གོམས་པའི་ཤུགས་ཆེ་ཆུང་གི་དབང་གིས་འཕེལ་འགྲིབ་ཏུ་འགྱུར་བ་ཡིན་ལ། དེ་ལྟར་རྒྱུན་གོམས་པའི་དབང་གིས་འཕེལ་འགྲིབ་ཏུ་འགྱུར་བའི་ཚུལ་འདི་ལྟ་བུ་ནི། མར་མེའི་འོད་ལ་སོགས་པ་ཉེར་ལེན་གཟུགས་ཅན་ལ་བརྟེན་པ་རྣམས་ལ་མེད་པར་གསུངས་སོ། །དེ་ལྟར་ཡང་ཚད་མ་རྣམ་འགྲེལ་ལས།

 

         ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས།།

         ཤེས་རབ་ལ་སོགས་ཕུལ་བྱུང་དང་། །འགྲིབ་པ་དག་ཏུ་འགྱུར་བ་ཡིན།།

         འདི་ནི་མར་མེའི་འོད་ལ་སོགས། །བརྟེན་པ་རྣམས་ལ་ཡོད་མ་ཡིན།།132 ཞེས་པ་ལྟར་རོ།།

 

ཡང་ལུས་དང་སེམས་གཉིས་ལ་ཉེར་ལེན་དང་བདག་རྐྱེན་ཁྱད་པར་ཅན་ཅི་རིགས་ཀྱི་འབྲེལ་པ་ཡོད་ན་ནི། དཔེར་ན་འདོད་ཆགས་འཕེལ་འགྲིབ་ལྟ་བུ་ལུས་འཕེལ་འགྲིབ་ཀྱི་རྗེས་སུ་འགྲོ་དགོས་ནའང་དེ་ལྟར་མིན་པ་ནི། ཀ་མ་ལ་ཤཱི་ལའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས།


འོན་ཀྱང་ངེས་པར་དངོས་སུ་གང་ཞིག་གང་འགྱུར་བའི་རྗེས་སུ་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པར་རིགས་པ་ཡིན་ཞིང་། འདོད་ཆགས་ལ་
སོགས་པའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ངེས་པར་ལུས་ཡོངས་སུ་རྒྱས་པ་ལ་སོགས་པ་ལས་འགྱུར་བ་མ་ཡིན་ཏེ།     སོ་སོར་རྟོག་ པ་དང་ལྡན་པ་འགའ་ཞིག་ལུས་ཡོངས་སུ་རྒྱས་ན་ཡང་དེ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་བཞིན་ཡིན་པ་མང་དུ་ཡིད་ལ་བྱེད་པའི་གང་ ཟག་ལུས་ཤིན་ཏུ་        རིད་པའམ། དུད་འགྲོར་གཏོགས་པ་འགའ་ཞིག་ལུས་ཤིན་ཏུ་ཉམ་ཆུང་ཡང་འདོད་ཆགས་ལ་སོགས་པ་ཤས་ ཆེན་པོར་མཐོང་བའི་ཕྱིར་རོ།།133 ཞེས་གསུངས་པ་ལྟར་རོ།།

 

སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བ་འགའ་ཞིག་ལུས་རྒྱས་པ་ལས་འདོད་ཆགས་འཕེལ་བ་དང་། ལུས་རྒུད་པ་ལས་ཞེ་སྡང་སྐྱེ་བ་སྲིད་ཀྱང་། དེ་ནི་ལུས་ཁམས་སྙོམས་པ་དང་མ་སྙོམས་པའི་དབང་གིས་ནང་གི་རེག་བྱའི་ཁྱད་པར་ཡུལ་དུ་བྱེད་པའི་ལུས་ཚོར་བདེ་སྡུག་སྐྱེ་ལ། དེས་རྐྱེན་བྱས་ནས་ཆགས་སྡང་སྐྱེ་བ་ཡིན་གྱི། ཆགས་སྡང་དེ་དག་ལུས་ལས་དངོས་སུ་སྐྱེས་པ་མིན་ཞིང་། ལུས་ཀྱིས་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་བྱས་པ་ལས་སྐྱེས་པའང་མིན་ནོ། །དེས་ན་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ཞེས་པ་ནི། ཚད་མ་རྣམ་འགྲེལ་ལས།

 

         རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད།།

         དེ་རྒྱུ།134 ཞེས་གསུངས་པ་ལྟར། རྒྱུ་གང་ཞིག་འབྲས་བུ་དེའི་སྔ་ལོགས་སུ་ཡོད་པ་ཙམ་གྱིས་འབྲས་བུ་དེ་ལ་ཕན་འདོགས་ཤིང། རྒྱུ་དེ་སྔ་ལོགས་སུ་མེད་པར་འབྲས་བུ་དེ་སྐྱེ་བ་ལྡོག་པའི་སྒོ་ནས་འབྲས་བུ་དེ་རྟག་ཏུ་རང་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་དགོས་ཏེ། དཔེར་ན་མར་མེ་དེ་མར་མེའི་འོད་ཀྱི་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ཡིན་པ་ལྟ་བུའོ།།

 

ཡང་མུ་གེས་སྡུག་བསྔལ་བྱུང་བ་དག་ཐལ་བའི་རྐྱལ་པ་ལ་ཕྱེའི་བསམ་པ་ཡོད་པ་དེ་སྲིད་དུ་མ་ཤི་བ་ལ་རེ་བ་མེད་པར་གྱུར་ཚེ་ཤི་བ་དང་། རྒྱ་མཚོའི་འགྲམ་གྱི་སྒོ་ང་མའི་སེམས་པས་མ་བརྗེད་པ་ན་མི་རུལ་ལ་བརྗེད་པ་ན་རུལ་བར་གསུངས་པ་ལས་ཀྱང་ལུས་སེམས་འབྲེལ་བའི་ཚུལ་ཤེས་ནུས་སོ། །དེ་ལྟར་ཡང་མཛོད་རང་འགྲེལ་ལས།

“ཡིད་ལ་སེམས་པ་ཡང་འདིར་གནས་པར་བྱེད་པ་ཡིན་པར་སྣང་སྟེ། འདི་སྐད་དུ་ལོ་ཉེས་ཀྱིས་ཉེན་པའི་ཕ་ཞིག་གིས་ཐལ་བའི་རྐྱལ་བ་ཁ་ཐུར་མས་གཏུར་ཏེ་ཕྱེ་ཡིན་ནོ། །བར་དུ་བུ་གཉིས་ཤིག་ཡིད་ཆེས་པར་བྱས་པ་དང༌། དེ་གཉིས་ཀྱང་དེ་ལ་རྟོག་པར་བྱེད་ཅིང་རིང་མོ་ཞིག་ཏུ་གནས་པར་གྱུར་ཏོ། །གཅིག་གིས་ཁ་ཕྱེ་ནས་ཐལ་བ་ཡིན་ནོ་སྙམ་སྟེ་རེ་བ་མེད་པར་གྱུར་པ་དང་ཤིའོ།།”135 ཞེས་དང་།

 

ཡང་དེ་ཉིད་དུ་མངོན་པ་སྡེ་ བདུན་གྱི་ནང་ཚན་འགྲོ་བའི་རྣམ་གྲངས་ཀྱི་ལུང་དྲངས་པ་ལས།

འགྲོ་བའི་རྣམ་གྲངས་ལས་ཀྱང་རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་རྣམས་ཆུ་ནང་ནས་སྐམ་ལ་འཐོན་ཏེ་བྱེ་མ་ཅན་གྱི་ཐང་ལ་སྒོ་ང་ རྣམས་བཞག་ནས་བྱེ་ས་བཀབ་སྟེ་སླར་ཡང་རྒྱ་མཚོའི་ནང་དུ་འགྲོའོ། །དེ་ལ་མ་གང་དག་གིས་སྒོ་ང་ལས་བརྩམས་ཏེ་དྲན་པས་མ་བརྗེད་པའི་ སྒོ་ང་དེ་དག་ནི་འདྲུལ་བར་མི་འགྱུར་རོ། །གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ་ཞེས་བཤད་དེ། གཞན་གྱི་ཟས་ཀྱིས་ཟས་ དང་བཅས་པར་འགྱུར་དུ་འོང་བའི་ཕྱིར་དེ་ནི་མི་བརྗོད་ཀྱི། འདི་སྐད་དུ་སྒོ་ང་གང་དག་གིས་མ་ལས་བརྩམས་ནས་དྲན་པས་མི་བརྗེད་པས་དེ་ དག་ནི་རེག་པའི་གནས་སྐབས་དེ་དྲན་པས་འདྲུལ་བར་མི་འགྱུར་ལ། གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ་ཞེས་ནི་བརྗོད་ དོ། །136 ཞེས་གསུངས།

 

གསང་སྔགས་བླ་མེད་ཀྱི་གཞུང་རྣམས་ལས་ནི། སྤྱིར་འབྱུང་ལུས་ཤིན་ཏུ་རགས་པའང་རྣམ་ཤེས་ཀྱི་རྟེན་ཏུ་བཞེད་ཀྱང་། གཙོ་བོར་ཕྲ་བའི་རླུང་ལུས་དང་རྣམ་ཤེས་ཀྱི་འབྲེལ་པ་རྩལ་དུ་བཏོན་ནས་འཆད་ཅིང་། དེ་ཡང་རྣམ་ཤེས་རྣམས་རླུང་གི་བཞོན་པ་ཅན་དུ་གསུངས་ལ། དེའི་ཚུལ་ནི་རྣམ་ཤེས་རླུང་གིས་གཡོ་བར་བྱེད་པ་ཡིན་ལ། གཡོ་ཚུལ་ཡང་རྣམ་ཤེས་ཡུལ་ལ་གཡོ་བ་དང་སྐད་ཅིག་སྔ་མ་ནས་ཕྱི་མར་གཡོ་བའི་བྱ་བ་རླུང་གིས་བྱེད་པ་སྟེ། དེ་ཡང་དཔེར་ན་ཞ་བོ་མིག་ཅན་དང་ལོང་བ་རྐང་ཅན་གཉིས་གཅིག་ལ་གཅིག་བརྟེན་ཏེ་ཡུལ་གཞན་དུ་བགྲོད་ནུས་པ་ལྟར། རྣམ་ཤེས་ཡུལ་ལ་འཕོ་བའམ་བགྲོད་པ་ནི་རང་གི་བཞོན་པའི་རླུང་གིས་བྱེད་ལ་ཡུལ་མཐོང་བ་ནི་རྣམ་ཤེས་ཀྱིས་བྱེད་པས་དེ་གཉིས་ནམ་ཡང་འབྲལ་ཐབས་མེད་ལ། ཡང་རྣམ་ཤེས་ཀྱིས་ལུས་སྒུལ་སྐྱོད་སོགས་བྱེད་པའང་རླུང་དང་བཅས་པའི་རྣམ་ཤེས་ཀྱིས་བྱེད་པ་ཡིན་གྱི། གལ་ཏེ་རྣམ་ཤེས་རླུང་དང་བྲལ་ན་དེ་ལྟར་བྱེད་མི་ནུས་སོ།།

 

དེས་ན་སྤྱིར་རྣམ་ཤེས་རྣམས་རང་གི་བཞོན་པའི་རླུང་དང་བདག་ཉིད་གཅིག་པའི་འབྲེལ་པ་གྲུབ་བོ། །དེའི་ཚུལ་ཡང་ཁ་ཆེའི་མཁས་པ་ལཀྵྨཱིའི་རིམ་པ་ལྔའི་འགྲེལ་པའི་དོན་གསལ་བར་བྱེད་པ་ལས།

 

འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་བྱ་བ་ནི་རླུང་འདི་ཉིད་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་བཞོན་པ་ནི་གཞིར་གྱུར་པའོ། །གང་གི་ ཕྱིར་རྣམ་པར་ཤེས་པས་དེ་ལ་ཞོན་ནས་མིག་ལ་སོགས་པའི་དབང་པོ་དྲུག་གི་སྒོ་ནས་གཟུགས་ལ་སོགས་པའི་ཡུལ་དྲུག་པོ་ཡོངས་སུ་ གཅོད་པ་ ཡིན་ནོ། །དེ་ཡང་གང་གི་ཕྱིར་དེ་ལ་དེས་བསྐུལ་བ་ལ་རག་ལུས་པའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། གཞན་དུ་ན་དེས་ནི་ལོང་བ་བཞིན་དུ་ཅི་ ཡང་མཐོང་བར་མི་འགྱུར་རོ། །དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ་འདི་དག་ལ་འབྲེལ་པ་ཡོད་ན་དོན་གྱི་བྱ་བ་འགྲུབ་པ་ཡིན་ནོ། །འདིས་ ནི་འདི་ལྟར་བཤད་པར་འགྱུར་ཏེ། ཇི་ལྟར་རྟ་དང་རྟ་པ་ལམ་དུ་ཞུགས་པས་ཁྱད་པར་གྱི་བྱ་བ་རྫོགས་པར་བྱེད་པ་དེ་བཞིན་དུ། རླུང་དང་རྣམ་ པར་ཤེས་པ་དག་འབྲེལ་ན་ཡུལ་བཟུང་བའི་ནུས་པ་དང་ལྡན་པར་འགྱུར་རོ། །འདི་དག་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་ པ་སྟེ།137 ཞེས་  སོགས་གསུངས་པ་ལྟར་རོ།།

 

ཁྱད་པར་ཤིན་ཏུ་ཕྲ་བའི་གཉུག་མ་ལྷན་སྐྱེས་ཀྱི་ལུས་སེམས་དེ་གཉིས་ལ་གཉུག་མའི་ལུས་སེམས་ཞེས་ཀྱང་བྱ་ལ། དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས།

 

         ཇི་ལྟར་མེས་བསྲེགས་དངོས་མེད་དང་། །རྒྱུ་མེད་པར་ནི་ཐིམ་པར་འགྲོ།།

         སླར་ཡང་སྲོག་གི་རླུང་ཤར་བ། །ལས་ཀྱི་རླུང་ནི་སྣ་ཚོགས་པ།།

         དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས།།

         དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌།།

         དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ།།138

ཞེས་མེས་བསྲེགས་པ་ན་ཤིང་གི་དངོས་པོ་མེད་པར་འགྲོ་བ་བཞིན་དུ། འཆི་བའི་ཚེ་ཡང་རླུང་རགས་པ་རྣམས་སྲོག་འཛིན་གྱི་རླུང་གི་བར་དུ་རིམ་གྱིས་ཐིམ་ནས་འཆི་ཞིང༌། ཡང་སྐྱེ་བའི་ཚེ་ཤི་བའི་འོད་གསལ་དེ་ལས་ལས་ཀྱི་རླུང་ཤར་ཏེ། དེ་དང་རྣམ་ཤེས་གཉིས་ལྷན་ཅིག་ཏུ་འཇིག་རྟེན་གསུམ་དུ་གནས་པའི་སྐྱེ་བ་ལེན་པ་དང་། ལས་ཀྱི་རླུང་དེ་ལས་ཀྱང་ཆགས་པ་ལ་སོགས་པའི་ཀུན་རྟོག་རྣམས་སྐྱེ་ལ། དེས་ལས་བཟང་ངན་གཉིས་བསགས་ནས་ཡང་འཆི་ཞིང་ཡང་སྐྱེ་བ་འཁོར་ལོ་བསྐོར་བ་བཞིན་དུ་འགྱུར་བར་གསུངས་སོ།།

 

དེ་ལྟར་འཆི་བ་འོད་གསལ་མངོན་དུ་བྱས་པའི་ཚེ་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་དེ་ཉིད་ལ་རླུང་སེམས་རགས་པ་རྣམས་ཐིམ་པར་འགྱུར་ཞིང་། དེ་ལྟ་བུའི་ཕྲ་བའི་རླུང་སེམས་དེ་གཉིས་ནི་བདག་ཉིད་གཅིག་པའི་འབྲེལ་པ་གྲུབ་པའི་སྒོ་ནས་ནམ་ཡང་ཁ་འབྲལ་དུ་མེད་ལ་རྒྱུན་མི་ཆད་པར་སྔགས་བླ་མེ་ཀྱི་གཞུང་རྣམས་ལས་མང་དུ་གསུངས། ཡང་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས། ལུས་ཀྱི་རྩ་འཁོར་རྣམས་སུ་ཐིག་ལེ་སོགས་ལ་སེམས་ཟིན་ན་རླུང་དབང་དུ་འདུ་བར་གསུངས་པ་དང་། ཡང་རྟ་ལྟ་བུའི་སེམས་ཀྱི་བཞོན་པའི་རླུང་དབང་དུ་མ་འདུས་ཀྱི་བར་དུ། མི་ལྟ་བུའི་སེམས་དབང་དུ་མི་འདུ་བར་གསུངས་པ་དང་། གཞན་ཡང་ལུས་འདྲོངས་ན་རྩ་འདྲོང་བ་དང་། རྩ་འདྲོངས་ན་རླུང་འདྲོང་བ་དང་། རླུང་འདྲོངས་ན་སེམས་འདྲོང་བར་གསུངས་པ་སོགས། སྔགས་ཀྱི་གཞུང་རྣམས་ལས་ཕྲ་བའི་ལུས་སེམས་ཀྱི་འབྲེལ་པ་ཐུན་མོང་མ་ཡིན་པ་རྩལ་དུ་བཏོན་ནས་གསུངས་ཤིང་། དོན་ལ་རགས་པའི་གནས་སྐབས་སུ་ལུས་སེམས་ངོ་བོ་སོ་སོར་འབྱེད་རུང་མོད། ཕྲ་མོའི་གནས་སྐབས་སུ་ནི་རླུང་སེམས་ངོ་བོ་གཅིག་ཏུ་ཡོད་པས། ལུས་སེམས་ཐ་དད་དུ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་ལ་ངོ་བོ་སོ་སོར་དབྱེར་མེད་པ་ནན་གྱིས་སྒྲུབ་པར་མཛད་པར་སྣང་ངོ་།།

 

གཞན་ཡང་མིའི་ལུས་ལ་གནས་པའི་སྲིན་བུའི་རིགས་ཀྱི་བྱེད་ལས་ལ་བརྟེན་ནས་ཀྱང་ལུས་དང་སེམས་ལ་འགྱུར་བ་འགྲོ་བར་མདོ་སྡེ་རྣམས་ལས་གསུངས་ཤིང་། ཚུལ་འདི་མཚོན་ཙམ་འགོད་པ་ལ། ཤེར་ཕྱིན་གྱི་མདོ་ཉི་ཁྲི་ལས། “རབ་འབྱོར། གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ལུས་དེ་ཉིད་ལ་ཟ་བ་ཡོད་པ་དེ་དག་ཀྱང༌།”139 ཞེས་གསུངས་པ་ལྟར། མིའི་ལུས་ལ་གནས་པའི་སྲིན་བུའི་རིགས་མི་འདྲ་བ་མང་དུ་ཡོད་པར་གསུངས་ལ། ཡང་མདོ་དྲན་པ་ཉེར་བཞག་ལས། “བདག་གི་མགོ་བོ་ལ་སྲིན་བུའི་རིགས་བཅུ་གནས་སོ། །”140 ཞེས་སོགས་དང། “གཞན་ཡང་སྲིན་གྱི་རིགས་བཅུ་མགྲིན་པ་རླུགས་པར་བྱེད་པ་རྣམས་ནི།” 141 ཞེས་སོགས་དང་། “ཁུ་བ་རྒྱུ་བ་བཅུའི་རྩ་རྣམས་ཀྱི་ནང་ན་རྒྱུ་བ་མངར་མྱོས་དང༌། རབ་མྱོས་དང༌།” ཞེས་སོགས་དང། “ཁྲག་ལས་སྐྱེས་པར་གྱུར་པའི་སྲིན་གྱི་རིགས་བཅུ་ཤ་དང་ལྷན་ཅིག་གནས་པ་རྣམས་འདི་ལྟ་སྟེ། སྤུ་ཟ་བ་དང༌།” ཞེས་སོགས་དང། “ཁྲག་ལས་སྐྱེས་པའི་སྲིན་དུ་གྱུར་པ་མིག་མེད་པ་དང༌། གཡན་པའི་མཚན་ཉིད་དང༌།” ཞེས་སོགས་དང་། “ཤ་ལ་གནས་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི། འདི་ལྟ་སྟེ། རྨ་ཀུན་ནས་སློང་བ་དང༌།” ཞེས་སོགས་དང། “མཁྲིས་པ་ལ་གནས་པར་གྱུར་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི། འདི་ལྟ་སྟེ། ཙུ་ར་ཐ་དང༌།” ཞེས་སོགས་དང། “ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྲིན་རྣམས་ནི། འདི་ལྟ་སྟེ། རུས་པ་ལ་ལྡག་པ་དང༌།” ཞེས་སོགས་དང། “བཤང་བ་ལ་རྒྱུ་བའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི། འདི་ལྟ་སྟེ། དྭངས་མ་བ་དང༌།” ཞེས་སོགས་དང། “ལྷ་བ་ལ་རྒྱུ་བར་བྱེད་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི། འདི་ལྟ་སྟེ། སྤུ་ལ་གནས་པ་དང༌།”142 ཞེས་སོགས་ཀྱིས། སྲིན་བུའི་རིགས་རྣམས་མིའི་ལུས་གང་དུ་གནས་པ་དང་། མིང་། གཟུགས་དབྱིབས། ངོ་བོ། བྱེད་ལས། ཐ་མལ་བའི་མིག་ཤེས་སོགས་ཀྱིས་མཐོང་མི་ཐུབ་པར་ཐོས་བསམ་སྒོམ་གསུམ་གྱི་ཡིད་ཤེས་ཀྱིས་རྟོགས་དགོས་པ་སོགས་ཞིབ་པར་གསུངས།

 

ཁྱད་པར་དུ་སྲིན་བུའི་རིགས་དེ་དག་གི་འཕེལ་གྲིབ་སོགས་ཀྱིས་མིའི་སེམས་ལ་འགྱུར་བ་འགྲོ་ཚུལ་དཔེར་མཚོན་རེ་ཟུང་ནི། དེ་ཉིད་ལས། “ཉེ་བར་འཕེལ་བྱེད་ཀྱི་སྲིན་དེས་ཀྱང་བདག་གི་ལུས་ལ་རྣམ་པ་གཉིས་སུ་འཕེལ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཡང་ངའི་ཟས་ཀྱི་སྐྱོན་གྱིས་འཕེལ་བྱེད་ཀྱི་སྲིན་རྣམས་རབ་ཏུ་རྒྱས་པར་མ་གྱུར་ན་ནི། དེས་ང་སྤྲོ་བ་དང་རྣམ་པར་བྲལ་བར་འགྱུར་རོ། །”143 ཞེས་དེ་ལྟ་བུའི་སྲིན་བུ་རྒྱས་པར་མ་གྱུར་པའི་དབང་གིས་གང་ཟག་དེའི་སེམས་ལ་སྤྲོ་བ་མེད་པར་གསུངས།

 

གཞན་ཡང་དེ་ཉིད་ལས། ཚིགས་གཅོད་ཅིང་རྒྱུ་བ་ཞེས་བྱ་བའི་སྲིན་ནི། གལ་ཏེ་ཡང་ཟས་ཀྱི་སྐྱོན་གྱིས་ལྟོགས་པར་གྱུར་ན་བདག་གི་ལག་པ་འཁུམ་པར་བྱེད་དོ། །ལུས་ཀྱི་ཡན་ལག་རྣམས་འབྲུལ་བར་གྱུར་པའམ། སྙིང་གི་ནད་དུ་གྱུར་པའམ། གྲོང་ཁྱེར་གནས་པ་རྣམས་ཀྱང་སྟོངས་པར་མཐོང་བར་འགྱུར་རོ། །སྣབས་ཀྱང་འཁྲུག་པར་འགྱུར་རོ། །རྟག་ཏུ་ཡང་ཡི་མུག་པ་དང་། རེག་བྱ་དང་། གཟུགས་རྣམས་ལ་བློ་ཀུན་ཏུ་དགའ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚོར་བ་རབ་ཏུ་སྟོབས་དང་ལྡན་པའི་ཕྱིར་རོ།།144 ཞེས་སྲིན་བུ་དེ་ལྟོགས་པའི་རྐྱེན་གྱིས་ལུས་ཀྱི་ཡན་ལག་འཁུམ་པ་སོགས་དང་། སེམས་སྟོང་ལྷང་ངེ་བ་དང། ཡི་མུག་པ་དང། གཟུགས་སོགས་ལ་མི་དགའ་བར་འགྱུར་བར་གསུངས།

 

ཡང་དེ་ཉིད་ལས། མྱོང་བར་བྱེད་པ་ཞེས་བྱ་བའི་སྲིན་བདག་གི་རུས་པ་ལ་སྤྱོད་པ་ཡིན་ཏེ། དེས་ང་ལ་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ནི། མྱོང་བར་བྱེད་པ་ཞེས་བྱ་བའི་སྲིན་ཟས་དག་གི་སྐྱོན་གྱིས་གལ་ཏེ་ལྟོགས་པར་གྱུར་ན། དེས་ང་ལ་འབྲུམ་བུ་རྣམས་སུ་བྱེད་དོ། །ལུས་ཐམས་ཅད་ཀྱི་ཡན་ལག་དང་ཉིང་ལག་རྣམས་ལ་ཀུན་ཏུ་རྒྱུ་བར་བྱེད་པ་ཡིན་ཏེ། དེ་ལུས་གང་དག་ཉིད་ཁོ་ན་ལ་ཀུན་ཏུ་རྒྱུ་བར་བྱེད་པ་དེ་དག་ཉིད་ཁོ་ནར་བདག་རེངས་པར་འགྱུར་རོ། །སྙིང་སྟོང་བ་དང་ལུས་ལ་ཚོར་བ་མེད་པར་ཡང་འགྱུར་རོ། །ལྒང་བ་དང་བཤང་བ་འགག་པར་ཡང་འགྱུར་རོ། །གཉིད་མེད་པར་ཡང་འགྱུར་རོ།།145 ཞེས་ལུས་ཀྱི་སྲིན་བུའི་རིགས་འགའ་ཞིག་ལྟོགས་པར་གྱུར་ན་ལུས་ལ་ཚོར་བ་མེད་པ་དང་གཉིད་མི་འབྱུང་བ་སོགས་སུ་འགྱུར་བར་གསུངས།

 

ཡང་དེ་ཉིད་ལས། པགས་པ་ཟ་བ་ཞེས་བྱ་བ་རུས་པ་ལ་གནས་པ་ཡིན་ཏེ། དེ་གལ་ཏེ་ལྟོགས་པར་གྱུར་ན་ནི། དེས་ངའི་མཆུ་སྐྲངས་པར་བྱེད་པའམ་ཁ་སྐྲངས་པར་བྱེད་པའམ་མིག་སྐྲངས་པར་བྱེད་པའམ། རྣག་གི་ཐོར་བའམ། རྒྱུས་པ་འཁུམ་པར་གྱུར་པའི་ཚོར་བ་དང་། སྐོམ་དད་ཆེ་བ་དང་། མགྲིན་པ་སྐམ་པ་དང་། རྣ་བ་སྐྲངས་པ་དང༌། མཇིང་པ་རེངས་པའམ། ཐོད་པ་རྐོ་རློག་ཏུ་གྱུར་པའམ། དུས་མ་ཡིན་པར་སྐྲ་དཀར་པོ་རྣམས་འབྱུང་བར་འགྱུར་བའམ། གྲེ་བ་འཇོམས་པའམ་དུས་མ་ཡིན་པར་གཉིད་དང་མི་མཐུན་པའི་ཟས་རྣམས་ལ་དགའ་བའམ། གནས་གཅིག་ལ་མི་དགའ་བར་འགྱུར་བ་དང༌། གནས་དང་ཀུན་དགའ་ར་བ་སྟོང་པ་རྣམས་ལ་དགའ་བའམ། སེམས་རྣམ་པར་གཡེངས་པར་གྱུར་པའམ་གང་ཅུང་ཟད་ཀྱིས་མང་དུ་སྨྲ་བར་བྱེད་པའམ། རྟག་པར་རྒྱུན་དུ་ཡན་ལག་དང་ཉིང་ལག་རྣམས་ལ་སེན་མོས་འཕྲུག་པས་ཀྱང་བདག་གི་ལུས་ཐལ་ཚུབ་དང་འདྲ་བར་འགྱུར་ཏེ། པགས་པ་ཟ་བར་བྱེད་པའི་སྲིན་རྣམས་ཀྱི་སྐྱོན་གྱིས་ཡིན་ནོ།།146 ཞེས་ལུས་ཀྱི་སྲིན་བུ་འགའ་ཞིག་གི་བྱེད་ལས་ཀྱིས་སྐྲ་དཀར་འབྱུང་བ་སོགས་དང། མི་མཐུན་པའི་ཟས་ལ་དགའ་བ་སོགས་སུ་འགྱུར་བར་གསུངས་སོ།།

 
ལུས་སེམས་འབྲེལ་ཚུལ་ལ་དཔྱད་པའི་མཆན། 

 121 སྡེ་དགེ བསྟན། མདོ་འགྲེལ། ངི་། བམ་པོ་གསུམ་པ། ཤོག ༣༩ ན། དཔེ་བསྡུར་མ། དེབ། ༦༥ ཤོག ༨༢༩

122 སྡེ་དགེ བསྟན། སེམས་ཙམ། ཚི། བམ་པོ་དགུ་པ། ཤོག ༡༠༡ བ། དཔེ་བསྡུར་མ། དེབ། ༧༢ ཤོག ༩༡༤

123 སྡེ་དགེ བཀའ། མདོ་སྡེ། ཚ། ཤོག ༡༢༤ བ། དཔེ་བསྡུར་མ། དེབ། ༦༢ ཤོག ༣༤༠

124 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༤༠ ཤོག ༡༠༩ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༣

125 སྡེ་དགེ བཀའ། མདོ་སྡེ། ཤ།ཆོས་ཀྱི་རྣམ་གྲངས་ཉེར་གཉིས་པ། ཤོག ༧༣ ན། དཔེ་བསྡུར་མ། དེབ། ༧༡ ཤོག ༡༦༨

126 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༦༣ ཤོག ༡༠༩ བ། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༥

127 གོང་མཚུངས། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༡༦༦ ཤོག ༡༡༣ བ། དཔེ་བསྡུར་མ། དེབ། ༩༧ ཤོག ༥༡༥

128 སྡེ་དགེ བསྟན། ཚད་མ། ཆེ། ཚད་མ་གྲུབ་པའི་ལེའུ། ཤོག ༧༡ བ། དཔེ་བསྡུར་མ། དེབ། ༩༨ ཤོག ༡༧༡

129 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༥༡ ཤོག ༡༠༩ བ། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༤

130 གོང་མཚུངས། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༧༦ ཤོག ༡༡༠ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༧

131 སྡེ་དགེ བསྟན། ཚད་མ། འེ། ཉེར་བདུན་པ་རྒྱང་ཕན་པ་བརྟག་པའི་ལེའུ། ཤོག ༩༦ ན། དཔེ་བསྡུར་མ། དེབ། ༡༠༧ ཤོག ༡༢༢༢

132 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༧༤ ཤོག ༡༡༠ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༦

133 སྡེ་དགེ བསྟན། ཚད་མ། འེ། ཉེར་བདུན་པ་རྒྱང་ཕན་བརྟག་པའི་ལེའུ། ཤོག ༩༦ ན། དཔེ་བསྡུར་མ། དེབ། ༡༠༧ ཤོག ༡༢༢༢

134 སྡེ་དགེ བསྟན། ཚད་མ། ཅེ། ཚད་མ་གྲུབ་པའི་ལེའུ། ཤླཽཀ ༥༠ ཤོག ༡༠༩ ན། དཔེ་བསྡུར་མ། དེབ། ༩༧ ཤོག ༥༠༤

135 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤོག ༡༤༡ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༤༧

136 གོང་མཚུངས། ཤོག ༡༤༡ ན། དཔེ་བསྡུར་མ། དེབ། ༧༩ ཤོག ༣༤༧

137 སྡེ་དགེ བསྟན། རྒྱུད་འགྲེལ། ཆི། རིམ་པ་དང་པོ། ཤོག ༡༩༩ ན། དཔེ་བསྡུར་མ། དེབ། ༡༩ ཤོག ༥༣༠

138 སྡེ་དགེ བཀའ། རྒྱུད། ཅ། ལེའུ་རེ་བརྒྱད་པ། ཤླཽཀ ༧༡-༧༣ ཤོག ༢༧༦ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༩༡༥


ཀུན་བཏུས་པོད་དང་པོའི་རྩོམ་ཡིག་གཞན།

  1. ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར། (ཀུན་བཏུས། པོད་དང་པོ།)
  2. ནང་པའི་ཚན་རིག་ལས་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག (ཀུན་བཏུས། པོད་དང་པོ།)
  3. ནང་པའི་སྨན་གཞུང་ལས་ཀླད་པའི་རྣམ་གཞག (ཀུན་བཏུས། པོད་དང་པོ།)

 

ཀུན་བཏུས་པོད་ལྔ་པའི་འབྲེལ་ཡོད་རྩོམ་གཞུང་གཞན།

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

དུས་འཁོར་རྒྱུད་དང་སྨན་གཞུང་ལས་མངལ་ཆགས་རིམ་སྐོར།

མདོ་སྡེ་ལས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་ཚུལ།

སྐྱེ་བའི་གནས་བཤད་པ།

ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།




མཐའ་མའི་འདོན་ཐེངས་།: 22.09.2016 ཉིན། 4:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།