སྨན་རྩིས་དྲ་བ། - ཆེད་རྩོམ།

དུས་འཁོར་སྐར་རྩིས་བོད་དུ་ཇི་ལྟར་དར་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.08.2011
ཆེད་རྩོམ། >> དུས་འཁོར་སྐར་རྩིས་བོད་དུ་ཇི་ལྟར་དར་ཚུལ།


དུས་འཁོར་སྐར་རྩིས་ཇི་ལྟར་དར་བའི་ལོ་རྒྱུས་ལེགས་བཤད་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།


ཚུལ་ཁྲིམས་རྒྱལ་མཚན།


ཚོགས་གཉིས་མཐར་ཕྱིན་ཤེས་བྱ་ཐམས་ཅད་མཁྱེན། །ཐུན་མོང་ཐུན་མིན་ཡོན་ཏན་རྒྱ་མཚོའི་གཏེར། །ལྷུན་གྲུབ་རྒྱུན་ཆད་མེད་པའི་ཕྲིན་ལས་ཅན། །སྟོན་པ་མཚུངས་མེད་ཤཱཀྱ་སེང་གེར་འདུད། །འཕོ་བའི་སྒྲིབ་བྲལ་བདེ་ཆེན་རྡོ་རྗེའི་སྐུ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱས་འཁྱུད། །མཆོག་གི་དང་པོའི་སངས་རྒྱས་རིགས་ཀུན་བདག །དཔལ་ལྡན་དུས་ཀྱི་འཁོར་ལོས་དགེ་ལེགས་སྩོལ། །སྡེ་བཞིའི་དཔལ་གྱི་མངོན་མཐོ་ཤམ་བྷ་ལར། །རྡོ་རྗེའི་རྒྱུད་དོན་གསལ་བར་མཛད་པའི་མགོན། །ས་བཅུའི་དབང་ཕྱུག་རྒྱལ་སྲས་སྤྲུལ་པའི་གར། །ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་ལ་འདུད། །ཙི་ལུ་པ་དང་དུས་ཞབས་རྭ་འབྲོ་སོགས། །ལམ་འདི་གསལ་མཛད་རྒྱ་བོད་མཁས་རྣམས་དང་། གངས་ཅན་ཐུགས་རྗེས་སྐྱོང་བའི་སྐུ་དྲིན་ཅན། །རྒྱལ་བློན་བྱང་སེམས་རྣམས་ལ་སྙིང་ནས་འདུད། །དེ་དག་ཀུན་གྱི་ཡོན་ཏན་ཕྲིན་ལས་རྣམས། །གཅིག་བསྡུས་ལྗོངས་འདིའི་བསྟན་འགྲོའི་དཔལ་གྱུར་ཅིང་། །ཕུན་ཚོགས་མདོ་སྔགས་རིག་གནས་ལེགས་བཤད་ཀྱིས། །བདག་བློ་དཔལ་མཛད་དྲིན་ཅན་བླ་མ་རྒྱལ། །རྒྱལ་དང་རྒྱལ་སྲས་རྟེན་འབྲེལ་གཟིགས་རྣམས་ཀྱིས། །ལེགས་གསུངས་ལེགས་ཉེས་བརྟག་པའི་རྩིས་རིག་གིས། །བདེ་སྡུག་བདེ་བླག་རྟོགས་ནས་ལུང་སྟོན་པ། །དེ་འདྲ་དེ་དག་འགྲོ་བའི་སྒྲོན་མེ་དངོས། །དུས་རིག་རྣམ་པར་དཔྱོད་པའི་རྩལ་གསུམ་རྫོགས། །གཞན་སྣང་ཟིལ་སྣོན་སྤོབས་པའི་རལ་པས་བརྗིད། །སྔོན་རྗེས་ཅིག་ཅར་མཐོང་བའི་ལྟ་སྟངས་ཅན། །གངས་ཅན་རྩིས་སྟོན་མི་ཡི་སེང་གེ་ཉིད། །ཐུབ་པའི་ལེགས་གསུངས་ཉིན་བྱེད་འོད་སྣང་གིས། །རབ་ཕྱེས་ངོ་མཚར་རྩིས་རིག་པད་དཀར་གྱི། །བཅུད་ལ་རོལ་བའི་མཁས་གྲུབ་བུང་བའི་ཁྱུས། །སྒྲོགས་པའི་ལེགས་བཤད་མགྲིན་གླུ་རྣ་བར་སྙན། །སྐར་རྩིས་རྩིས་རིག་དེ་འཛིན་ཇི་སྙེད་བཅས། །བྱོན་ཚུལ་ཚུལ་བཞིན་བདག་འདྲས་མི་སྤོབས་ཀྱང་། །ལོ་རྒྱུས་རྒྱུས་ཡོད་མཁས་པའི་གསུང་བཞིན་དུ། །ཡིད་ཆེས་ཆེས་ཆེར་འཕེལ་ཕྱིར་མདོ་ཙམ་བྲི། །

དེ་ཡང་རྩིས་རིག་ཤེས་ན་གྲངས་དང་བླང་དོར་ལ་མི་རྨོངས་ཞེས་ཡོངས་སུ་གྲགས་པའི་དཀར་ནག་རྩིས་ཀྱི་རིག་པ་འདི་ཉིད། རིག་གནས་བཅུའི་ནང་ནས་ཆུང་བ་ལྔ་ཡི་གཙོ་བོ་དང་། རིག་གནས་ཆེ་བ་ལྔར་བསྡུ་བའི་ཚེ་བཟོ་རིག་པར་གཏོགས་ཤིང་། །མཐར་ཐུག་རྣམ་མཁྱེན་གྱི་ཡེ་ཤེས་དང་གནས་སྐབས་མཁས་པའི་གོ་འཕང་ལ་བསྙེགས་པར་འདོད་པ་དག་གིས་བསླབ་པར་བྱ་བའི་གནས་ཡིན་ཏེ། །མདོ་རྒྱ་ཆེར་རོལ་པ་ལས། ཀུན་ཀྱང་རྩིས་ཀྱི་ལམ་ལ་ཐུག །དེ་ཡི་ཤེས་རབ་འདི་འདྲ་སྟེ། །ཡེ་ཤེས་བློ་གྲོས་དྲན་དབང་ཡང་། །རྩིས་ཀྱི་མཁྱེན་པ་རྒྱ་མཚོ་སྟེ། །ད་དུང་སྦྱོང་ཞིང་སློབ་པར་མཛད། །ཅེས་དང་། ཀླུ་སྒྲུབ་ཀྱིས། སྐར་རྩིས་དེ་བཞིན་གྲུབ་མཐའ་དང་། །མཁའ་ལྡིང་སྔགས་དང་སྔགས་སྨྲ་བ། །དོན་གྱི་དེ་ཉིད་བཟུང་བྱ་ཡིན། །ཞེས་གསུངས། དེ་བཞིན་ཕལ་པོ་ཆེ་དང་རྨ་བྱ་ཆེན་མོ་ཉི་མའི་སྙིང་པོ་སོགས་མདོ་དང་། འཇམ་དཔལ་རྩ་རྒྱུད། དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། གདན་བཞི་སོགས་རྒྱུད་སྡེ་དུ་མ་ནས་གསུངས་ཤིང་། གཞན་ཡང་ཚེ་རིང་ལོངས་སྤྱོད་དང་ལྡན་ལ། ཞི་རྒྱས་དབང་དྲག་གི་ལས་གང་བརྩམས་གེགས་མེད་མྱུར་དུ་འགྲུབ་པས་རང་ཉིད་སྟོབས་དང་ལྡན་ཞིང་གཞན་ཟིལ་གྱིས་གནོན་པར་འདོད་པས་ཀྱང་རིག་པ་འདི་ལ་སློབ་པ་གལ་ཆེ་བས་ན་རིག་གནས་ཀུན་གྱིས་རྩེ་མོར་གྱུར་ཅིང་། རིག་པ་འདི་འཛིན་པའི་སྐྱེ་བུ་རྣམས་ལ། དུས་ཤེས་དང་ལྷ་ཤེས་ཞེས་པའི་མིང་གིས་ཀྱང་བསྔགས་ལ། ཁྱད་པར་རྒྱུད་འགྲེལ་མན་ངག་རྒྱ་མཚོ་ལས། ཟབ་མོའི་ལམ་ལ་འཇུག་པ་ཡི། །སྒོ་འཕར་འབྱེད་པའི་ལྡེ་མིག་མཆོག །ཕྱི་རོལ་སྣང་བ་ཤེས་པའི་ཐབས། །རྩིས་ཚུལ་མི་སློབ་དུད་འགྲོའི་བློ། །ཞེས་གསུངས་པ་ལྟར། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པ་ལ་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་ཚུལ་ཤེས་དགོས་ཤིང་། དེ་ལས་ཀྱང་ཐོག་མར་ཕྱི་དུས་ཀྱི་འཁོར་ལོ་ཤེས་དགོས་པར་གསུངས་ཏེ་གླིང་བཞིའི་འཇིག་རྟེན་འདིར་དུས་ཀྱི་ཆ་འཛིན་པ། གཟའ་སྐར་ཁྱིམ་གྱི་བགྲོད་པ་གཏན་ལ་ཕབ་ནས། དེ་ནང་དུ་རྩ་རླུང་ཐིག་ལེའི་འཕོ་བ་དང་སྦྱར་བའི་ཕྱི་ནང་གནད་གཅིག་པའི་དག་འཆར་བ་ལ་ངེས་པ་འདྲོངས་པའི་ཕྱིར་གཟའ་སྐར་གྱི་རྩིས་རྣམས་ཁམས་ལེའི་བརྗོད་བྱའི་གཙོ་བོར་བསྟན་པ་ཡིན། དེས་ན་སྐར་རྩིས་ཀྱི་གཞུང་རྩ་བ་ཡིན་པ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཕྱི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་སྐར་རྩིས་ཀྱི་རིག་པ་ནི། ཇི་སྐད་དུ། མཁས་མཆོག་ཚེ་དབང་རྣམ་རྒྱལ་གྱིས། ནམ་མཁའི་གོ་ལ་བཅུ་གཉིས་ཁྱིམ་གྱི་གཞིར། །རྒྱུ་སྐར་ལྷ་མོའི་འཛུམ་གྱིས་བསུས་པའི་མོད། །དྲང་སྲོང་གཟའ་དགུས་སྤྱོད་པའི་ལེགས་ཉིས་རྩིས། །དུས་བཞི་བླང་དོར་སྟོན་པའི་ཚན་རིག་ཡིན། །ཞེས་གསུང་པ་ལྟར་གང་ལ་ལོངས་སྤྱོད་པའི་གཞི་ཡུལ་གྱི་དབང་དུ་བྱས་ཏེ་སྐར་ཁྱིམ་གོ་ལ་དང་། དུས་ཀྱི་དབང་དུ་བྱས་ཏེ་ལོ་ཟླ་ཞག་གསུམ་དུས་ཚོད་དང་བཅས་པ། གང་གི་ལོངས་སྤྱོད་པ་བྱེད་པ་པོ་གཟའ་དགུ། ཇི་ལྟར་ལོངས་སྤྱོད་པའི་ཚུལ་རྟག་ལོངས་དང་རྐང་པའི་ལོངས་སྤྱོད་དག་བྱེད་ཀྱི་ཆོ་ག དེ་ལྟར་སྤྱད་པའི་འབྲས་བུ་ལ། འཁོར་ཚུལ་གྱི་དབང་དུ་བྱས་ཏེ་མཁའ་ལ་དུས་སྦྱོར་འཆར་ཚུལ་དང་། ས་ལ་དུས་བཞི་འཁོར་ཚུལ། རང་རང་གི་རྐང་པའི་དབང་གིས་གཟའ་རྣམས་ཀྱི་འཆར་ནུབ། བསྐོར་ཕྱོགས་ཀྱི་དབང་གིས་ཉི་ཟླར་སྒྲ་གཅན་འཇུག་པ། རང་རང་གི་ལོངས་སྤྱོད་ལ་སྤྱོད་པའི་དབང་གིས་ཉེས་པ་འཕོ་དུས་སྐྱེ་ཚུལ་བཤད་པ་སྟེ་བསྡུ་ན་བརྩི་བྱ་རྩིས་བྱེད་གཉིས་སུ་འདུ་བ་ཡིན་ལ། རིག་པ་དེ་སྟོན་པས་གསུངས་ཤིང་མཁས་པ་རྣམས་ལས་ཇི་ལྟར་བརྒྱུད་པའི་ཚུལ་ནི། རྩ་རྒྱུད་དུ། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། ཞེས་དང་། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་པ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཞེས་སོགས་ནས། རྒྱུད་བསྟན་སྐྱེས་བུ་རྣམས་ཀྱི་ནི། །བསོད་ནམས་ཡེ་ཤེས་དགོས་པའོ། །ཞེས་དང་། དེ་ནས་ཤམ་བྷ་ལར་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །ཞེས་པ་ནས། ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང་། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་གསུངས་པ་ལྟར་བསྐལ་བཟང་གི་རྣམ་འདྲེན་སྟོང་རྩ་གཉིས་ཀྱི་ནང་ནས་པད་མ་དཀར་པོ་ལྟར་ཡོངས་སུ་བསྔགས་པ། །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་བསྐལ་པ་གྲངས་མེད་པ་དུ་མའི་སྔོན་རོལ་ནས་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་ཐུགས་རྗེ་ཆེན་པོས་བདག་གིར་མཛད་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ཇི་ལྟར་སྨོན་པ་དེ་ལྟར་འགྲུབ་པའི་རྒྱུ་ཚོགས་གཉིས་ཡོངས་སུ་རྫོགས་པའི་སྟོབས་ཀྱིས། རྩོད་ལྡན་སྙིགས་མ་ཚེ་ལོ་བརྒྱ་པའི་དུས་སུ་འཛམ་གླིང་ལས་ཀྱི་ས་པའི་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དབང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་སྐོར་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པར་མཛད་ཅིང་། སླར་ཡར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་པ་སྟོན་པར་བཞེད་ནས་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལྕགས་འབྲུག་ནག་པ་ཟླ་བའི་ཉ་ལ་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་སྦྱོར་དང་ལྡན་པའི་ཚེ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། རྒྱལ་བ་དང་རྒྱལ་སྲས་ཁྲོ་བོ། ལྷ་དང་ལྷ་མོའི་ཚོགས་ཀྱི་དབུས་སུ་རྡོ་རྗེ་སེང་གེའི་ཁྲི་ལ་ཞལ་ཤར་དུ་ཕྱོགས་ནས་བཞུགས་པ་ལ། རྒྱལ་པོ་ཉི་འོད་དང་བཙུན་མོ་རྣམ་པར་རྒྱལ་མའི་སྲས་ཕྱག་རྡོར་གྱི་སྤྲུལ་པ། ཤམ་བྷ་ལ་ཡི་ཆོས་རྒྱལ་ཟླ་བ་བཟང་པོ། རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས་སྐལ་ལྡན་གྱི་འཁོར་མང་པོ་དང་བཅས་སྐད་ཅིག་གིས་འོངས་ནས་གསོལ་བ་བཏབ་པ་བཞིན་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལེགས་པར་བསྟན། བསྡུས་རྒྱུད་ཀྱི་བྱེད་པོ་དང། འགྲེལ་ཆེན་མཛད་པོ། རྒྱུན་འཛིན་ཆོས་རྒྱལ་དང་རིགས་ལྡན་བརྒྱུད་པར་བཅས་པ་རིམ་བཞིན་བྱོན་པར་ལུང་བསྟན་ནས། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་གྱི་གུང་ཐུན་ལ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་སོ། །དེ་ནས་ཟླ་བ་བཟང་པོས་བཀའ་ཡི་བསྡུ་བ་མཛད། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་ནས་ཤམ་བྷ་ལ་ལ་སོགས་པའི་སྐད་དུ་མས་གླེགས་བམ་ལ་བྲིས་ཏེ་དར་བར་བྱས་པས་ཐམས་ཅད་ཀྱིས་འཆད་ཉན་སྒོམ་པ་སོགས་ཀྱི་རིམ་པས་རྒྱ་ཆེར་བཟུང་ངོ་། །རྩ་རྒྱུད་བསྟན་པའི་ལོ་གཉིས་པ་ལ་རྒྱལ་པོ་ཟླ་བ་བཟང་པོས་གྲོང་ཁྱེར་ཀཱ་ལ་པར་མ་ལ་ཡ་ཡི་སྐྱེད་ཚལ་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བསྐྲུན་ཞིང་རྫུ་འཕྲུལ་བསྟན་ནས་གཤེགས་སོ། །དེ་ནས་རིགས་ལྡན་གྲགས་པས་སླར་ཡང་བསྡུས་རྒྱུད་དུ་གཏན་ལ་ཕབ། དེ་ཡི་སྲས་རིགས་ལྡན་པད་མ་དཀར་པོས་འགྲེལ་ཆེན་དྲི་མེད་འོད་བརྩམས་ནས་ས་བཅུའི་རྒྱལ་བའི་སྲས་པོ་འབའ་ཞིག་པས་སེམས་འགྲེལ་དུ་བཀྲལ་ཞིང་ཉམས་སུ་ལེན་པར་མཛད་དོ། །རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པའི་ལོ་དེ་ལ་ཀླ་ཀློའི་སྟོན་པ་བདུན་པ་སྦྲང་རྩིའི་བློ་གྲོས་ཀྱིས་བྱེད་རྩིས་ཀྱི་འགོ་བཟུང་། རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཆོས་བསྟན་པ་དང་། རིགས་ལྡན་རྒྱལ་དཀའ་ཁྲིར་ཕེབས་ཏེ་ལོ་ཉིས་བརྒྱ་ཉེར་གཅིག་ཆོས་བསྟན་པ་གཉིས་ཀྱི་ལོ་གྲངས་བསྡོམས་པ་ལ་མེ་མཁའ་རྒྱ་མཚོ་ཞེས་གྲགས། དེ་ལ་ལག་པ་གདེངས་ཅན་ཟླ་བས་དམན་པ་ན་རྒྱལ་དཀས་བྱེད་རྩིས་མཛད་པ་ཡིན་ནོ། །དེ་སྐབས་ཀྱི་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་ཁྱད་པར་ནི། དང་པོ་ནས་གསལ་ཞིང་རྒྱས་པར་གསུངས་པ་ནི་རྩ་རྒྱུད། ཕྱིས་དེ་ཉིད་གདུལ་བྱའི་དབང་གིས་བསྡུས་ཏེ་གསུངས་པ་ནི་བསྡུས་རྒྱུད་དམ་ཉུང་ངུའི་རྒྱུད་ཅེས་བྱའོ། །

        

དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ལ། རྭ་པའི་ལུགས་དང་། འབྲོ་པའི་ལུགས་གཉིས་ལས། དང་པོ་རྭ་པའི་བཞེད་པ་ནི། དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྐོར་དུ་གྲགས་པ་འདི་རྣམས་རྒྱ་གར་དུ་རྒྱལ་པོ་པཱ་ལ་གསུམ་གྱི་རིང་ལ་བྱོན་པ་ཡིན་ཏེ། དེ་ཡང་རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ཕྱོགས་ན་ག་ཛ་པཱ་ལ་སྟེ་གླང་པོ་ཆེ་སྐྱོང་བའི་རྒྱལ་པོ། ལྷོ་ཕྱོགས་ན་ན་ར་པཱལ་སྟེ་མི་སྐྱོང་བའི་རྒྱལ་པོ། ནུབ་ཕྱོགས་ན་ཨ་ཤྭ་པཱ་ལ་སྟེ་རྟ་སྐྱོང་བའི་རྒྱལ་པོ་གསུམ་ཡོད་པའི་རིང་ལ་བྱུང། དེའི་ཚེ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ཆེན་པོ་ལྔ་ཡོད་པའི་ནང་ནས་ཨོ་བི་པར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ་སྡེ་སྣོད་ཐམས་ཅད་ལ་ཐུགས་སྦྱངས་པའི་རྩི་ལུ་པཎྜི་ཏ་ཞེས་བྱ་བས་རཏྣ་གི་རྭ་བི་ཧ་ར་དང། བི་ཀྲ་མ་ཤཱི་ལ་དང། ནཱ་ལེནྡྲ་ལ་སོགས་པའི་གཙུག་ལག་ཁང་རྣམས་དང། ཁྱད་པར་དུ་དུ་རུ་ཀའི་གནོད་པ་མེད་པའི་རིན་ཆེན་རི་བོར་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་གཟིགས་པས། སྤྱིར་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་དགོས། ཁྱད་པར་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་པས་གསལ་བར་བྱས་པ་ཞིག་ལ་བརྟེན་དགོས། དེ་ཤམ་བྷ་ལ་ན་ཡོད་པར་མཁྱེན་ནས་ཡི་དམ་གྱི་ལྷས་ལུང་བསྟན་པ་ལྟར་རྒྱ་མཚོར་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ནས་རྒྱ་མཚོ་བརྒལ་བ་དང། ཚོང་པ་རྣམས་དང་ཟླ་བ་དྲུག་གིས་འཛོམས་དུས་བྱས་ཏེ་ལམ་སོ་སོར་ཞུགས་སོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་ཏེ་བྱང་གི་རི་བོ་ཆེན་པོ་ཞིག་གི་སྟེང་དུ་འཛེགས་པ་དང་མི་ཞིག་དང་འཕྲད་པ་དེས་ཁྱོད་གང་དུ་འགྲོ་ཟེར་བ་ལ་ཤམ་བྷ་ལར་བྱང་ཆུབ་སེམས་དཔའི་སྐོར་ཚོལ་དུ་འགྲོ་གསུངས་པས། དེར་ནི་ཤིན་ཏུ་བགྲོད་པར་དཀའ་སྟེ་ཤེས་པ་བྱུང་ན་འདི་གར་ཉན་པས་ཆོག་མོད་གསུངས་པས། དེ་འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ་ཕྱག་བྱས་མནྜལ་ཕུལ་གསོལ་བ་བཏབ་པས་དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང་རྗེས་སུ་བཟུང་། མེ་ཏོག་ཅིག་སྤྱི་བོར་བཞག་སྟེ་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག ཅེས་བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་སེམས་འགྲེལ་གྱི་སྐོར་མ་ལུས་པ་ལེགས་པར་ཁོང་དུ་ཆུད་ནས་ཚུར་བྱོན་པ་དང་། ཚོང་པ་རྣམས་དང་འཛོམས་ཏེ་སླར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་རིམ་གྱིས་འཕེལ་བར་གསུངས། ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་ཞིག་གི་བུ་ཡིན་པས། ཕ་དེས་རྫུ་འཕྲུལ་གྱིས་ཤམ་བྷ་ལར་ཁྲིད་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཞིག་ལ་སྤྲད། དེས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་སྟོང་ཟིན་པར་གྱུར་ཏེ་རྒྱུད་དང་སེམས་འགྲེལ་ཐམས་ཅད་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན། རབ་ཏུ་བྱུང་བའི་མཚན་ལ་ཙི་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་དེས་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་པས་སློབ་མ་གསུམ་བྱུང་སྟེ་གཅིག་ཐ་མལ་པ་ཞིག གཅིག་རྒྱལ་བའི་འབྱུང་གནས་སྦས་པ་ཞེས་གྲུབ་པ་ཐོབ་པ་ཞིག གཅིག་ཤར་ཕྱོགས་སུ་བྷངྒ་ལར་སྐུ་འཁྲུངས་པའི་པཎྜི་ཏ་ཨཱ་ཙ་རྱ་ཞེས་མཁས་པ་ཞིག་བྱུང། དེ་གསུམ་གྱིས་རྒྱུད་འགྲེལ་གླེགས་བམ་དུ་བྲི་བར་ཞུས་ནས་བྲིས་སོ། །དེས་རྒྱུད་འགྲེལ་མཐའ་དག་ཐུགས་སུ་ཆུད་ཉམས་སུ་བཞེས་པའི་སྐབས། ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་སྟེ་རྒྱུད་འགྲེལ་གྱི་དཔེ་ཆ་ཐམས་ཅད་དོང་དུ་སྦས་ཏེ་བྲོས་སོ། །དམག་གྱེས་ནས་ཚུར་བྱོན་ཏེ་བཏོན་པས་བདེ་དགྱེས་གཉིས་ཀྱི་འགྲེལ་བའི་སྨད་མི་འདུག་པ་སླར་འབྲི་བར་ཞུས་པས། དེ་མཁའ་འགྲོ་མས་སྦས་པར་གསལ་བས་འབྲིར་མི་རུང་གསུངས་ནས་མ་གནང་། ཙི་ལུ་པ་རྒྱ་གར་ཤར་ཕྱོགས་སུ་གཤེགས། དེ་ནས་པཎྜི་ཏ་ཨ་ཙརྱས། བ་རེནྡྲར་སྐུ་འཁྲུངས་པའི་དུས་ཞབས་པ་ཆེན་པོ་ལ་གནང་ཞིང་། དེས་ཀྱང་སྔར་བཞིན་དུ་མཁྱེན་ནས་ཐུགས་ཉམས་སུ་བཞེས་སོ། །ཡང་འགའ་ཞིག་དུས་ཞབས་པ་ཆེན་པོ་དེ་སྒྲོལ་མའི་ཞལ་མཐོང་ནས་ཅི་འདོད་པ་ཞུ་རུ་ཡོད་པས་སྒྲོལ་མས་ལུང་བསྟན་ནས་ཤམ་བྷ་ལར་བྱོན། སྤྱན་རས་གཟིགས་ཀྱིས་ལམ་ནས་བསུས་ཏེ་མ་ལ་ཡའི་ཚལ་གྱི་ཁང་པར་ཁྲིད་དེ་སྤྱན་རས་གཟིགས་ཀྱིས་དབང་བསྐུར། རྒྱུད་འགྲེལ་རྣམས་བཤད་ནས་དཔེ་ཐམས་ཅད་ཀྱང་གནང་སྟེ་རྒྱ་གར་དུ་བྱོན། ཤར་ཕྱོགས་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་པས་སློབ་མའི་མཆོག་བཞི་བྱུང་སྟེ་མཉྫུ་ཧ་དེ་ཤར་ཕྱོགས་སུ་སྐུ་འཁྲུངས་པ་དུས་ཞབས་པ་ཆུང་བའམ་བོ་དྷི་པའམ་ན་ལེན་དཱ་པ་ཞེས་ཀྱང་གྲགས་པ་དེ་དང་། འདུལ་བ་འབྱུང་གནས་སྦས་པ། སེང་གེ་རྒྱལ་མཚན། མཐའ་ཡས་རྣམས་སོ། །དུས་ཞབས་པ་ཆུང་བས་རྒྱུད་འགྲེལ་མན་ངག་དང་བཅས་ནཱ་ལེནྡྲར་དར་ན་ཐམས་ཅད་དུ་དར་བར་འགྱུར་རོ་དགོངས་ནས། མ་ག་དྷའི་རྒྱལ་པོ་ཤིང་སྟན་ཅན་གྱིས་བྱེད་ཅིང་སེན་དྷ་བས་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་འཛིན་པའི་དུས་ནཱ་ལེནྡྲར་བྱོན་ནས་གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། དེའི་འོག་ཏུ་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །ཞེས་པ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་པའོ། །ཞེས་པའི་བར་བྲིས་པས་དེར་པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་ནས་བརྩད་པས་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་བཏུལ་ནས་སློབ་མར་གྱུར། ཁྱད་པར་དུ་མཉྫུ་ཀཱིརྟི་དང་། ཨ་བྷི་ཡུཀྟ། པཎྜི་ཏ་རི་བོ་པ། དྷ་བྱང་སེམས། ཨ་བྷ་ཡ། པུ་ཎྱ་ཆེན་པོ། ཁ་ཆེ་གམ་བྷི་ར། ཤནྟ་གུཔྟ་གུ་ཎ་རཀྵི་ཏ། ཟླ་མགོན་དང། ཙ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང་། རྒྱལ་རིགས་རྗེ་རིགས་ཚོང་པ་ལ་སོགས་པ་རྣམས་ཀྱང་ཆོས་འདི་ལ་ཤིན་ཏུ་དད་ནས། དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ་ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་སམནྟ་ར་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང་ཁྱད་པར་མཉྫུ་ཀཱིརྟིའི་རྗེས་སུ་འབྲངས་ནས་དར་བར་མཛད་དོ། །


གཉིས་པ་འབྲོ་པའི་ལུགས་ནི་རྒྱ་གར་དུ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས་གཤིན་རྗེའི་གཤེད་ཀྱི་རྒྱུད་ལས་འབྱུང་བ་བཞིན་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་ཞིག་འཁྲུངས། དེ་ཆེར་སྐྱེས་པ་ན་བྱང་ཕྱོགས་ན། (འདིར་བུ་སྟོན་ཆོས་འབྱུང་དུ་ལྷོ་ཕྱོགས་ན་ཞེས་པ་ཡིག་སྐྱོན་འདྲ་སྟེ་ཤམ་བྷ་ལ་རྒྱ་གར་གྱི་ལྷོ་ཕྱོགས་ན་མེད་པའི་ཕྱིར་རོ།) བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པ་ཡོད་པར་གྲགས་པས་ཉན་དུ་བྱོན་པ་ལ། ཁྱེའུ་དེའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང། ཆོས་ལ་འདུན་པ་དང། ཤམ་བྷ་ལར་འོངས་ན་ཆུ་མེད་པའི་མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྱུར་བར་བྱང་ཆུབ་སེམས་དཔས་དགོངས་ནས། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་རིགས་ལྡན་གྱི་རྒྱལ་པོ་དཔལ་སྐྱོང་གི་སྤྲུལ་པ་བཟུང་ནས་བྱོན་ཏེ་ཁྱེའུ་ལ་ཁྱོད་གང་དུ་འགྲོ། གང་གི་ཕྱིར་འགྲོ་གསུངས་པ་ལ། སྔར་གྱི་རྒྱུ་མཚན་ཞུས་པས། དེར་བགྲོད་པ་ནི་ཤིན་ཏུ་དཀའ་བས་ཁྱོད་ཀྱིས་འགྲོ་བར་མི་ནུས། ཤེས་པ་བྱུང་ན་འདིར་ཉན་དུ་རུང་ངམ་ཞེས་གསུངས་པ་ན། དེ་རིགས་ལྡན་གྱི་སྤྲུལ་པར་ཤེས་ཏེ་གསོལ་བ་བཏབ་པས་དེར་ཟླ་བ་བཞིའི་བར་དུ་གསུངས་པས་དབང་རྒྱུད་སེམས་འགྲེལ་དང་བཅས་པ་དང། གཞན་ཡང་རྒྱུད་སྡེ་མཐའ་དག་གནང་བ་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ནང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་དུས་ཞབས་པ་ཆེན་པོ་ཡིན་ནོ། །འདི་ནི་མཁྱེན་རབ་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ཞེས་ཡི་དམ་གྱི་ལྷས་ལུང་བསྟན་ཅིང་བྲིས་ཚད་བློ་ལ་ཟིན་པའི་དངོས་གྲུབ་ཐོབ་པའི་མཁས་པ་ཆེན་པོ་ཁ་སར་པ་ཎིའི་གཙུག་ལག་ཁང་དུ་བཞུགས་པ་དེས་དུས་ཞབས་པ་ཆེན་པོ་འདི་ལ་ཁྱེད་ཀྱིས་རྒྱུད་དུ་ཤེས་ཞེས་དྲིས་པ་ན། འདི་དང་འདི་ཤེས་ཞེས་པའི་རྒྱུད་ཀྱི་མཚན་བགྲང་བ་ཡང་འཛིན་པར་མ་ནུས་ཞེས་གྲགས་སོ། །དེ་ལ་སློབ་མ་མང་པོ་བྱུང་ཡང་ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་བཤད་པའི་སྲོལ་འཛིན་པ་ནི་སྲས་ཎ་ལེན་དཱ་པའམ་དུས་འཁོར་ཞབས་ཆུང་བར་གྲགས་པ་སློབ་དཔོན་དང་ཡོན་ཏན་མཉམ་པ་དེ་ཡིན་ནོ། །ལོ་རྒྱུས་འགའ་ཞིག་ཏུ་དུས་ཞབས་ཆུང་བ་དང་སྲས་ན་ལེན་དཱ་པ་ཡབ་སྲས་ཡིན་པར་ཡང་བཤད་དོ། །དེའི་དུས་སུ་ཁ་ཆེར་བྲམ་ཟེ་ཞིག་ལ་ཁྱེའུ་ཞིག་བཙས་པ་མིང་ཟླ་བ་མགོན་དུ་བཏགས། བློ་ཤིན་ཏུ་རྣོ་བ་ཚིགས་སུ་བཅད་པ་བཅུ་དྲུག་ལན་རེས་འཛིན་ནུས་པ་ཞིག་བྱུང་བ་ཡབ་མུ་སྟེགས་བྱེད་ཀྱི་ཆོས་རྣམས་ལོ་བཅུ་གཉིས་ལ་ཤེས། ཡུམ་སངས་རྒྱས་པ་ཡིན་པས་སངས་རྒྱས་ཀྱི་ཆོས་ཀྱང་སློབ་དགོས་ཟེར་ནས་ཁ་ཆེ་བྲམ་ཟེ་ཞབས་ཞེས་བྱ་བའི་པཎྜི་ཏ་ལ་སློབ་ཏུ་བཅུག ཟླ་མགོན་དེ་གཟུགས་ཤིན་ཏུ་མཛེས་པ་ཞིག་ཡོད་པས་སློབ་དཔོན་གྱི་སྲས་མོས་ང་དང་ལྷན་ཅིག་འགྲོགས་ནས་ཆོས་ཉན་དགོས་ཟེར་བ་དེ་ལྟར་ཁས་བླངས་ནས་ནང་པའི་ཆོས་མང་པོ་གསན། དེའི་ཚེ་དུས་ཞབས་པ་ཆེན་པོའི་སློབ་མ་འདུལ་བའི་འབྱུང་གནས་བློ་གྲོས་ཀྱི་དབང་མདོར་བསྟན་དང། དབང་གི་རབ་བྱེད་ཀྱི་འབྲེལ་པ་རྣམས་བྲམ་ཟེ་ཞབས་ལ་བཀུར་བྱུང་བ་ཟླ་བ་མགོན་པོས་གཟིགས་པས་ཤིན་ཏུ་དད་པར་གྱུར་ཏེ་མ་ག་དྷར་བྱོན་ནས་དུས་ཞབས་པ་ཆེ་ཆུང་ལ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་ཡོངས་རྫོགས་ཞུས་སོ། །དེའི་དུས་སུ་ཁ་ཆེའི་མཁས་པ་རིན་ཆེན་རྡོ་རྗེ་དང་བརྩད་པས་ཟླ་བ་མགོན་པོ་རྒྱལ་ནས་རིན་ཆེན་རྡོ་རྗེས་ང་ལ་སློབ་མ་མི་དད་དུ་འོང་བས་ཁྱེད་གཞན་དུ་བྱོན་གསུང་པ་ལྟར་དུ་ཁས་བླངས་ནས་ཆོས་འདི་བོད་དུ་སྤེལ་དགོངས་ཏེ་བོད་ཡུལ་དུ་བྱོན་པ་ཡིན་ནོ། །དུས་འཁོར་གསུང་བའི་གནས་དུས་དང། རིགས་ལྡན་གང་གི་རིང་ལ་འཕགས་ཡུལ་དུ་དར་ཚུལ་སོགས་ལ་བཞེད་པ་མི་འདྲ་བ་ཡོད་ཀྱང། དོན་དུ་དུས་འཁོར་སྟོན་པས་གསུངས་པ་དང། སློབ་དཔོན་དུས་ཞབས་ཆེན་པོ་དང། ཙི་ལུ་པ། རིགས་ལྡན་གྱིས་བྱིན་གྱིས་བརླབས་ནས་རྒྱ་ཆེར་དར་བ་ནི་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །

རྣམ་འདྲེན་སྟོན་པའི་ཉི་མ་འཆར་བའི་མཁའ། །བསྟན་འཛིན་མེ་ཏོག་རྣམ་བཀྲ་དབྱིག་ལྡན་ཁྱོན། །རིག་གཞུང་ནོར་བུ་མཛད་མེད་ཡིད་བཞིན་མཚོ། །འཕགས་ཡུལ་གྲགས་པ་དོན་ལྡན་ངོ་མཚར་ཆེ། །ཞེས་སྨྲས་སོ།།

 

དེ་ནས་གཉིས་པ་བོད་དུ་ཇི་ལྟར་དར་བའི་ཚུལ་ནི།

སྤྱིར་རང་རེ་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱི་སྐུ་དུས་ནས་གནམ་རིག་སྐར་རྩིས་བེད་སྤྱོད་དང་ཞིབ་འཇུག་བྱས་པའི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད། ད་ལྟའི་སྐར་རྩིས་རིག་པ་འདི་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་བོད་རིགས་མི་དམངས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས་སོགས་དུས་རྟགས་ཀྱི་རྩིས་རིགས་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་བསྡུད་བྱས་པ་དང། དེ་ནས་རིམ་གྱིས་འཕེལ་ཏེ་ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་ནང་། ཉི་མའི་འགྲོ་ཕྱོགས།  ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་རྩི་སྲོལ་གྱི་སྒྲོམ་གཞི་ཆགས། ལྷོ་ཁ་གཡའ་བཟང་གི་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་། ཟླ་བའི་འཕེལ་འགྲིབ་དང་། དུས་ཚིགས་ཀྱི་འགྱུར་བ། དངོས་པོ་དང་གནམ་གཤིས་བར་གྱི་འབྲེལ་བ་བཅས་འཁོད་ཡོད། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་རྒྱ་བཟའ་སྔ་ཕྱི་བཙུན་མོར་བསུས་པའི་སྐབས་རྒྱ་ནག་ནས་སྨན་རྩིས་ཀྱི་གཞུང་དུ་མ་ཞིག་དར། (ནག་རྩིས་ཀྱི་ལོ་རྒྱུས་ལོགས་སུ་འགོད་རྒྱུ།) ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཆེན་བཻ་རོ་ཙཱ་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར་བ་དང་། གངས་ཅན་སྨན་པའི་རྗེ་བོ་གཡུ་ཐོག་ཡོན་ཏན་དགོན་པོས་སྨན་གྱི་ཕྱག་ལེན་རྒྱ་ཆེར་གནང་བ་དང་ཆབས་ཅིག  སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས། འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་སོགས་མཛད་ཅིང་སྨན་རྩིས་ཀྱི་སློབ་མ་མང་པོ་གསོ་སྐྱོང་གནང་བར་གྲགས་ལ། གཞན་ཡང་མདོ་སྡེ་ཕལ་པོ་ཆེའི་བྱེ་མ་རྡུལ་རྩིས་སུ་གྲགས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས་རྩིས་ལ་སྦྱོང་བའི་ཚུལ་བསྟན་པ་སོགས་ལས་བརྩམས་ཏེ་བོད་ཀྱི་མཁས་པ་རྣམས་ཀྱིས་གྲངས་དང་རྩིས་ཀྱི་རིག་པ་སྣ་ཚོགས་ལག་ལེན་མཛད་ཀྱི་ཡོད་པ་རེད། ཁྱད་པར་སྨན་རྩིས་ཟུང་འབྲེལ་གྱི་གཞུང་གི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོ་ལྗོངས་འདིར་དར་ནས། དེ་ནས་གསུངས་པའི་སྐར་རྩིས་ཀྱི་རྣམ་པར་གཞག་པ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་བརྟག་དཔྱད་ཀྱི་གཏན་ལ་ཕབ་པའི་རྩིས་ལ་བོད་རྩིས་ཞེས་གྲགས། དུས་འཁོར་ལྗོངས་འདིར་ཐོག་མར་དར་བའི་དུས་ཚོད་གང་ཡིན་ལ་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་མཁས་པ་ཕལ་ཆེ་བས་རབ་བྱུང་དང་པོའི་ཐོག་མ་མེ་ཡོས་(1027)ལོར་དུས་འཁོར་རྒྱུད་འགྲེལ་བོད་དུ་བསྒྱུར་བར་གསུངས། སྐབས་འདིར་མུ་སྟེགས་པའི་བྱེད་རྩིས་ལུགས་ཀྱི་མེ་མཁའ་རྒྱ་མཚོ་ཞེས་པའི་འདས་ལོའི་འཕྲོ་རྫོགས་པ་དང་། མེ་ཡོས་དང་དུས་འཁོར་བོད་དུ་བསྒྱུར་བ་དུས་མཚུངས་པས། བོད་ལ་དུས་འཁོར་ལུགས་ལྟར་རྒྱ་གར་གྱི་རབ་བྱུང་རྩི་སྲོལ་ཐོག་མར་དར། དེ་ནས་བཟུང་སྔར་འབྱུང་རྩིས་ལུགས་ཀྱི་ལོ་འགོ་ཤིང་བྱི་ནས་འཛིན་པའི་ཚབ་དེ་རབ་བྱུང་གིས་བྱས་ཏེ། རབ་བྱུང་དང་པོའི་མེ་ཡོས་ནས་འགོ་ཚུགས་པ་རེད། དུས་འཁོར་རྒྱུད་རྒྱལ་གྱི་ལུགས་ཁྱད་པར་ཅན་འདི་བོད་དུ་བསྒྱུར་བཤད་མན་ངག་གི་སྒོ་ནས་སྤེལ་བའི་བརྒྱུད་པ་རྣམས་ཀྱི་གཙོ་བོ་ནི་རྭ་འབྲོ་གཉིས་ཡིན་པས། དེ་གཉིས་ཀྱི་ལུགས་ལྟར་བཀོད་པ་ལ། དང་པོ་རྭ་པའི་ལུགས་ཀྱི་ལོ་རྒྱུས་ནི། སྙ་སྣམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ། རྭ་ཆོས་རབ་ཀྱིས་ཡབ་ཆོས་རྭ་པའི་ཆོས་སྐོར་རྣམས་མ་ལུས་པ་ཐུགས་སུ་ཆུད་ཏེ། དུས་ཀྱི་འཁོར་ལོ་དོན་དུ་གཉེར་ནས། བལ་པོ་མཐིལ་དུ་བྱོན། པཎྜི་ཏ་ས་མནྟ་ཤྲཱི་ལོ་ལྔ། ཟླ་བ་བརྒྱད། ཞག་ལྔ་བར་མ་ཆད་པར་བསྟེན་ནས་དབང་དཀའ། བཤད་བཀའ། མན་ངག་གི་བཀའ་དང་བཅས་པ་ཞུས་པས་བུམ་པ་གང་བྱོའི་ཚུལ་དུ་སྣང་། པཎྜི་ཏ་བོད་དུ་གདན་དྲངས་ནས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་བསྒྱུར་བཤད་གཏན་ལ་ཕབ། ཐམས་ཅད་ཀྱིས་བསྙེན་བཀུར་རྒྱ་ཆེན་པོ་བྱས། གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེས་ཡང་སྐྱིད་གྲོང་བར་དུ་མཛད་པས་བླ་མ་ཐུགས་མཉེས་ཏེ། པཎ་ཆེན་འབུམ་ཕྲག་གསུམ་པའི་ཕྲོག་ཞུ། ཕྱག་ལྷམ་རྡོར་དྲིལ་དུས་འཁོར་ལུགས་ཀྱི་ཆག་ཚད་མ་དང་བཅས་པ་གནང་། དེའི་སྲས་རྭ་ཡེ་ཤེས་སེང་གེ། དེའི་སྲས་རྭ་འབུམ་སེང་རྣམས་ཀྱིས་ཀྱང་ཡོངས་རྫོགས་གསན་ཅིང་ཐུགས་སུ་ཆུད་དེ་ཉམས་སུ་བཞེས་སོ། །དེ་ལ་བླ་མ་རོང་པ་རྒྭ་ལོས་ཞུས། འདི་ནི་སྔོན་བོད་ཆོས་རྒྱལ་གྱི་དུས་སུ་རྒྱ་ནག་ནས་ཧ་ཤང་སྤྱན་དྲངས་པའི་ཟླ་ལ་མི་ཉག་གི་ཧ་ཤང་གཅིག་ཡོད་པ་རྒྱལ་པོའི་མཆོད་གནས་སུ་གྱུར་པ་དེ་ནས་བཟུང་། ཐེག་པ་ཆེན་པོའི་གཞུང་མ་ཉམས་པར་སྤྱོད་པའི་སྔགས་འཆང་ཤ་སྟག་བར་མ་ཆད་པར་བྱུང་བའི་རྒྱུད་ལས་ཡར་འབྲོག་སྒང་དུ་མི་ཉག་གཞོན་ནུ་སྙིང་པོ་ཞེས་བྱ་བ་བྱུང་། དེའི་སྲས་གཞོན་ནུ་སེང་གེ དེའི་སྲས་རིག་འཛིན་སྙིང་པོ། དེས་རོང་གི་རྒྱ་མ་ཁ་བཟུང་དེའི་སྲས་རྡོ་རྗེ་སེང་གེས་རོང་མཁར་ཕུག་བཟུང་། ཡབ་དེ་ཉིད་དང་། ཡུམ་མ་གཅིག་སྐྱིད་མོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕག་(1203)ལོར་འཁྲུངས། ཡབ་ཀྱི་མཚན་ལྟས་ལ་བརྟེན་ནས་སྔོན་གྱི་ཁམས་པ་རྒྭ་ལོ་ཙཱ་བའི་སྐྱེ་བར་དགོངས་ནས་མཚན་ལ་ཡང་དེ་རང་བཏགས། (མཚན་དངོས་རྣམ་རྒྱལ་རྡོ་རྗེ་)དགུང་ལོ་གསུམ་ཙམ་གྱི་ཚེ་ཁ་ཆེ་པཎ་ཆེན་ངུར་སྨྲིག་ཏུ་བྱོན་པའི་ཚེ་ཡུམ་གྱིས་བསྣམས་ནས་བྱིན་རླབས་ཞུས་པས། གཞན་ལས་ཁྱད་དུ་འཕགས་པ་སམ་སྐྲི་ཏའི་སྐད་ཀྱིས་ལུང་བསྟན། ཕྱག་གི་གཞམས། དབུགས་དབྱུང་བྱིན་གྱིས་བརླབས་པས་འདུས་པ་ཀུན་གྱི་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པར་འགྱུར་པ་ཐག་བཅད་དོ། །རང་ཉིད་ཀྱི་གསུང་ལས་ཀྱང། བྱིས་པའི་དུས་ན་ཁ་ཆེ་བའི། །བླ་མ་པཎ་ཆེན་ཉིད་དང་འཇལ། །ལེགས་སྦྱར་སྐད་དབུགས་དབྱུང་མཛད་པའི། །ཅེས་གསུང་བར་གྲགས། སྐུ་གཞོན་ནུའི་དུས་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང་། ཡབ་ཀྱིས་མཁྱེན་པའི་ཆོས་རྣམས་ལ་སྦྱངས་པར་མཛད། ལོ་ཙཱ་བ་དཔྱལ་ཆོས་ཀྱིས་བཟང་པོའི་དྲུང་དུ་རྒྱ་ཡིག་རྒྱ་ཀློག་དང་སམ་སྐྲི་ཏའི་སྐད་ཅི་རིགས་དང་། རྒྱུད་སྡེའི་གདམས་ངག་མང་དུ་གསན། དབང་ཞུས་པའི་ཚེ་དཀྱིལ་འཁོར་གྱི་དབུས་ནས་ངོ་མཚར་ཆེ་བའི་སྒྲ་ཐོས་ཤིང་དུས་ཀྱི་བར་ཆད་ལས་ཐར་བའི་ལོ་རྒྱུས་མང་པོ་ཡོད། གཞན་ཡང་ས་པཎ་གན་བྱང་ཐང་དུ་ཆོས་གྲྭ་ལ་བྱོན་པའི་ཚེ་མཇལ་ཏེ་གསོལ་བ་བཏབ་པས། རིགས་བཟང་ལ་ན་སོ་གཞོན་ཞིང་ཤེས་རབ་ཆེ་བའི་ཀུན་མཁྱེན་ལྟ་བུ་ཞིག་བསླབ་པར་བྱའོ་གསུངས། ཞལ་གྱིས་བཞེས་ནས་ཕྱིས་གཞུ་དབུ་རྒྱན་དུ་ནག་པོ་བའི་དབང་དང་སྒྲུབ་སྐོར། རྣམ་འཇོམས་ཨ་ར་པ་ཙའི་དབང་སྒྲུབ་སྐོར་དང་བཅས་པ་ཞུས་ཤིང་ཞལ་གྱིས་བཞེས་པ་ལྟར་གྲུབ་བོ། །ལྕེ་སྟོན་མདོ་སྡེ་སེང་གེ བི་བྷཱུ་ཏི་ཙནྡྲ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། འགྲོ་བའི་དགོན་པོ་ཆོས་རྒྱལ་འཕགས་པ། དཔྱད་ཨ་མོ་གྷ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཐོབ་པར་མཛད། རྟེན་དཀར་པོ་ཡིན་ཀྱང་སྔགས་མཚན་ཉིད་དུ་མ་ལ་སྦྱངས། དབུ་ཚད་ཀྱི་བསྡུས་མཚན་དང། སྐར་རྩིས་ལ་བརྟེན་ནས་ཆར་རྩིས་ཀྱི་མྱོང་བྱང་སོགས་ཀྱང་མཛད། ཁྱད་པར་ཆོས་རྗེ་འཇམ་གསར་ཤེས་རབ་འོད་ཟེར་བསྟེན། །མདོ་སྔགས་ཀྱི་ཆོས་དུ་མ་དང་། དུས་འཁོར་འབྲོ་ལུགས་ཀྱི་དབང་བཤད་མན་ངག་གི་བཀའ་རྣམས་ལེགས་པར་ནོས། བླ་མ་རྭ་འབུམ་སེང་ཡུན་རིང་དུ་བསྟེན་ནས་དུས་འཁོར་རྭ་ལུགས་ཀྱིས་གཙོས་རྭ་ལུགས་ཀྱི་དབང་མན་ངག་བཤད་བཀའ་བྱིན་རླབས་ཐམས་ཅད་རྫོགས་པར་ཞུས། རྭ་འབྲོ་གཅིག་དྲིལ་གྱི་ཞལ་ཕོ་དང་བཅས་མཁས་མཆོག་རྒྱུད་སྡེའི་བང་མཛོད་ཆེན་པོར་གྱུར། སྣང་བ་ལ་དབང་བསྒྱུར་ཞིང་རྟེན་འབྲེལ་ལ་མངའ་བརྙེས། ཡ་མཚན་གྲུབ་པའི་རྟགས་བསམ་གྱིས་མ་ཁྱབ་པ་མངའ་ཚུལ་རྣམ་ཐར་དུ་བཞུགས། ཁྱད་པར་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད་པས་སློབ་མ་མཁས་པ་ཉིད་ཀྱི་སྲས་རྣམས་དང། སྐུ་དེ་ཉིད་པོ་ཏཱ་ལར་གཤེགས་པའི་གྲུབ་ཐོབ་མན་ལུང་གུ་རུ། ལྷོ་པ་གྲུབ་སེང། ལ་སྟོད་ཆོས་ལྡན། དབུས་པ་ཚུལ་དར། ཐང་སྟོན་ལོ་ཙཱ་བ་ལ་སོགས་པ་དུས་འཁོར་ལ་མཁས་པའི་མཆོག་ཏུ་གྲགས་པ་མང་པོ་དང། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཁྲོ་ཕུ་མཁན་ཆེན་རིན་པོ་ཆེ་སོགས་ཀྱང་སློབ་མར་གྱུར། གཞན་དོན་བསམ་གྱིས་མི་ཁྱབ་པ་མཛད་ནས་དགུང་ལོ་བརྒྱད་ཅུ་བཞེས་པ་ཆུ་ཕོ་རྟ་ཡི་ལོ་(༡༢༨༢)ཆོ་འཕྲུལ་ཆེན་པོའི་ཡར་ངོའི་ཚེས་གསུམ་གྱི་སྔ་དྲོ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་གཤེགས་སོ། །དེ་ལ་སྲས་བཞི་བྱུང་བའི་ཆེ་བ་རྒྱ་གར་གྲགས་རབ་ཏུ་བྱུང་བའི་མཚན་ནམ་མཁའ་དཔལ་གྱིས་དུས་མཁོར་ལ་སོགས་པ་ཡབ་ཀྱི་ཆོས་མ་ལུས་པ་མཁྱེན། དབེན་དམར་གྱི་གདན་ས་བཟུང་། གཙུག་ལག་རྟེན་གསུམ་བཞེངས་པ་དང་ཆོས་ཀྱིས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། །སྲས་གཅིག་བླ་མ་ཤེས་རབ་སེང་གེ་རབ་བྱུང་བཞི་པའི་ལྕགས་ཕག་(1251)ལོར་འཁྲུངས། གཞོན་ནུ་ནས་འབྲི་ཀློག་མཐར་ཕྱིན། དུས་འཁོར་སོགས་ཡབ་ཆོས་ཐམས་ཅད་མཁྱེན། དགུང་ལོ་བཅུ་དྲུག་པ་ལ་དུས་འཁོར་འགྲེལ་ཆེན་གསུངས། ཉི་ཤུ་པ་ལ་ཐར་པར་བྱོན་ནས་དཔྱལ་བའི་ཆོས་རྣམས་ཞུས། ཉེར་གཉིས་པ་ལ་སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱི་དྲུང་དུ་ཕར་ཚད་མངོན་གསུམ་ལ་མཁས་པར་སྦྱངས། ཚད་མ་ལ་གྲྭ་བསྐོར་མཛད། སུམ་ཅུ་པ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཆིམས་ནམ་མཁའ་གྲགས་ལ་རབ་བྱུང་བསྙེན་རྫོགས་མཛད་དེ་ཆོས་མང་དུ་ཞུས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གདན་དྲངས་ནས་རྡོ་རྗེ་ཕྲེང་བ། འཇམ་དཔལ་རྩ་རྒྱུད། སྨན་དཔྱད་ཡན་ལག་བརྒྱད་པ་སོགས་གསན། དབེན་དམར་གྱི་གདན་ས་བཟུང་ནས་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དགའ་ར་བ། ཤང་རྩེ་གདོང་། སྟོན་མོ་ལུང་། གཡུས་དགའ་ལྡན་ལ་སོགས་པ་དགོན་པ་སྣ་ཚོགས་སུ་དུས་འཁོར་གྱི་བཤད་པ་རྒྱ་ཆེར་མཛད། དགུང་ལོ་བཞི་གཅིག་པ་ལ་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་ལ་གཏད་ནས་མུ་ལ་ཤམ་འབར་གྱི་དགོན་པ་བཏབ། གཙུག་ལག་རྟེན་གསུམ་བཞེངས། དུས་འཁོར་གྱི་བཤད་པ་ཡུན་རིང་བསྐྱངས། ཏི་ཤྲཱི་ཀུན་དགའ་བློ་གྲོས་སྐུ་མཆེད་ཀྱིས་གཙོས་ས་སྐྱ་པའི་གདུང་རྒྱུད་དུ་མ་སོགས་ཆེ་རྒུའི་སློབ་མ་དང་ལོ་ཙཱ་བ་ཡར་ཐར་དཔང་གསུམ་སོགས་མཁས་བཙུན་བཟང་གསུམ་གྱི་སློབ་མ་བསམ་གྱིས་མི་ཁྱབ། ཁྱད་པར་དུས་འཁོར་ལ་མཁས་པ་མང་པོ་བྱུང་། དགུང་ལོ་དྲུག་ཅུ་རྩ་ལྔ་པ་རབ་བྱུང་ལྔ་པའི་ཤིང་ཡོས་ལོ་ཟླ་བ་དགུ་པའི་ཚེས་བཅུ་ལ་ཤམ་འབར་དུ་སྐུ་གཤེགས་སོ། །སྲས་གཅིག་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས། སྲས་གཅིག་བླ་མ་ཨཱ་ཀ་ར་སིདྔྷིས་དུས་འཁོར་རྭ་འབྲོ་སོགས་ཡབ་ཀྱི་ཆོས་ཕལ་ཆེ་བ་མཁྱེན།

          དེའི་སྲས་བླ་མ་རྡོ་རྗེ་རྒྱལ་མཚན་ཆུ་མོ་ལུག་གི་ལོ་ལ་སྐུ་འཁྲུངས། གཞོན་ནུ་ནས་རྒྱ་བོད་ཀྱི་ཡིག་ཀློག་དུ་མ་མཁྱེན། དུས་འཁོར་ལ་སྦྱངས་ནས་དགུང་ལོ་བཅུ་དྲུག་ལ་རྒྱུད་འགྲེལ་གསུངས། ས་སྐྱའི་འཇམ་དབྱངས་རིན་རྒྱལ་དང་། སློབ་དཔོན་ཤེར་རྒྱལ་ལ་མཁན་སློབ་ཞུས་ཏེ་དགེ་ཚུལ་མཛད། ལོ་བཅུ་དྲུག་ལ་དབེན་དམར་གྱི་གདན་ས་བཟུང་སྟེ་དུས་འཁོར་གྱི་བཤད་གྲྭ་བསྐྱངས། བཀའ་བཞི་པ་གྲགས་པ་གཞོན་ནུ་དང་། ཞལ་སྔ་མཁན་པོ་ལས་བསྙེན་པར་རྫོགས་པར་མཛད། ཐར་ལོ་ལ་སྒྲ་དང་མངོན་པ་གསང་སྔགས་མང་དུ་གསན། ཁྱད་པར་བླ་མ་ཤེར་སེང་ལ་དུས་འཁོར་གྱིས་གཙོ་བྱས་དབང་བཤད་མན་ངག་མཐའ་དག་གསན། དུས་ཀྱི་འཁོར་ལོའི་དཀའ་གནད་ལ་ཡང་དང་ཡང་དུ་འདྲི་གཏུགས་ཀྱིས་གཏན་ལ་ཕབ་པས་ཤིན་ཏུ་ཁྱད་པར་གྱུར། གཞན་ཡང་བླ་མ་མང་དུ་བསྟེན། མདོ་རྒྱུད་དུ་མ་ལ་མཁས། བླ་མ་ཤེས་རབ་སེང་གེ་གཤེགས་ནས་ཤམ་འབར་དང་གཉིས་ཀ་བཟུང་། དུས་འཁོར་གྱི་བཤད་ཉན་ཡུན་རིང་དུ་མཛད། དེ་ནས་ཁྱི་ལོ་ལ་ཧོར་རྒྱལ་པོས་གདན་དྲངས་ཏེ་རྒྱ་ཡུལ་དུ་བྱོན། འགྲོ་དོན་རྒྱ་ཆེར་མཛད། གླང་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་རྒྱ་ཡུལ་དུ་སྐུ་གཤེགས་སོ། །དེ་ལྟར་ལུགས་འདིའི་བཤད་དཀའ་ལའང་རྒྭ་ལོ་ཡབ་སྲས་རྣམས་བཀའ་དྲིན་ཤིན་ཏུ་ཆེ་ཞིང་འདི་དག་ལ་བརྟེན་ནས་བུ་དོལ་གཉིས་ཞེས་ཡོངས་སུ་གྲགས་པ་བྱུང་བ་ཡིན་ཏེ་བླ་མ་རྡོ་རྗེ་རྒྱལ་མཚན་ལས་བུ་སྟོན་རིན་པོ་ཆེས་གསན་པ་ཡིན། འདི་ཉིད་ནི་ཤབ་སྒོམ་གནས་སུ་རབ་བྱུང་ལྔ་པའི་ལྕགས་སྟག་(༡༢༩༠)ལོར་འཁྲུངས། ཁྲོ་ཕུར་ཚད་མའི་སྐྱེ་བུ། ཡང་རྩེ་བ་སོགས་ལ་གཏུགས། གཞན་ཡང་ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་རིག་པ་སྦྱངས། བླ་མ་རྡོ་རྗེ་རྒྱལ་མཚན་ལས་དུས་འཁོར། རྒྱལ་མཁར་ཇོ་ཚའི་འཕགས་འོད་ཡོན་ཏན་རྒྱ་མཚོ་ལས་ཕག་ཡོག་དུས་གསུམ་སོགས་ཏེ་བླ་མ་མང་པོ་བསྟེན། ཐོས་པ་ངོམས་མེད་མཛད་པས་མདོ་སྔགས་རིག་གནས་མཐའ་དག་ལ་ཕུལ་དུ་བྱུང་བའི་མཁས་པར་གྱུར་ཏེ་ཡབ་དང་བཅས་དབུས་གཙང་ལ་བྱོན་ནས་གྲྭ་བསྐོར་མཛད་པས། ཕ་སྟོན་པ་བུ་སྟོན་པར་འདུག་ཅེས་བསྔགས་པས་བུ་སྟོན་དུ་གྲགས། ཞ་ལུའི་འཆད་ཉན་དུ་བསྐོས། རྒྱ་གར་དུ་ཕེབས་མ་མྱོང་ཡང་སྒྲ་ལ་ཤིན་ཏུ་མཁས་པས་སྔར་བོད་དུ་མ་འགྱུར་བའི་རྒྱ་དཔེ་འགའ་ཞིག་ཀྱང་བསྒྱུར། གསུང་རྩོམ་ཁྱོན་པོད་ཆེན་ཉི་ཤུ་རྩ་དྲུག་ཙམ་ལྷ་སར་ཤིང་དཔར་ཞུགས། བོད་ཀྱི་མཁས་པ་ཀུན་གྱིས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞེས་མགྲིན་གཅིག་ཏུ་བསྔགས། མདོར་ན་གངས་རིའི་ཁྲོད་འདིར་བྱུང་བའི་བསྟན་འཛིན་གཅིག་ལ་མཁྱེན་བརྩེ་འཕྲིན་ལས་བསྟན་པ་ལ་བྱ་བ་བྱས་ཚུལ་ཆེས་མཆོག་དུ་གྱུར་པ་ཡིན། དགུང་ལོ་བདུན་ཅུ་དོན་ལྔ་ཞུགས། རབ་བྱུང་དྲུག་པའི་ཤིང་འབྲུག་(1364)ལོར་གཤེགས་སོ།          །རྒ་ལོའི་སྲས་བླ་མ་ཤེས་རབ་སེང་གེའི་སློབ་མའི་མཆོག་ཏུ་གྱུར་པ་ནི་ཀུན་མཁྱེན་དོལ་པོ་པ་ཡིན་ལ། འདི་ཉིད་དོལ་པོའི་ཡུལ་གྱི་བན་ཚང་ཞེས་པ་རབ་བྱུང་ལྔ་པའི་ཆུ་འབྲུག་(༡༢༩༢)ལོར་སྐུ་འཁྲུངས་ནས་གཞོན་ནུ་ལ་རབ་ཏུ་བྱུང་སྟེ་ཀློག་ཡིག་དང་། གཞན་གདམས་ངག་ཅི་རིགས་ལ་སྦྱངས་པ་ཐོག་མར་མཛད་ཅིང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན། སྡེ་སྣོད་འཛིན་པ་ཆེན་པོ་སྐྱི་སྟོན་ཤཱཀྱ་འབུམ་དང་། སྐྱི་སྟོན་འཇམ་པའི་དབྱངས་ཁུ་དབོན་གཉིས་ལས་ལུང་དང་རིགས་པའི་གཞུང་ལུགས་མང་པོ་གསན་སྦྱངས་མཛད། མཁྱེན་རབ་དང་བརྩོན་འགྲུས་མཚུངས་པ་མེད་པས་ལོ་གསུམ་གྱི་རིང་ཕར་ཚད་མངོན་གསུམ་འགྲེལ་པ་དང་བཅས་པ་མཁས་པར་མཁྱེན་ནས་གཞུང་བཤད་མཛད་པས་མཁས་པ་ཐམས་ཅད་ངོ་མཚར་སྐྱེ་བར་མཛད། གཞན་ཡང་བྱམས་ཆོས་ཕྱི་མ་རྣམས་དང་ས་སྡེ་ལྔ་ལ་སོགས་པ་མཚན་ཉིད་ཐེག་པའི་སྐོར་དུ་མ་དང་། སེམས་འགྲེལ་སྐོར་གསུམ། རྡོར་ཕྲེང་སྐོར་གསུམ་ལ་སོགས་པ་གསང་བསྔགས་ཀྱི་དབང་དཀའ། བཤད་བཀའ། སྒྲུབ་བཀའ་དུ་མ་རྣམས་ཀྱི་སྟོན་ཁུ་དབོན་གཉིས་ཀ་དང་ཁྱད་པར་གསངས་སྔགས་ཀྱི་སྐོར་རྣམས་སྐྱི་སྟོན་འཇམ་པའི་དབྱངས་གྲགས་པ་རྒྱན་མཚན་ལ་ཞུས་ཤིང་། གཞན་ཡང་ཆོས་རྗེ་འཛིམས་པ་ཆེན་པོ་སོགས་བླ་མ་དུ་མ་བསྟེན་ནས་ཆོས་ཀྱི་མངའ་བདག་ཆེན་པོར་གྱུར། དེ་ནས་དཔལ་ཇོ་མོ་ནང་པའི་རི་ཁྲོད་དུ་བྱོན་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོའི་ཞལ་ནས་སེམས་འགྲེལ་སྐོར་གསུམ་ཡན་ལག་དང་བཅས་པའི་བཤད་བཀའ། དཔལ་དུས་ཀྱི་འཁོར་ལོའི་དབང་བཅུ་གཉིས་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་མན་ངག་རྣམས་ཡོངས་རྫོགས་གསན། ཇོ་མོ་ནང་པའི་གདན་ས་ཡང་ཡུན་རིང་མཛད། ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་ཁུ་དབོན་སོགས་ཆེ་རྒུ་དང་སྡོམ་བརྩོན་དུ་མའི་གཙུག་གིས་མཆོད། སྐྱེ་བོ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ཁྱད་པར་ཟབ་པ་ལས་ཀྱང་ཆེས་ཟབ་པའི་འགྲེལ་པ་སྐོར་གསུམ་མན་ངག་དང་བཅས་པ་ལ་སོགས་པ་དར་ཞིང་རྒྱས་པ་མཛད། མཆོད་རྟེན་ཆེན་པོ་འཛམ་གླིང་རྒྱན། དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡལ་ཁང་ཆེན་པོ་དང་བཅས་པ་བཞེངས་ཤིང་། འདི་ཉིད་བཞེངས་པ་དང་། རབ་གནས་མཛད་པའི་དུས་སུ་ཤིན་ཏུ་ངོ་མཚར་བའི་མཚན་ལྟས་དུ་མ་བྱུང་བར་གྲགས་སོ། །དེའི་སློབ་མ་ཕྱོགས་ལས་རྣམ་རྒྱལ་ཏེ་ལོ་མང་པོའི་བར་དུ་བསྟེན་ནས་ཡུམ་རྒྱས་པ་དང་། བྱམས་ཆོས་ཕྱི་མ་རྣམས་སོགས་བཀའ་བསྟན་མང་པོའི་ལུང་དང་བཤད་བཀའ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོའི་བཤད་པ་ཞིབ་མོ་ཚར་དུ་མ། བྱང་ཆུབ་སེམས་འགྲེལ་གྱི་སྐོར་གཞན་ཡན་ལག་དང་བཅས་པའི་བཤད་བཀའ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡོངས་རྫོགས། དུས་ཀྱི་འཁོར་ལོའི་དབང་ཡོངས་རྫོགས་ལན་བཞི་དང་། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་བཀའ་གདམས་ངག་རྣམས་ཕྱག་ལེན་ཞལ་ཤེས་དང་བཅས་པ་ལེགས་པར་གསན་པས་མཚན་ཉིད་ཐེག་པའི་ངེས་དོན་མཐར་ཐུག་དང་། བླ་མེད་རྒྱུད་སྡེའི་རྡོ་རྗེའི་ཚིག་མདུད་འགྲོལ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར་པ་ལས་རིམ་པར་བརྒྱུད་ནས་དར་ཁྱབ་བྱུང་བ་ཡིན་ནོ། །

          གཉིས་པ་འབྲོ་ལུགས་ཀྱི་བརྒྱུད་པ་ནི། པཎྜི་ཏ་ཁ་ཆེ་ཟླ་བ་མགོན་པོ་བོད་དུ་བྱོན། ཁ་རག་གཉོས་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་འབུལ་བར་ཆད་བྱས། པཎྜི་ཏ་མ་མགུ་བར་ཕྱེད་ཙམ་འགྱུར་བ་ན་བྲོས། འགྱུར་བྱེད་འཕྲོ་བསྣམས་ཏེ་འཕན་ཡུལ་གྲབ་ཏུ་བྱོན། ཞང་ཕུ་ཆུང་བས་བླ་མར་བཟུང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་བོས་ཏེ་དེས་རྒྱུད་འགྲེལ་རྫོགས་པར་བསྒྱུར། དེ་ཁ་རག་གཉོས་ཀྱིས་ཐོས་ཏེ་ཞང་ལ་ཁྱོད་ཀྱིས་ངའི་བླ་མ་འཕྲོག་པ་ཡིན་པས་ཝ་བའི་གསེབ་ཏུ་ཡུངས་ཀར་ཚང་ངེ་བ་ཞིག་དགོས་ན་མ་གཏོགས་བླ་མ་སྐྱོལ་ཟེར་བའི་ཡི་གེ་བསྐུར་བ་ལ། ཞང་གིས། ང་ལྷ་མོ་བརྒྱས་འཛུམ་བསྟན་ཀྱང་མི་ཆགས། ཁྲོ་བོ་བརྒྱས་མཆེ་བ་གཙིགས་ཀྱང་མི་འཇིགས་པ་ཡིན། ཟེར་ནས་མ་བསྐྱལ་བར་ཡུན་རིང་དུ་ཞབས་ཏོག་བྱས། གསེར་སྲང་བཅོ་བརྒྱད་ཕུལ། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲྭ་པ་མངོན་ཤེས་ཀྱིས་ལོ་གསུམ་ཆོས་སྟོན་དྲངས། ནམ་འཇལ་དུས་ཕྱག་རྟེན་མ་ཆད་པར་བྱས། ཇོ་བཙུན་ཚུལ་རིན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་བ་འགར་སྟོན། མང་ཡུལ་བ་སྟོན་མ་སྲི་ཐར། སྨོན་འགྲོ་བ་འཇམ་སྒོམ་ལ་སོགས་པས་ཞབས་ཏོག་ཆེ་བར་བྱས་ཀྱང་སོར་སྡུད་ཙམ་ལས་མ་གནང་། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་བསྲུངས་ཞེས་བྱ་བ་མངོན་པ་དང་། ས་སྡེ་དང་། སྨན་དཔྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང་ཡོན་ཏན་ཆེ་བར་གྲགས་པ་དེ་ཉིད་ཀྱིས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དང་། བདག་ཉིད་ཀྱི་སྐེ་ལ་དར་ཡུག་གཅིག་བཏགས་ཏེ་ལུས་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་མཛད་དེ་ཇི་ལྟར་གསུང་བ་བཞིན་བསྒྲུབས་པས་ཤིན་ཏུ་མཉེས་ནས་སེམས་འགྲེལ་སྐོར་གསུམ་གཞུང་གདམས་ངག་དང་བཅས་པ་མ་ལུས་པ་གནང་ངོ་། །དེ་ལ་བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་ཀྱིས་གསན། སྒྲོ་སྟོན་ནི་འཕན་ཡུལ་སྒྲོ་རིང་དུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་སྦུ་སྡེའི་དགེ་བཤེས་ལོ་རོ་བའི་དྲུང་དུ་གཡུ་ཆེ་ཆུང་འདྲེས་པ་ཕུལ་གང་བརྒྱགས་སུ་བསྣམས་ནས་བྱོན། དགུང་ལོ་ལྔ་བཅུ་རྩ་བརྒྱད་པའི་བར་དུ་སློབ་གཉེར་རྒྱ་ཆེར་མཛད་པ་ན། ལོ་རོ་བའི་ཞལ་ནས་མཆིམས་སྔགས་པ་ཆེན་པོ་ཞིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་དང་འདྲ། ང་ཀུན་འདི་ལ་ལྟོས་ན་བ་ལང་དང་འདྲ་བ་འདུག འོན་ཀྱང་དུས་ཕྱིས་ང་ཡིས་ཀྱང་ལོ་ཙཱ་བ་ཆེན་པོ། ལེང་ཤཱཀྱ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས་གསུམ་ལ་གཏུགས་པས་རྡོ་རྗེ་འཛིན་པ་དང་འདྲ་བར་སོང་སྟེ་དུས་འཁོར་ཤེས་པ་ཞིག་དང་ཐུག་ན་ད་དུང་བ་ལང་དང་འདྲ་བར་འདུག་གསུངས་པས་བླ་མ་གནམ་ལ་བརྩེགས་དུས་འཁོར་ལ་ཤིན་ཏུ་དད་པར་གྱུར་ཏེ་དུས་འཁོར་སུ་ཡིས་ཤེས་དྲིས་པས་པཎྜི་ཏ་སོ་མ་ནཱ་ཐས་མཁྱེན་ཟེར་བས། དེ་མ་ཐག་དེར་བྱོན་ཏེ་པཎྜི་ཏ་ལ་གསེར་སྲང་བཅུ་གཉིས་དང་རྟ་ནག་པོ་གཅིག་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་བྱས་ཀྱང་སོར་སྤོང་ཙམ་ལས་མ་གནང་། སྒོམ་པ་དཀོན་མཆོག་བསྲུངས་ལ་གསེར་ཉུང་ཤས་ཤིག་ཕུལ་ནས་ཞུས་ཀྱང་པཎྜི་ཏས་བཀའ་རྒྱ་ཡོད་གསུངས་ནས་མ་གནང་། དེ་ནས་པཎྜི་ཏ་བལ་པོ་མངའ་རིས་སུ་བྱོན་པའི་ཤུལ་དུ་བསྣོར་བཟངས་སུ་ལོ་གསུམ་དང་། ཡེར་པར་ལོ་གསུམ་དུ་བླ་མ་ལྷ་རྗེའམ་སྒོམ་པ་དཀོན་མཆོག་བསྲུངས་ལ་མགོ་བཏེགས་བྱས་ནས་ཞུས་པས་གཞུང་གདམས་ངག་ཀུན་རྫོགས་པར་གནང་ངོ་། །ཕྱིས་པཎྜི་ཏ་བོད་དུ་བྱོན་པའི་དུས་གཞན་དག་གིས་ལྷ་རྗེ་སྒོམ་པས་སྒྲོ་སྟོན་ལ་གཞུང་གདམས་ངག་ཐམས་ཅད་བྱིན་འདུག་ཅེས་ཞུས་པས། པཎྜི་ཏས་སྒྲོ་སྟོན་ལ་ད་ཤོག་ཆོས་སྦྱིན་གྱི་གསུངས་པ་ལ་གཞོན་པའི་དུས་སུ་ནི་མ་གནང་། ད་རྒས་པས་མི་ཞུ་ལགས་ཞུས་པས། ཁྱོད་དཀོན་མཆོག་བསྲུངས་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུངས་ཕྱག་ཕབ་བོ། །སྒྲོ་སྟོན་གྱིས་དེ་ཤིན་ཏུ་མད་(བདེན་)ལགས། བླ་མ་ཆེན་པོའི་བཀའ་དྲིན་ལགས་ཞུས་པས། ཆོས་གང་གང་བྱིན་གསུངས་པ་ལ། འདི་དང་འདི་རྣམས་གནང་ལགས་ཞུས་པས། དེ་ལས་ལྷག་པ་ང་ལའང་མེད་ཐམས་ཅད་ཚང་འདུག་ད་གཞན་ལ་མ་སྟེར། སྟེར་རེའི་མནའ་སྐྱོལ་གསུངས་ནས་ཕྱག་ཕྲེང་སྐེ་ལ་བཅུག་པ་ན། བླ་མས་ནི་རྫོགས་པར་མ་གནང་། སྒོམ་པ་ལ་ཞུས་པས་ལགས་མོད་ཞུས་པས། ཕྱག་ཕྲེང་ཕུད་དེ་ངན་པ་འདི་གསུངས་ནས་དབུ་ལ་བྱེ་མ་སྤར་གང་བཏབ། ད་ཆུད་མ་གསན་གསུངས་པ་ལ། དེ་སྐད་གསུངས་མི་འཚལ། ཆུད་ཅི་ལ་གསོན། ཞེས་ཞུས་ཏེ་བཀུར་སྟི་དུ་མ་མཛད་དེ་པཎྜི་ཏ་མཉེས་པར་མཛད། མདོར་ན་དེས་པཎྜི་ཏ་དང་སྒོམ་པ་གཉིས་ཀ་ལ་སེམས་འགྲེལ་སྐོར་གསུམ་གཞུང་གདམས་ངག་ཆ་ལག་དང་བཅས་པ་མ་ལུས་པ་གསན། ཉམས་རྟོགས་ཕུལ་དུ་བྱུང་བ་བརྙེས་སོ། །བླ་མ་འདིའི་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོད་རྟེན་ཞིག་འཕན་ཡུལ་སྒྲོ་རིས་ཀྱི་གནས་ཁང་ཞེས་བྱ་བ་ན་ཡོད་པ་ཞིག་ནས་ས་འབུར་ཙམ་དུ་གྱུར་པའི་གསེབ་ནས་རིང་བསྲེལ་བརྒྱ་ཕྲག་དུ་མ་ནར་མར་འབྱུང་བ་ཡོད་པ། བར་སྐབས་སུ་དགེ་བའི་བཤེས་གཉེན་འགའ་ཞིག་གིས་སཱཙྪ་བཏབ་ནས་ནང་དུ་བཞུགས་པའི་མཆོད་རྟེན་ཁང་བརྩེགས་མར་བྱས་པ་ཡོད་པར་གྲགས་སོ། །དེ་ལ་བླ་མ་ཡུ་མོ་བས་ཞུས། དེ་ནི་གངས་ཏི་སེའི་འགྲམ་དུ་འབྲོག་པ་རྔམ་ཁྲོ་བོ་ཞེས་བྱ་བ་ལ་སྲས་བཞི་འཁྲུངས་པའི་ཆུང་ཤོས་ཡིན། དགུང་ལོ་བཅུ་ཙམ་ལ་ལ་སྟོད་ལྷོ་རུ་བྱོན། ལྷོ་མཆེར་གནས་སུ་མཁན་པོ་སྟག་ལོ་གཞོན་བྱང་ཞུགས་པ་ལ་རབ་ཏུ་བྱུང་། མཚན་འདོགས་པའི་དུས་ཁྱོད་གདུང་རུས་རྔམ་ཡིན་པ་དང་། དད་པ་ཤིན་ཏུ་ཆེ་བ་ཞིག་འདུག་པས་རྔམ་བཙུན་དད་པ་རྒྱལ་པོ་ཞེས་བྱ་བ་འདོགས་སོ་གསུངས་ནས་མཚན་དེ་ལྟར་བཏགས། མཁན་པོ་ལ་ཆོས་གསན་ཅིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་བྱོན། བསེ་སྟོན་སྒྲ་གཅན་ཟིན་དང་། དགེ་གནས་སུ་བར་སྟོན་ཐོས་པ་དགའི་དྲུང་དུ་མངོན་པ་དང་། ཕར་ཕྱིན་སྐོར་མང་པོ་གསན། དེའི་ཚེ་ཡུ་མོ་ཞེས་མཚན་ཡང་རང་ཉིད་ཀྱིས་བཏགས། དེ་ནས་དབའ་དགེ་མཐོང་དང་གཉགས་ལ་དབུ་ཚད་གསན། སོག་འདུལ་འཛིན་ཚུལ་ཁྲིམས་བླ་མ་ལས་འདུལ་བ་དང་། སྤྱོད་ཕྱོགས། གསང་སྔགས་འགའ་ཡང་གསན། མདོ་རྩ་ཐུགས་ལ་བཟུང་། གྲོགས་ཤིག་གི་ཁྱེད་དགུན་ཅིི་བྱེད་ཟེར་བ་ལ། མཚམས་བྱས་ནས་གསང་སྔགས་ཀྱི་དཔེ་འདྲ་འབྲི་གསུངས་པ་ལ། གྲོགས་དེས་འོ་ན་བྱན་ཀླག་ཚང་ན་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེ་རྡོར་གྱི་འགྲེལ་པ་འདུག་ཟེར་བ་མི་འབྲི་འམ་ཟེར་བ་ཐོས་པས་སྔོན་གྱི་བག་ཆགས་སད་དེ་དད་པས་བ་སྤུ་གཡོས། དེ་ནས་གཡར་ཏེ་འབྲི་ཞིང་གཟིགས་པས་དད་པ་དཔག་མེད་འཁྲུངས་ཏེ། འདི་ཤེས་པ་སུ་ཡོད་དམ་ཞེས་དྲིས་པས་སོ་མ་ནཱ་ཐས་ཤེས་ཞེས་ཟེར་ནའང་སྔོན་གྱི་མི་ཞིག་ཀ་ཡིན་ཡོང་སྙམ་ནས་རྩད་ལེགས་པར་མ་བཅད་གསུངས། དེ་ནས་དབུས་སུ་བྱོན། ཁམས་པ་ལྟེའུ་པ་ལ་ཆོས་གསན་ཞིང་བཞུགས་པའི་དུས་ན་པཎྜི་ཏ་ཟླ་བ་མགོན་པོ་དཀར་ཆུང་ན་བཞུགས་པ་གསན། སྔར་གྱི་གཏམ་དྲན་ཏེ། དེས་འགྲེལ་པ་མཁྱེན་ནམ་དྲིས་པས། དེར་མ་ཟད་སེམས་འགྲེལ་སྐོར་གསུམ། ཁྱད་པར་དུས་འཁོར་ཆ་ལག་དང་བཅས་པ་ལ་མཁས་པར་གྲགས་སོ་གསུངས། ཞུས་ན་གནང་ངམ་དྲིས་པས། སྤྱིར་བཀའ་དོག་སྟེ་ད་ལྟ་བལ་ཡུལ་དུ་གཤེགས་པར་ཆས་པ་ལ་ཞབས་ཏོག་པ་མ་རྙེད་འདུག་ཟེར་བས། ཞབས་ཏོག་པ་ལ་འགྲོ་ནུས་ན་གནང་འོང་གསུང་། དེར་དགྱེས་བཞིན་མཇལ་དུ་བྱོན། སུམ་པ་རྡོ་རྗེ་གཞོན་ནུ་ལ་ཞུ་སྣ་བཅོལ་ཏེ་ཕྱིན་པ་ན། པཎྜི་ཏ་དང་བླ་མ་གནམ་ལ་བརྩེགས་གཉིས་ཀྱིས་རྡོ་རྗེའི་རྩ་སྔགས་དང་། ཡིག་བརྒྱ་ལ་ཞུ་དག་མཛད་ཅིང་བཞུགས་པ་དང་ཐུག       ཆོས་འབྲེལ་ཞུས་པས་སྔགས་དེ་གཉིས་ལ་བཤད་པ་རེ་མཛད། ཆང་གསོལ་འཕྲོ་དཀར་ཡོལ་གང་གནང་བ་མ་འཐུངས་པས་འགའ་ཞིག་གིས་བླ་མས་གནང་བ་མི་འཐུང་བ་ཁྱོད་སྟངས་ཞན་ཞེས་ཟེར། པཎྜི་ཏས་གསེར་ཐིག་པོ་དང་གླ་རྩིའི་རྐྱལ་པ་མང་པོ་བསྟན་ནས། འདི་རྣམས་ཁྱོད་ཀྱིས་བལ་ཡུལ་བར་དུ་ཁུར་ནུས་ཤིང་མགོ་ཐོན་ན། དེ་ནས་སང་ཕོད་སླར་བོད་དུ་འོང་ནས་ཆོས་གང་དགོས་སྦྱིན་ནོ་གསུངས་པ་ལ་དེ་ལྟར་ཁས་བླངས། སྒོས་པ་ཚུལ་གྲགས་ལ་དཔེ་ཆ་རྣམས་བཅོལ་ཡོད་པ་ལེན་དུ་སོང་ནས་རྒྱུ་མཚན་བསྙད་པས་པཎྜི་ཏ་ལ་ཆོས་མི་ཁུགས། སྔར་ཡང་མང་པོའི་མ་ཁུག་པ་ཡིན། ཆོས་དེ་རྣམས་ཅིིས་ཀྱང་དོན་དུ་གཉེར་ན་ངེད་ཀྱི་བླ་མ་བསྣོར་བཟང་པ་ལ་རྫོགས་པར་ཡོད་པས་དེར་ཞུས་པ་མི་འཐད་དམ་བྱས་པས་བློ་འགྱུར་ཏེ་སྒོམ་པ་ཚུལ་གྲགས་སོགས་ལ་ཞུ་སྣ་བཅོལ་ནས་གསེར་ཞོ་འགའ་ཞིག་དང་། དུང་ཆོས་ལེགས་པ་གཅིག ཀ་པ་ལི་གཅིག་རྣམས་ཕུལ་ཏེ་ཞུས་པས་བླ་མ་མཉེས་ཏེ་ཁྱོད་ཀྱི་འབུལ་བ་འདི་རྣམས་ཀྱང་ལ་ཉེ་བཟང་། སོག་འདུལ་བ་འཛིན་པ་དེ་གང་ཟག་ཁྱད་པར་ཅན་ཞིག་ཡོད་འདུག་པ། ཁྱེད་དེའི་ཐུགས་ཟིན་པ་ཞིག་ཡིན་ཟེར་བས། ཁྱེད་ལ་ཡོན་ཏན་ཞིག་ཡོད་པ་ཡིན་ཏེ་འོང་གསུངས་ནས་ཆོས་གནང་བ་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་དང་མཇལ་ནས་ལོ་བཞི་བར་མ་ཆད་དུ་བསྟེན། འགྲེལ་པ་སྐོར་གསུམ་གྱི་བཤད་པ་མན་ངག་ཆ་ལག་དང་བཅས་པ། མཚན་བརྗོད་མན་ངག་གི་བཤད་པ། གསང་འདུས་སྒྲོན་གསལ་ལ་སོགས་པ་གནང་བའི་དུས་སུ་བླ་མ་བག་རེ་བསྙུང་བ་ན་ཡང་ཆོས་ཀྱི་གཏད་སོར་དགོངས་ནས་སྟོན་འདི་ལ་ཆོས་མ་ཚར་བར་དུ་ང་མ་གསོད་ཅིག་གསུངས་ནས་ཆོས་སྐྱོང་ལ་གཏོར་མ་བཏང་། ཆོས་ཐམས་ཅད་རྫོགས་པར་གནང་ངོ་། དེ་ནས་དགུང་ལོ་ལྔ་བཅུ་པ་ལ་འུ་ཡུག་ཏུ་བྱོན། ནུབ་གཙང་མའི་མདའ་རྒྱལ་ཁབ་ཅེས་པར་གཞི་ཕབ། ཕུ་རུ་དབེན་གནས་ཀྱང་མཛད། གག་ཚང་ཕུའི་བྲག་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་གྲུབ་པ་ཐོབ་སྟེ། དབང་དང་ཟབ་ལམ་གྱི་ཁྲིད་དང་འགྲེལ་པ་སྐོར་གསུམ་ཆ་ལག་དང་བཅས་པའི་གཞུང་བཤད་མང་དུ་གསུངས། གསལ་སྒྲོན་དང་གཅེས་བསྡུས་ལ་སོགས་པ་བསྟན་བཅོས་ཀྱང་མང་དུ་མཛད། མངོན་ཤེས་ཐོགས་པ་མེད་ཅིང་། རྫུ་འཕྲུལ་ལ་དབང་འབྱོར། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ཏེ་དུས་ཀྱི་འཁོར་ལོའི་དབང་བཤད་མན་ངག་གི་སྲོལ་རྒྱ་ཆེར་དར་བ་མཛད་པ་ཡིན། བླ་མ་དེ་ཉིད་ཀྱིས་དགུང་ལོ་ལྔ་བཅུ་ང་ལྔ་པ་ལ་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་མཛད་པས་ཡུམ་གྱི་རྡུལ་སྟོབས་སུ་གྱུར་ཏེ་སྲས་མོ་ཞིག་འཁྲུངས་པ་ནི་མ་གཅིག་སྤྲུལ་སྐུ་ཇོ་འབུམ་དུ་གྲགས་ཏེ། ལུང་རྟོགས་དཔག་མེད་མངའ། འགྲེལ་ཆེན་ཐུགས་ལ་རྫོགས་པར་གསུང་བ་བོད་དུ་འདི་ལས་མ་བྱུང་བར་གྲགས། དེ་རྗེས་སྲས་ཤིག་འཁྲུངས་པ་དྷརྨ་ཤྭ་ར་ཡིན། སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་ཆུང་ངུ་ནས་རྒྱ་བོད་ཀྱི་ཀློག་ཡིག་མཁྱེན། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། གཞན་ཡང་སྤྱོད་ཕྱོགས་དང་། དབུ་ཚད་དང་། ལམ་རིམ་དང་། སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་མང་པོ་སོགས་ལ་དགུང་ལོ་སུམ་ཅུའི་བར་དུ་སློབ་གཉེར་མཛད་ཅིང་མཁས་པར་སྦྱང་ནས་གཞན་ཕན་རྒྱ་ཆེན་པོ་མཛད་དོ། །བླ་མ་དེ་ཉིད་ཀྱི་སྲས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ཞེས་པ་གཙང་གི་འོ་ལུང་གི་དགོན་པ་སེ་མོ་ཆེ་ཞེས་པར་སྐུ་འཁྲུངས། གྲུབ་པ་ཐོབ་པས་གྲུབ་ཐོབ་སེ་མོ་ཆེ་ཞེས་ཀྱང་གྲགས་པ་དེ་ཉིད་ཀྱི་ཡབ་ལས་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང་། སེམས་འགྲེལ་སྐོར་གསུམ་གདམས་ངག་དང་བཅས་པ་རྣམས་ཐོབ་ཅིང་། སྤྲུལ་སྐུ་ཇོ་འབུམ་ལ་ཡང་འགྲེལ་ཆུང་པད་མ་ཅན་དང་། མན་ངག་ཕྲན་ཚེགས་འགའ་ཟུང་གསན་ལ། རྗེ་བཙུན་ཡུ་མོས་མཛད་པའི་བསྟན་བཅོས་འགའ་ཞིག་དང་། ཡབ་ཀྱིས་མཛད་པའི་རོ་བཅུད་སྟོང་ཐུན་ལ་སོགས་པ་དང་། འབྲོ་པའི་བླ་མ་གོང་མའི་གསུང་སྒྲོས་བསྒྲིགས་པ་འོད་ཟེར་ཕྲེང་བ་དང་། ཇོ་བཙུན་ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་ནི་བླ་མ་དྷརྨ་ཤྭ་ར་ལས་གསན། འགོས་དབང་བཙན་ལས་རིགས་ཚོགས་པ་གསན། ཡབ་ཀྱི་བུ་ཆེན་མཁར་གསར་བ་ནམ་མཁའ་འོད་ཟེར་ལས་ཀྱང་ཡབ་ཆོས་དུ་མ་གསན། བླ་མ་འདི་ནི་ཏིང་ངེ་འཛིན་ལ་དབང་འབྱོར་ནས་མངོན་པར་ཤེས་པ་ཆགས་ཐོགས་མེད་པར་མངའ་བས་དུས་གསུམ་ལུང་སྟོན་པ་ལྐོག་གྱུར་གྱི་དོན། ཧོར་བོད་དུ་འབྱུང་ཚུལ་སོགས་གསུངས་པ་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བ་དང་། རང་གི་མཛད་པའི་རྣམ་ཐར་གྱི་ཡི་གེ་ཡོད་པ་དང་། སྐུ་སྐྱེ་བ་མང་པོ་དྲན་པས་འདི་དང་འདིར་འཁྲུངས་ཀྱི་རི་མོ་རས་བྲིས་ལ་བྲིས་པ་ཡང་ཡོད་པར་གསུངས། གྲུབ་ཐོབ་ཆེན་པོ་རྩོད་མེད་དུ་གྲགས་སོ། །དེ་ལ་འཇམ་དབྱངས་གསར་མ་ཤེས་རབ་འོད་ཟེར་གྱིས་གསན། དེ་ནི་མཚན་ཉིད་ཕྱོགས་ལ་ཤིན་ཏུ་མཁས། ཕར་ཚད་ཀྱི་ཊིཀྐ་ཁྱད་པར་ཅན་ཡོད། འཆད་ཉན་བསྟན་པའི་བྱ་བ་རྒྱ་ཆེར་མཛད། འཇམ་དབྱངས་ཀྱི་ཞལ་གཟིགས། བདག་རྗེས་འཛིན་གྱི་བླ་མ་དང་། གདམས་ངག་དང་། གནས་ལ་སོགས་པ་གང་ན་ཡོད་ཞུས་པས། གྲོད་ཆུང་དུ་བླ་མ་གྲུབ་ཐོབ་ལ་དུས་འཁོར་ཞུས། དེས་ལམ་བགྲོད་པར་འགྱུར་ཞེས་ལུང་བསྟན། དགེ་བཤེས་ཁྱུང་ལ་དེའི་གཏམ་དྲིས་ནས་སོས་ཀ་ཞིག་གཤེགས་པར་བཞེད་པའི་ནུབ་མོ་ནམ་གུང་ལ་མི་མ་ཡིན་གྱི་དམག་ཚོགས་ཆེར་འདུས་ཏེ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་དུ་བྱུང་བ་ལ་དངོས་གྲུབ་སྟེར་བའི་ཡི་དམ་དང་། གནོད་པར་སེམས་པའི་འདྲེ་གདོན་གཉིས། མི་བདག་ལ་རོ་མཉམ་ཁྱད་པར་མེད། ཅེས་སོགས་མགུར་མ་བཞེས། ཆོས་ཐམས་ཅད་དུ་མ་རོ་གཅིག་གི་དོན་ཐུགས་ལ་ཆུད་པས་ཆོ་འཕྲུལ་ཐམས་ཅད་ཞི། གཡས་རུ་གྲོད་ཆུང་དུ་བྱོན་དུས་གཙང་པོའི་གཞུང་ལ་བྱོན་པས་ནམ་མཁའ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱིས་གང་བ་གཟིགས། བླ་མ་གྲུབ་ཐོབ་དང་མཇལ་མ་ཐག་ཕྱག་ན་རྡོ་རྗེར་གཟིགས། སྣང་བ་འགྱུར་བའི་མོས་གུས་སྐྱེས། མཆོག་དབང་ཞུས་ཏེ་སྦྱོར་དྲུག་གི་ཁྲིད་བཏབ་ནས་བསྒོམས་པས་ཞག་གཉིས་ལ་སོར་བསམ་གྱི་རྟགས་ཐམས་ཅད་རྫོགས་ཡིད་ཆེས་གསུམ་ལྡན་གྱི་དོན་མངོན་དུ་གྱུར། དེ་ནས་ལེགས་པར་བསྒོམས་པས་སྲོག་འཛིན་ལ་དབང་ཐོབ། ཡོན་ཏན་དཔག་མེད་མངའ། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་དུས་འཁོར་གྱི་དབང་གནང་དུས་རྡོ་རྗེ་ཤུགས་སུ་དངོས་སུ་གཟིགས་ནས་དེ་ལྟར་མཐོང་ལགས་ཞེས་ཞུས་པས་ང་རང་གི་སྣང་ཚུལ་དང་མཚུངས་པར་གྱུར་འདུག འུ་ཅག་དཔོན་སློབ་ལ་བགེགས་ཀྱིས་མི་ཚུགས་གསུངས་པ་སོགས་རྒྱས་པ་སྒོས་ཀྱི་རྣམ་ཐར་ན་ཡོད། སྐུ་གཤེགས་དུས། །ང་འདི་ནས་ལན་ཅིག་བདེ་བ་ཅན་དུ་འགྲོ། ཞིང་སྦྱོང་། སེམས་ཅན་སྨིན་པར་བྱེད་གསུངས་ནས་མྱང་སྟོད་རྐྱང་འདུར་དུ་སྐུ་གཤེགས་སོ། །དེ་ལ་རོང་པ་རྒྭ་ལོས་ཀྱང་རྫོགས་པར་གསན། འདི་ཉིད་ལས་མན་ངག་དགེ་སྡིངས་དང་། རྒྱང་རོ་གསེར་སྡིངས་སུ་བཞུགས་པའི་མཁས་པ་ཆེན་པོ་ཆོས་ཀྱི་འོད་ཟེར་ཞེས་ཐོག་མར་གྲགས་ཤིང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་སྐུ་འོད་ཟེར་ཞེས་བཏགས་པས་ཕྱིས་དེ་ལྟར་དུ་གྲགས་པ། རབ་བྱུང་བཞི་པའི་ཤིང་ཁྱི་(1214)ལོར་འཁྲུངས་པ་དེ་ཉིད་ཀྱིས་སེམས་འགྲེལ་སྐོར་གསུམ་གྱི་དབང་གདམས་ངག་གཞུང་བཤད་བཅས་པ་གསན། དེ་ལ་ཀུན་མཁྱེན་འཕགས་འོད་ཀྱིས་གསན། དེ་ལ་ཡང་བུ་སྟོན་ཆོས་རྗེས་གསན། དེ་ལ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གསན། འདི་ནི་ཡབ་དཔལ་ས་སྐྱའི་བླ་མ་བདག་ཉིད་ཆེན་པོ་དང་། ཡུམ་མ་གཅིག་གཞོན་ནུ་འབུམ་གྱི་སྲས་སུ་རང་བྱུང་དྲུག་པའི་ཆུ་བྱ་(1372)ལོར་ཞ་ལུ་ཁང་གསར་དུ་འཁྲུངས། དགུང་ལོ་བརྒྱད་ནས་གཞུང་ལུགས་མང་པོ་གསན་ལ་རྒྱས་པ་འཆད་ཐུབ་པས་སྙན་གྲགས་རྒྱས། དགུང་ལོ་བཅུ་བདུན་ལ་མཁན་པོ་བསོད་ནམས་གྲགས་པ་དང་། སློབ་དཔོན་དཔལ་ལྡན་སེང་གེ་གཉིས་ལས་རབ་ཏུ་བྱུང་། མཚན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོར་བཏགས། བུ་སྟོན་རིན་ཆེན་གྲུབ། རྒྱལ་སྲས་ཐོགས་མེད་བཟང་པོ། དཔང་ལོ་བློ་གྲོས་བརྟན་པ་སོགས་བླ་མ་མང་པོ་བསྟེན། རིག་པའི་གནས་ཐ་དག་ལ་ཕུལ་དུ་ཕྱིན་ཞིང་རྡོ་རྗེ་འཛིན་པའི་ས་ཆེན་པོ་ལ་མངའ་བརྙེས་པས་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་གྱུར། ཕར་ཚད་དབུ་མ་གསང་སྔགས་སྐོར་དང་། ཆོས་འབྱུང་རྒྱལ་རབས་སོགས་གསུང་རྩོམ་མང་། ཁྱད་པར་རྩིས་ཀྱི་སྐོར་ཁྱད་དུ་འཕགས་པ་དུ་མ་བཞུགས་སོ། །དེ་ལ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོས་གསན། དེ་ལ་སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱིས་གསན། དེ་ལ་སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱིས་དབང་བཤད་མན་ངག་མཐའ་དག་ཚང་ལ་རྫོགས་པར་གསན། འདི་རབ་བྱུང་བདུན་པའི་ཤིང་བྱ་(༡༤༠༥)ལོར་འཁྲུངས། བྱམས་ཆེན་རབ་འབྱམས་པའི་སློབ་མ་འཇམ་དབྱངས་ཀུན་དགའ་ཆོས་བཟང་། ཞ་ལུ་བ་རིན་ཆེན་བསོད་ནམས་ཆོས་འཕེལ་སོགས་བླ་མ་དུ་མ་བསྟེན། སྤྱིར་ཕྱི་ནང་རིག་གནས་ཐམས་ཅད་ལ་མཁས། ཁྱད་པར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོར་བཞུགས། གཙང་ཐོབ་རྒྱལ་ཆོས་འཁོར་སྒང་དང་། རྩེ་དོང་རིན་ཆེན་སྒང་སོགས་དགོན་པ་དུ་མ་བཏབ། ས་སྐྱ་པ་ཆེན་པོ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་གྱིས་བླ་མར་བསྟེན། འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་ཤིང་ཐུགས་ཤིན་ཏུ་གཟུ་བོར་གནས་པའི་མཁས་པ་ཡིན། བཀའ་འབུམ་པོད་བཅུ་དྲུག་བཞུགས། ཁྱད་པར་རབ་བྱུང་བརྒྱད་པའི་ཤིང་ཕག་(༡༤༥༥)ལོར་དུས་འཁོར་སྤྱི་དོན་ལེགས་བཤད་བསྟན་པའི་རྒྱ་མཚོ་མཛད། རྒྱལ་དབང་ལྔ་པ་ཆེན་པོས། ན་ཡམ་སྨྲ་བའི་ཅ་ཅོར་རྣ་བ་འཚེར། །གྲགས་སྐམ་ངུར་ཁྱུ་མ་ཡིན་རྣམ་དཔྱོད་ཀྱི། །སྒོང་སྦུབས་ལེགས་བཤད་སྐད་འབྱིན་སྟག་ཚང་པ། །ཀ་ལ་པིངྐའི་མཆེད་ཟླ་ཁྱོད་མིན་སུ། །ཞེས་གསུངས་ཤིང་སྨོན་འགྲོ་པཎ་ཆེན། སྡེ་སྲིད་རིན་པོ་ཆེ་སོགས་མཁས་དབང་ཚང་མས་བསྔགས་བརྗོད་ལྷག་པར་ཆེ་བ་དོན་ལ་གནས་པས། དཔལ་དུས་ཀྱི་འཁོར་ལོའི་དགོངས་དོན་རྣམ་པར་འབྱེད་པའི་ལེགས་བཤད་ཕུལ་དུ་བྱུང་བར་ཤེས་པར་བྱའོ། །ཡང་བུ་སྟོན་རིན་པོ་ཆེ་ལ་མྱང་སྟོད་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ཞེས་མཚན་ཉིད་ལ་མཁས་པ་ཞིག་ཕྱིས་དུས་འཁོར་ལ་དྲིལ་ནས་གཞན་དུའང་བསླབས། བུ་སྟོན་རིན་པོ་ཆེ་ལ་རྒྱུད་འགྲེལ་ཚར་བཅུ་བདུན་གསན་ནས་ལེགས་པར་སྦྱངས་ཤིང་དུས་འཁོར་རང་ལས་མཁས་པའི་བུ་ཆེན་དུ་གྱུར། དེ་ལ་ཞ་ལུའི་མཁས་མཆོག་རིན་ཆེནབསོད་ནམས་ཆོས་འཕེལ་གྱིས་ལོ་བཅུ་གསུམ་དུས་འཁོར་ལ་དྲིལ་ནས་གསན། ལེགས་པར་སྦྱངས། ཕྱིས་ཐེ་ཚོམ་ཅུང་ཟད་འཁྲུངས་ནའང་མནལ་ལམ་དུ་བླ་མ་བྱོན་ནས་སྔ་སོར་སློབ་དཔོན་གྱིས་དཔྱད་པ་མཛད་པ་བསྙེལ་བ་ཞིག་ཡིན་ན་བཀའ་བཀྱོན་ཅུང་ཟད་དང་བཅས་ཏེ་གསུང་བ་དང་། དེ་མ་ཡིན་པ་ལ་མཉེས་བཞིན་དུ་རྒྱུ་མཚན་དང་བཅས་ཏེ་གསུངས་ཤིང་། མདོ་སྔགས་མཐའ་དག་ལ་མཁས་པས་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་འགྲན་ཟླ་དང་བྲལ། ཏིང་ངེ་འཛིན་གྱི་ཉམས་རྟོགས་དུ་མ་མངའ་ཞིང་། ལྐོག་གྱུར་མངོན་སུམ་དུ་མཁྱེན་པའི་གསུང་སྒྲོས་ཐོལ་བྱུང་དུ་བྱོན་པ་སོགས་ཀྱི་ཡོན་ཏན་ལྡན་པ་དེ་ལ་སྟག་ཚང་ལོ་ཙཱ་བ་ཆེན་པོས་དབང་བཤད་མན་ངག་ལག་ལེན་ས་རིས་སོགས་ཞ་ལུ་བའི་ལུགས་མ་ལུས་པ་གསན་ཅིང་བསྟན་པ་སྤྱི་སྒོས་ཀྱི་གཉེར་ཁ་གཏད་པར་མཛད་དོ། །གཞན་ཡང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་སམ། ཇོ་ནང་པ་ཆེན་པོ་ཞེས་རབ་བྱུང་བཞི་པའི་ཆུ་ཡོས་(1243)ལོར་རབ་ཁ་ཕྱར་ཡང་སྒང་དུ་སྐུ་འཁྲུངས། མཚན་ཉིད་ཀྱི་ཐེག་པ་དང་རྒྱུད་སྡེ་དུ་མ་ལ་མཁས་ཤིང་། གདམས་པ་བསམ་གྱིས་མི་ཁྱབ་པའི་གཏེར་མཛོད་དུ་གྱུར་པ། རྡོ་རྗེའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་འཇམ་དབྱངས་ཆེན་པོ་བཞི་ཐོགས་པ་སོགས་སྐྱེས་མཆོག་དུ་མའི་བླ་མར་གྱུར་པ་དེས་གསན། དེ་ནས་ཆོས་རྗེ་ཡོན་ཏན་རྒྱ་མཚོ་ཞེས་རབ་བྱུང་བཞི་པའི་ལྕགས་སྤྲེལ་(1260)ལོར་མདོག་སྟོད་སྤེན་པ་ཞེས་པར་སྐུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་ནས་མཚན་ཐུགས་རྗེ་རྒྱལ་མཚན་དུ་བཏགས། མདར་དུ་མདར་བྱང་སྐྱབས་དང་། སློབ་དཔོན་གཡུང་སྟོན་གྱི་དྲུང་དུ་བསྟེན་ནས་མངོན་པ་ཀུན་བཏུས། ཚད་མ་རྣམ་ངེས། རིགས་གཏེར་རྣམས་ལ་མཁས་པར་སྦྱངས་ནས་གྲྭ་བསྐོར་ཡང་མཛད་དེ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན། བླ་མ་ཆེན་པོ་དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱི་དྲུང་དུ་དུས་འཁོར། ཀྱེ་རྡོར། མངོན་རྟོགས་རྒྱན་སོགས་གསན། བླ་མ་འཇམ་དབྱངས་ཆེན་པོ་ལ་ཀྱེ་རྡོར་རྒྱུད་གསུམ་གདམས་ངག་དང་བཅས་པ། ཚད་མ་རྣམ་འགྲེལ། མངོན་རྟོགས་རྒྱན། སྤྱོད་འཇུག་སོགས་མང་དུ་གསན། འུ་སྟོན་ཀུན་བཟང་དཔལ་ལ་མངོན་རྟོགས་རྒྱན།   ཚད་མ་རྣམ་ངེས།          འདུལ་བ་མདོ་རྩ་སོགས་གསན་ཅིང་མཁྱེན་པར་མཛད། རྗེས་དུས་འཁོར་བའི་ཕྱག་ཕྱི་ལ་གོང་དུ་ཡང་བྱོན། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ཐུགས་དམ་ལ་གཞོལ་བར་དགོངས་ཏེ་བོད་ཡུལ་དུ་གཤེགས་པར་ནན་གྱིས་ཞུས་ནས་གདན་སར་ཕེབས། དེ་མ་ཐག་ཇོ་མོ་ནང་དུ་བྱོན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་། དེའི་ཐུགས་ཀྱི་སྲས་མཆོག་བྱང་སེམས་རྒྱལ་བའི་ཡེ་ཤེས་ཞེས་སེམས་འགྲེལ་སྐོར་གསུམ་ལ་སོགས་པ་ཟབ་རྒྱས་ཀྱི་གདམས་པ་དུ་མའི་མཛོད་དུ་གྱུར་པ་དེ་རྣམ་གཉིས་ལ་བརྟེན་ནས་རི་ཁྲོད་དེ་ཉིད་ལས་གང་དུ་ཡང་མ་བྱོན་པར་ལོ་སུམ་ཅུ་རྩ་བརྒྱད་ཀྱི་བར་དུ་ཐུགས་དམ་ལ་བརྩོན་པས་ཟབ་ལམ་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་ཤིང་གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། །དུས་འཁོར་དེ་ལས་མཆེད་པ་རྣམས་ལ་ཇོ་ལུགས་སུ་གྲགས་སོ། །ལུགས་གཞན་ཡང་། དུས་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་བོ་དྷི་ལ་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་གསན་ཅིང་རྒྱུད་འགྲེལ་ལ་གཞི་འགྱུར་ཡང་མཛད། ལོ་ཆུང་རྣམས་ཀྱིས་ཐོག་དྲངས་པ་ལ་ཡུན་རིང་དུ་བཤད་པ་མཛད་ཅིང། ལོ་ཆུང་རྣམས་ཀྱིས་ཀྱང་རྒྱུད་འགྲེལ་དུམ་བུར་བགོས་ནས་བསྒྱུར་བ་ལ་འགྱུར་མང་དུ་གྲགས་པ་བྱུང་མོད་མཚམས་ཤིག་ནས་བཤད་རྒྱུན་ཆད་པར་གསུངས། དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཀྱང་གྱི་ཇོའི་འགྱུར་གྱི་སྟེང་ནས་འགྱུར་བཅོས་མཛད་ཅིང་། མང་འོར་བྱང་ཆུབ་ཤེས་རབ། བློ་གྲོས་སྙིང་པོ། བསོད་ནམས་ཡེ་ཤེས། འ་ཞ་རྒྱ་གར་བརྩེགས་རྣམས་ཀྱིས་ཀྱང་འགྱུར་བཅོས་དང་བཤད་པ་བྱས་ཀྱང་བཤད་བཀའ་ཟིན་པ་མ་བྱུང་ངོ་། །ཙ་མི་སངས་རྒྱས་གྲགས་ཀྱི་འཁྲུངས་ཡུལ་ནི་མི་ཉག་འགའ་ཡི་ཡུལ་ཡིན་ཏེ་ཁོང་རང་གིས་མཛད་པའི་རྒྱུད་འགྲེལ་གྱི་འགྱུར་བྱང་དུ་བྱང་ཕྱོགས་མི་ཉག་གི་ཡུལ་དུ་སྐྱེས་པ་ཞེས་གསུངས་པས་སོ། །དེ་ཉིད་གཞོན་ནུ་ལ་རྒྱ་གར་དུ་བྱོན། ཡུན་རིང་དུ་བཞུགས་ནས་པཎྜི་ཏ་དུ་མ་བསྟེན་མཁས་པར་སྦྱངས། རྡོ་རྗེ་གདན་གྱི་གདན་ས་མཛད། དུས་འཁོར་འགྲེལ་ཆེན་བོད་སྐད་དུ་བསྒྱུར་ཅིང་བཤད། སློབ་མ་དིང་རི་ཆོས་གྲགས། ཨ་བྷ་ཡའི་སློབ་མ་ཁེ་གད་འཁོར་ལོ་གྲགས། ག་རོང་ཚུལ་ཁྲིམས་འབྱུང་གནས་དང་། རོང་རླིང་ལོ་ཙཱ་བ། ར་བྱིད་ལོ་ཙཱ་བ། སེ་ལོ་ཙཱ་བ་སོགས་ཀྱིས་ཀྱང་ཉན་ནས་འགྱུར་བཅོས་བྱས་ཀྱང་གཞན་རྣམས་གྱིས་བཤད་བཀའ་མ་ཟིན། སེ་ལོ་ཙཱ་བས་གཉོས་འོད་འབར་ལ་བཤད། དེ་ཉིད་ཀྱིས་གྲུབ་ཆེན་ཨོ་རྒྱན་པ་ལ་གནང་། བླ་མ་འདི་ནི་རབ་བྱུང་བཞི་པའི་ལྕག་སྟག་(1230)ལོར་ཡབ་རྒྱུས་དབོན་ཇོ་འཕན་དང་། ཡུམ་ཕྱུག་མོ་དུག་གེ་མའི་སྲས་སུ་འཁྲུངས། གཞོན་ནུ་ནས་ཡབ་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་བཅུ་དྲུག་པ་ལ་བོ་དོང་ཨེ་དགོན་པར་བྱོན། ཆོས་རྗེ་རིན་ཆེན་རྩེ་མོའི་དྲུང་ནས་དབུ་ཚད་མངོན་གསུམ་སོགས་གསན། རྗེ་རྒོད་ཚང་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་ལོན་པ་དང་རྗེ་རིན་ཆེན་རྩེ་མོས་མཁན་པོ། ཞང་བསམ་གླིང་པས་སློབ་དཔོན། བསོད་ནམས་འོད་ཟེར་གྱིས་གསང་སྟོན་མཛད་ནས་རབ་བྱུང་བསྙེན་རྫོགས་ཅིག་ཅར་བསྒྲུབས། མཚན་རིན་ཆེན་དཔལ་དུ་གསོལ། རིན་ཆེན་རྩེ་མོ། གོང་ལུང་པ་ནམ་མཁའ་རྒྱལ་མཚན། དུས་འཁོར་བ་སངས་རྒྱས་རྡོ་རྗེ། ཁྱད་པར་གཉོས་འོད་འབར་བསྟེན། དུས་འཁོར་འབྲོ་ལུགས། ཆག་ལུགས། ཙ་མིའི་ལུགས་བཅས་སྦྱངས།   རྩིས་ལ་ཤིན་ཏུ་མཁས། དུས་འཁོར་དབང་བཤད་ཁྲིད་བཀའ་རྣམས་ཀྱང་ཡུན་རིང་དུ་བསྐྱངས། སྒྲུབ་ཐབས་དང་། དབང་ཆོག་དང་། བཅུད་ལེན་དང་། རླུང་སྦྱོར་ལ་སོགས་པའི་ཡིག་ཆ་བསྟན་བཅོས་ཀྱང་མང་དུ་མཛད། ད་ལྟའང་ཨོ་རྒྱན་བསྙེན་སྒྲུབ་ཏུ་གྲགས་པ་རྣམས་སོ། །བླ་མ་དེ་ཁ་ཆེ། ཨོ་རྒྱན། རྒྱ་གར། རྒྱ་ནག་བཅས་ལ་ཕེབས་མྱོང་ཞིང་། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་ལྔ་པའི་ས་བྱ་ལ་གཤེགས་སོ།།

ཤོང་འགྱུར་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཞེས། ལ་སྟོད་ལྷོ་ཡི་དཔྱལ་ལུང་པ་ཤར་ཁའི་བོང་ར་ཞེས་པར་སྐུ་འཁྲུངས་པ་དེ་ཉིད་གཞོན་ནུ་ལ་རབ་བྱུང་མཛད་ནས། བླ་མ་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ནས་རྒྱུད་སྡེ་དུ་མ་དང་རྡོ་རྗེ་ཕྲེང་བ་སྐོར་གསུམ་ལ་སོགས་པ་མང་དུ་གསན། གར་ཐིག་དང་། ལྔ་བསྡུས། གཟའ་ལྔ། གཡུལ་རྒྱལ་སོགས་གཙུག་ལག་དུ་མ་བསླབས་ཤིང་། མཁས་པར་གྱུར་ནས། གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མེ་ལ་སོགས་པ་རྨད་དུ་བྱུང་བའི་རྩིས་ཀྱི་བསྟན་བཅོས་དུ་མ་མཛད། མངོན་པ་བ་རིན་ཆེན་རྩེ་མོའི་བུ་ཆེན་སྟག་སྡེ་བ་སེང་གེ་རྒྱལ་མཚན་ཞེས་ཕ་རི་ལུང་དུ་རབ་བྱུང་དྲུག་པའི་ཆུ་ཕོ་སྤྲེའུ་ལོར་སྐུ་འཁྲུངས་ཤིང་། ཆོས་རྗེ་མངོན་གྲ་བ་ལས་ཕར་ཚད་མངོན་གསུམ་དང་། དུས་འཁོར་འབྲོ་འགྱུར་གསན་ཞིང་མཁས་པར་གྲགས་པ་དེ་ཉིད་ཀྱི་དྲུང་དུ་ཚ་(མཚོ)སྣར་བྱོན། ཕར་ཚད་མངོན་གསུམ་དང་། སྤྱོད་བསྡུས་ལ་སོགས་པ་རྣམས་ལ་མཁས་པར་མཛད། དུས་ཀྱི་འཁོར་ལོའི་དབང་ཞུ་བའི་ཡོན་ལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་འབྲོ་འགྱུར་གྱི་གླེགས་བམ་གཅིག་དང་། སྤྱན་རས་གཟིགས་ཀྱིས་མཛད་པར་བཏགས་པའི་མཚན་བརྗོད་འགྲེལ་པ་དང་། འབྲོ་པའི་གསུང་སྒྲོས་རྒྱས་པ་འོད་ཟེར་ཕྲེང་བ་དང་། དྲི་མེད་རྒྱན་ལ་སོགས་པ་བཞི་བཅུ་ཙམ་ཕུད་པུ་ལུང་དང་བྲག་ཆུང་གི་བྲག་ཕུག་ཏུ་ཕྱག་བྲིས་མཛད་དེ་ཕུལ། དབང་བཅུ་གཉིས་ཡོངས་སུ་རྫོགས་པ་དང་། གདམས་ངག་ཀྱང་ཞུས་ཏེ། དེར་དུས་འཁོར་འབྲོ་ལུགས་ཀྱི་དབང་བཤད་མན་ངག་གི་བཀའ་ཐམས་ཅད་རྫོགས་པར་གསན། དེ་ནས་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། གོང་ནས་ས་སྐྱར་སྔ་མ་རེས་ཕེབས་པའི་དྲུང་དུ། བསྟོད་པའི་ཚིགས་བཅད་སྤེལ་ལེགས་པ་ཕུལ་ནས་ལོ་ཙཱ་སློབ་ཏུ་འགྲོ་བའི་རྫོང་བར་ཞུ་ཞུས་པས། འཕགས་པའི་ཞལ་ནས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། རེ་ཞིག་གཞུང་ལུགས་གསར་པ་བསྒྱུར་བའི་ནུས་པ་འོང་བ་དཀའ་ནའང་། པཎྜི་ཏ་ལ་འདྲི་གཏུགས་དང་སློབ་གཉེར་ལེགས་པར་གྱིས། ཁོ་བོས་ཀྱང་ཆོས་རྗེ་པ་བསྟེན་ཡུན་ཐུང་བས་རྗེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། ཚིག་གི་གཏེར་ལ་སོགས་པ་ཚུལ་བཞིན་དུ་མི་ཤོད་པར་སྣང་བས་འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་འོང་བར་གྱིས། མཁས་པར་གྱུར་པའི་ཚེ་ངེད་ལ་ཆོས་རྗེ་པའི་དགོངས་པ་སྐོང་དགོས་ཀྱི་འགྱུར་འདྲ་ཡང་དགོས་པ་ཡོད་དེ་རྗེས་སུ་བྱེད་དོ། །ཞེས་གསུངས་ནས་དེ་དག་གི་དཔེ་དང་གསེར་སྲང་ལྔ་དར་ཡུག་བཅུ་རྣམས་གནང་སྟེ་རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་དཔེ་ཁང་དུ་ཉོལ་ལ་སོང་། སླར་འཁོར་བ་ན་ཤོག་ཅིག་གསུངས་ནས་བརྫངས་སོ། །ཤོང་གི་ཐུགས་ལ། ང་སྐྱེས་ཐོབ་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བྱུང་གི་ནན་ཏན་ཡང་མཆོག་ཏུ་གྱུར་ན། ལེགས་བཤད་གསར་པ་མང་དུ་ཅི་སྟེ་བསྒྱུར་བར་མི་ནུས་སྙམ་དུ་དགོངས་ཏེ། འཕགས་པའི་གཟིམས་གཡོག་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་འགྲོགས་ནས་བལ་ཡུལ་དུ་བྱོན། པཎྜི་ཏ་མཧཱ་བྷ་དྲའི་དྲུང་དུ། སྒྲ། སྙན་ངག སྡེབ་སྦྱོར། མངོན་བརྗོད། ཟློས་གར་ཏེ་རིག་གནས་ཆུང་བ་ལྔ་བསླབས། ཁྱད་པར་སྒྲ་རིག་ལ་ཤིན་ཏུ་མཁས་པར་གྱུར་ནས། ས་སྐྱར་འཕགས་པ་རིན་པོ་ཆེའི་དྲུང་དུ་ཕེབས། ཤིན་ཏུ་དགྱེས་པར་གྱུར། ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་པ་སྡེར་སྐུའི་བཀོད་པ་བསྡུ་བའི་ཚེ། ཐ་མའི་གསུང་དུ་བཀའ་སྩལ་པ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བ་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་དོད། ཐ་སྙད་རིགས་གནས་ཀྱི་ཚུལ་འདི་ལ་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་ཙམ་མོ། །ཞེས་གསུངས་པ་ཞིག་ཡོད་ནའང། བསྙེན་པར་རྫོགས་ཟིན། འགྱུར་གཉིས་སྔར་མ་བྱུང་བས་ད་ཁྱེད་ཀྱིས་གྱིས་ཤིག དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་ཀྱང་བྱེད་པར་ཡོད་དོ། །ཞེས་དགྱེས་བཞིན་བཀའ་སྩལ་བ་ལྟར་དཔལ་ས་སྐྱར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ལ་ཤིན་ཏུ་རྣམ་པར་དག་པའི་འགྱུར་བཅོས་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་བྱེད་པ་འདི་མཛད། སླར་ཡང་མཧཱ་བོ་དྷི་མཆོད་པ་སོགས་ལ་རྡོ་རྗེ་གདན་དུ་བྱོན། པཎྜི་ཏ་ཆེན་པོ་ལ་ཀྵ་མཱི་ཀ་ར་སྤྱན་དྲངས་ནས་དཔག་བསམ་འཁྲི་ཤིང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། སྙན་ངག་མེ་ལོང་དང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་དང་། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲི་ཏ་མཱ་ལ་དང་། སྒྲ་ཙན་དྲ་བའི་མདོ་ལ་སོགས་པ་སྔོན་དུས་མ་འགྱུར་བ་རྣམས་གསར་དུ་བསྒྱུར་ཞིང་ཨ་མ་ར་ཀོ་ཥ་ལ་སོགས་པ་ཡང་མཆན་བུས་གསལ་བར་མཛད། སྒྲ་སྙན་ངག་གི་བཤད་རྒྱུན་སྤེལ་ནས་རིག་པའི་གནས་འདི་དག་ཤིན་ཏུ་དར་བར་མཛད་དོ། །འཕགས་པ་རིན་པོ་ཆེས་ཀྱང་སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ་ཞེས་པའི་འཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་པར་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་བདེ་བར་ལོན་པར་དཀའ་བས་སྔོན་བྱུང་བའི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་། ལོག་པར་བསྒྱུར་བ་དང་། རྣམ་གྲངས་གཞན་དང་། ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་མཐའ་གཅིག་ཏུ་ངེས་ཏེ་ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས་དགའ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་ཞེས་སོགས་དང་། དུས་གཞན་ཞིག་གི་ཚེ་ཡང་། མཁས་པས་ཤེས་པ་བྱ་བ་ཡི། །ཤེས་བྱ་ཤེས་རབ་ལྷུན་སྟུག་པར། །གྱུར་པས་མཁས་གཞན་ཟིལ་གནོན་ཞིང་། །བློ་གསལ་རྣམས་ཀྱི་ཡིད་གཡོ་བར། །བྱེད་པས་སྔོན་གྱི་དམ་པ་དང་། །མཚུངས་པ་ཉིད་དུ་གང་གྱུར་པ། །སྡོམ་བརྩོན་སྐད་གཉིས་སྨྲ་བ་ཁྱོད། །ཡུན་རིང་གནས་ཤིང་རྒྱལ་གྱུར་ཅིག །ཅེས་སོགས་རབ་ཏུ་སྔགས་ཤིང་སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ནོ། །

དེ་ཉིད་ལས་ཀྱི་གཅུང་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞེས་གཅེན་པོའི་ཡོན་ཏན་ལ་བསྒྲུན་རུང་ཞིང་འགྲོ་མགོན་འཕགས་པའི་སློབ་མའི་ཐུ་བོར་གྱུར་པས་སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བ་དེས་གསན། ཀྱེ་རྡོ་རྗེའི་འགྲེལ་པ་ཊམ་དཱ་ཀ་ཤ་དང་། སྡོམ་འབྱུང་གི་འགྲེལ་པ་པད་མོ་ཅན་དང་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཞིང་། ཞུ་ཆེན་ཡང་དུ་མ་མཛད། དུས་འཁོར་དང་རིག་གནས་ལ་མཁས་པའི་སློབ་མ་མང་དུ་ཐོན། དེ་གཉིས་དུ་ཀ་ལ་ལོ་ཙཱ་བ་མཆོག་ལྡན་གྱིས་གསན། དེ་ནི་མང་མཁར་ཁྲ་ཚང་དུ་སྐུ་འཁྲུངས། གཞོན་ནུའི་དུས་འཕགས་པ་རིན་པོ་ཆེ་ལ་རབ་བྱུང་ཞུས། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ཅེས་རང་ཉིད་ཀྱིས་འདོགས་པར་ཞུས་ནས་བཏགས་པ་ལ། ཕྱིས་ལོ་ཙཱ་བ་མཆོག་ལྡན་ཞེས་གྲགས། གཤིན་རྗེའི་གཤེད་དམར་པོའི་རྒྱུད་དང་། རལ་གཅིག་མ་དམར་མོའི་རྒྱུད་དང་སྒྲུབ་ཐབས་ལ་གཞི་འགྱུར་མཛད་ཅིང་། བོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་དང་དབང་དང་གདམས་ངག་ཕལ་མོ་ཆེའི་ལུང་དང་བཀའ་མངའ་བས་བོད་ཀྱི་དགེ་བའི་བཤེས་གཉེན་མང་པོའི་བླ་མར་གྱུར་པ་དེ་ཉིད་ཀྱིས་གསན། དེ་ལས་བླ་མ་དཔལ་ལྡན་སེང་གེས་གསན། དེ་ལ་བུ་སྟོན་རིན་པོ་ཆེས་ཆོས་དང་དབང་བཀའ་མང་དུ་གསན་ནའང་རྒྱུད་འགྲེལ་གྱི་བཤད་པ་མ་གསན། དཀའ་གནས་ལ་གསུང་གླེང་དང་དྲི་གཏུགས་མང་དུ་མཛད། དེ་ལྟར་དུས་ཀྱི་འཁོར་ལོ་ལ་སྔ་ཕྱིར་འགྱུར་མི་འདྲ་བ་ཉི་ཤུ་རྩ་ལྔ་ཙམ་བྱུང་བའི་ནང་ནས་ཤོང་འགྱུར་ཉིད་མཆོག་ཏུ་དགོངས་ནས་བཤད་པ་ཐམས་ཅད་འགྱུར་དེའི་སྟེང་ནས་མཛད་པར་གྲགས་པས་ཤོང་སྟོན་འདི་ཡང་ལུགས་འདི་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེའོ། །

          རབ་བྱུང་གསུམ་པའི་ཐོག་མ་མེ་ཡོས་(1147)ལོར་རྗེ་བཙུན་གྲགས་པ་རྒྱལ་མཚན་འཁྲུངས། དེས་དགུང་ལོ་ལྔ་བཅུ་ང་བརྒྱད་པ་ཤིང་བྱི་ལོར་དུས་ཚོད་ངེས་པར་གཟུང་བའི་རྩིས་དང་། གཟའ་སྐར་འཕྲོད་མི་འཕྲོད་ཀྱི་རྩིས་སོགས་མཛད། རབ་བྱུང་བཞི་པའི་ཤིང་ལུག་(1235)ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་ནས་དགུང་ལོ་ཉི་ཤུ་རྩ་དྲུག་པ་(1260)ནས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་དེར་བོད་ལ་གནམ་རིག་ཡར་རྒྱས་སྔར་ལས་ཆེ་བ་བྱུང་། བླ་མ་འཕགས་པ་ཉིད་ཀྱིས། ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ། ཉི་ཁྱིམ་འཕོ་བའི་ངེས་པ། དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་བསྡུས་དོན་དང་བཅས་པ། གདོད་མའི་དུས་གསལ་བར་བྱེད་པའི་རྩིས། རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པའི་རྩིས། དྷྲུ་ཝ་གཉིས་པའི་རྩིས། ལོ་བདག་ཉི་ཤུའི་རྩིས། རྟེན་འབྲེལ་གྱི་རྩིས་རིན་ཆེན་སྒྲོན་མེ། རྒྱལ་བུ་ཇིམ་གྱིམ་གྱིས་ཆོས་འཁོར་བསྐོར་བའི་རྩིས། སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་སོགས་རྩིས་ཀྱི་བསྟན་བཅོས་དུ་མ་མཛད། གཞན་ཡང་གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། ཀུན་དགའ་དཔལ་བ་སོགས་རྩིས་རིག་མཁས་དབང་མང་པོ་སྔ་ཕྱིར་ཐོན། རྡོ་རྗེ་དཔལ་གྱིས་བསྟན་རྩིས་སོགས་མཛད། བོད་རང་གི་གནམ་གཤིས་དང་། ས་ཆའི་དུས་བབ་ལ་ཞིབ་ཏུ་དཔྱད། རྒྱ་རྩིས་ཧོང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་ཀྱི་བབ་དང་སྦྱར་བ། ས་སྐྱའི་ལོ་ཐོ་ཞེས་པ་ཐོག་མར་བཏོན་ནས་བོད་ཀྱི་ལོ་ཐོའི་སྲོལ་སྔར་ལས་གོང་འཕེལ་བྱུང་། དེ་ནས་རབ་བྱུང་ལྔ་པའི་ས་རྟ་(1318)ལོར་རྗེ་རང་བྱུང་རྡོ་རྗེས་རྩིས་ཀུན་བཏུས་པ་མཛད། བུ་སྟོན་རིན་པོ་ཆེས་རབ་བྱུང་ལྔ་པའི་མེ་སྟག་(༡༣༢༧)ལོར་རྩིས་གཞུང་མཁས་པ་དགའ་བྱེད་ཡན་ལག་དང་བཅས་པ་མཛད། རབ་བྱུང་བདུན་པའི་ཤིང་སྟག་(1434)ལོར་མཁས་གྲུབ་རྗེས་དུས་འཁོར་འགྲེལ་ཆེན་མཛད། རབ་བྱུང་བརྒྱད་པའི་མེ་ཡོས་(༡༤༢༥)ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྩིས་གཞུང་ཆེན་པོ་མཛད་ནས་མཚུར་ཕུའི་ལོ་ཐོ་ཞེས་པ་བཏོན་པས་དུས་ཕྱིས་བར་དུ་དབུས་གཙང་དུ་དར་ཁྱབ་ཆེ། འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་དང་། དཔའ་བོ་གཙུག་ལག་ཕྲེང་བས་རྩིས་ཀུན་བསྡུས་པར་འགྲེལ་པ་མཛད་ཅིང་དར་བ་ནས་མཚུར་ལུགས་ཞེས་གྲགས།

          དེ་མཚུངས་ལྷོ་ཁ་ཁུལ་དུ་རྩིས་རིག་མཁས་དབང་རྒྱ་མཚོ་རྣམ་གསུམ་(ཕུག་པ་ཕྱི་མ་)ཞེས་པ་བྱོན་ཏེ།           ཕུག་པ་ལྷུན་གྲུབ་རྒྱ་མཚོས་གཙང་ཆུང་ཆོས་གྲགས་རྒྱ་མཚོའི་ཞབས་ལ་གཏུགས་རྗེ་ནོར་བཟང་རྒྱ་མཚོ་དང་། གྲ་ཆུང་ཡོན་ཏན་རྒྱ་མཚོ་བཅས་ཀྱིས། དུས་ཀྱི་འཁོར་ལོའི་དཀའ་གནད་ཐམས་ཅད་ལ་སྒྲོ་འདོགས་ལེགས་པར་བཅད་དེ་ཕུག་པ་གོང་མས་ཀྱང་འགྲན་དུ་མེད་པའི་རྩིས་རིག་མཁས་པའི་དབང་པོར་གྱུར་ཏེ། རབ་བྱུང་བརྒྱད་པའི་མེ་ཡོས་(༡༤༤༧)ལོར་རྩིས་གཞུང་པད་དཀར་ཞལ་ལུང་དང་། གཞན་ཡང་དབྱངས་འཆར་འགྲེལ་པ་མཆོག་དགས་གཙོས་རྩིས་གཞུང་མང་པོ་མཛད། དེ་བཞིན་དུ་ཕུག་པ་ཆང་ཁྱིམ་འཕགས་པ་ལྷའི་བརྒྱུད་པ་དཔལ་འབྱོར་ཕུན་ཚོགས་སམ། དཔལ་མགོན་འཕྲིན་ལས་ཞེས་གྲགས་པ་བྱུང་ནས། ཞལ་ལུང་མཛེས་རྒྱན། ལོ་ཟླའི་འགོ་འཛིན་སོགས་ཡིག་ཆ་དུ་མ་མཛད། འདི་ལ་བུ་རིག་པ་ཤིན་ཏུ་བླུན་པ་ཞིག་སྐྱེས་སྟབས། མཆེད་ཀྱི་རིགས་འཁྱར་དཔལ་གྱི་སེང་གེ་ཞེས་པ་ཕུག་པར་ཚུར་བླངས། གེ་བླུན་པ་དེ་གལ་ཆེ་བའི་དབང་གིས་ཕུག་པའི་ཚོམ་དུ་ལྐོག་སློབ་ནན་དུ་མཛད་པ་དཔལ་གྱི་སེང་བུས་རྒྱ་མཐོངས་ཀྱི་ཕག་ནས་ཉན་པས་དངོས་སུ་བསླབ་པ་ལས་ཤེས་སླ་བ་བྱུང་ཞེས་གྲགས། དེ་རྗེས་དཔལ་མགོན་འཕྲིན་ལས་གཤེགས་པའི་དབང་གིས་དཔལ་གྱི་སེང་གེའི་ཡོན་ཏན་མཇུག་སྐྱོང་དུ་དཔལ་མགོན་འཕྲིན་ལས་ཀྱི་སློབ་བུ། རྒྱལ་བྱེད་ཚལ་གྱི་སློབ་དཔོན་གྱི་རྩར་སློབ་གཉེར་དུ་ཡར་རྒྱབ་པས་རྫོངས་བདའ་མཛད། དེའི་མདུན་ནས་སྒྲ་གཅན་གཟའ་ལྔ། དུས་སྦྱོར་ཞག་གསུམ་རྣམ་དབྱེ་སོགས་ལག་ལེན་རགས་ཙམ་གསན་པ་ལས་ཞལ་ལུང་མ་བུ་ལ་སོགས་པའི་རི་མོའི་རྩ་བ་ཅུང་མ་ཁོག་པར་བརྟེན། རབ་བྱུང་བཅུ་པའི་ས་བྱ་(༡༦༠༩)ལོར་མཁས་པ་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ལས་གསན། རབ་འབྱམས་པ་པད་མ་ཆོས་སྐྱོང་ཞེས་བྱ་བ་གྲུབ་མཐའ་ཕུག་ལུགས་སུ་སྣང་ཞིང་རྩིས་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེའི་དྲུང་ནས་ཞལ་ལུང་བུ་ཡིག་ཟུར་བཀོལ་གྱིས་བརྒྱན་པ་དང་། དབྱངས་འཆར་མཆོག་དགའ་སོགས་རྩིས་སྐར་ནག་ཚང་མ་མཐར་ཕྱིན་པ་མཛད། དཔལ་གྱི་སེང་གེ་ནས་ཕུག་པའི་མི་རྒྱུད་ཆད་ཀྱང་། ཕུག་ལུགས་ཀྱི་སློབ་རྒྱུན་འཛིན་མཁན་དཔལ་མགོན་འཕྲིན་ལས་ཀྱི་སློབ་མ་དུས་རམས་པ་འཆི་མེད་བདེ་བས་རྩིས་སྐར་ནག་གསན། ཁྱད་པར་དབྱངས་འཆར་ལ་མཁས་པར་གྱུར། ད་དུང་བལ་ཡུལ་འཛུམ་ལང་སོགས་ཆུ་བཞིན་ཉུལ་ཏེ་སྒྲོ་འདོགས་ལེགས་པར་བཅད་ནས་དབྱངས་འཆར་སྨྲ་ན་མེད་དུ་མི་རུང་བ་ལག་ལེན་ནོར་བུའི་ཕྲེང་བའམ་འོད་ཟེར་བརྒྱ་པ་མཛད། རབ་བྱུང་བཅུ་པའི་ཤིང་བྱི་(1624)ལོར་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱིས་རྩིས་སྐར་ནག་གི་དྲི་བ་བརྩམས། རྗེས་སུ་སྨིན་གླིང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡབ་གཞོན་ནུ་དོན་གྲུབ་དང་། རྩིས་རིག་སྨྲ་དབང་ལྷོ་ཁ་གྲ་ནང་གི་ལྡུམ་པོ་དོན་གྲུབ་དབང་རྒྱལ་དང་། ལུ་འགོ་བླ་མཁྱེན་ངག་དབང་སོགས་ཕུག་ལུགས་ཀྱི་རྗེས་འཛིན་མཁས་ཤིང་མང་བ་བྱོན་ཏེ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་ལོར་རྒྱལ་དབང་ལྔ་པས་སྐར་ནག་རྩིས་ཀྱི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་མཛད། ལྡུམ་པོ་དོན་གྲུབ་དབང་རྒྱལ་གྱིས་སྐར་ནག་ཟུང་སྦྱོར་ཞེས་པ་དང་། འདར་ལོ་སྐད་གཉིས་སྨྲ་བའི་རིན་ཆེན་ཕྲ་ཚོམ་པན་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་ལྷན་ཐབས་རྒྱུ་སྐར་ཕྲེང་བ་སོགས་བརྩམས། ལྷག་པར་ཉི་ཟླ་གཟའ་འཛིན་རྩི་བ་ལ་ཡབ་པ་སྐུ་སྐྱེ་དབང་དྲག་རྡོ་རྗེ་དང་། ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ཞེས་པ་གཉིས་བྱུང་། དེའི་ནང་ནས་ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་ལ་ཕུ་ཀླུང་པ་གཡུ་ལོ་ནས་རབ་བྱུང་བདུན་པ་ནས་བཟུང་རབ་བྱུང་བཅུ་གཅིག་པ་བར་(1387-1687)གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ་དང་མྱོང་བྱང་གི་དཔེ་ཉར་རྒྱུ་ཡོད་པས་ཉི་ཟླ་གཟའ་འཛིན་བརྟག་པ་ལ་ཅུང་མངའ་བརྙེས་པ་ལྟ་བུ་བྱུང་བ་རེད། རབ་བྱུང་བཅུ་གཅིག་པའི་ཆུ་སྤྲུལ་(༡༦༥༣)ལོར་སྡེ་སྲིད་རིན་པོ་ཆེ་སངས་རྒྱས་རྒྱ་མཚོ། ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། མཁས་དབང་དཔལ་ལྡན་ཕུན་ཚོགས་དང་། ཀུན་གཟིགས་ལྔ་པ་ཆེན་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན། མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་པཎྜི་ཏར་གྱུར། སྨན་རྩིས་རིག་གནས་ཀྱི་སྐོར་མང་པོ་མཛད། ཁྱད་པར་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་(1683)ལོར་སྐར་ནག་དབྱངས་གསུམ་གའི་དོན་བསྡུས་པ་རྩིས་གཞུང་བཻ་དཀར་རྩོམ་གནང་མཛད། བོད་ཡོངས་ཀྱི་རྩིས་པ་ཚང་མས་འདྲི་ཞིང་རྩོད་པས་དོགས་གཅོད་དགོས་པའི་གསུང་བསྐུལ་མཛད་པར་བརྟེན། མཁས་པ་ཆེན་པོ་ལུ་འགོ་བླ་མཁྱེན་ངག་དབང་གིས་དཀའ་གནད་ཀྱི་དྲི་བ་ཉིས་བརྒྱ་བརྒྱད་ཕུལ་བ་ལ། ལུང་རིགས་མན་ངག་གིས་ཐེ་ཚོམ་གཅོད་པའི་དྲིས་ལན་གཡའ་སེལ་མཛད། དེ་ནས་བཟུང་མཁས་པ་ཚང་མས་བོད་ཀྱི་རྩིས་གཞུང་ཚད་ལྡན་དུ་འཛིན། བསྟན་འཛིན་མཁས་གྲུབ་ཆེན་པོ་འཇིགས་མེད་གླིང་པས་ཀྱང་སྟོན་པ་འཁྲུངས་པའི་ལོ་ཟླ་ལ་རྒྱ་བལ་ཁ་ཆེའི་པཎྜི་ཏ་མང་པོ་ཞལ་མ་འཆམས་པའི་འདོད་ཕྱོགས་ཐ་དད་ཡོད་ཀྱང་། འདི་ནི་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་དྷྲུ་ཝ་ཡར་སློག་གི་དུས་ཚིགས་བརྟག་པའི་འགྲོལ་ཅན་དང་སྒོ་བསྟུན་ནས་རྣམ་པར་དཔྱད་པའི་རྗེས་སུ་འབྲངས་པའི་ལེགས་བཤད་བཻ་ཌཱུར་དཀར་པོ་ཞེས་པ་པད་དཀར་ཞལ་ལུང་ལ་ཅོ་འདྲི་བ་དང་། འཇིག་རྟེན་མིག་གཅིག་ལྔ་པ་ཆེན་པོའི་བསྟན་བཅོས་རྒྱལ་རབས་དཔྱིད་རྒྱལ་མ་སོགས་ཀྱི་རྗེས་སུ་འབྲངས་པའི་མན་ངག་རྣམ་དག་ཡིན་ནོ། །ཞེས་ཚད་ཐུབ་ཀྱི་ཁུངས་སུ་མཛད་ཅིང་བསྔགས་བརྗོད་ཆེ། སྔ་ཕྱིར་ལྷ་ས་དང་། སྡེ་དགེ ཨ་མདོ་བཀྲ་ཤིས་འཁྱིལ་བཅས་སུ་ཤིང་པར་བརྐོས་ནས་རྒྱ་ཁྱབ་ཏུ་བེད་སྤྱོད་བཏང་བ་རེད། ཡང་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་(༡༧༡༤)ལོར་ལྷོ་ཁ་སྨིན་གྲོལ་གླིང་གི་ལོ་ཆེན་དྷརྨ་ཤྲཱིས་རྩིས་གཞུང་ཉིན་བྱེད་སྣང་བ་དང་། དེའི་ཕྱི་ལོ་ནས་རྣམ་འགྲེལ་གསེར་གྱི་ཤིང་རྟ་མཛད། སྨན་གླིང་རང་དུ་སྨན་རྩིས་ཀྱིས་གཙོས་པའི་རིག་གནས་སློབ་གྲྭ་བཙུགས། སྨན་གླིང་ལོ་ཐོ་ཞེས་སྐད་གྲགས་ཅན་དེ་བཏོན་ནས། བར་སྐབས་དབུས་གཙང་ཁུལ་དུ་ལོ་ཐོ་འདི་གཙོ་བོར་གནང་སྲོལ་ཡོད་པ་རེད། དེ་ལྟར་བཻ་དཀར་དང་ཉིན་སྣང་སྟེ་རྩིས་གཞུང་ཆེན་པོ་འདི་གཉིས་ནི་ཕུག་པའི་རིང་ལུགས་དར་ཁྱབ་ཀྱི་ཕྲིན་ལས་ཆེ་ཞིང་། བོད་ལྗོངས་སྨན་རྩིས་ཁང་ལ་སོགས་པ་རྩིས་རམས་པ་རྣམས་ཀྱིས། རྩིས་ཀྱི་ལག་ལེན་གྱི་ཁུངས་གཏུགས་ས་ཡིན་ནོ། །མདོ་ཁམས་སྟོད་དུ་མཁས་མཆོག་སི་ཏུ་ཆོས་འབྱུང་གིས་རྒྱ་ནག་ནས་ད་ལྟ་རང་རེའི་ལོ་ཐོའི་ནང་བེད་སྤྱོད་བྱེད་བཞིན་པའི་གླང་རྩིས་སོགས་སྨན་རྩིས་སྐོར་འགའ་ཞིག་བསྒྱུར་བ་དང་། རྒྱ་གར་དང་བལ་ཡུལ་ནས་ཀྱང་འབྲས་རྩིས་སོགས་བསྒྱུར། དཔལ་སྤུངས་སུ་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས། མཚུར་ལུགས་གཙོ་བོར་བྱེད་པའི་གཞུང་ལུགས་ལག་ལེན་དར་སྤེལ་གནང་བ་རེད། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་(1732)ལོར་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རྩིས་གཞུང་ཉེར་མཁོ་བུམ་བཟང་བརྩམས། དཔལ་སྤུངས་ལོ་ཐོ་ཤིན་ཏུ་རྒྱས་པ་བཏོན། རབ་བྱུང་བཅུ་གཉིས་པའི་ཤིང་སྟག་(1734)བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་རྩིས་གཞུང་ལེགས་བཤད་ནོར་ཕྲེང་བརྩམས། རབ་བྱུང་བཅུ་གསུམ་པའི་མེ་ཡོས་ (1747)ལོར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་དགེ་ལྡན་རྩིས་གསར་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ (1753)ལོར་འཕྱོངས་རྒྱས་མཁན་པོ་བསྟན་འཛིན་རྒྱ་མཚོས་རྩིས་གཞུང་བཻཌཱུར་བཞད་པའི་འཛུམ་དཀར་བརྩམས། བོད་མཁས་དང་འཕྱོངས་རྒྱས་པ་རྣམ་གཉིས་ཀྱིས་གཙང་ཁུལ་དང་། ལྷོ་ཁ་ཁུལ་གྱི་གནམ་རིག་ཡར་རྒྱས་གཏོང་གནང་མཛད་པ་རེད། རབ་བྱུང་བཅུ་གསུམ་པའི་མེ་འབྲུག་(1796)ལོར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་རྩིས་གཞུང་མཁས་པའི་སྙིང་ནོར་མཛད། རབ་ཡིད་ལྕགས་སྟག་ (1830)ལོར་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་དུས་གཟེར་རྩིས་ཀྱི་ལག་ལེན་མཛད། རབ་ཡིད་ཆུ་བྱི་ (1852)ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རྒྱ་རྩིས་ལེགས་བཤད་ཀུན་འདུས་སོགས་མཛད། རབ་ཚེས་མེ་ཡོས་ (1867)ལོར་འོ་རྫོང་པཎྜི་ཏས་རྩིས་གཞུང་རྣམ་གསལ་འོད་ཐིག་དང་། དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རིགས་ལྡན་མཆོད་པའི་འོད་སྣང་མཛད་པ་སོགས་ཀྱིས་མདོ་ཁམས་སྟོད་སྨད་དུ་དར་ཁྱབ་ཆེ། འོན་ཀྱང་དབུས་གཙང་ཕྱོགས་སུ་སྐབས་དེར་གནམ་རིག་སྐར་རྩིས་རིམ་བཞིན་ཉམས་ཞན་དུ་གྱུར་ནས་གནམ་རིག་རྩིས་གཞུང་རྩོམ་མཁན་དཀོན་པ་དང་། རྩིས་གཞུང་སློབ་གཉེར་བྱེད་མཁན་ཡང་ཉུང་དུ་ཕྱིན་འདུག རབ་ཚེས་ས་སྤྲེལ་ (༡༩༠༨)ལོར་འཇམ་པའི་དབྱངས་དངོས་མི་ཕམ་རིན་པོ་ཆེས། དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་མཛད། གཞན་ཡང་མཁས་དབང་འདིས་སྔ་ཕྱིར་སྐར་རྩིས་སྔོན་འགྲོ་རིན་ཆེན་མེ་ལོང་། སྐར་རྩིས་སྣ་ཚོགས། དུས་རྩིས་ངོ་མཚར་ཉི་མ། རྩིས་སྐོར་ནོར་བུའི་ཕྲེང་བ། ཁྱིམ་བཅུ་གཉིས་ཀྱི་དཔེ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་སྐྱེད། ཟླ་རྐང་གི་དོགས་གནས་ལ་དཔྱད་པ། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། དབྱངས་འཆར་འགྲེལ་པ་ཤེལ་གྱི་མེ་ལོང་། གོ་ལའི་དྲིས་ལན་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་། ནག་རྩིས་ཀྱི་སྐོར་སོགས་ཤིན་ཏུ་ངོ་མཚར་བའི་ལེགས་བཤད་དུ་མ་སྤེལ་ནས་རིག་གནས་སྤྱི་དང་སྐར་རྩིས་གོང་འཕེལ་གཏོང་བ་ལ་མཛད་རྗེས་ཆེན་པོ་བཞག་པ་གནང་ཡོད། ཁམས་ཀཿཐོག་ཏུ་ཡང་རིག་གནས་སློབ་གྲྭ་ཚུགས་ནས་རིག་གནས་ཆ་ཚང་འཆད་ཉན་བྱེད་ཀྱི་ཡོད་ཅིང་། ལྷག་པར་དགེ་རྩེ་པཎ་ཆེན་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་རྩིས་གཞུང་ཨུཏྤལ་སྔོན་པོའི་དོ་ཤལ་མཛད། ལོ་རེ་བཞིན་ཕུག་ལུགས་གཙོར་བཏོན་གྱི་ལོ་ཐོ་རྩོམ་སྒྲིག་བྱེད་པ་ཁྱབ་ཆེ། རྗེ་འཇམ་དབྱངས་བཞད་པས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨན་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་གཉིས་བཙུགས་ནས་སྨན་རྩིས་རབ་འབྱམས་པ་མང་པོ་ཐོན་པས་བོད་ཀྱི་གནམ་རིག་སྐར་རྩིས་དང་། ལོ་ཐོའི་སྲོལ་དེ་མདོ་ཁམས་སྟོད་སྨད་ཀུན་ལ་དར་ཁྱབ་ཆེན་པོ་བྱུང་ངོ་། །

དེ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་(1916)ལོར་ལྷ་ས་སྨན་རྩིས་ཁང་གསར་དུ་བཙུགས་ནས་མཁས་དབང་མཁྱེན་རབ་ནོར་བུ་དབུ་འཛིན་དུ་བསྐོ་བཞག་གནང་བ་རེད། དམ་པ་འདི་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་(༡༨༨༣)ལོར་ལྷོ་ཁ་རྩེད་ཐང་དུ་ཡབ་རྩིས་པ་རྔ་བོ་ཆེ་དང་། ཡུམ་དབྱངས་ཅན་གྱི་སྲས་སུ་འཁྲུངས། སྐུ་ན་སོན་ནས་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་སློབ་གཉེར་མཛད། རིང་པོར་མ་ཐོགས་པར་སྔོན་སྨོན་ཐུགས་བསྐྱེད་ལས་འཕྲོས་མཚམས་སྦྱར་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་སློབ་སྦྱོང་གནང་བར་ཕེབས། ཐོག་མར་ལྕགས་རིའི་སྨན་པ་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་གྱི་ཞབས་ལ་གཏུགས་ནས། དཀའ་སྤྱད་འབད་བརྩོན་དྲག་པོས་སློབ་སྦྱོང་མཛད་པས་བློ་གྲོས་དང་བརྩོན་འགྲུས་ལ་ཀུན་གྱིས་བསྟོད་བསྔགས་དང་སྨོན་པའི་གནས་སུ་གྱུར། དེ་རྗེས་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་དང་། འཚོ་མཛད་རྡོ་རྗེ་རྒྱལ་མཚན། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན། ཙཱ་རི་ཅིག་ཅར་གདུང་འཛིན་སོགས་བསྟན་ནས་རིག་གནས་ཀུན་ལ་སྦྱངས་པས་མཁྱེན་རབ་ཀྱི་རྩལ་རྫོགས། གཞན་ཡང་སྔ་ཕྱིར་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན། འཇམ་པའི་རོལ་པའི་བློ་གྲོས། དགེ་འཕེལ་སྤྲུལ་སྐུ་ཀུན་བཟང་ཆོས་ཀྱི་ཉི་མ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་མཁས་གྲུབ་མང་པོ་བསྟེན་ནས། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག གསོ་རིག་རྒྱུད་བཞི་སོགས་མདོ་སྔགས་རིག་གནས་རྒྱ་མཚོའི་སྨིན་གྲོལ་རྒྱབ་རྟེན་ལག་ལེན་དང་བཅས་པའི་གསུང་གི་བདུད་རྩི་ཡང་ཡང་མྱོང་བས་ཆོས་ཐམས་ཅད་ཀྱི་བདག་པོར་གྱུར། སྐྱབས་མགོན་རྒྱལ་བའི་དབང་པོའི་བླ་སྨན་དུ་མངའ་གསོལ། ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱི་འགན་བཞེས། སྨན་རྩིས་ཁང་གི་ལོ་ཐོ་ཞེས་སྙན་གྲགས་ཅན་ཕུག་ལུགས་བོད་ཀྱི་ལོ་ཐོ་འདོན་འགྲེམས་གནང་། མཁས་པའི་ཡོན་ཏན་དང་མཛད་ཕྲིན་བཟང་པོའི་གྲགས་པས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་པས། མཁས་པ་དང་བློ་གསལ་དོན་གཉེར་ཅན་མང་པོས་ཞབས་ལ་གཏུགས། སྔ་ཕྱིར་དགོན་སྡེ་ཁག་དང་། དམག་སྒར་ཁག རིགས་འཛིན་སྔགས་འཆང་དུ་མ། གཞན་ཡང། མཚོ་སྔོན། རྔ་པ། ཁམས་ཕྱོགས། འབྲུག་པ། འབྲས་ལྗོངས། ལ་དྭགས། ཁུ་ནུ་བཅས་ཀྱི་སློབ་མའང་འདུས་ཏེ་དེ་དག་ལ་རང་རང་གི་བློ་དང་མོས་པར་མཚམས་པའི་ཆོས། སྨན་རྩིས། སྒྲ་སྙན་སོགས་རིག་གནས། བཤེས་སྤྲིང་། སློབ་སྤྲིང་། ལམ་སྒྲོན་སོགས་གང་ལ་གང་འདུལ་གྱིས་སློབ་ཚོགས་སྐྱོང་བ་དང་། སྔ་ཕྱིར་སྨན་རྩིས་ཀྱི་གཞུང་དུ་མ་ཕྱོགས་སྒྲིག་དང་། གསར་རྩོམ་མཛད། ཁྱད་པར་སྐར་རྩིས་སྐོར་ལ། ས་རྟ་རིགས་ལྡན་སྙིང་ཐིག་མེ་ཡོས་ལ་རྩིས་འགོ་སྤོ་གནང་དང་། རྒྱ་རྩིས་རིགས་ལྡན་མཆོད་པའི་འོད་སྣང་རྩིས་འགོ་བསྟུངས་ཤིང་སློབ་ཁྲིད་གནང་། སློབ་ཁང་ལྡེབས་རིས་ལ་སྨན་རྩིས་ཀྱི་དཔེ་རིས་བཀོད་པའི་གྲས་སུ་དུས་འཁོར་ལུགས་ཀྱི་རི་རབ་དང་། གོ་ལའི་དཔེ་རིས་མི་འདྲ་བ་དུ་མ་འགོད་གནང་མཛད་པ་སོགས་ཐབས་མཁས་སྣ་ཚོགས་ཀྱི་སྒོ་ནས་ལུས་ཅན་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་སྨན་རྩིས་ཀྱི་བསྟན་པ་མི་ཉམས་སྲིད་མཐའི་བར་དུ་གནས་པའི་ཆེད་དུ་ཕྱོགས་ཐམས་ཅད་དུ་རྒྱ་ཆེར་སྤེལ་ཏེ་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་རྒྱལ་ཆུ་སྟག་བོད་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །དེ་ལྟར་སྨན་རྩིས་བསྟན་པའི་མཛེས་རྒྱན་དེ་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང། ཕྲིན་ལས་ཀྱི་མཛད་རྗེས་ལ་བརྟེན་ནས་བོད་ལྗོངས་སྨན་རྩིས་ཁང་འདི་ཉིད་རིག་གནས་གསར་བརྗེའི་དུས་འགྱུར་སྐྱི་གཡའ་བའི་ནང་དུའང་ཉམས་འཐོར་ཆེར་མ་ཕྱིན་པར་གནས་ཐུབ་པ་བྱུང་བ་དང་། དེང་སྐབས་ཀྱང་བརྒྱུད་འཛིན་ཞལ་སློབ་མཁས་དབང་དུ་མ་བཞུགས་ཤིང་། སྨན་རྩིས་སོགས་རིག་གནས་ཀྱི་སློབ་སྲོལ་ཕྱག་ལེན་མ་ཉམས་པར་གནས་པ་ཉིན་བཞིན་གོང་འཕེལ་དང། དེ་ལ་བརྟེན་ནས་རང་ལྗོངས་ཀྱི་ས་གནས་གང་སར་རིག་གནས་རྟེན་གཞི་སྨན་རྩིས་ཁང་མང་པོ་ཚུགས་ཡོད་ཅིང་ དེ་དག་གིས་ལོ་ཐོ་འདོན་པ་སོགས་སྦྱངས་འབྲས་མངོན་གསལ་ཅན་སྤེལ་བར་མ་ཟད། ཞིང་ཆེན་གཞན་དང་རྒྱལ་ཁབ་གཞན་གྱི་ནང་དུ་ཡང་ཁྱབ་དར་འགྲོ་བཞིན་པ་རེད། འདི་ནི་གངས་ཅན་སྨན་རྩིས་རིག་གནས་འཛིན་པ་ཀུན་གྱི་རྗེས་དྲན་དད་པའི་གསོས་སུ་མདོ་ཙམ་བཀོད་པ་ལས་རྒྱས་པར་ནི་སྐུ་དངོས་ཀྱི་ཞལ་སློབ་སྨན་རྩིས་ཡོན་ཀྲང་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་མཛད་པའི་རྟོགས་བརྗོད་སྐལ་ལྡན་ཡིད་དབང་འཕྲོག་པའི་ཕོ་ཉ་ལས་རྟོགས་པར་བྱའོ། །

མཁྱེན་པས་བཅུ་ཕྲག་ཤེས་བྱའི་དོན་ཀུན་གཟིགས། །རབ་མང་འགྲོ་ལ་བརྩེ་ཆེན་ཐུགས་རྗེས་ཁྱབ། །ནོར་མེད་ལམ་བཟང་ཇི་བཞིན་འདོམས་ནུས་པ། །བུ་རམ་ཤིང་པའི་བསྟན་འཛིན་ཁྱེད་རྨད་བྱུང་། །སྨན་རྩིས་བསྟན་པ་ནུབ་མེད་ཕྱག་རྗེས་འདིས། །གཡུ་ཐོག་གཉིས་པ་ངེས་སོ་སུ་ཡིས་བསྙོན། །གང་གི་ཕྲིན་ལས་འཛིན་སྐྱོང་སྤེལ་བ་ཡང་། སྔོན་སྨོན་ལས་འབྲེལ་ཅན་ནོ་གཅམ་བུ་མིན། །ཞེས་པའང་ཐོལ་བྱུང་དུ་སྨྲས་སོ། །

དེ་ལྟར་བོད་མི་རིགས་རང་ཉིད་ཀྱི་གནའ་བོའི་རྩིས་རིག་གཞིར་བཟུང་དཔལ་དུས་ཀྱི་འཁོར་ལོའི་ཕྱི་རོལ་ཤེས་པའི་ཡན་ལག་ཏུ་སྐར་རྩིས་ཀྱི་རིག་པ་གསུངས་པ་རྩལ་དུ་བཏོན། དེའི་ཕུན་སུམ་ཚོགས་པའི་ཆ་ལག་ཏུ་བལ་པོའི་ཀ་ར་མྱོང་རྩིས་དང་། རྒྱ་ནག་ནས་སྔ་ཕྱིར་དར་བའི་རྩིས་རིག་གིས་ཀྱང་ཟུར་བརྒྱན། བོད་རང་གི་ཡུལ་དུས་དང་འཚམས་པར་ཇི་ལྟར་སྤྱོད་ཚུལ་གཏན་ལ་ཕབ་པའི་ཉམས་མྱོང་དང་ཟུང་དུ་སྦྲེལ་བའི་གནམ་རིག་སྐར་རྩིས་འདི་ནི། ཚེགས་ཆུང་ངུ། གཎྜ་ཡངས་པའི་ནང་དུ་ས་རིས་ཀྱི་བྱ་བ་ཙམ་ལ་བརྟེན་ནས། དོན་ཆེན་པོ་ནམ་མཁའི་གཟའ་སྐར་གྱི་འཕྲད་ཚུལ་དང། འགྲོས་བཞི། དུས་བཞི་དང་དུས་ཚིགས་ཉེར་བཞི། ཉི་ཟླ་གཟའ་འཛིན། ཐན་ཞོད་སོགས་རང་བྱུང་ཁམས་ཀྱི་འགྱུར་བ་ལྐོག་ཏུ་གྱུར་པ་རྣམས་བདེ་བླག་ཏུ་རྟོགས་ནུས་ཤིང་། མི་འཆུགས་པའི་གཟེར་ཐེབས་པའི་ཚན་རིག་གི་ལག་ལེན་དཔྱད་བཟོད་པ་ཞིག་ཡིན་པས། མཁས་མཆོག་ཚེ་དབང་རྣམ་རྒྱལ་གྱིས། རྩིས་ཀྱི་ཡོལ་གོ་ཁྲུ་བཞིའི་ཐང་ཡངས་པོར། །ངོ་མཚར་རི་མོའི་རྣམ་འགྱུར་ངོམ་ཙམ་གྱིས། །གནམ་ས་གོ་ལའི་ལྐོག་གྱུར་གནད་རྣམས་ཀུན། །ཇི་བཞིན་སྟོན་མཛད་གངས་ཅན་རྩིས་སྟོན་ཆེ། །ཞེས་བསྔགས་བརྗོད་མཛད་པ་དོན་དང་ལྡན་པ་ཡིན། དེ་ཡང་སྐལ་བ་དང་ལྡན་པ་དག་གིས་རིག་པ་འདི་ཉིད་སྦྱོང་བའི་ཚེ། ཐོག་མར་ས་རིས་ལ་བྱང་བར་བྱ་ཞིང་། དེ་ནས་རི་མོ་ཙམ་གྱིས་ཆོག་པར་མི་འཛིན་པར་གོ་དོན་དང་སྦྱར་ཏེ་ཞིབ་འཇུག་བྱ་བ་གལ་ཆེའོ། །

        


སླར་སྨྲས་པ། མཚུངས་མེད་ཀུན་མཁྱེན་སྟོན་པས་ལེགས་གསུངས་ཤིང་། །མཁས་པས་རབ་བསྔགས་སྐལ་བཟང་འཇུག་པའི་སྒོ། །རྒྱ་ཆེན་ཤེས་བྱ་རིག་པའི་གནས་བཅུ་ལས། །ངོ་མཚར་རྩིས་རིག་གཙུག་ལག་མཛེས་པའི་རྒྱན། །མཁའ་ལ་དབང་བྱེད་གཟའ་དང་རྒྱུ་སྐར་གྱི། །གནས་དང་ལོངས་སྤྱོད་ས་རིས་ལ་བརྟེན་ནས། །རྗེས་སུ་དཔག་པ་ཤེས་བྱའི་གནས་གང་ལ། །སྐར་མའི་རྩིས་ཞེས་གཏམ་འདི་མཁས་ལ་གྲགས། །རྩིས་རིག་རིག་པའི་འཕྲུལ་འཁོར་འདི་ཡོད་ན། །མ་རྟོགས་རྟོགས་ཤིང་བསྒྲུབ་དཀའ་བདེ་བླག་འགྲུབ། །གང་འདོད་འདོད་རྒུར་བསྒྱུར་ལ་ཚེགས་མེད་པས། །ནམ་ཡང་ཡང་དག་ལམ་ལས་འདའ་བ་མེད། །ཕལ་གྱིས་ལན་བརྒྱར་བརྟག་ཀྱང་རྟོགས་མིན་པའི། །ཕྱོགས་དང་དུས་ཀྱི་ཤེས་བྱའི་ཁྱད་པར་འགའ། །རིག་པའི་གསང་ནས་མངོན་སུམ་མཐོང་བྱེད་པའི། །ངོ་མཚར་རྩིས་རིག་འཕྲུལ་གྱི་མིག་སྨན་ཉིད། །ཕྱོགས་ལས་རྣམ་རྒྱལ་སྒྲ་ཆེན་ཆེར་སྒྲོགས་པས། །བློ་གསལ་ལྷ་ཡིས་དཔུང་ཚོགས་གཟེངས་བསྟོད་ཅིང་། །དྲེགས་ལྡན་རྒོལ་པའི་ལྷ་མིན་ཞུམ་བྱེད་པའི། །ངོ་མཚར་རྩིས་རིག་གཡུལ་རྒྱལ་ལྷ་ཡི་རྔ། །རྨོངས་པའི་མུན་འཐིབས་འཁོར་བའི་འབྲོག་དགོན་དུ། །ལེགས་ཉེས་འཇུག་ལྡོག་བགྲོད་དཀའི་བཤུལ་ལམ་དེར། །རེ་དོགས་གོམ་པ་འདོར་བའི་མགྲོན་པོ་ལ། །བདེ་མྱུར་ལམ་སྟོན་རྩིས་རིག་ཉི་མ་ཡིན། །སྔོན་དགེ་ལས་འཕྲོའི་ན་ཚོད་ཆེས་གསར་ཞིང་། །རྟེན་འབྲེལ་གནད་ལ་མཁས་པའི་ལང་ཚོས་སྒེག །བླང་དོར་སྙན་པའི་གླུ་དབྱངས་སྒྲོགས་རྣམས་ལ། །རབ་དགའ་སྦྱིན་པ་རྩིས་རིག་སྐྱེད་མོས་ཚལ། །དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གནད། །དུས་ཀུན་བདེན་གཉིས་དབྱེར་མེད་རྣལ་འབྱོར་གྱིས། །དུས་གསུམ་དུས་མེད་མཉམ་པ་ཉིད་རྟོགས་ནས། །དུས་ལ་དབང་བསྒྱུར་རྩིས་མཁན་རྒྱལ་པོར་འགྱུར། །ཤེས་བྱའི་རིན་ཆེན་གླིང་མཆོག་ཉམས་དགའ་བར། །དབང་འབྱོར་རང་མེས་མཁས་པའི་དེད་དཔོན་གྱིས། །རིག་གནས་ནོར་བུ་རྗེས་འཇུག་སྤྱི་ནོར་དུ། །དྲངས་པའི་བཀའ་དྲིན་བསམས་ཤིང་ཐལ་མོ་སྦྱོར། །ཀྱེ་ཧོ་བློ་གྲོས་གསལ་བའི་གཞོན་ནུ་རྣམས། །ངན་སྤྱོད་ཕྱག་དར་ཁྲོད་དུ་མ་ཉུལ་བར། །མེས་པོས་རྗེས་བཞག་རཏྣའི་བང་མཛོད་ལ། །དོན་གཉེར་འདྲེན་བྱེད་གཏོད་ལ་སྒོ་སྐལ་ལོངས། །ཕན་བདེ་མཆོག་ལ་རང་གཞན་འགོད་འདོད་རྣམས། །འཕྲལ་བདེ་རྣམ་གཡེང་རྩེད་འཇོའི་མཆིང་བུ་དང་། །གཏན་བདེ་རིག་གནས་ནོར་བུ་མ་བརྗེ་ཞེས། །གོ་བདེ་བདེན་པའི་གཏམ་འདི་སྙིང་ལ་ཆོངས། །མཁས་པའི་གཅེས་ནོར་སྐར་རྩིས་རིག་པའི་གནས། །མཁས་གྲུབ་བརྒྱུད་པས་འཛིན་སྐྱོང་སྤེལ་བའི་ཚུལ། །མཁས་མཆོག་འཁྲུལ་བྲལ་གསུང་གི་རྗེས་འབྲངས་ནས། །མཁས་པའི་རྗེས་འཇུག་ཚུལ་ཁྲིམས་མིང་གིས་བྲིས། །ཆོས་རྗེས་མི་འབྲངས་གང་ཟག་གཞན་རྗེས་སུ། །རྟག་ཏུ་འབྲངས་རྣམས་འདི་ལ་སྨོད་ཀྱང་བླ། །དད་དང་ལྷག་བསམ་གཟུར་གནས་བློ་ལྡན་པ། །དེ་ཀུན་དགྱེས་པའི་སྐལ་པ་ཡོད་གྱུར་ཅིག །ཆོས་རྗེ་བླ་མ་བླ་ན་མངོན་པར་མཐོ། །ཆོས་སྐྱོང་རྒྱལ་པོའི་རྒྱལ་སྲིད་དབུ་རྨོག་བཙན། །ཆོས་འཛིན་དགེ་འདུན་དགེ་བཅུའི་ཆོས་སྤྱོད་འཕེལ། །ཆོས་མདུན་གནས་གཞིས་གནས་དུས་ཀུན་ཁྱབ་ཤོག །ལྷ་ལྡན་བོད་ལྗོངས་ས་ཡི་ལྟེ་བ་ན། །སྨན་རྩིས་སྒྲ་ཚད་བཟོ་རྩལ་བ་གམ་མཐོ། །ནང་རིག་ནོར་བུས་གཏམས་པའི་ཁང་བཟང་འདི། །འཛམ་གླིང་རྒྱན་དུ་འཕེལ་རྒྱས་རྟག་བརྟན་ཤོག།  །།

མཐའ་མའི་འདོན་ཐེངས་།: 18.11.2013 ཉིན། 4:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།