སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དྷརྨ་ཀོ་ཥ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

དྷརྨ་ཀོ་ཥ།

 

- བྱམས་པ་འཕྲིན་ལས།


དྷརྨ་ཀོ་ཥ་(1)ནི། སྲོང་བཙན་དུས་སུ་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་ལ་ཕེབས་སྐབས་གོང་མ་ཐང་ཐེའི་ཛུང་གིས་སྐལ་རྫོངས་ལ་གནང་བའི་ཀྲུང་དབྱི་སྨན་གཞུང་སྐད་གྲགས་ཅན་《སྨན་དཔྱད་ཆེན་མོ་》ཞེས་པ་རྒྱའི་ཧྭ་ཤང་མཧཱ་དེ་ཝ་དང་མཉམ་དུ་བོད་ཡིག་ཐོག་སྒྱུར་མཁན་གྱི་བོད་རིགས་ལོ་ཙཱ་ཕུལ་དུ་བྱུང་བ་དེའི་མཚན་ཡིན་ནོ། །ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་སྨན་གྱི་ལོ་རྒྱུས་《ཤེས་བྱ་སྤྱིའི་ཁོག་འབུགས་》ནང་།  སྲོང་བཙན་སྐབས་རྒྱ་ནག་གི་སློབ་དཔོན་མཧཱ་དེ་ཝ་དང་།  ལོ་ཙཱ་ཐུ་མི་སམ་བྷོ་ཊ། དེའི་མཆན་བུ་(2)དྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་སྔར་གྱི་《གཉན་པོ་གསང་བ་》བསྒྱུར། ཞེས་གསུངས་པ་དང་།  ཡང་ཡུལ་དབུས་ཀྱི་དགེ་སློང་ལོ་ཙཱ་བ་དངོས་གྲུབ་རྒྱ་མཚོས་མཛད་པའི་《ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བྱེད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་》ཞེས་པའི་ནང་།  དེ་ལྟར་བསྟན་བཅོས་དང་།  ཡི་གེ་དེ་དག་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་སློབ་ཚུལ་ཡུན་རིང་བསྟན། ཐུ་མིས་ཐོག་མར་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་།  མདོ་སྡེ་དཀོན་མཆོག་སྤྲིན་སོགས་བསྒྱུར། གཞན་ཡང་བོད་ཀྱི་སློབ་དཔོན་དྷརྨ་ཀོ་ཥ་སོགས་བློ་གསལ་མང་པོ་ལ་བཤད་པས་བསྟན་པ་རིན་པོ་ཆེའི་སྲོལ་ལེགས་པར་ཚུགས། ཞེས་གསལ་བས་དྷརྨ་ཀོ་ཥ་ནི་རྒྱའི་སྐད་ཡིག་ཙམ་མ་ཟད། ལེགས་སྦྱར་སྐད་ཡིག་ཀྱང་ཧ་ཅང་བྱང་ཆུབ་པ་ཞིག་ཡིན། བཀའ་ཐང་སྡེ་ལྔའི་ནང་ཚན་《ལོ་པཎ་བཀའ་ཐང་ཤོག་གྲངས་༦༦ན་༣》 ནང་།  པཎྜི་ཏའི་མཚན་གྱི་རྣམ་གྲངས་འདྲེན་དུས། དྷརྨ་ཀོ་ཥ་ལ་པཎྜི་ཏ་དྷརྨ་ཁོ་ག་ཞེས་འཁོད་འདུག་པས་དུས་རབས་བདུན་པའི་ནང་བོད་རིགས་ལོ་ཙཱ་མཁས་པ་འདི་འདྲ་བྱུང་བ་ནི་རང་ཅག་མི་རིགས་ཀྱི་གཟི་བརྗིད་དང་།  སྤོབས་པ་ཞིག་ཡིན་ལ། ལོ་རྒྱུས་མང་པོའི་ཁྲོད་དུ་ཐུ་མི་སམ་བྷོ་ཌའི་མཛད་རྗེས་བཀོད་པ་དང་མཉམ་དུ་མཆན་བུ་དྷརྨ་ཀོ་ཥ་ཞེས་འདུག་པས་ཁོང་ནི་སྔོན་དུས་རྒྱ་བོད་མི་རིགས་ཀྱི་རིག་གནས་སྤེལ་རེས་བྱེད་སྐབས་དང་།  དམ་པའི་ཆོས་ཀྱི་སྒོ་མོ་ཐོག་མར་འབྱེད་མཁན་བོད་རིགས་ལོ་ཙཱའི་ནང་གི་མཁྱེན་རླབས་ཕ་མཐའ་མི་མངོན་པའི་གྲས་ཡིན་ནོ།།

མཆན་བུ།

(1) དྷརྨ་ཀོ་ཥ་ནི་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཆོས་ཀྱི་མཛོད་ཅེས་གྲགས། དོན་དུ་ཤེས་བྱ་ཐམས་ཅད་ཁོང་དུ་མ་ཆུད་པ་མེད་ཅིང་།  ནོར་བུའི་བང་མཛོད་ལྟར་སྤྱད་ན་འཛད་པ་མེད་པ་ལྟ་བུའོ།།

(2) མཆན་བུ་ནི་སློབ་མའི་མིང་ཡིན།

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།