སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་དོན་རིག་པ་ལས་སེམས་ནད་གསོ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.08.2022
ཆེད་རྩོམ། >>



༄༅། །ནང་དོན་རིག་པ་ལས་སེམས་ནད་གསོ་ཐབས་སྐོར།

-           ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག

 

            ཐོག་མར་འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་སྐྱབས་མགོན་ཆེན་པོ་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་གིས་སྔོན་བསུས་ཏེ་མཁས་དབང་སྐུ་མགྲོན་རྣམ་པ་གཙོ་བོར་གྱུར་པའི་སྤུན་ཟླ་ཡོངས་ལ་གུས་བསུ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

            དེང་སྐབས་དུས་རབས་ཉེར་གཅིག་འདིའི་ནང་དུ་སེམས་ནད་ནི་དཀའ་ངལ་ཧ་ཅང་གི་ཚབས་ཆེན་ཞིག་ཏུ་གྱུར་ཟིན་ཡོད་པ་རེད། དེར་བརྟེན་འདི་ལྟ་བུའི་ཚོགས་ཆེན་མང་ཙམ་འཚོགས་ཐུབ་ན་ཡག་པོ་འདུག དེས་ན་ངས་ཁྱེད་རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་སྡིངས་ཆ་འདིའི་ཐོག་ནས་སྔོན་གནའ་རབས་རྒྱ་གར་ནས་དར་བའི་བོད་བརྒྱུད་ནང་དོན་རིག་པའི་ཕྱོགས་ནས་སེམས་ནད་སྔོན་འགོག་བྱེད་ཐབས་སྐོར་ལ་བཤད་རྒྱུ་ཡིན། ཤེས་རབ་དང་མྱོང་འདྲིས་ཀྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ཀྱི་གནས་ལུགས་དང་རང་ཉིད་སུ་ཞིག་ཡིན་མིན་རྟོགས་པ་དང་སེམས་ཀྱི་ནུས་སྟོབས་མངོན་དུ་འགྱུར་ཐབས་ཀྱི་རིག་གནས་ཕྱུག་པོ་ཞིག་ཡོད། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལོ་ ༢༥༠༠ སྔོན་ལ་གསུངས་ཟིན་པ་དང་། དེའི་བརྒྱུད་པ་བོད་ལ་དར་ཁྱབ་བྱུང་བ་རེད། ད་ལྟའི་ཆར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དུ་དངོས་སུ་བསྐྱར་གསོ་གནང་རྒྱུའི་དགོངས་པ་ཡོད་པ་རེད།

            ཐོག་མར་ང་ཚོ་ཚང་མ་ལྷན་དུ་སྒོམ་ཏོག་ཙམ་ཞིག་བརྒྱབ་ནས་ཉམས་མྱོང་ཕྲན་བུ་གསོག་རྒྱུ་ཡིན། སྒོམ་དང་འབྲེལ་ནས་བཤད་པའི་སྐབས་སུ་ཐོག་མར་ལས་དང་པོ་བའི་གནས་སྐབས་སུ་དམིགས་བྱེད་གཙོ་བོ་དེ་ཉམས་མྱོང་རེད། སྒོམ་ཐོག་མར་སྙིང་ཁམས་ཀྱི་རིམ་པ་ནས་འགོ་འཛུགས་ཀྱི་ཡོད་པས་མྱོང་བ་དེ་དང་པོ་སླེབས་ཀྱི་ཡོད། དེ་ནས་རིམ་བཞིན་མགོར་སྦྲེལ་ནས་ཤེས་བྱར་གྱུར་ཏེ་སྤྱོད་ལམ་དུ་འཁྱེར་གྱི་ཡོད། རིམ་པའི་ཐོག་ནས་བཤད་ན་དང་པོ་སྙིང་དང་། གཉིས་པ་མགོ། དེ་ནས་སྤྱོད་ལམ་ཡིན་པ་རེད། གང་ལྟར་ཐོག་མར་སྙིང་གི་རིམ་པ་ནས་འགོ་འཛུགས་ཀྱི་ཡོད་པ་རེད། མགོ་ཡི་རིམ་པ་དང་འབྲེལ་ནས་གཞི་རྩའི་དྲི་བ་ཞིག་ཡོང་གི་ཡོད་པ་རེད། དཔེར་ན་མགོ་ཡི་རིམ་པ་ནས་སྒོམ་ཉམས་ལེན་ཇི་ལྟར་བྱེད་དགོས་སམ། དེ་བཞིན་ཅིའི་ཕྱིར་དང་། ཇི་ལྟར། ཅི་ཞིག་ལ་སོགས་དྲི་བ་རྣམས་ལ་ལན་འདེབས་བྱེད་པར་ཐབས་ལམ་ཡོད་པ་མ་ཟད་དེ་ནི་མགོ་ཡི་རིམ་པ་ལས་འབྱུང་བ་ཡིན། དེ་ལ་ནུས་ཤུགས་དང་གོམ་གཤིས་སུ་འཇགས་ཐབས་བྱེད་དགོས། དེ་འགན་འཁྲི་དང་ལྷན་དུ་ཡོང་གི་ཡོད། སྒོམ་སྒྲུབ་ཀྱི་ཆ་ལག་གལ་ཆེ་ཤོས་གཅིག་ནི་སྙིང་ངམ་སེམས་ཚོར་གྱིི་རིམ་པའི་ཐོག་ནས་གདོང་ལེན་བྱེད་དགོས་པ་དེ་རེད།

          གང་ལྟར་སྒོམ་གྱི་སྙིང་པོ་ཅི་ཞིག་རེད་དམ། སྒོམ་གྱི་སྙིང་པོ་ནི་དྲན་ཤེས་རེད། དྲན་ཤེས་ཟེར་ན་ཁྱེད་ཀྱིས་ཅི་ཞིག་བསམ་བཞིན་པ། ཅི་ཞིག་ཚོེར་བཞིན་པ། ཅི་ཞིག་བྱེད་བཞིན་པ། ཅི་ཞིག་མཐོང་བཞིན་པ། འདུ་ཤེས་ཅི་ཞིག་འཛིན་བཞིན་པ་སོགས་ཤེས་པའི་དོན་རེད། དེ་ནི་དུས་ད་ལྟ་ཁྱེད་ལ་ཅི་ཞིག་འབྱུང་བཞིན་པ་ཤེས་ཚོར་དང་དྲན་ཤེས་ཡོད་པ་ཞིག་ཡིན། དེ་ནི་ཤེས་པ་ཁོ་ན་རེད། དཔེར་ན། སྐབས་སུ་བབ་པའི་ངས་གཏམ་བཤད་བྱེད་བཞིན་ཡོད་པ་དང་། ཁྱེད་ཚོས་ཉན་བཞིན་པ་སོ་སོས་ཤེས་ཀྱི་འདུག་གམ་མིན་འདུག་དེ་ལ་དྲན་ཤེས་ཟེར་བ་རེད། འོན་ཀྱང་སྐབས་རེ་ཅི་ཞིག་འབྱུང་གི་རེད་དམ་ཞེ་ན། ང་ཚོས་རྣ་བ་དང་ལུས་ཀྱི་ཉན་བཞིན་ཡོད་ཀྱང་ང་ཚོའི་སེམས་ཡུལ་གཞན་ལ་གཡེང་ནས་འབྲས་དཱལ་(Rice and Dal)ལ་རོལ་བཞིན་ཡོད་པ་རེད། ཁྱེད་ཀྱི་ལུས་འདིར་ཡོད་ཅིང་ངའི་སྐད་ཐོས་ཀྱི་ཡོད་ཀྱང་སེམས་འབྲས་དཱལ་ལ་རོལ་ནས་ཡུལ་གཞན་ལ་གཡེང་བཞིན་ཡོད་པ་རེད། ཁྱེད་ཀྱི་སེམས་དེ་ཟ་ཁང་གང་རུང་ཞིག་གི་ནང་དུ་འབྲས་དཱལ་ལ་རོལ་བཞིན་ཡོད་པ་རེད། དེའི་དོན་ནི་ངའི་གཏམ་བཤད་ལ་ཁྱེད་ཀྱི་དྲན་ཤེས་མེད་པ་རེད། དེ་ལ་རྣམ་གཡེང་ཟེར། འོན་ཀྱང་ང་ཚོས་ཅི་ཞིག་བྱེད་དགོས་སམ་ཞེ་ན་ང་ཚོས་གཏམ་བཤད་ལ་དྲན་ཤེས་བསྐྱར་དུ་ཚུར་བསླེབས་པ་བྱས་ནས་སླར་ཡང་སྔར་བཞིན་ཉན་དགོས་ཀྱི་ཡོད་པ་རེད། གཏམ་བཤད་ལ་ཉན་བཞིན་པའི་སྐབས་སུ་སེམས་ནང་དུ་འབྲས་དཱལ་གྱི་སྐོར་ལ་བསམ་བློ་སླར་ཡང་འཁོར་སྲིད་ཀྱི་རེད་མོད། གནད་འགག་ཡོད་མ་རེད། འབྲས་དཱལ་གྱི་བསམ་བློའི་རྣམ་རྟོག་དེ་འགོག་རུང་གི་མ་རེད། ཁྱེད་ཀྱི་དྲན་ཤེས་དང་བཅས་པའི་ངའི་གཏམ་བཤད་ཉན་གྱི་ཡོད་ན་འབྲས་དཱལ་བློར་འཁོར་ཡང་གནད་འགག་གང་ཡང་ཡོད་མ་རེད། སེམས་ནང་དུ་ག་རེ་ཡོང་གི་འདུག་ནའང་དེ་ཚོ་ཡོང་དུ་ཆུགས། དེ་ཚོ་ཡལ་དུ་ཆུགས། སེམས་ནང་དུ་འབྲས་དཱལ་ཡོང་སྲིད་ཀྱི་རེད། ས་མོ་སཱ་ཡོང་སྲིད། འདས་དོན་རྣམས་ཡོང་སྲིད། མ་འོངས་པའི་འཆར་གཞི་བསམ་བློར་འཁོར་སྲིད། རྣམ་རྟོག་དེ་དག་ལ་སྣང་བ་མ་གཏོང་དེ་དག་ཡོང་དུ་ཆུགས། དེ་དག་ཡལ་དུ་ཡང་ཆུགས། འོན་ཀྱང་དེ་དང་ལྷན་དུ་གཏམ་བཤད་ལ་དོ་སྣང་མ་བརླག་པ་བྱེད་དགོས་ཀྱི་རེད། དེ་ལ་དྲན་ཤེས་ཟེར་གྱི་ཡོད་པ་རེད། དེ་ལ་བསམ་གཏན་ཡང་ཟེར།

            ད་ང་ཚོས་མཉམ་དུ་ཉམས་ལེན་བྱེད་རྒྱུ་ཡིན། སྒལ་པ་དྲང་པོར་བཞུགས་རོག་གནང་། གལ་ཏེ་ཁྱེད་རང་རྐུབ་སྟེགས་བེད་སྤྱོད་གནང་འདོད་ཡོད་ན་གནང་ན་འགྲིག་གི་རེད། སྤྱན་བཙུམ་རོགས་གནང་། དེ་དང་མཉམ་དུ་ཐོག་མར་རང་ཉིད་ཀྱི་ལུས་ལ་ཚོར་བས་མྱོང་ཐུབ་པ་བྱེད་དགོས། དེ་ནས་ལུས་ལ་དོ་སྣང་སྤྲོད་དང་། དྲན་ཤེས་ལྡན་པའི་ཐོག་ནས་སེམས་ལ་ངལ་གསོ་བྱེད་དགོས། དེ་ནས་རིམ་པས་སྙོམས་པོར་ལུས་སྤྱི་ལ་དྲན་ཤེས་བསྟེན་རྗེས་སུ་སེམས་ངལ་གསོ་བར་བྱ་དགོས། དེ་རྗེས་རང་ཉིད་ཀྱི་སྤྱི་བོར་དམིགས་གཏད་གྱིས། དེ་ནས་སྤྱི་བོ་ནས་སྤྱི་བོའི་གནས་ལ་དྲན་པ་ཞོག དེ་ནས་སྤྱི་གཙུག་གི་གནས་ཀྱི་ཚོར་བར་དྲན་པ་ཞོག ཚོར་བ་དྲོ་གྲང་དང་བཏང་སྙོམས། ཚོར་བ་ཡོད་མེད་གང་ཡིན་རུང་ཆོག དེ་ལ་གནད་འགག་མེད། ཚོར་བ་བདེ་སྡུག་སྙོམས་གསུམ་གང་ཡིན་ནའང་དེ་ལ་དྲན་ཤེས་མ་བརླག་ན་འགྲིག་གི་ཡོད་པ་རེད། ཁྱེད་ཀྱི་མགོའི་སྤྱི་གཙུག་ལ་དྲན་ཤེས་བསྟེན་པའི་སྐབས་སུ་འབྲས་དཱལ་བློར་འཆར་སྲིད་ལ། ས་མོ་སཱ་བློར་འཆར་སྲིད། གནད་འགག་ཡོད་མ་རེད། འདས་དོན་སེམས་ལ་འཆར་སྲིད་ཀྱི་རེད་ལ་ལས་དོན་ཞིག་གི་དུས་བཀག་ཞིག་ཀྱང་ཡིན་ཆོག་གི་རེད། ངས་ལས་དོན་དེ་ག་དུས་ཚར་དགོས་མིན་དྲན་སྲིད་ལ། ངས་ག་རེ་བྱེད་དགོས་སམ་ཞེས་དྲན་སྲིད། གང་ལྟར་སེམས་ནང་དུ་རྣམ་རྟོག་གང་ཞིག་བསླེབས་ཀྱང་དེ་དག་འགོག་ཐབས་དང་ཉར་ཐབས་གང་ཡང་བྱེད་དགོས་མེད། འོན་ཀྱང་རང་གི་དམིགས་པ་གཏད་སའི་སྤྱི་གཙུག་གི་དྲན་ཤེས་མ་བརླག་པ་བྱེད་དགོས། དེ་ནས་རིམ་པས་དམིགས་སའི་ཡུལ་བྱེ་བྲག་མགོ་བོའི་སྤྱི་བོ་ནས་ངོ་གདོང་ལ་དྲན་པ་འཇོག་དགོས། ངོ་གདོང་གི་ཤ་གནད་རྣམས་ཚོར་བར་གྱིས། དེ་ནས་ངོ་གདོང་གི་ཤ་གནད་རྣམས་ལྷོད་ལ་ཕབས་ཏེ་ཚོར་བ་བདེ་སྡུག་བཏང་སྙོམས་གང་ཡིན་རུང་ཚོར་དུ་འཇུག་དགོས། ཚོར་བ་བདེ་སྡུག་སྙོམས་གསུམ་གང་ཡིན་རུང་ཁྱད་པར་ཡོད་མ་རེད། གཙོ་བོ་དེ་དག་ལ་དོ་སྣང་བྱས་ན་འགྲིག་གི་ཡོད་རེད། དེ་ནས་རིམ་པས་གཉའ་ལྟག་དང་སྐེ་ལ་དྲན་པ་འཇོག་དགོས། ལྟག་ཁུང་དང་འཇིང་པའི་གནས་རྣམས་ཚོར་བར་གྱིས། གནས་འདིའི་ཤ་གནད་རྣམས་ལྷོད་པོར་ཞོག ཚོར་བ་རྣམས་ཤེས་པར་གྱིས། དེ་ནས་ཕྲག་པ་གཡས་གཡོན་གཉིས་ལ་དམིགས་པ་བགྱིས་ཏེ་ཕྲག་པ་ལྷོད་ལ་ཕབས་ནས་མྱོང་ཚོར་ལ་སེམས་གཏད་ནས་སྒོམས། དེ་ནས་རིམ་བཞིན་སྒལ་པ་ལ་དམིགས་དགོས། དེ་ནས་རོ་སྟོད་དང་ལུས་ཀྱི་རྒྱབ་སྨད་བར་གསུམ་གྱི་ཤ་གནད་ལ་དམིགས་པ་གཏད་ནས་མྱོང་ཚོར་རྣམས་ཤེས་པར་གྱིས། དེ་ནས་བྲང་གཞུང་ལ་དམིགས་ནས་བྲང་ཁོག་གི་གནས་ཡོངས་སུ་རྫོགས་པའི་ཤ་གནད་ལྷོད་ལ་ཕོབས། དེ་དག་གི་མྱོང་ཚོར་ལ་དྲན་ཤེས་བསྟེན་དགོས། རིམ་བཞིན་ལྟོ་བའི་གནས་ལ་དམིགས་པ་གཏད་ནས་ལྟོ་བའི་གནས་ཀྱི་ཤ་གནད་སོགས་ལྷོད་ལ་ཕོབས། འོན་ཀྱང་ལྟོ་བ་གཅུས་སྒྲིམ་རྩ་བ་ནས་རྒྱབ་རྒྱུ་མེད་པ་དང་རང་གནས་སུ་ལྷོད་ལྷོད་ངང་འཇོག་དགོས། ལྟོ་བའི་གནས་སུ་བདེ་སྡུག་བཏང་སྙོམས་གསུམ་གང་བྱུང་ཡང་ངོས་བཟུང་དགོས། རིམ་བཞིན་དཔུང་པར་དམིགས་ནས་དཔུང་པ་གཡས་གཡོན་གཉིས་ལྷོད་པོར་འཇོག་དགོས་པ་མ་ཟད་དཔུང་པའི་གནས་ཀྱི་མྱོང་ཚོར་ལ་དྲན་ཤེས་རྒྱུན་འཁྱོངས། དེ་ནས་རང་ཉིད་ཀྱི་དམིགས་པ་རྐང་པའི་གནས་སུ་བཞག་ནས་རྐང་པ་གཡས་གཡོན་གཉིས་ལ་དོ་སྣང་སྤྲོད། རྐང་པའི་ཤ་གནད་རྣམས་ལྷོད་ལ་ཕབ་ནས་མྱོང་ཚོར་གང་ཡིན་ནའང་ངོས་འཛིན་གྱིས། སྐུ་ཉིད་ཀྱི་མགོ་ནས་རྐང་པའི་བར་གྱི་ལུས་ཡོངས་སུ་རྫོགས་པ་ལྷོད་པོར་བཞག་ནས་ཚོར་བ་གང་ཡིན་ནའང་ཤེས་པར་གྱིས། ཚོར་བ་བདེ་བ་ཡིན་ནའང་ཆོག་ལ་མི་བདེ་བ་དང་ཡང་ན་ཚོར་བ་བཏང་སྙོམས་གང་ཡང་ཡིན་ཆོག ཚོར་བ་མེད་ན་མེད་པ་ཤེས་པར་གྱིས། གལ་ཏེ་ལུས་རྣལ་དུ་ལྷོད་ལ་འབབ་ཐུབ་ཀྱི་མེད་ན་དེ་ཚོར་བ་མི་བདེ་བའི་ནང་དུ་ཚུད་ཀྱི་ཡོད། ལྷོད་ལ་འབབ་མ་ཐུབ་ཀྱང་ཆོག་པ་ཞིག་རེད། དེ་རང་དགར་འཇོག ལྷོད་ལྷོད་ཆགས་ཐུབ་ཀྱི་མེད་པ་དེ་རང་གར་ཐོངས། གལ་ཏེ་ཁྱེད་ཀྱིས་ལྷོད་ལྷོད་བྱེད་ཐུབ་ཀྱི་མེད་པ་ཤེས་ན། ཤེས་རྟོགས་དེ་ཉིད་དྲན་ཤེས་རེད། དེ་ཡང་སྒོམ་ཡིན་པ་རེད།

            སྒོམ་གྱི་སྒོ་ནས་བཤད་པ་ཡིན་ན། ག་རེ་ཡིན་ནའང་ཡོང་ཆོག་པ་ཞིག་རེད། ལྷོད་ལྷོད་ཆགས་ནའང་ཆོག ལྷོད་ལྷོད་མ་ཆགས་ནའང་ཆོག ཞི་བདེ་ཡོད་ནའང་ཆོག མེད་ནའང་ཆོག གང་ལྟར་དྲན་ཤེས་ཀྱི་གནས་སུ་ཚང་མ་ཆོག་གི་ཡོད་པ་རེད། དྲན་ཤེས་ནི་བར་སྣང་ལྟ་བུ་ཡིན་པ་དང་། ལྷོད་ལྷོད་དང་ལྷོད་ལྷོད་མེད་པ། ཚོར་བ་བདེ་བ་དང་མི་བདེ་བ། འབྲས་དཱལ་དང་ས་མོ་སཱ་ཟ་འདོད་པ་ལ་སོགས་ནི་སྤྲིན་པ་ལྟ་བུ་རེད། སྤྲིན་པ་དེ་དག་གིས་བར་སྣང་བསྒྲིབས་མི་ཐུབ་ཅིང་བར་སྣང་ལ་འགྱུར་བ་གཏོང་མི་ཐུབ། བར་སྣང་དེ་རྟག་ཏུ་རང་དབང་ལྡན་ཞིང་རྟག་ཏུ་ཡོད་པ་ཞིག་རེད། དེར་བརྟེན་དྲན་ཤེས་ངོགས་སུ་རྣམ་རྟོག་འདི་དག་དང་སེམས་ཚོར་འདི་ནི་བར་སྣང་གི་ངོས་སུ་སྤྲིན་པ་ལྟ་བུ་རེད། དེ་དག་གི་དྲན་ཤེས་ལ་འགྱུར་བ་གཏོང་མི་ཐུབ་ལ་དེ་དག་གིས་དྲན་ཤེས་བསྒྲིབས་མི་ཐུབ། དྲན་ཤེས་ནི་རྟག་ཏུ་རང་དབང་རེད་ལ་དྲན་ཤེས་ནི་རྟག་ཏུ་ཡོད་པ་ཞིག་རེད།

          ད་དྲན་ཤེས་དེ་རང་ཉིད་ཀྱི་ལུས་ཀྱི་ཕྱི་རོལ་དུ་འཇོག ཁང་པ་འདིའི་ནང་གི་དྲོད་ཚད་ཚོར་ཐུབ་པ་གྱིས། སྒྲ་ལ་དྲན་ཤེས་བསྟེན་དགོས། ད་སྒྲ་བྱེ་བྲག་འདི་ལ་གསན་དང་(ཏིང་། ) ད་སྒྲ་སྤྱི་དང་བྱེ་བྲག་ཚང་མར་ཉོན་དང་། ཁྱེད་ཀྱིས་སྒྲ་ལ་ཉན་བཞིན་པའི་སྐབས་སུ་སྒྲ་གང་ཡང་རུང་བ་གོ་ཆོག་ལ་ཉན་ཆོག ཕྱི་རོལ་དུ་སྐད་ཆ་བཤད་བཞིན་པའི་སྒྲ་ལ་ཡང་ཉན་ཆོག གྲང་རླུང་འཕྲུལ་ཆས་ཀྱི་སྒྲ་གོ་ཆོག་ལ་གློ་རྒྱབ་པའི་སྒྲ་ཡང་གོ་ཆོག དྲན་ཤེས་ཀྱི་ངོས་ལ་སྒྲ་སྤྱི་དང་བྱེ་བྲག་འདི་དག་ཚང་མ་སྒྲ་ཙམ་རེད། ང་ཚོའི་སེམས་ལ་དེ་དག་ཚང་མ་ཤེས་པ་དང་རྟོགས་པའི་ནུས་པ་ལྡན་ཡོད། ཁྱེད་ཀྱིས་སྒྲ་དེ་དག་གོ་བཞིན་དུ་དྲན་ཤེས་ལྡན་པའི་ཐོག་བློ་ངོར་གསལ་ནས་ག་ལེར་རང་ཉིད་ཀྱི་མིག་ཕྱེ་དང་། སེམས་ཡུལ་བྱེ་བྲག་གང་ལ་ཡང་མ་དམིགས་པར་རང་སོར་ལྷོད་པོར་འཇོག་དགོས། འོ་ཡ། གང་འདྲ་འདུག་གམ། གཉིད་བྲོ་ཡི་འདུག་གམ། གལ་ཏེ་གཉིད་བྲོ་ཡི་འདུག་ན་གཉིད་བྲོ་བ་དེ་ཉིད་ལ་དྲན་ཤེས་བསྟེན། གཉིད་བྲོ་བ་དེ་ཡང་དྲན་ཤེས་ནང་དུ་ཡོང་ཆོག་གི་རེད། དྲན་ཤེས་ལ་མཚོན་ན་ག་རེ་ཡིན་ནའང་དྲན་ཤེས་ཀྱི་ཆ་ཤས་ཆགས་ཀྱི་ཡོད་པ་རེད། རྣམ་རྟོག་བཟང་ངན་གང་ཞིག་ཡིན་རུང་དེ་དག་ལ་དྲན་ཤེས་བསྟེན་ཆོག་པ་ཡིན།

            ནམ་ཞིག་ཁྱེད་ལ་དྲན་ཤེས་ལྡན་པ་ཡིན་ན། ཚོར་བ་དང་རྣམ་རྟོག་གང་ཡིན་རུང་འདི་དག་ཚང་མ་དྲན་ཤེས་ཀྱི་རྟེན་དུ་འགྱུར་འགྲོ་ཡི་རེད། འདི་དག་ཚང་མ་གྲོགས་སུ་གྱུར་རུང་བ་རེད། དཔེར་ན། ཁྱེད་ཀྱིས་གཙང་པོ་ཞིག་མཐོང་བ་ཡིན་ན། ཁྱེད་རང་གཙང་པོའི་ཕྱི་ལ་ཡོད་པ་རེད། རེད་མ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་གཙང་པོ་ཧ་ཅང་མང་པོ་ཡོད། རྒྱལ་ས་དྷི་ལིའི་ནང་དུ་ཡང་ཡ་མུ་ནཱ་ཞེས་པའི་གཙང་པོ་ཞིག་ཡོད་པ་རེད། གལ་ཏེ་ཁྱེད་ཀྱིས་ཡ་མུ་ནཱ་གཙང་པོ་མིག་གི་མཐོང་ཐུབ་ཀྱི་ཡོད་ན་ཁྱེད་རང་གཙང་པོའི་ཕྱི་རོལ་ལ་ཡོད་པ་ལས་གཙང་པོའི་ནང་དུ་མེད་པ་སྟོན་གྱི་ཡོད། གལ་ཏེ་ཁྱེད་རང་ཡ་མུ་ནཱའི་ནང་དུ་ལྷུང་ནས་གཙང་པོིའི་ནང་དུ་ཁྱེར་སོང་བ་ཡིན་ན་ཁྱེད་ཀྱི་གཙང་པོ་དེ་མཐོང་ཐུབ་ཀྱི་མ་རེད། རང་ཉིད་ཡ་མུ་ནཱའི་གཙང་པོའི་ནང་དུ་ཡོད་པ་ཚོར་གྱི་རེད། འོན་ཀྱང་ཡ་མུ་ནཱའི་གཙང་པོ་མཐོང་ཐུབ་ཀྱི་མ་རེད། རེད་དམ་མ་རེད་ལགས། གལ་ཏེ་ཁྱེད་རང་གཙང་པོའི་ནང་དུ་ལྷུང་སོང་བ་ཡིན་ན་གཙང་པོ་མཐོང་ཐུབ་ཀྱི་རེད་དམ། མཐོང་ཐུབ་ཀྱི་མ་རེད། གལ་སྲིད་ཁྱེད་ཀྱིས་ཡ་མུ་ནཱ་གཙང་པོ་མཐོང་གི་ཡོད་ན་ཁྱེད་རང་གཙང་པོིའི་ཕྱི་ལ་ཡོད་པ་སྟོན་གྱི་ཡོད། གང་ལྟར་ཡང་ཡ་མུ་ནཱ་རང་འཇགས་ཡོད་པ་རེད། ཡ་མུ་ནཱ་འགོག་དགོས་ཀྱི་མ་རེད། ཡ་མུ་ནཱ་ལ་འགྱུར་བ་གཏོང་དགོས་ཀྱི་མ་རེད། གཙང་ཆུ་དེ་རྒྱུག་ཏུ་བཅུག ཁྱེད་ཀྱིས་གོམ་འགྲོས་དང་ལྷན་དུ་ཡ་མུ་ནཱར་ལྟ་ནའང་ཆོག དེ་དཀའ་ངལ་གང་ཡང་མ་རེད། འོན་ཀྱང་རྒྱུན་གཏན་ང་རང་ཚོ་སོ་སོའི་བསམ་བློར་གང་འཁོར་བ་དང་སེམས་ཚོར་ག་རེ་ཡོང་བ་ཡིན་ནའང་ཤེས་ཀྱི་ཡོད་མ་རེད། ང་ཚོ་བསམ་བློའི་རྣམ་རྟོག་དང་ཚོར་བའི་ནང་དུ་བརླག་འགྲོ་ཡི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དཀའ་ངལ་ཐམས་ཅད་བྱུང་གི་ཡོད་ཅིང་དམིགས་བསལ་སེམས་ནད་ཀྱིས་མནར་གྱི་ཡོད་པ་རེད། གང་ཡིན་ཞེ་ན་ང་ཚོ་གཙང་པོའི་ནང་དུ་ཚུད་པ་དང་། ང་ཚོ་སྤྲིན་པའི་ནང་དུ་ཚུད་པ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེ་ལྟར་ང་ཚོར་སེམས་ཚོར་དང་རྣམ་རྟོག་ངན་པ་རྣམས་ཡག་པོ་མེད་པ་དང་། རྣམ་རྟོག་དང་སེམས་ཚོར་བཟང་བ་རྣམས་ཡག་པོ་མཐོང་གི་ཡོད་པ་རེད། གལ་ཏེ་ཁྱེད་རང་ཡ་མུ་ནཱའི་གཙང་པོའི་ནང་དུ་ལྷུང་སོང་བ་ཡིན་ན། ཡ་མུ་ནཱའི་གཙང་པོ་གཙང་མ་ཡིན་ན་དགའ་ཡི་རེད། མོས་མཐུན་ཡོད་དམ། ཁྱེད་རང་ཡ་མུ་ནཱ་བཙོག་པའི་ནང་དུ་ལྷུང་འདོད་ཡོད་མ་རེད། ལྷག་པར་དུ་ཡ་མུ་ནཱ་རྦབ་ཆུ་ཆགས་པ་ཡིན་ན་དཀའ་ངལ་ཆགས་ཀྱི་རེད། གལ་ཏེ་ཁྱེད་རང་ཡ་མུ་ནཱའི་གཙང་པོའི་ཕྱི་རོལ་ཏུ་ཡོད་ན་ཡ་མུ་ནཱ་རྦབ་ཆུར་འགྱུར་ཡང་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད། དེང་སང་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ལས་ཁུངས་ནས་འགན་འཛིན་ལ་དགོངས་པ་ཞུས་ཏེ་གུང་སེང་ལ་འགྲོ་ཞོར་འགྲོ་གྲོན་མང་པོ་བཏང་ནས་རྦབ་ཆུ་ལྟ་བར་འགྲོ་ཡི་ཡོད་པ་རེད། རེད་དམ། གང་ལྟར་དྲན་པ་ལ་ནུས་སྟོབས་དམིགས་བསལ་ཡོད་པ་རེད།

            ནམ་ཞིག་ང་ཚོས་རང་ཉིད་ཀྱི་དྲན་ཤེས་བསྐྱངས་ཐུབ་ན་དེས་རང་ཉིད་ཀྱི་བསམ་པ་དང་ཚོར་བ་སོགས་ལ་དྲན་ཤེས་བསྟེན་ཐུབ་པ་གྱིས། ང་ཚོས་བསམ་བློ་དང་ཚོེར་བ་སོགས་བཀག་དགོས་དོན་མེད། དེ་བཞིན་ང་ཚོས་སེམས་ཁྲལ། སེམས་ངལ། ཡིད་ཞུམ་དང་། འཇིགས་དངངས་ལ་སོགས་པ་བཀག་དགོས་ཀྱི་མེད། དེ་དག་ལ་ང་ཚོས་གྲོགས་འདྲིས་བྱེད་ཆོག གལ་ཏེ་ཁྱེད་ཀྱིས་རྣམ་རྟོག་དང་སེམས་ཚོར་རྣམས་འགོག་ཐབས་བྱས་ནས་ཅི་ཞིག་འབྱུང་གི་རེད་དམ་ཞེ་ན། ང་ཚོའི་རྣམ་རྟོག་དང་སེམས་ཚོར་རྣམས་ཤུགས་ཆེ་རུ་འགྲོ་ཡི་རེད། ཁྱེད་རང་གི་གནས་སྟངས་སྡུག་ཏུ་སོང་སྟེ་བཀག་ཐབས་མེད་པར་འགྱུར་སྲིད། གལ་ཏེ་ཁྱེད་ཀྱིས་སྤྲེའུའི་སེམས་ལ་འཐབ་འཛིང་བྱས་ན་སུ་ཕམ་གྱི་རེད། སྤྲེའུའི་སེམས་དེ་སྟོབས་ཤུགས་ཆེ་རུ་སོང་སྟེ་ཁྱེད་རང་ཕམ་གྱི་རེད། དཔེར་ན། ངས་ཁྱེད་ཚོེར་འབྲས་དང་དཱལ་སྐོར་ལ་བསམ་བློ་གཏོང་ཞུས་པ་ཡིན། ང་ཚོས་སྐར་མ་གཅིག་གི་རིང་འབྲས་དཱལ་དང་འབྲེལ་བའི་སྦྱོང་བརྡར་བྱེད་ཀྱི་ཡིན། དེ་ནི་དམིགས་བསལ་གྱི་སྒོམ་ཞིག་སྟེ་དེ་ཡང་འབྲས་དང་དཱལ་ཐོག་བསམ་བློ་མི་གཏོང་བར་བསྒོམ་རྒྱུ་དེ་རེད། དེ་མིན་གྱི་མོ་ཊ་དང་འདས་ཟིན་པའི་ལོ་རྒྱུས། དེ་བཞིན་མ་འོངས་པའི་འཆར་གཞི་སོགས་གང་གི་ཐོག་ལ་ཡིན་ནའང་བསམ་བློ་གཏོང་ཆོག་པ་ཡིན།  ཡིན་ནའང་སྐར་མ་གཅིག་གི་རིང་ལ་འབྲས་དཱལ་ལ་བསམ་བློ་གཏོང་མི་ཆོག ད་འགྲིག་སོང་། གང་འདྲ་བྱུང་སོང་ངམ། ལས་སླ་པོ་འདུག་གམ། དཀའ་ལས་ཁག་ཡོ་ཚོར་མཁན་ཚོས་ཕྱག་ཡར་རྐྱོངས་རོགས་གནང་། འོ་ན་ལས་སླ་པོ་ཚོར་མཁན་ཚོས་ཕྱག་ཅིག་རྐྱོངས་དང་། ཏན་ཏན་རེད་པས། སྐར་མ་གཅིག་གི་རིང་ལ་འབྲས་དཱལ་ཐོག་བསམ་བློ་བཏང་མེད་དམ། ཁྱེད་རང་གིས་འབྲས་དཱལ་སྐོར་ལ་བསམ་བློ་བཏང་མེད་བསམ་ན་ཡང་དོན་དངོས་ཐོག་ཁྱེད་ཀྱིས་འབྲས་དཱལ་ལ་བསམ་བློ་གཏོང་གི་ཡོད་པ་ཤེས་ཐུབ། མ་རེད་དམ། དོན་དངོས་ཐོག་འབྲས་དཱལ་མིན། འབྲས་དཱལ་མིན། འབྲས་དཱལ་མིན་པ་བསམས་ཀྱང་འབྲས་དཱལ་གྱི་སྣང་བརྙན་དེ་གསལ་དུ་འགྲོ་ཡི་རེད། དཔེར་ན། ལོ་དྷི་ལྡུམ་རྭ་ཡོད་པ་རེད། ཁྱེད་རང་ལོ་དྷི་ལྡུམ་རྭར་འགྲོ་འདོད་ཡོད་པ་དང་། ཉིན་གཉིས་སྔོན་ནས་དེ་ལ་འགྲོ་རྒྱུའི་འཆར་གཞི་བཏིང་ཚར་བ་རེད། འབྱུང་འགྱུར་གཟའ་སྤེན་པའི་ཉིན་མོར་ཟས་སྣ་གྲ་སྒྲིག་བྱས་པ་རེད། རེས་གཟའ་སྤེན་པའི་ཞོགས་པ་དེར་ཁྱེད་རང་ལོ་དྷི་ལྡུམ་རྭའི་ནང་དུ་སླེབས་པ་རེད། ལྡུམ་རྭའི་ནང་དུ་འབྱོར་མ་ཐག་ཉེན་རྟོག་པ་མི་སྣ་བཞི་སླེབས་ནས་ཁྱེད་རང་ལ་དེ་རིང་ཉིན་གང་ཁྱེད་རང་ལོ་དྷི་ལྡུམ་རྭ་ནས་ཕྱིར་ཐོན་མི་ཆོག ང་ཚོས་ཁྱེད་ལ་ཕྱོགས་བཞི་ནས་བལྟས་ནས་སྡོད་ཀྱི་ཡིན་ཞེས་བརྗོད་ན་ཁྱེད་ཀྱིས་ག་རེ་བསམ་ས་རེད་དམ། ཁྱེད་རང་སྡོད་སྙིང་འདོད་ས་རེད་དམ་ཡང་ན་འགྲོ་སྙིང་འདོད་ས་རེད། ཡིན་དང་ཡིན། ཁྱེད་རང་འགྲོ་སྙིང་འདོད་ཀྱི་རེད། སྐར་མ་གཅིག་ཀྱང་བསྡད་འདོད་བྱེད་ཀྱི་མ་རེད། དངོས་གནས་བྱས་ན་ཁྱེད་རང་ཉིན་གང་སྡོད་པའི་འཆར་གཞི་བསྒྲིགས་ནས་བཟའ་བཏུང་ཚང་མ་གྲ་སྒྲིག་བྱས་ནས་ཡོང་བ་རེད། ཡིན་ནའང་ཁྱེད་རང་སྐར་མ་གཅིག་ཀྱང་སྡོད་འདོད་མེད་པར་གྱུར་ཟིན་པ་རེད། ཁྱེད་ཀྱི་སེམས་ནང་ཅིའི་ཕྱིར་བཀའ་དེ་ལྟར་གཏོང་གི་ཡོད་དམ། ང་དེ་ལྟར་གང་འདྲ་བྱས་ནས་སྡོད་ཐུབ་བམ་བསམ་སྲིད། གཅིག་བྱས་ན་ཁྱེད་རང་སྨྱུག་མའི་གསེབ་ནས་བྲོས་འདོད་སྲིད། ངས་ལྡུམ་རྭ་དེར་སྨྱུག་མ་མང་པོ་མཐོང་བྱུང་། ད་ཁྱེད་ཀྱི་སཱ་མོ་ས་ཟས་ཀྱང་བྲོ་བ་རྙེད་ཀྱི་མ་རེད། དེར་རྟེན་དེ་ལ་སྡང་བ་ཡང་ན་ཞེན་པ་ལོག་པ་ཟེར་གྱི་ཡོད་པ་རེད་སྡང་བ་དང་འགོག་རྒོལ། ཁོང་ཁྲོ་སོགས་ཁྱིམ་གཅིག་ལྟ་བུ་རེད། ཁྱེད་རང་གིས་བྲལ་འདོད་དང་གཡོལ་ཐབས་བྱེད་ཀྱི་ཡོད་རེད། འདི་ནི་སེམས་ནད་ཀྱི་རྒྱུ་གཙོ་བོ་གཅིག་ཡིན་པ་རེད། དེ་ནས་དེའི་ལྡོག་ཕྱོགས་ཤིག་ཡོད་པ་རེད། དེའི་ལྡོག་ཕྱོགས་འཚོལ་གྱི་ཡོད་པ་རེད། ངས་འདི་མེད་པ་ཇི་ལྟར་བཟོ་ཐུབ་བམ། ང་ས་ཆ་འདི་ནས་ཇི་ལྟར་བྲོས་ཐུབ་བམ། དེས་ན་དེ་ལ་རེ་བ་ཟེར་གྱི་ཡོད་རེད། འདི་ལ་ང་ཚོས་འདོད་ཆགས་ཞེས་བརྗོད་ཀྱི་ཡོད་པ་རེད། དེ་ལ་སྲེད་པ་ཡང་བརྗོད་ཀྱི་ཡོད། དེར་བརྟེན་དེ་ལ་མཐའ་གཉིས་ཡོད་དེ་ཆགས་པ་དང་སྡང་བ་གཉིས་ཡིན། འདི་གཉིས་ནི་སྒེར་འཁོར་ཞིག་གཏོང་དགོས་ན་ཁྱེད་ལ་སྣུམ་འཁོར་གྱི་མགྱོགས་ཚད་སྤོར་ཆས་དང་ཁ་འགོག་ཡོ་ཆས་གཉིས་ངེས་པར་དུ་དགོས་ཀྱི་ཡོད་པ་ལྟ་བུ་རེད། རེད་དམ་མ་རེད་ལགས། ཁ་འགོག་ཡོ་ཆས་གང་དུ་ཡོད་རེད་དམ། ངས་སྣུམ་འཁོར་གཏོང་ཤེས་ཀྱི་མེད། ཁ་འགོག་ཡོ་ཆས་རྐང་པའི་གཡས་གཡོན་བར་གསུམ་གང་དུ་ཡོད་རེད་དམ། གང་ལྟར་ཆགས་སྡང་གཉིས་དེ་ཁ་འགོག་ཡོ་ཆས་དང་མགྱོགས་ཚད་སྤོར་ཆས་གཉིས་འདྲ་པོ་ཡོད་པ་རེད། སྡང་བ་ནི་སྣུམ་འཁོར་གྱི་ཁ་འགོག་ཡོ་ཆས་འདྲ་པོ་ཡོད་ཅིང་། ཆགས་པ་ནི་སྣུམ་འཁོར་སྣུམ་འཁོར་གྱི་མགྱོགས་ཚད་སྤོར་ཆས་འདྲ་པོ་ཡོད། འཕྲུལ་ཆས་དེ་གཉིས་མེད་ན་སྣུམ་འཁོར་གཏོང་ཐུབ་ཀྱི་མ་རེད། རེད་དམ་མ་རེད། དེར་བརྟེན་ང་ཚོའི་སེམས་ནད་ཀྱི་རྒྱུ་དང་། སེམས་ནད་ཙམ་མ་ཡིན་པར་སེམས་ཀྱི་ཉོན་མོངས་དང་། མ་རུང་བའི་སེམས་བྱུང་སྟེ་སྤྲེའུའི་སེམས་ཞེས་ང་ཚོའི་མགོའི་ཀླད་པའི་ནང་དུ་རྫོགས་མཐའ་མེད་པའི་རྣམ་རྟོག་འཆར་བར་བྱས་ཏེ་ཉིན་མཚན་མེད་པར་སྐར་ཆ་བཤད་མཁན་ཡོད་ཚད་ཆགས་སྡང་གཉིས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། དེར་བརྟེན་སྒོམ་ལ་མཚོན་ན། ང་ཚོས་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེ་ན། ང་ཚོས་ཆགས་སྡང་སོགས་རྣམ་རྟོག་དེ་དག་ངོས་ལེན་བྱེད་ཀྱི་ཡོད་པ་རེད། ད་ལྟ་ཁྱེད་རྣམས་ཀྱིས་ལུས་དྲན་པ་ཉེར་བཞག་ཉམས་ལེན་བྱས་ཟིན་མ་ཐག་ཡིན་པས། ཁྱེད་རྣམས་ཀྱིས་ཚོར་བ་བདེ་བ་དང་ཚོར་བ་སྡུག་བསྔལ། དེ་བཞིན་ཚོར་བ་བཏང་སྙོམས་སོགས་ངོས་ལེན་བྱས་ཡོད་པ་རེད། དྲན་པ་ལ་དེ་དག་གང་ཡིན་ཡང་ཆོག་གི་རེད། ཆགས་པ་ཡིན་ནའང་འགྲིག་གི་རེད། སྡང་བ་ཡིན་ནའང་ཆོག་གི་རེད། དྲན་ཤེས་ལ་གང་ཡང་ཆོག་གི་ཡོད་པ་རེད། རེ་བས་དྲན་ཤེས་བཟང་དུ་གཏོང་གི་མེད་ལ་སྡང་བས་དྲན་ཤེས་སྡུག་ཏུ་གཏོང་གི་མེད། དེ་ནི་བར་སྣང་གི་སྤྲིན་པ་དང་འདྲ་བོ་ཡོད་པ་རེད། གཅིག་བྱས་ན་སྤྲིན་པ་སྡུག་ཅག་ཡོད་སྲིད་པ་རེད། ཁྱེད་རང་ཚོས་དེ་ལ་དྲག་ཆར་རླུང་འཚུབ་ཟེར་གྱི་ཡོད་པ་མ་རེད་དམ། རྒྱ་གར་ཧིན་དིའི་སྐད་དུ་དེ་ལ་ཏཱུ་ཕཱན་ཟེར་གྱི་ཡོད་པ་རེད། དྷི་ལི་ལ་དྲག་ཆར་ཡོད་རེད་པས། སྐབས་རེ་ཡོད་རེད་ལགས། ཐེངས་གཅིག་ཙམ་དྲག་ཆར་ཡོང་གི་ཡོད་པ་རེད། ཆར་པ་དྲག་པོ་གཏོང་བ་དང་། འབྲུག་སྐད་དྲག་པོ་རྒྱག་པ་དང་། རླུང་འཚུབ་རྒྱབ་ནས་གློག་དམར་འཁྱུག་པ་སོགས་བྱེད་ཀྱི་རེད། ཁྱེད་རང་གིས་ཉི་མ་དང་ཟླ་བ། སྐར་མ་སོགས་མཐོང་ཐུབ་ཀྱི་མ་རེད། བར་སྣང་ཡོངས་རྫོགས་མུན་ནག་ཆགས་ཀྱི་རེད། འོན་ཀྱང་བར་སྣང་གི་རང་བཞིན་འགྱུར་བ་འགྲོ་ཡི་རེད་དམ། དྲག་ཆར་དེས་བར་སྣང་གི་རང་བཞིན་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། མ་རེད་བ། ཡང་ན་སྐབས་རེ་ནམ་མཁའ་སྔོ་སང་ངེ་ཆགས་ནས་ཉི་མ་ཤར་བ་དང་ཚ་དྲོད་སྙོམས་པོ་ཆགས་ཀྱི་རེད། དེ་ལྟ་བུའི་གནམ་གཤིས་སྐྱིད་པོ་དེས་བར་སྣང་གི་རང་བཞིན་ལ་འགྱུར་བ་བཏང་ནས་ཡག་ཏུ་གཏོང་གི་མེད། དེར་བརྟེན་དྲན་པ་ནི་བར་སྣང་ལྟ་བུ་ནང་སེམས་ཀྱི་རྣམ་རྟོག་དང་མྱོང་ཚོར་གང་ཞིག་སྐྱེས་ཀྱང་གལ་འགག་མེད་པ་རེད། དེ་དག་གིས་དྲན་ཤེས་ཀྱི་རང་བཞིན་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། ཁྱེད་ཀྱི་ཚང་མ་གདོང་ལེན་བྱེད་ཐུབ་ཀྱི་རེད། མཐའ་མཇུག་ཏུ་ཚང་མ་ཁྱེད་ཀྱི་གྲོགས་སུ་འགྱུར་གྱི་རེད་ལ་ཚང་མ་ཁྱེད་ཀྱི་མཐུན་རྐྱེན་དུ་འགྱུར་གྱི་རེད། ཁྱེད་ལ་བདེ་སྐྱིད་གང་ནས་ཀྱང་ཐོབ་ཀྱི་རེད་ལ། ཁྱེད་ལ་བདེ་སྐྱིད་ག་དུས་ཡིན་ནའང་ཐོབ་ཀྱི་རེད། ཁྱེད་ལ་བདེ་སྐྱིད་ཀྱི་གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཡིན་ནའང་ཐོབ་ཀྱི་རེད། འོན་ཀྱང་དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། ཁྱེད་ཀྱིས་གཟའ་འཁོར་གཅིག་གི་ནང་དུ་ཐོབ་ཀྱི་མ་རེད། ཉམས་ལེན་ཡང་ནས་ཡང་དུ་བྱེད་དགོས་ཀྱི་ཡོད་པ་རེད།

            ངས་རྣམ་པ་ཚོར་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ལྷན་དུ་གྲོས་བསྡུར་གང་བྱུང་བ་རྣམས་བཤད་འདོད་ཡོད་པ་བརྗོད་ཀྱི་ཡིན། ངས་ཁྱེད་ཚོར་ཤོད་དགོས་སམ། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་ནང་དུ་ ABC ཞེས་པའི་ལྟ་གྲུབ་ཞིག་ཡོད་པ་རེད། དོན་དག་གཙོ་བོ་ནི་ A ཞེས་སེམས་ཚོར་དང་། B ཟེར་ན་སྤྱོད་ལམ། C ཞེས་པ་ཤེས་པའམ་རྟོགས་པ་ལ་གོ་ཡི་ཡོད་པ་རེད། ང་རང་ལ་མཚོན་ན་སེམས་ཁམས་རིག་པ་སྨྲ་བ་དང་སེམས་ཁམས་ཚན་རིག་པ་མང་པོ་དང་ལྷན་དུ་གོ་བསྡུར་མང་པོ་བྱས་མྱོང་། སེམས་ཁམས་ཚན་རིག་པས་ཅི་ཞིག་བརྗོད་བྱུང་ཞེ་ན། ལོ་མང་པོའི་སྔོན་ལ་སེམས་ཁམས་ཚན་རིག་པས་གསར་རྙེད་བྱུང་བའི་གནས་ཚུལ་ཞིག་ལ་སྙན་གྲགས་ཅན་གྱི་ཚན་རིག་པ་ཨི་ཝན་པྭ་ལོ་ཞེས་པ་ཁོང་གིས་ཁྱི་ཡི་ཁ་ནས་མཆིལ་མ་འདོན་པའི་རྒྱུ་རྐྱེན་ལ་དོ་སྣང་ཧ་ཅང་སླེབས་པ་རེད། མཁྱེན་གསལ་ལྟར་མཆིལ་མ་ཞེས་པ་ཁྱི་ཡི་ཁ་ནས་ཐོན་པའི་རླན་གཤེར་དེ་རེད། ཁོང་གིས་བརྟག་དཔྱད་སྐབས་སུ་ཏིང་ཞེས་དྲིལ་བརྡ་ཞིག་བཏང་བ་དང་ལྟོ་ཆས་སྤྲོད་ཀྱི་ཡོད་པ་རེད། ཏིང་ལབ་ཚད་ལ་ལྟོ་སྤྲད་པ་རེད། ཏིང་=ལྟོ། ཏིང་=ལྟོ། དེ་ལྟར་ཐེངས་མང་པོ་བརྟག་དཔྱད་བྱས་མཐར། བར་སྐབས་ཤིག་ནས་ཁྱི་ཡིས་ཏིང་ཞེས་དྲིལ་སྒྲ་གོ་བ་དང་ཁ་ནས་མཆིལ་མ་འདོན་གྱི་ཡོད་པ་རེད། ལྟོ་མེད་ཀྱང་དྲིལ་སྒྲ་གོ་བ་དང་ཁ་ནས་ཆུ་ཐོན་པ་དང་ཁྱིས་ལྟོ་ཆས་འཚོལ་འགོ་རྩོམ་གྱི་ཡོད་པ་རེད། དེ་ནས་ཚན་རིག་པ་དེས་བརྟག་དཔྱད་ཅི་ཞིག་བྱས་པ་རེད་དམ་ཞེ་ན། ཏིང་ཞེས་དྲིལ་སྒྲ་བཏང་བ་དང་ལྟོ་མ་སྤྲད་པ་རེད། ཏིང་=ལྟོ་མེད། ཏིང་=ལྟོ་མེད། དེ་ལྟར་བསྐྱར་ཟློས་བྱས་མཐར་ཁྱི་ཡིས་ཏིང་སྒྲ་གོ་རྗེས་ཁ་ནས་མཆིལ་མ་འདོན་རྒྱུ་ཇེ་ཉུང་ཇེ་ཉུང་དུ་ཕྱིན་པ་རེད། བྱས་ཙང་ཁོང་གིས་འགྲོ་བ་མིའི་སྤྱོད་ལམ་ལ་ཕྱིའི་ཤུགས་རྐྱེན་སོགས་ལ་བརྟེན་ནས་ཇི་ལྟར་གོམས་འདྲིས་ཐེབས་ཀྱི་ཡོད་མེད་སོགས་ཤེས་རྟོགས་བྱུང་བ་རེད།

            དེ་ནས་སེམས་ཁམས་ཀྱི་བཅོས་ཐབས་ཏེ་སྤྱོད་ལམ་ལ་བརྟེན་པའི་བཅོས་ཐབས་ཤིག་ཡོད་པ་རེད། སྤྱོད་ལམ་གྱི་བཅོས་ཐབས་ནི་རང་གི་སྤྱོད་ལམ་ལ་གཅེས་སྐྱོང་དང་སྟངས་འཛིན་གྱིས་སྤྱོད་པ་མ་རུང་པ་རྣམས་བཟང་ཕྱོགས་ཀྱི་སྤྱོད་ལམ་ལ་བསྒྱུར་བཅོས་གཏོང་ཐབས་ལ་རྩོལ་བ་བྱེད་པའི་ཐབས་ཚུལ་ཞིག་རེད། དེར་བརྟེན་ཁོང་ཚོས་ཅི་ཞིག་ཡིད་ཆེས་བྱེད་ཀྱི་ཡོད་དམ་ཞེ་ན་སྤྱོད་ལམ་ནི་ཡོད་ཚད་ཡིན་པར་བཞེད་ཀྱི་ཡོད་ཅིང་། གལ་ཏེ་ཁྱེད་ཀྱིས་སྤྱོད་ལམ་ལ་བསྒྱུར་བ་བཏང་བ་ཡིན་ན་དཀའ་གནད་ཐམས་ཅད་ཀྱི་ལན་ཐོབ་ཤག་རྩི་ཡི་ཡོད་པ་རེད། ཕྱིས་སུ་ཚན་རིག་པ་རྣམས་ཀྱིས་སྤྱོད་ལམ་གཅིག་པུ་རེད་མི་འདུག འགྲོ་བ་མིའི་རིགས་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཞེས་པ་ཡོད་རེད་ཅེས་བརྗོད་པ་རེད། འགྲོ་བ་མི་ཙམ་མ་ཟད་དུད་འགྲོ་དང་བྱ་བྱིའུ་ལ་ཡང་བློ་གྲོས་དེ་ཡོད་པ་རེད། ཚང་མར་བློ་གྲོས་ལྡན་ཡོད་ཅིང་དེ་ནི་ང་ཚོའི་ཤེས་པ་ཡིན་པ་རེད། དེར་བརྟེན་ཁོང་ཚོས་ཤེས་པའི་བཅོས་ཐབས་གསར་གཏོད་བྱས་པ་རེད། དེས་ན་དེ་ནི་རྒྱུ་མཚན་དང་རིག་པ་ལ་གཞི་བཅོལ་བ་ཞིག་རེད། བཅོས་ཐབས་དེ་ལ་མཚོན་ན་ཚན་རིག་པ་རྣམས་ཀྱིས་རྒྱུ་མཚན་དང་འགྲོ་སྟངས། གནད་དོན་ཅི་ཞིག་ཡིན་མིན་སོགས་ལ་གོ་རྟོགས་སད་ཐབས་དང་འཚོལ་ཞིབ་ལ་འབད་བརྩོན་བྱེད་ཀྱི་ཡོད། ཁོང་ཚོས་དཀའ་ངལ་གྱི་བྱ་བའི་བརྒྱུད་རིམ་ག་རེ་ཡིན་པའི་སྐོར་ལ་ཡོངས་སུ་འཚོལ་ཞིབ་བྱེད་འདོད་ཡོད་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་དང་བཅོས་ཐབས་འཚོལ་སྒྲུབ་བྱེད་པའི་དམིགས་ཡུལ་འཛིན་གྱི་ཡོད། དེནི་ཤེས་པའི་བཅོས་ཐབས་ཀྱི་སྐོར་ལ་རེད། དེས་ན་བཅོས་ཐབས་གཉིས་ཏེ། སྤྱོད་ལམ་གྱི་བཅོས་ཐབས་དང་ཤེས་པའི་བཅོས་ཐབས་གཉིས་རེད། ཕྱིས་སུ་སེམས་ཁམས་ཚན་རིག་པ་རྣམས་ཀྱིས་གསུང་དོན་དུ། སྤྱོད་ལམ་གྱི་བཅོས་ཐབས་དང་ཤེས་པའི་བཅོས་ཐབས་གཉིས་མཉམ་སྦྲེལ་བྱས་ཏེ་ཟླ་སྒྲིལ་བྱེད་ཐབས་ལ་འབད་ན་བཅོས་ཐབས་འདི་གཉིས་ཀྱིས་སྤྱོད་ལམ་གྱི་རིམ་པ་དང་ཤེས་པའི་རིམ་པ་གཉིས་ཀའི་ཐད་ནས་བྱ་བ་བྱེད་ཅིང་ནུས་པ་ཤུགས་ཆེ་བ་འདོན་ཐུབ་པ་འདུག་ཅེས་བརྗོད་པ་རེད། དེ་ལྟར་ཁོང་ཚོས་ཤེས་པ་དང་སྤྱོད་ལམ་གྱི་བཅོས་ཐབས་ཞེས་པ་ཞིག་གསར་གཏོད་བྱས་པ་རེད།  CBT ཞེས་པ་ནི་ཤེས་པ་དང་སྤྱོད་ལམ་བཅོས་ཐབས་ཞེས་བཅོས་ཐབས་ཧ་ཅང་གྲགས་ཅན་ཞིག་རེད། འོན་ཀྱང་གནད་དོན་གཅིག་ཚང་མེད་པ་རེད། དེ་ལ་ད་དུང་ཚང་མེད་པའི་གནད་དོན་ཞིག་ཡོད་པ་རེད། མ་ཚང་བའི་གནད་དོན་དེ་ཁྱེད་ཀྱིས་ག་རེ་ཡིན་མིན་ཤེས་སམ། དེ་ནི་ ABC ཡིན་པ་རེད། གནད་དོན་མ་ཚང་བ་དེ་ནི་སེམས་ཚོར་ Affection ཡིན་པ་རེད།

            ད་བར་ངས་ལུས་སེམས་གསོ་བཅོས་བྱེད་མཁན་མང་པོའི་མཉམ་དུ་ཚོགས་འདུ་རིམ་པ་མང་པོ་ཚོགས་ནས་གྲོས་བསྡུར་སྣ་ཚོགས་བྱས་པ་རེད། ཁོང་ཚོས་སེམས་ཚོར་དང་ཁ་ཐུག་ཇི་ལྟར་ལག་ལེན་བྱེད་དགོས་མིན་ཤེས་ཀྱི་མི་འདུག ཁོང་ཚོས་ (CBA) གསོ་བཅོས་ལག་ལེན་བསྟར་ཐབས་དང་སྤྱོད་ལམ་གྱི་འགྲོ་སྟངས། ཤེས་པའི་རིམ་པའི་ཐོག་ནས་བྱེད་སྟངས་སོགས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཁོང་ཚོས་སེམས་ཚོར་གྱི་བྱ་བ་བྱེད་སྟངས་ཇི་ལྟར་ཡིན་མིན་གྱི་སྐོར་ལ་ཐད་ཀར་ཤེས་ཀྱི་མི་འདུག དེར་བརྟེན་ནང་དོན་རིག་པའི་ཕྱོགས་ནས་དེ་ལ་རྣམ་པ་མི་འདྲ་བའི་རིམ་པ་གསུམ་སྟེ། ལྟ་སྒོམ་སྤྱོད་གསུམ་ཡིན་པ་རེད། ལྟ་བ་ཟེར་དུས་ཤེས་པའི་རིམ་པ་སྟེ་མགོའི་ཀླད་པ་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད། སྒོམ་ཟེར་དུས་སྙིང་ངམ་མྱོང་བ་ལས་འགོ་འཛུགས་ཀྱི་ཡོད་པ་རེད། སྤྱོད་པ་ནི་ལག་ལེན་དངོས་དང་འབྲེལ་ཡོད། ལག་ལེན་ནི་སྤྱོད་ལམ་གྱི་རིམ་པ་ནས་ཡོང་དགོས་ཀྱི་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅོས་ཐབས་འདི་དག་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་དུ་བསྟན་ཟིན་པ་རེད།

            ངས་དེ་ལྟ་བིུའ་སྐོར་ལ་ནུབ་ཕྱོགས་ཚན་རིག་པའི་ལྷན་དུ་གྲོས་བསྡུར་བྱེད་དུས་ང་ཚོའི་གླེང་གཞི་དོན་དོངས་ཐོག་གཅིག་མཚུངས་ཡིན་མོད་ཐ་སྙད་མི་འདྲ་བ་ཞིག་བཀོལ་སྤྱོད་གཏོང་གི་ཡོད་པ་ཙམ་རེད། ང་ཚོས་དེ་ལ་ལྟ་སྒོམ་སྤྱོད་གསུམ་ཞེས་བརྗོད་ཀྱི་ཡོད་འོན་ཏེ་ནུབ་ཕྱོགས་ཚན་རིག་པས་དེ་ལ་སེམས་ཚོར། གཤིས་སྤྱོད། ཤེས་པ་གསུམ་དུ་ངོས་འཛིན་བྱས།

            གལ་ཏེ་ང་ཚོས་དངོས་གནས་བསྒྱུར་བཅོས་གཏོང་འདོད་ན། དཔེར་ན། ང་ཚོར་སེམས་ནད་ཅིག་ཡོད་པར་ཆ་བཞག ང་ལྟ་བུ་ལ་མཚོན་ན། ཆུང་བྱིས་པའི་དུས་ནས་དངངས་སྐྲག་གི་ན་ཚ་ཞིག་ཡོད། ང་ལོ་བདུན་ཡིན་པའི་སྐབས་སུ་རེད། ངས་རང་ཉིད་ཀྱི་དངངས་སྐྲག་གི་རྒྱུ་རྐྱེན་གང་ཡིན་ཤེས་ཀྱི་མེད། ང་ལ་འཇིགས་དངངས་ཧ་ཅང་ཤུགས་ཆེན་ཡོད་ཅིང་། དགུན་ཁའི་དུས་སུ་ཁ་བ་བུ་ཡུག་འཚུབ་ན་ཧ་ཅང་ཞེད་སྣང་ཡོང་གི་ཡོད། ང་སྡོད་ས་བལ་ཡུལ་ནང་གི་ཧི་མ་ལ་ཡའི་རི་ཁྲོད་དུ་ཡོད། དགུན་ཁའི་སྐབས་སུ་ཁ་བ་དང་བུ་ཡུག་ཧ་ཅང་འཚུབ་ཀྱི་ཡོད་པ་རེད། དབྱར་དུས་སྐབས་སུ་འབྲུག་སྐད་ལ་དགའ་བོ་རྩ་བ་ནས་མེད། དེ་བཞིན་ང་མི་རྒྱུས་མེད་པ་ལ་ཧ་ཅང་ཞེད་ཀྱི་ཡོད། མོ་ཊ་ལ་ཞེད་ཀྱི་ཡོད་ལ་མོ་ཊའི་ནང་དུ་འགྲོ་རྒྱུར་ཡང་ཞེད་སྣང་ཡོང་གི་ཡོད། ཞེད་སྣང་ཤུགས་ཆེ་དྲག་ནས་གཉིད་ཀྱང་ཁུག་ཐུབ་ཀྱི་མིན་འདུག སྙིང་འཕར་བ་དང་མཇིང་པ་དམ་པོ་ཆགས་པ། མགོ་ཡུ་འཁོར་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་ངས་དཀའ་ངལ་དེ་དག་སེལ་བའི་ཐབས་ཤེས་ཤིག་འཚོལ་གྱི་ཡོད། ཐབས་ཤེས་གང་གིས་ཀྱང་ཕན་ནུས་ཐོན་གྱི་མི་འདུག གྲོགས་པོ་མཉམ་དུ་རྩེད་མོ་རྩེད་པ་ཡིན་ཕན་གྱི་མི་འདུག ནང་ལ་འཛུལ་ཏེ་སྒོ་དང་སྒེའུ་ཁུང་བརྒྱབ་པས་ཕན་གྱི་མི་འདུག དེ་ནས་ང་རང་ལོ་དགུ་ཙམ་ཡིན་པའི་སྐབས་སུ་བསམ་བློ་ཞིག་འཁོར་དོན་དུ། ཨོ། ངའི་ཡབ་ཀྱི་མདུན་ནས་སྒོམ་སྦྱང་དགོས་མིན་ནམ་སྙམ། རྒྱུ་མཚན་ནི་ངའི་ཡབ་ཁོང་སྒོམ་ཆེན་ཞིག་རེད། ཁོང་གིས་རྟག་ཏུ་སྒོམ་ཁྲིད་གནང་གི་རེད། དེས་ན་ངས་ཨ་མ་ལགས་ལ་སྒོམ་སྦྱང་འདོད་ཡོད་པ་དང་། ཡབ་ཀྱི་མདུན་ནས་སྒོམ་ཁྲིད་ཞུས་ན་ཡག་པོ་ཡོད་མེད་དགོངས་ཚུལ་ཇི་ཡོད་སྐོར་ལ་བཀའ་འདྲི་ཞུས་པ་ཡིན། ངའི་ཨ་མ་ལགས་ཀྱིས་བསམ་ཚུལ་དེ་ཡག་པོ་འདུག་ཅེས་གསུངས་སོང་། འོན་ཀྱང་ང་ཧ་ཅང་ཆུང་ཆུང་ཡིན་པ་དང་ངོ་ཚ་སྨིན་པོ་ཡོད་པས། ངའི་བསམ་པར་ཕལ་ཆེར་ངའི་ཡབ་ཀྱིས་ང་ལ་ཁྱེད་རང་ལོ་ཆུང་དྲགས་འདུག ཁྱེད་རང་གླེན་རྟགས་ཚ་པོ་རེད། ཁྱེད་རང་གིས་སྒོམ་སྦྱང་ཐུབ་ཀྱི་མ་རེད་ཅེས་གསུང་གི་རེད་སྙམ་ནས་ངོ་ཚ་སྐྱེད་བྱུང་། དེ་ནས་ངས་ཨ་མ་ལགས་ལ་ཞུ་དོན། གནས་ཚུལ་དེ་ངའི་ཡབ་ལ་མ་ཞུ་རོགས་གནང་། གནས་སྐབས་བསྒུགས་ནས་ལྟ་ཡི་ཡིན་ཞེས་ཞུས་པ་ཡིན། ཡིན་ནའང་ཨ་མ་ལགས་ཀྱིས་ཡབ་ལ་གནད་དོན་དེ་ཞུས་ཟིན་འདུག ཉིན་ཞིག་ཡབ་ཀྱིས་ང་ལ་ཁྱེད་རང་སྒོམ་སྦྱང་འདོད་འདུག་གམ་ཞེས་དྲིས་སོང་། ངས་སྒོམ་སྦྱང་འདོད་འདུག་ཅེས་ཞུས་པ་ཡིན། ཁྱེད་རང་ལ་སུས་ལབ་སོང་ཞེས་བཀའ་འདྲི་ཞུ་དུས་ཨ་མ་ལགས་ཀྱིས་གསུངས་སོང་ཞེས་གསུངས་བྱུང་། ཁོང་ཧ་ཅང་གིས་མཉེས་པོ་གནང་གི་འདུག དེ་ནས་བཟུང་ངས་སྒོམ་སྦྱོང་འགོ་བཙུགས་པ་ཡིན། སྒོམ་ཟེར་དུས་ག་རེ་ཡིན་མིན། སྒོམ་ཇི་ལྟར་རྒྱག་དགོས་མིན། སྒོམ་རྒྱག་དགོས་དོན་གང་ཡིན་པ་ལ་སོགས་སྒོམ་གྱི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། ང་རང་སྒོམ་རྒྱག་རྒྱུའི་བསམ་བློ་དེ་ལ་དགའ་པོ་ཡོད་ཀྱང་། ང་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད། དེ་ནི་སྒོམ་རྒྱུག་རྒྱུ་ལ་དགའ་པོ་མེད་པ་དེ་རེད། སྒོམ་གྱི་དུས་ཡུན་སྐར་མ་བཅུ་ལས་ཕྱིན་མེད་ནའང་སྐར་མ་སུམ་ཅུ་ཙམ་ཕྱིན་པའི་ཚོར་སྣང་ཡོང་གི་འདུག སྐབས་རེ་ང་གཉིད་དུ་ཡུར་གྱི་འདུག གང་ལྟར་སྒོམ་བརྒྱབ་པའི་སྐབས་སུ་ཚོར་བ་སྐྱིད་པོ་དང་དངངས་སྐྲག་གི་ན་ཚ་དེ་ཉུང་དུ་སོང་བ་ལ་སོགས་ཀྱི་ཕན་ཡོན་ཞེ་དྲག་ཡོད་ནའང་ངས་དུས་རྟག་ཏུ་སྒོམ་བརྒྱབ་ཐུབ་ཀྱི་མི་འདུག དེར་བརྟེན་དངངས་སྐྲག་མེད་ན་སྒོམ་རྒྱག་གི་མེད་པ་དང་དངངས་སྐྲག་སྐྱེད་པའི་སྐབས་སུ་སྒོམ་རྒྱག་གི་ཡོད་པ་རེད། དེ་ལས་སླ་པོ་ཞིག་རྩ་བ་ནས་མ་རེད།

            དངངས་སྐྲག་ག་དུས་ལངས་ནའང་སྒོམ་རྒྱག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ངས་སྒོམ་རྒྱག་རྒྱུའི་ཀུན་སློང་གཙོ་བོ་དེ་ནི་དངངས་སྐྲག་མེད་པ་བཟོ་རྒྱུ་དང་དངངས་སྐྲག་ལ་དྲན་ཤེས་བརྟེན་རྒྱུ་དང་། དེ་བཞིན་ལུས་ཀྱི་ཚོར་བ་སྐྱེན་པོ་རྣམས་ལ་བྱ་ར་བྱེད་རྒྱུ་དེ་རེད། དེ་དག་ལ་ཕན་ཐོགས་ཧ་ཅང་ཡོད་ཀྱང་ཁག་པོ་ཞེ་དྲག་འདུག སོང་ཙང་། ཉིན་ཞིག་ངས་ཡབ་ཀྱི་སར་བཅར་ནས་སྒོམ་གྱི་ཉམས་མྱོང་སྐོར་ལ་ཞུས་པ་ཡིན། ཁོང་གིས་དངངས་སྐྲག་ལ་ཆགས་སྡང་གིས་འཐབ་འཛིང་བྱེད་མི་རུང་། དེ་ལ་གྲོགས་སྒྲིག་དགོས་ཀྱི་རེད་ཅེས་གསུངས་བྱུང་། ད་དུང་ཁོང་གིས་ཁྱེད་རང་གིས་དངངས་སྐྲག་དེ་དང་ལེན་བྱེད་དགོས་ཀྱི་རེད། གལ་ཏེ་དངངས་སྐྲག་ལ་ཁྱེད་རང་གིས་ཕར་རྒྱུགས་ཤིག ངས་ཁྱེད་རང་ལ་ལྟ་བཞིན་ཡོད་ཅེས་བརྗོད་ན། དངངས་སྐྲག་དེ་ཉིད་འཕེལ་ནས་ཤུགས་ཆེ་རུ་འགྲོ་ཡི་ཡོད་ཅེས་གསུངས་བྱུང་། ངའི་སེམས་ནང་བསམ་ཚུལ་དེ་ཡག་པོ་འདུག་སྙམ་ནས་དེ་ལྟར་ཉམས་ལེན་གྱི་ཀུན་སློང་ལ་འགྱུར་བ་བཏང་བ་ཡིན། ཕྱིས་སུ་སྒོམ་རྒྱག་པའི་སྐབས་སུ། ངས་དངངས་སྐྲག་ལ་དང་ལེན་བྱས་ཏེ། ཀ་ཡེ་དངངས་སྐྲག་ལགས། ཁྱེད་རང་ལ་ཕེབས་བསུ་ཞུ་ཞེས་བརྗོད་ཀྱི་ཡོད། དེས་ཕན་ཐོགས་ཀྱི་འདུག སྔོན་མ་ལས་དྲག་ཏུ་འགྲོ་ཡི་འདུག ངའི་སེམས་གཏིང་གི་ཀུན་སློང་ནི་དངངས་སྐྲག་ལ་དང་ལེན་བྱས་ཏེ། ཀ་ཡེ་དངངས་སྐྲག་ལགས། ཁྱེད་རང་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་ན་དངངས་སྐྲག་མེད་པ་ཆགས་ནས་སླར་ཡང་ཡོང་གི་མ་རེད་བསམ་པ་དེ་རེད། དེར་བརྟེན་ངས་ཅི་ཞིག་བྱེད་ཀྱི་ཡོད་ཟེར་ན། ཀ་ཡེ་དངངས་སྐྲག་ལགས། ཁྱེད་རང་ཕེབས་པར་དགའ་བསུ་ཡོད། གལ་ཏེ་ངས་ཁྱེད་རང་ལ་ཕེབས་བསུ་ཞུས་པ་ཡིན་ན་ཁྱེར་རང་ཡང་བསྐྱར་ཡོང་གི་མ་རེད་བ། མ་རེད་དམ། དེ་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ད་དུང་དེས་ཕན་ཐོགས་ཀྱི་འདུག ངས་དངངས་སྐྲག་དང་ལེན་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད། ངས་ཆགས་སྡང་གཉིས་ཀྱི་སྐོར་ལ་ཞུས་པ་བཞིན། ཆགས་སྡང་གཉིས་ནི་དངངས་སྐྲག་གི་རྒྱུ་གཙོ་བོ་རེད། དེས་ན་ཁྱེད་ཀྱིས་ཆགས་སྡང་གཉིས་དང་ལེན་བྱེད་སྐབས་ཆགས་སྡང་གི་རང་སྟོབས་མེད་པ་ཆགས་ཀྱི་ཡོད། དེར་བརྟེན་དངངས་སྐྲག་གི་ནུས་སྟོབས་ཀྱང་མེད་པ་ཆགས་ཀྱི་རེད།

            དེ་ནས་ངས་ལོ་དགུ་ནས་བཅུ་གསུམ་བར་སྒོམ་བརྒྱབ་པ་རེད། ང་ལོ་བཅུ་གསུམ་སོན་སྐབས་རྒྱ་གར་དུ་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེའི་གདན་ས་གཙོ་བོ་དཔལ་སྤུངས་ཤེས་རབ་གླིང་དུ་ཡོང་བ་ཡིན། ང་རང་ལོ་གསུམ་ཟླ་གསུམ་རིང་མཚམས་ལ་ཞུགས་འདོད་ཧ་ཅང་ཆེན་པོ་བྱུང་། རྒྱུ་མཚན་ནི་ངའི་བསམ་པར་ང་ལོ་གསུམ་མཚམས་ལ་བསྡད་པ་ཡིན་ན་ང་རང་ལེ་ལོ་ཅན་ཞིག་ཡིན་པས་ངའི་ལེ་ལོ་མེད་པ་ཆགས་འགྲོ་རྒྱུ་རེད་སྙམ་བྱུང་། བྱས་ཙང་ངས་ཏཱའི་སི་ཏུ་རིན་པོ་ཆེ་ལ་ལོ་གསུམ་མཚམས་ལ་ཞུགས་རྒྱུའི་སྐོར་ཞུས་པ་ཡིན་པས་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་གནང་བྱུང་། མཚམས་ལ་ཞུགས་པའི་ཟླ་བ་དང་པོ་དེ་ཧ་ཅང་ཡག་པོ་བྱུང་། ངའི་སེམས་ཧ་ཅང་བརྟན་པོ་གནས་ཐུབ་སོང་། དེ་ནས་ཟླ་བ་དང་པོ་དེ་འདྲའི་ངང་རྫོགས་པ་རེད། དེ་ནས་ལེ་ལོ་སྐྱེད་ཡོང་གི་འདུག ག་ལེར་ལེ་ལོ་དེ་རང་ཉིད་ལས་ནུས་སྟོབས་ཆེ་བ་ཆགས་ནས་ངའི་དངངས་སྐྲག་གི་གནས་སྟངས་ཀྱང་སྡུག་ཏུ་ཕྱིན་སོང་། དངངས་སྐྲག་དང་ལེ་ལོ་གཉིས་ང་དང་འགྲོགས་ནས་ངོ་ཤེས་ཆགས་འདུག ལེ་ལོ་དང་དངངས་སྐྲག་གཉིས་འགྲོགས་ནས་ངའི་གྲོགས་པོ་ཆགས་པས་ངའི་དངངས་སྐྲག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་རེད། དེར་བརྟེན་ཞོགས་པ་འདོན་པ་ལ་འགྲོ་ཐུབ་ཀྱི་མི་འདུག ང་ཚོ་ཉིན་ལྟར་ཚོགས་པ་འཚོག་དགོས་ཀྱི་ཡོད་པ་རེད། ཞོགས་པ་ཆུ་ཚོད་གཅིག་དང་ཕྱེད་ཀ་དང་ཉིན་རྒྱབ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཞལ་འདོན་འཚོགས་ཀྱི་ཡོད་པ་རེད། ཚོགས་པ་འཚོགས་པའི་སྐབས་སུ་དུང་དང་རྒྱ་གླིང་། རྔ་ལ་སོགས་པའི་ཆོས་ཀྱི་རོལ་མོ་སྣ་ཚོགས་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། སྒྲ་དེ་དག་གིས་སྨྱོན་པ་བཟོ་གྲབས་བྱེད་ཀྱི་འདུག ང་མགོ་ཡུ་འཁོར་གྱི་འདུག དེར་བརྟེན་ང་ཚོགས་འཚོགས་ས་ལ་བསྡད་ཐུབ་ཀྱི་མེད། ད་དུང་ལོ་གསུམ་ལྷག་ཡོད་པ་རེད། དེ་ནས་ངས་བསམ་པར་ང་ལ་ད་དུང་ལོ་གསུམ་ཡོད། འདི་ནི་ལོ་དང་པོ་ཙམ་ཡིན་པས་ད་ངས་ཅི་ཞིག་བྱ་དགོས་སྙམ། ངས་རྒྱུན་མཐུད་ནས་དངངས་སྐྲག་ལ་གདོང་ལེན་བྱེད་དགོས་སམ། ཡང་ན་དངོས་སུ་དང་ལེན་བྱེད་དགོས་སྙམ་བྱུང་། དེ་རྗེས་ངས་དངངས་སྐྲག་ལ་གདོང་ལེན་བྱེད་ཀྱི་མིན། དངངས་སྐྲག་དང་ལྷན་དུ་ཇི་ལྟར་འཚོ་དགོས་པའི་སྐོར་ལ་སྦྱང་གི་མིན། དེ་རིང་ནས་བཟུང་ངས་དངངས་སྐྲག་མེད་པ་བཟོ་ཡི་མིན། ངས་དེ་རིང་ནས་བཟུང་དངངས་སྐྲག་ངའི་དགེ་རྒན་གྱི་ཚུལ་དང་གྲོགས་པོའི་ཚུལ། སྒོམ་དྲན་གསོ་མཁན་དམིགས་བསལ་བ་ཞིག་གི་ཚུལ་དུ་བརྩི་རྒྱུ་ཡིན་པའི་ཐག་གཅོད་བྱས་པ་ཡིན། རྒྱུ་མཚན་ནི་དངངས་སྐྲག་བསླེབས་པའི་སྐབས་སུ་སྒོམ་དྲན་གྱི་འདུག དེ་ནི་གནས་ཚུལ་བཟང་པོ་ཞིག་རེད། རང་ཉིད་ལ་དེ་ལྟ་བུའི་དུས་ཚོད་ཀྱི་སྔོན་བརྡ་སྤྲོད་མཁན་ཞིག་བྱུང་བ་རེད། ཀུ་རེ་ཡིན། གང་ལྟར་ང་དངངས་སྐྲག་དང་ལྷན་དུ་ཅིའི་ཕྱིར་མཉམ་གནས་བྱེད་མི་ཐུབ་བམ།  དེ་ལྟར་ངས་དངངས་སྐྲག་ལ་དང་ལེན་བྱེད་ཐབས་བྱས་པ་ཡིན། ང་རང་གི་མཚནམས་ཁང་དུ་ཉིན་གསུམ་རིང་སྒོམ་བརྒྱབ་ནས་བསྡད་པ་དང་། དངངས་སྐྲག་ལ་གྲོགས་པོ་བཟོས་པ་ཡིན། མཐའ་མཇུག་ཏུ་ངས་དངངས་སྐྲག་དང་འབྲེལ་བའི་ཡིད་ཆེས་དང་ཀུན་སློང་ཡོད་ཚད་ལ་བསྒྱུར་བ་བཏང་བ་ཡིན། དེ་ནས་དངངས་སྐྲག་ལ་སྡང་སེམས་མེད་པ་ཆགས་སོང་།

            ད་ལྟའི་ཆར་ང་ལ་དངངས་སྐྲག་ཡོང་བའི་སྐབས་སུ་ཅི་འདྲ་ཞིག་ཚོར་གྱི་འདུག་གམ་ཞེ་ན། སེམས་ལ་སྤྲོ་སེམས་འཁོར་ཡོང་གི་འདུག གང་ལྟར་འདི་དག་ནི་ཕྱིའི་རྟགས་མཚན་རེད། ཕྱིའི་རྟགས་མཚན་རྣམས་ད་དུང་ཡང་འདུག སྙིང་འཕར་བ་དང་། མཇིང་པ་དམ་པོ་སོགས་ཡོང་གི་འདུག་ལ། སེམས་ནང་དུ་སྣང་བ་སྣ་ཚོགས་འཆར་ཡོང་གི་འདུག་མོད། དེ་ལྟ་ནའང་སྤྲོ་སེམས་འཁོལ་བ་ཞིག་ཀྱང་ཡོད། ངས་དེ་ལ་དྲན་པས་ཡག་པོ་སྐྱོང་གི་ཡོད། ངས་དངངས་སྐྲག་དང་འགྲོགས་ནས་གྲོགས་པོ་ཆགས་ཐབས་བྱེད་ཀྱི་ཡོད། དྲན་པ་བཀོལ་སྤྱོད་བྱས་ཏེ་གྲོགས་པོ་བཟང་པོ་བཟོ་ཡི་ཡོད། དེ་ཧ་ཅང་གི་སྤྲོ་སེམས་ལྡན་པ་ཞིག་རེད། སྐབས་རེ་དངངས་སྐྲག་དེ་ཧ་ཅང་གི་ཚོར་བ་སྐྱིད་པོ་འདྲ་བ་ཞིག་ཡོང་གི་འདུག དེ་ནི་ཚོར་བ་ཡག་པོ་ཞིག་རེད། དེའི་རྗེས་སུ་ང་དང་དངངས་སྐྲག་གྲོགས་པོ་ཧ་ཅང་གི་ཡག་པོ་ཆགས་པ་རེད།  དངངས་སྐྲག་ངའི་དགེ་རྒན་ཆགས་པ་རེད། ཡིན་ནའང་ངའི་གྲོགས་པོ་ཡག་པོ་དེ་སྟབས་མ་ལེགས་པ་ཞིག་ལ་གཟའ་འཁོར་འགའ་ཤས་ཀྱི་རྗེས་སུ་རང་ཉིད་ཀྱི་གྲོགས་པོ་གཡུགས་ནས་ཕྱིན་སོང་། དེར་བརྟེན་དངངས་སྐྲག་དེ་སེམས་པ་བཟང་པོ་ཞིག་རེད་མིན་འདུག ཀུ་རེ་ཡིན། ངེད་གཉིས་གྲོགས་པོ་ཡག་པོ་ཆགས་པ་དང་དངངས་སྐྲག་གིས་ང་ལ་ག་ལེར་བཞུགས་ཨཱ་གསུངས་བྱུང་། དེར་བརྟེན་ངས་གྲོགས་པོ་ཁོང་དྲན་གྱི་འདུག སྐུ་རྩེད་ཞུས་པ་ཡིན། ངའི་དགེ་རྒན་ཡག་པོ་ཁོང་མེད་པ་ཆགས་པ་རེད། ངའི་གྲོགས་པོ་མེད་པ་ཆགས་སོང་། ང་ཚོའི་མི་ཚེའི་ནང་དུ་གྲོགས་པོ་མང་པོ་ཡོད་ནའང་མི་ཚེ་འདི་སྡུག་བསྔལ་གྱིས་ཁེངས་བསྡད་ཡོད་པ་རེད། མ་རེད་དམ།

            དངངས་སྐྲག་མེད་ན་ཡང་ལུས་སེམས་ཀྱི་དཀའ་ངལ་གཞན་སྣ་ཚོགས་ཡོད། ངའ་ཅི་ཞིག་གསར་དུ་ཤེས་རྟོགས་བྱུང་ཞེ་ན། ང་ཚོས་མི་ཚེའི་ནང་དུ་སེམས་ཚོར་གང་འདྲ་ཞིག་དང་གནས་སྟངས་གང་འདྲ་ཞིག་ཡིན་ནའང་དང་ལེན་བྱེད་དགོས། དེ་ལ་ངོས་ལེན་གྱིས་གྲོགས་པོ་བཟོ་དགོས་འདུག འོན་ཀྱང་གྲོགས་པོ་ཇི་ལྟར་བཟོ་དགོས་ཀྱི་རེད་དམ་ཞེ་ན། ང་ཚོས་ཤེས་དགོས་པའི་དཀའ་གནད་ཀྱི་གསང་བ་དུ་མ་ཡོད་པ་དེ་དག་ཤེས་དགོས་ཀྱི་རེད། ཁྱེད་རང་ངའི་གྲོགས་པོ་ཡིན། ཁྱེད་རང་ངའི་གྲོགས་པོ་ཡིན། ཞེས་ཁ་ནས་ལབ་པ་ཙམ་མིན་པར་དངོས་སུ་གྲོགས་སྒྲིག་དགོས། ཁ་ནས་ལབ་བསྡད་པ་ཡིན་ན་ཕན་ནུས་ཐོན་གྱི་མ་རེད། དེ་ལས་ལྡོག་སྟེ་སེམས་ལ་གནོན་ཤུགས་འཕར་མ་ཡོང་གི་རེད། ཁྱེད་རང་དམ་པོ་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་གསང་བའི་གནད་འགག་རྣམས་ཤེས་དགོས་ཀྱི་རེད། གནད་འགག་གཙོ་བོ་ནི་དྲན་ཤེས་རེད། དྲན་ཤེས་ཡོད་ན་ཚང་མ་གྲོགས་པོ་ཆགས་ཐུབ་ཀྱི་རེད། ཚང་མ་དྲན་པའི་ནང་དུ་ཚུད་ཐུབ་ཀྱི་རེད། རྣམ་རྟོག་དང་ཉོན་མོངས། སེམས་ཚོར་རིགས་དེ་དག་སྤྲེའུའི་སེམས་ལྟ་བུ་རེད། ང་ཚོས་དྲན་པ་ལ་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད་ལ། དེ་དག་གིས་དྲན་པ་སྒྲིབ་ཐུབ་ཀྱི་མ་རེད། དོན་དངོས་ཐོག་ཁྱེད་རང་གིས་དྲན་པ་ལ་ངོས་འཛིན་ཇི་ཙམ་མང་བ་བྱས་པ་ཡིན་ནའང་། ཁྱེད་རང་གུ་ཡངས་པ་དང་། སྐྱིད་པ་དང་། སྤྲོ་བ་མང་བ་ཡོང་གི་རེད། སྐྱིད་པ་དང་གུ་ཡངས་པ་ཙམ་མིན་པར་ང་ཚོས་རང་བྱུང་ལྷན་སྐྱེད་ཀྱི་ནུས་པ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་ལ་ཤེས་རབ་དང་ཐབས། རྩལ། བྱམས་པ། སྙིང་རྗེ་ལ་སོགས་པའི་ལྷན་སྐྱེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡིན། ང་ཚོ་ཚང་མར་མཐར་ཐུག་འཚང་རྒྱ་ཐུབ་པའི་སངས་རྒྱས་ཀྱི་ས་བོན་ནམ་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་རེད། འོན་ཀྱང་ང་ཚོས་དེ་ལ་རང་གིས་རང་ལ་ངོས་འཛིན་བྱེད་ཐུབ་ཀྱི་མེད་པ་དང་མུ་མཐུད་ནས་སྤྲེའུའི་སེམས་ནང་ཚུད་ནས་བསྡད་ཀྱི་ཡོད། ང་ཚོས་བར་སྣང་ངོས་ཟིན་མ་ཐུབ་པར་སྤྲིན་པའི་རྙིའི་ནང་ཚུད་ནས་བསྡད་ཡོད། ང་ཚོ་གཙང་པོའི་ནང་དུ་ལྷུང་ནས་གཙང་པོས་འཁྱེར་འགྲོ་ཡི་ཡོད་པ་རེད། ཡིན་ནས་གཙང་པོ་ལ་ལྟ་ཡི་མེད་པ་རེད།

            དེར་བརྟེན་སྒོམ་ཉམས་ལེན་ནི་དྲན་པ་ལ་འབྲེལ་བ་ཆགས་ཡོད་པ་དང་། དྲན་པས་བར་སྣང་ལ་བར་སྣང་དུ་ངོས་འཛིན་པ་དང་། སྤྲིན་པ་ལ་དེ་ཙམ་གྱི་དོ་སྣང་སྟེར་གྱི་མེད། སྤྲིན་པ་ཡོང་གི་རེད། འགྲོ་ཡི་རེད། ང་ཚོས་གཙང་པོར་ལྟ་ཆོག་གི་རེད། གཙང་པོའི་ནང་དུ་ལྷུང་དགོས་དོན་མེད། ཡ་མུ་ནཱ་གཙང་པོ་གཙང་མ་མེད་ནའང་གཙང་པོའི་འགྲམ་དུ་མི་མང་པོས་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད་པ་རེད། དེ་འགྲིག་པ་ཞིག་རེད། དེར་བརྟེན་གནའ་བོའི་ནང་པའི་ཉམས་ལེན་ཁྲོད་དུ་དེང་རབས་ཀྱི་སྐད་ཆ་བཤད་སྟངས་བྱས་ན་མགོ་དང་སྙིང་སྤྱོད་ལམ་གསུམ་སྟེ། ལྟ་སྒོམ་སྤྱོད་གསུམ་མཉམ་སྦྲེལ་བྱེད་ཀྱི་ཡོད་པ་རེད། མགོ་ཤེས་པ་དང་འབྲེལ་ཡོད་ཅིང་། ངོས་འཛིན་ཐབས་བྱེད་པ་དེར་ལྟ་བ་ཞེས་བརྗོད་ཀྱི་ཡོད། དེས་ན་ཁྱེད་ཀྱིས་རྒྱུ་མཚན་གང་ཡིན་པ་དང་། བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། གནས་ལུགས་ཇི་ཡིན་སོགས་ལ་ཉམས་ཞིབ་དང་སློབ་སྦྱོང་བྱེད་དགོས་རེད། ཚང་མས་དྲན་པ་ཞེས་པ་གང་ཡིན་ཤེས་ཀྱི་ཡོད་པ་རེད། དེ་ལྟར་ཁྱེད་རྣམས་ཀྱིས་སྒོམ་སྒྲུབ་ཇི་ལྟར་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་ཤེས་ཀྱི་ཡོད་པ་རེད། འདི་དག་ནི་མགོ་ཡི་ཀླད་པ་དང་འབྲེལ་བ་ཆགས་ཡོད་པ་རེད། དེ་ནས་སྙིང་ལ་མཚོན་ན་ང་ཚོས་ངེས་པར་དུ་ཉམས་སུ་མྱོང་དགོས་ཀྱི་ཡོད་པ་རེད།

            ང་ཚོས་ལག་ལེན་ཐོག་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་རེད། དེའི་རྗེས་སུ་ཚང་མས་མཁྱེན་གསལ་ལྟར་སྤྱོད་ལམ་རེད། སྤྱོད་ལམ་དེ་ཡང་ལག་ལེན་གྱི་རང་བཞིན་རེད། དཔེར་ན། ཁྱི་དེ་ནང་བཞིན། ཏིང་=ལྟོ། ཏིང་=ལྟོ། ང་ཚོས་ཉིན་ལྟར་ལག་ལེན་གྱི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་རེད། ཐོག་མར་འགོ་འཛུགས་སྐབས་སྒོམ་ཡུན་ཐུང་ཐུང་དང་། སྒོམ་ཐུན་མང་པོའི་ལམ་ནས་ལུས་ལ་དྲན་པ་ཉེ་བར་འཇོག་དགོས། དེ་ནས་ཚོར་བ་ལ་དྲན་པས་ལྟ་དགོས། ཁྱེད་རང་སྐྱིད་པོ་མེད་པའི་སྐབས་སུ་ལུས་ལ་དྲན་པ་འཇོག ཁྱེད་རང་སེམས་ཁྲལ་ལངས་དུས་ལུས་ལ་དྲན་པ་འཇོག ཁྱེད་རང་ཁོང་ཁྲོ་ལང་བའི་སྐབས་སུ་ལུས་དང་ཚོར་བ་ལ་དྲན་པ་ཉེ་བར་འཇོག ཁྱེད་རང་མི་གཞན་ཞིག་གི་མཉམ་དུ་ཁ་རྩོད་རྒྱག་པའི་སྐབས་སུ་ལུས་ཚོར་ལ་དྲན་པ་ཉེ་བར་འཇོག དེ་ལྟར་ཁྱེད་ཀྱིས་གོམས་གཤིས་གསར་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། མཐར་ཁྱེད་ཀྱིས་སྤྱོད་ལམ་དེ་ཤུགས་ཆེ་རུ་ཕྱིན་ནས་མགོའི་ཀླད་པ་དང་སྙིང་གཉིས་ཉིན་རེའི་འཚོ་བའི་སྤྱོད་ལམ་མཉམ་དུ་ཟླ་སྒྲིལ་གཏོང་དགོས། དེ་ལ་ང་ཚོས་ཐར་པ་ཞེས་བརྗོད་ཀྱི་ཡོད་པ་རེད། དེ་ནི་ང་ཚོས་རང་དབང་ཞེས་བརྗོད་ཀྱི་ཡོད་པ་རེད། དེ་ཙམ་ཡིན། ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ།

 

 

དྲི་བ་དྲིས་ལན།

དྲི་བ། དྲན་པ་དང་རྣམ་ཤེས་ཀྱི་བར་ལ་ཁྱད་པར་གང་ཡོད།

བཀའ་ལན། གཞི་རྩའི་ཆ་ནས་དྲན་ཤེས་དང་རྣམ་ཤེས་གཉིས་གཅིག་མཚུངས་རེད། འོན་ཀྱང་ཐོག་མའི་གནས་སྐབས་སུ་སྲོལ་རྒྱུན་གྱི་སྒོམ་སྒྲུབ་ལྟར་ན་དྲན་པ་དང་ཤེས་བཞིན་སོགས་སྒོམ་གྱི་ཐབས་ཤེས་ཀྱི་ཚུལ་དུ་བཀོལ་གྱི་ཡོད། དང་ཐོག་དེ་ནི་སེམས་ཀྱི་ཆ་ཤས་སམ་སེམས་ཀྱི་བྱེད་སྒོ་གཅིག་ཡིན། དེ་ནི་དྲན་ཤེས་དེ་རེད། འོན་ཀྱང་ང་ཚོས་རིམ་བཞིན་ཉམས་ལེན་ཡང་ནས་ཡང་དུ་བྱས་པས་ང་ཚོས་དྲན་ཤེས་དེ་རྣམ་ཤེས་དག་དང་ཁྱབ་ནས་ཡོད། དོན་དོངས་སུ་སྒོམ་སྒྲུབ་ཀྱི་ཐོག་ནས་བཤད་ན་དྲན་ཤེས་ཟེར་ན་ཤེས་པའི་དོན་ཡིན། དེར་བརྟེན་དེ་ལྟ་བུའི་གནས་སྟངས་ཐད་དྲན་ཤེས་དང་རྣམ་ཤེས་གཅིག་རེད།

དྲི་བ། བོད་ཀྱི་གསོ་རིག་ལུགས་སུ་མིའི་རང་བཞིན་བདུན་དང་དེ་དག་བསྡུས་ན་རླུང་མཁྲིས་བད་ཀན་གསུམ་དུ་འདུས་པ་ཡིན། རང་བཞིན་བདུན་ལ་འཚམས་པའི་སྒོམ་རྒྱག་སྟངས་མི་འདྲ་བའི་ཁྱད་པར་ཡོད་དམ།

བཀའ་ལན། རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ལ་གཞིགས་པའི་རང་གཤིས་མི་འདྲ་བ་ཡོད་པ་དང་། ཉེས་པ་གསུམ་དང་ལྡན་འདུས་བཅས་རང་བཞིན་མི་འདྲ་བ་བདུན་ཡོད་པ་ལྟར། དེ་དག་སོ་སོར་འཚམས་པའི་སྒོམ་རྒྱག་སྟངས་ཀྱི་ཐབས་རྩལ་མི་འདྲ་བ་སྣ་ཚོགས་ལྡན་ཡོད་པ་རེད། རྩ་བའི་རང་བཞིན་གསུམ་གྱི་སྐོར་ལ་བཤད་ན་ལུས་ཀྱི་རང་བཞིན་ཅན་དང་། ངག་གི་རང་བཞིན་ཅན། ཡིད་ཀྱི་རང་བཞིན་ཅན་གསུམ་ཡོད།

            ལུས་ཀྱི་རང་བཞིན་ཅན་ནི་བད་ཀན་གྱི་རང་བཞིན་དང་འབྲེལ་བ་ཡོད་པ་རེད། འབྱུང་བ་ས་ཡི་རང་བཞིན་ཤས་ཆེ་བ་དང་། སྣང་བ་མང་པོ་ཤར་གྱི་ཡོད་པ་དང་། རྒྱུན་གཏན་ཅི་ཞིག་གི་སྐོར་ལ་བསམ་བློ་བཏང་བ་ཡིན་ན་ཁྱེད་ཀྱི་སེམས་སུ་བསམ་བློ་མང་པོ་འཆར་བ་དང་། བཟོ་དབྱིབས་དང་། ཚོན་ཁྲ། རྒྱ་ཁྱོན་སོགས་སེམས་ནང་དུ་འཆར་ཡོང་གི་ཡོད་པ་རེད། ངག་གི་རང་བཞིན་ཅན་ནི་སྨྲ་བ་དང་འབྲེལ་བ་ཡོད། དེ་ནི་རླུང་དང་འབྲེལ་བས་རླུང་གི་ནུས་པ་ཞེས་པ་དེ་རེད། སྒྲ་སྣ་ཚོགས་པ་དང་བསམ་བློའི་ནང་འཆར་སྣང་སྣ་ཚོགས་པ་ཡོང་གི་ཡོད་པ་རེད། དཔེར་ན། ཁྱེད་རང་གཅིག་པུ་ཡིན་ནའང་མི་གཉིས་ཡང་ན་གསུམ་བར་ཕན་ཚུན་ཁ་བརྡ་བྱས་པ་དང་འདྲ། ངས་འབྲས་དཱལ་བཟའ་དགོས་ཡོད་དམ། མེད། འབྲས་དཱལ་མི་བཟའ། འབྲས་དཱལ་བཟའ་དགོས་མེད་བལྟ་དགོས་ལྟ་བུའི་བསམ་རྒྱུ་དྲན་རྒྱུ་སྣ་ཚོགས་ཡོང་གི་ཡོད། མཁྲིས་པ་ནི་སེམས་དང་འབྲེལ་ཡོད། དེ་ནི་སེམས་ཚོར་དང་ཚོར་བ། ལུས་ཚོར་བཅས་ལ་འབྲེལ་བ་ཡོད་པ་རེད། དེར་བརྟེན་རང་བཞིན་མི་འདྲ་བ་སོ་སོར་འཚམས་པའི་ཉམས་ལེན་གྱི་ཐབས་ལམ་བསྟེན་སྟངས་སྣ་ཚོགས་ཡོད་པ་རེད། གལ་ཏེ་ཁྱེད་རང་ངག་གི་རང་བཞིན་ཅན་ཞིག་ཡིན་ན་ཁྱེད་ལ་ཡིད་བཟླས་དང་དབུགས་སྦྱོང་སོགས་ཉམས་ལེན་བྱེད་རྒྱུའི་སློབ་སྟོན་བྱེད་ཀྱི་ཡོད། དབུགས་སྦྱོང་དང་རླུང་སྦྱོང་སོགས་ལ་བརྟེན་པའི་སྦྱོང་བརྡར་ཧ་ཅང་མང་པོ་བྱེད་རྒྱུ་ཡོད་པ་རེད། སྒྲ་ལ་དམིགས་ནས་སྒོམ་སྒྲུབ་ཀྱི་ཉམས་ལེན་ཞིག་ཡོད་རེད། འདི་དག་ནི་ངག་གི་རང་བཞིན་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཧ་ཅང་ཡག་པོ་ཡོད་པ་རེད། གལ་ཏེ་ཁྱེད་རང་ལུས་ཀྱི་རང་བཞིན་ལྡན་པའི་སྐྱེ་བོ་ཞིག་ཡིན་ཚེ། གཟུགས་དང་མཐོང་བྱའི་དངོས་པོ་སྟེ་རྡོ་དང་ཤིང་ལ་སོགས་པ་དང་དམིགས་པ་བྱ་ཡུལ་གྱི་བརྙན་རིས་སོགས་ཡོད་པ་རེད། ལུས་ལ་དྲན་པ་ཉེར་བཞག་ཅེས་པའི་སྒོམ་གྱི་རིགས་ཤིག་ཡོད་པ་རེད། ང་ཚོས་དེ་རིང་བསྒོམས་ཟིན་ཙམ་གྱི་སྒོམ་དེ་རེད། དེ་ནི་ལུས་ལ་དྲན་པ་གཏད་ནས་ལུས་ཟུངས་ལ་ཞིབ་མོར་དཔྱོད་པའི་སྒོམ་གྱི་རིགས་ཤིག་རེད། དེའི་རིགས་ཀྱི་སྒོམ་དེ་ཚོ་ཡག་པོ་ཡོད་རེད། གལ་ཏེ་ཁྱེད་རང་ཡིད་ཀྱི་རང་བཞིན་ལྡན་པའི་སྐྱེ་བ་ཞིག་ཡིན་ན་ལྷག་མཐོང་གི་སྒོམ་དང་བྱམས་བརྩེའི་སྒོམ། སྙིང་རྗེའི་སྒོམ་སོགས་འཚམས་པོ་ཡོད་པ་རེད། དེ་བཞིན་དུག་ལྔ་ཡེ་ཤེས་སུ་བསྒྱུར་བར་བྱེད་པའི་སྒོམ་སྟེ་ཉོན་མོངས་དུག་ལྔ་རྣམས་ཡེ་ཤེས་ལྔ་ལ་སྒྱུར་བར་བྱེད་པའི་སྒོམ་ཐབས་ཡོད་པ་དེ་དག་ནི་ཡིད་ཀྱི་རང་བཞིན་ཅན་གྱི་སྐྱེ་བོ་དག་གིས་སྒོམ་པར་རིགས་ཤིང་མདོར་ན་སྐྱེ་བོ་སོ་སོའི་རང་བཞིན་དང་འཚམས་པའི་སྒོམ་ཐབས་སྣ་ཚོགས་པ་ཡོད་པ་རེད། སྐྱེ་བོ་འགའ་ཤས་ལ་རླུང་མཁྲིས་བད་ཀན་གྱི་ལྡན་པ་དང་འདུས་པ་དེ་བཞིན་རྐྱང་པ་སོགས་རང་བཞིན་རིགས་སྣ་ཚོགས་ཡོད་པ་དང་འགའ་ཤས་ལ་འདུས་པའི་རང་བཞིན་ཅན་ཡོད། འགའ་ཤས་ལ་རིགས་གཅིག ཤས་ཆེ་བའི་རང་བཞིན་ལྡན་ཡོད་པ་རེད། གང་ལྟར་དེ་དག་སོ་སོར་འཚམས་པའི་སྒོམ་ཐབས་ཡོད་པ་རེད། ཁྱེད་རྣམས་ཚང་མར་རང་བཞིན་མི་འདྲ་བ་རེད་ཡོད། དཔེར་ན། ཁྱེད་རང་ཧི་མ་ལ་ཡའི་རི་ཁྲོད་དུ་ཕྱིན་ནས་ཚུར་ལོག་ཡོང་བའི་རྗེས་སུ་ཧི་མ་ལ་ཡའི་རི་ཁྲོད་དུ་ཕྱིན་པའི་མྱོང་ཚོར་ལ་ཕྱིར་དྲན་དང་བསམ་བློ་འཁོར་ཚེ། ཁྱེད་རང་གི་སེམས་ནང་དུ་སྣང་བརྙན་འཆར་ཡོང་གི་འདུག་ན་དེའི་དོན་ནི་ཁྱེད་རང་ལུས་ཀྱི་རང་བཞིན་ཅན་རེད། གལ་ཏེ་སེམས་ནང་དང་ཤོས་སྒྲ་འཆར་ཡོང་གི་འདུག་ན་ཁྱེད་རང་ངག་གི་རང་བཞིན་ཅན་གྱི་རིགས་ཡིན་པ་རེད། རང་བཞིན་ལ་གཞིགས་པའི་སྒོམ་སྒྲུབ་ཀྱི་ཉམས་ལེན་སློབ་ཀྱི་ཡོད། ། ཅེས་གསུངས། ། ། །

 

ཡོངས་དགེ་མི་འགྱུར་རིན་པོ་ཆེའི་གསུང་བཤད་འདི་ནི་ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་སྨན་རྩིས་ཁང་ནས་པར་བསྐྲུན་ཞུས་པའི་དེབ་ << ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བདུན་པའི་གསུང་བཤད་ཕྱོགས་སྒྲིག སེམས་ནད་གསོ་ཐབས། >> ཞེས་པ་ནས་ཟུར་འདོན་ཞུས།






མཐའ་མའི་འདོན་ཐེངས་།: 08.08.2022 ཉིན། 3:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།