དུས་འཁོར་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.12.2013 |
༄༅། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་དང་
དེ་གཉིས་ཀྱི་འབྲེལ་བའི་སྐོར་ཅུང་ཙམ་བརྗོད་པ།
སྐར་རྩིས་པ་ཨ་མདོ་ལེགས་བཤད།
དེ་ཡང་འཇིག་རྟེན་ཆགས་ཚུལ་ལ་སྤྱིར་བཤད་ཚུལ་འདྲ་མིན་མང་པོ་ཞིག་ཡོད་ན་ཡང་། འདིར་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལྟར་བཤད་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ། དེའི་བར་གྱི་འབྲེལ་བའི་སྐོར་བཤད་པ་ལས།
ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ།
དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དེ་ལ་ཡང་། ས་ཡི་གོ་ལ་བཤད་པ་དང་ནམ་མཁའི་གོ་ལ་བཤད་པའོ། །
དང་པོ་ས་ཡི་གོ་ལ་དེ་ཡང་ཆགས་གནས་འཇིག་སྟོང་གི་བསྐལ་བ་བཞི་ཡོད་པ་ལས། སྟོང་བའི་བསྐལ་བ་འདས་པ་ན་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཕྱོགས་བཅུར་རླུང་གཡོས་ཏེ། རླུང་ཡུན་རིང་གཡུག་མཐར་རླུང་རོ་རྡོ་རྗེ་རྒྱ་གྲམ་ཞེས་ཁམས་ལྔ་ལས་གྲུབ་པའི་རླུང་རྡུལ་སྲ་ཞིང་མཁྲེགས་པ་ཞིག་ཆགས་པ་དེར་རླུང་གི་དཀྱིལ་འཁོར་ཞེས་བརྗོད། དེ་ནི་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་དང་ཁོར་ཡུག་ལ་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་མཐུག་རྔམས་དཔག་ཚད་སྟོང་ཕྲག་ལྔ་བཅུ་མཐའ་སྐྱོར་དང་བཅས་པའི་ནང་། མེ་ཡི་དཀྱིལ་འཁོར་ཐད་ཀར་དཔག་ཚད་འབུམ་ཕྲག་གསུམ་ཁོར་ཡུག་ཏུ་དཔག་ཚད་འབུམ་ཕྲག་དགུ་བ་ཅན་དེར། རི་བདུན་པ་རྡོ་རྗེ་རིའམ་རྟ་གདོང་མེ་ཞེས་བརྗོད། དེའི་སྟེང་ཆུ་དཀྱིལ་ཐད་དཀར་དཔག་ཚད་འབུམ་ཕྲག་གཉིས་དང་ཁོར་ཡུག་ལ་དཔག་ཚད་འབུམ་ཕྲག་དྲུག་ཡོད་པ་དེར་རྒྱ་མཚོ་བདུན་པ་ལན་ཚྭའི་མཚོ་ཞེས་བརྗོད། དེའི་སྟེང་ས་དཀྱིལ་ཐད་ཀར་དཔག་ཚད་འབུམ་ཕྲག་གཅིག་དང་། ཁོར་ཡུག་ལ་དཔག་ཚད་འབུམ་ཕྲག་གསུམ་མཐུག་རྔམས་ཀྱི་ཚད་ཚང་མ་སྟོང་ཕྲག་ལྔ་བཅུ་རླུང་དང་མཚུངས། དེ་ལྟར་དཀྱིལ་འཁོར་བཞི་བོའི་འོག་མ་འོག་མས་སྟེང་མའི་མཐའ་སྐྱོར་ཏེ། སྟེང་གི་ཁ་དེ་ཆ་མཉམ་ཞིང་དབྱིབས་ཟླུམ་པོར་ཡོད་པ་དེ་ནི། དཔེར་ན། ཕོར་བ་ཆེ་ཆུང་ཡོད་པ་ཅན་བཞི་གཅིག་ནང་གཅིག་བརྩེགས་པ་བཞིན་ནོ། །དེའི་སྟེང་འཛིན་པ་དང་སྲུབ་པར་བྱེད་པའི་རླུང་གིས་རི་རབ་དང་གླིང་ཕྲན་སོགས་ཀྱི་དབྱིབས་བྱུང་སྟེ། ས་དཀྱིལ་དབུས་སུ་ལྷུན་པོའི་རང་གཟུགས་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག་དང་། རྩ་བ་ཟླུམ་པོའི་ཚད་ཐད་ཀར་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་ཅིང་རྩེ་མོ་ནས་རྩ་བའི་བར་ཁ་ཁྱེར་རིམ་པ་ལྔ། གདུགས་ཕུབ་པ་ནང་བཞིན་གཅིག་སྟེང་གཅིག་གིས་བཀབ་པ་དེར་རྩིས་གཞུང་ལས་རྡོ་རྗེ་རྭ་ཟེར་ཞིང་། ལྷུན་པོའི་སྟེང་གི་རྒྱ་ཁྱོན་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་ཅིང་ས་དཀྱིལ་དང་ཕྲད་མཚམས་ཀྱི་རྩ་བའི་རྒྱ་ཁྱོན་ལ་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པས་དཀར་ཡོལ་བསླང་བ་ལྟར་སྟེང་གཡེལ་བའི་ཁ་མཚམས་ནས་ཤམ་བུ་བཏགས་པ་ལྟར་ཕྱི་རིམ་ནང་རིམ་དུ་ཡོད་པའི་རྭ་ལྔ་བོས་ལྷུན་པོར་ཕྱོགས་ཐམས་ཅད་དུ་ཟླུམ་པོར་བསྐོར་ཞིང་འཕྱང་བ། ནང་མ་ལས་རིམ་བཞིན་ཕྱི་མ་རིང་བས་རྭ་ལྔ་བའམ་ཕྱི་མ་དེ་རི་དྲུག་པ་བསིལ་རི་དང་མཉམ་པས་ནང་དུ་ཉི་འོད་མི་ཕོག་ཀྱང་། དེར་གནས་པའི་མི་རྣམས་རང་འོད་ཀྱིས་འཚོའོ། །དཔའ་བོ་གཙུག་ལག་ཕྲེང་བས་ལྷུན་པོའི་རྭ་ལྔའི་དབུས་མ་སྲོག་ཤིང་གི་ཚུལ་དང་། བཞི་བོ་ཐུར་དུ་འཕྱང་བ་རྡོ་རྗེ་རྩེ་ལྔ་བའི་རྣམ་པར་གསུངས་པ་སོགས་བཞེད་ཚུལ་མང་དུ་སྣང་ཡང་འདིར་གྲགས་ཆེ་བ་དང་བསྟུན་པའོ། །ལྷུན་པོའི་རྩ་བའི་ཕྱི་མཐར་དཔག་ཚད་སྟོང་ཕྲག་གཅིག་གི་རྒྱ་ཁྱོན་ཅན་གྱི་སྟེགས་བུ་རྡོ་རྗེའི་ཁོར་ཡུག་གིས་བསྐོར་ཞིང་། དེ་ནས་ལྷུན་པོའི་ཁ་ཁྱེར་ཟད་མཚམས་ཀྱི་བར་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་ཆ་ལ་ཆ་མཉམ་བཅོ་བརྒྱད་དུ་བགོས་པའི་ནང་གླིང་དྲུག་དང་མཚོ་དྲུག་རི་དྲུག་སྟེ་རིམ་བཞིན། ཟླ་བ་དཀར་བོ་རབ་མཆོག་ཀུ་ཤ་དང་། །མིའམ་ཅི་དང་ཁྲུང་ཁྲུང་གླིང་དྲུག་གི། །བར་དུ་སྦྲང་རྩི་མར་ཞོ་འོ་མ་དང་། །ཆུ་ཆང་མཚོ་མཐར་འོད་སྔོན་མནྡར། །མཚན་མོ་ནོར་འོད་བྲེའོ་བསིལ་རིས་བསྐོར། །
རི་གླིང་རྒྱ་མཚོ་སོ་སོའི་རྒྱ་ཚད་ནི་ཆ་མཉམ་དཔག་ཚད་བརྒྱད་བརྒྱ་བརྒྱད་ཅུ་གྱ་བརྒྱད་དང་རྒྱང་གྲགས་གསུམ་གཞུ་འདོམ་ཆིག་སྟོང་བརྒྱ་དང་བཅུ་གཅིག སོར་མོ་བཅུ། ནས་ལྔ་དང་། ནས་ཀྱི་སུམ་ཆ་གཅིག་བཅས་ཡོད། འདི་དག་ལ་གླིང་དྲུག་ལོངས་སྤྱོད་ཀྱི་ས་ཞེས་བརྗོད་ཅིང་ལྷའི་ལོངས་སྤྱོད་དང་མཉམ་པས་དེ་ལྟར་བཏགས། རི་རབ་ཀྱི་ཁོང་གསེང་དུ་གནས་པས་ན་བདག་ཅག་གི་ཤའི་མིག་གི་སྤྱོད་ཡུལ་ལས་འདས་པའོ། །བསིལ་རིའི་ཕྱི་མཚམས་ནས་ལན་ཚྭའི་རྒྱ་མཚོ་ལ་ཐུག་གི་བར་གྱི་ས་ནི་གླིང་བདུན་པ་འཛམ་གླིང་ཆེན་པོའི་ལས་ཀྱི་སར་གྲགས་པ་སྟེ། ཞེང་དུ་དཔག་ཚད་སྟོང་ཕྲག་ཉེར་ལྔ་ཡོད་ཅིང་། ཕྱོགས་མཚམས་སུ་མཉམ་པར་དུམ་བུ་བཅུ་གཉིས་སུ་གནས་པས་ཀུན་ནས་ཟླུམ་པོར་གྱུར་པ། དེའི་མཐར་མཚོ་བདུན་པ་ལན་ཚྭའི་རྒྱ་མཚོ་རྒྱ་ཚད་འབུམ་ཕྲག་ཕྱེད་དང་ལྡན་པས་བསྐོར་པའི་མཐར་རི་བདུན་པ་རྡོ་རྗེ་རིའམ་རྟ་གདོང་གི་མེ་སྟེ། མེ་དཀྱིལ་གྱི་ལྷག་མས་བསྐོར་ཞིང་དེའི་མཐར་རླུང་དཀྱིལ་གྱི་ལྷག་མས་བསྐོར་བ། དེ་གཉིས་ཀྱི་རྒྱ་ཚད་ཀྱང་འབུམ་ཕྲག་ཕྱེད་པར་མཉམ་པའོ། །གླིང་བདུན་པ་འཛམ་གླིང་ཆེན་པོ་ལས་ཀྱི་ས་ལ་དུམ་བུ་བཅུ་གཉིས་བཅད་པའི་དུམ་བུ་སོ་སོར་རྒྱ་མཚོ་དང་འབྲེལ་བའི་ཆུ་བོ་ཆེན་པོ་རྣམས་ཀྱིས་བསྐོར་བའི་ཕྱོགས་བཞིའི་དབུས་སུ་ཤར་དུ་རླུང་གི་རང་བཞིན་གྱི་གླིང་ཟླ་གམ། ལྷོར་མེ་ཟུར་གསུམ། ནུབ་ཏུ་ཆུ་ཟླུམ་པོ། བྱང་དུ་ས་གྲུ་བཞིའི་དབྱིབས་དང་། རྒྱ་ཁྱོན་གྱི་ཚད་རིམ་བཞིན་དཔག་ཚད་བདུན་སྟོང་། བརྒྱད་སྟོང་། དགུ་སྟོང་། ཁྲི་ཁྲག་དག་ཏུ་ཡོད་པའི་གླིང་ཆེན་པོ་རེ་རེ་ལ་གླིང་ཕྲན་གཉིས་རེས་བསྐོར་ནས་ཟླུམ་པོ་པདྨའི་འདབ་མའི་རྣམ་པར་གནས་སོ། །དེས་ན་ལྷོ་གླིང་གསུམ། ནུབ་གླིང་གསུམ། བྱང་གླིང་གསུམ། ཤར་གླིང་གསུམ་རྣམས་སུ་གྱུར་བའི་ཚེ། དེ་རྣམས་ཀྱི་མིང་ཡང་། ལྷོ་གླིང་ཤར་མ། ལྷོ་གླིང་དབུས་མ། ལྷོ་གླིང་ནུབ་མ་ཞེས་འདོགས་པ་ལས། མངོན་པ་ལྟར་རྔ་ཡབ་སོགས་ཀྱི་ཐ་སྙད་འདིར་མི་བཞེད་དོ། །གླིང་ལྷོ་མ་གསུམ་ལ་འཛམ་གླིང་ཆུང་ངུ་ཞེས་བཤད་པའི་ལས་ས་དུམ་བུ་གསུམ་གྱི་ལྷོ་གླིང་དབུས་མ་ཕྱེད་དུ་བགོས་ནས་དེའི་བྱང་མ་དེ་ཡང་དུམ་བུ་དྲུག་ཡོད་པའི་རིམ་བཞིན། ལྷོ་ནས་རྒྱ་གར་དང་། བོད། ལི་ཡུལ། རྒྱ་ནག་ཤམྦཱལ། གངས་ལྡན་རྣམས་གནས་སོ། །
ནང་བཅུད་ཀྱི་འགྲོ་བ་ཆགས་ཚུལ།
བརྒྱུད་འདིར་བཅུད་ཀྱི་སེམས་ཅན་བགྲངས་ཚུལ་ཡང་ཐུན་མོང་དང་མི་མཚུངས་ཏེ། འདོད་ཁམས་ན་བཅུ་གཅིག གཟུགས་ཁམས་ན་བཅུ་དྲུག གཟུགས་མེད་ཀྱི་ཁམས་ན་བཞི་སྟེ་སྲིད་པ་སུམ་ཅུ་རྩ་གཅིག་པོ་སྔར་བཤད་པའི་ལྷུན་པོ་ལ་སོགས་པར་བརྟེན་པར་གསུངས་ཀྱང་། དེ་ལ་འདོད་ཁམས་ན་བཅུ་གཅིག་ཡོད་དེ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་དང་ལྷ་མིན་འདོད་ལྷ་དྲུག །ཅེས་དེ་དག་གི་གནས་ཚུལ་ནི། འོག་བཞིའི་དཀྱིལ་འཁོར་བཞིའི་མཐུག་རྔམས་ལ་ཕྱེད་ཕྱེད་དུ་བགོས་པའི་ས་དཀྱིལ་གྱི་ཕྱེད་མན་ཆད་ཆ་བདུན་ལ་སྟེང་ནས་རིམ་པར། གསེག་མ་བྱེ་མ་འདབ་ཆུ་དང་། །དུ་བ་མེ་དང་མུན་པ་ཆེ། །ངུ་འབོད་ཆེ་སྟེ་རྣམ་བདུན་ནོ། །བརྒྱད་པ་རྡོ་རྗེ་མེ་ལྕེ་དང་བཅས་པའི་དམྱལ་བ་ནི་བདུན་པའི་མཐར་བཞག་པ་ལས་གནས་གཞན་ལོགས་སུ་མེད་དོ། །ས་དཀྱིལ་གྱི་ཕྱེད་གོང་མ་ལའང་ཆ་གཉིས་སུ་བྱས་པའི་སྟེང་མར་ལྷ་མིན་དང་། འོག་མར་ཀླུ། ལོངས་སྤྱོད་དང་ལས་སའི་གླིང་རྣམས་ལ་མི་རྣམས་ཏེ། ཡི་དྭགས་དང་དུད་འགྲོ་ལ་འདིར་གནས་ལོགས་སུ་མ་བཤད། དེ་ནས་རི་རབ་ལྷུན་པོའི་སྟེང་སུམ་ཅུ་རྩ་གསུམ་གྱི་ནས་ནས་ཡར་དཔག་ཚད་འབུམ་ཕྲག་གཅིག་གི་བར་གཟུགས་གཟུགས་མེད་ཀྱི་ཁམས་གཉིས་ཆགས་ཤིང་། སྟེང་ནས་རིམ་བཞིན་གཟུགས་མེད་གྱི་གནས་བཞི་སྟེ། འདུ་ཤེས་མེད་མིན། ཅི་ཡང་མེད། རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས་ཏེ་བཞི་དང་། དེ་ནས་རིམ་གྱིས་གཟུགས་ཁམས་བཅུ་དྲུག་སྟེ། འོག་མིན། ཤིན་ཏུ་མཐོང་། མི་གདུང་། མི་ཆེ་བ་སྟེ་རླུང་བཞི། འབྲས་བུ་ཆེ་བ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས་ཏེ་མེ་བཞི། ཚད་མེད་དགེ། དགེ་ཆུང་། འོད་གསལ། ཚད་མེད་འོད་དེ་ཆུ་བཞི། འོད་ཆུང་། ཚངས་ཆེན། མདུན་ན་འདོན། ཚངས་རིས་ཏེ་ས་བཞི་རྣམས་དང་། །འདོད་ལྷ་དྲུག་ལས་གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ། དགའ་ལྡན། འཐབ་བྲལ་བཞི་བཅས་སུམ་ཅུ་རྩ་གསུམ་བར་དུ་གནས་ཤིང་། རི་རབ་ཀྱི་སྟེང་གི་གཞི་ལ་སུམ་ཅུ་རྩ་གསུམ་དང་དེ་ནས་ས་མཚམས་བར་རྒྱ་ཆེན་རིས་བཞིའི་ལྷ་རྣམས་གནས་པར་གསུངས་སོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་སྲིད་པ་སུམ་ཅུ་རྩ་གཅིག་ཁམས་གསུམ་གྱིས་བསྡུས་པ་དེ་དག་ཆགས་པའི་སྔ་ཕྱིའི་རིམ་པ་ཡང་། ཐོག་མར་གཟུགས་མེད་དང་། དེ་ནས་གཟུགས་ཁམས། དེ་ནས་འདོད་ཁམས་རྣམས་ཆགས་ཤིང་། འདོད་ཁམས་ཀྱང་རིམ་པ་དེ་ལྟ་བུས་ས་འོག ས་སྟེང་། ས་བླ་རྣམས་རིམ་ཀྱིས་ཆགས་ཚུལ་སོགས་ཁམས་གསུམ་གྱི་སྣོད་བཅུད་རྣམས་ཆགས་ཚུལ་རེ་ཞིག་གྲུབ་བོ།།
གཉིས་པ་ནམ་མཁའི་གོ་ལའི་སྐོར་ཅུང་བཤད་པ་ལ། དེ་ཡང་ལྷུན་པོའི་རྭ་དང་བསིལ་རི་ཕྲད་པའི་ཕྱི་མཐའ་ནས། མེ་རིའི་ནང་མཐའི་བར་གྱི་ནམ་མཁའ་ལ་ཁྱབ་པའི་གོ་ལ་ཞེས་པ་འདེགས་བྱེད་རླུང་གིས་རི་རབ་ལ་ཉེ་བ་ཅུང་ཟད་མཐོ་ཞིང་གཞུའི་དབྱིབས་ཅན། མེ་རི་ལ་ཉེ་བ་ཅུང་ཟད་དམའ་བ་པད་འདབ་ཀྱི་རྣམ་པ་ཕྱོགས་ཀུན་ཏུ་ཟླུམ་པོར་གནས་ཡོད། སྤྱིར་གོ་ལ་ཞེས་པའི་དོན་ནི། གོ་ལ་ཞེས་པ་སྦུབ་ཁུང་སྒང་གཤོང་ཟླུམ། །ལྕི་ཡང་སོགས་སུ་བསྒྱུར་དུ་རུང་བའི་སྒྲ། །ལེགས་པར་བསྒྱུར་ན་མཐོ་རིས་འཛིན་དུ་འགྱུར། །ཞེས་སོ།།
གོ་ལའི་ཆགས་ཚུལ་ཐད་ལའང་བཞེད་པ་མི་མཐུན་པ་ཁ་ཤས་ཡོད་པ་རིམ་བཞིན་འགོད་པ་ལ། དང་པོ། རྨོག་བརྩེགས་མའི་ལུགས་ཞེས་པ་ནི་ཁྱིམ་ཅན་གཟའ་རྣམས་ཀྱང་ཁྱིམ་སྐར་བཞིན་དུ་ལྷོ་བྱང་བགྲོད་གཉིས་མི་བྱེད་པར་སྟེང་ནས་སྟེང་དུ་བརྩེགས་ཏེ་འཕྱུགས་མེད་དུ་འདོན་པ་ཞིག གཉིས་པ། འཕྱུགས་པར་འདོད་པའི་ལུགས་ཞེས་པ་ནི་ཁྱིམ་ཅན་གཟའ་རྣམས་ཁྱིམ་སྐར་དང་མི་འདྲ་བར་བགྲོད་ལམ་འཕྱུགས་པར་འདོད་མཁན་ཞིག གསུམ་པ། སྟེང་བསྐྱེད་མའི་ལུགས་ཞེས་པ་དེ་འཕྱུགས་པར་འདོད་པའི་ལུགས་དང་གསེས་གླིང་བཞི་དུས་བཞི་མཉམ་པར་འདོད་པ་ཞིག བཞི་པ། ལྕགས་སྒྲོག་མའི་ལུགས་ཞེས་པ་ནི་འཕྱུགས་པར་འདོད་པའི་ལུགས་དང་གསེས་གླིང་གཉིས་དབྱར་དུ་གཅིག གཞན་གཉིས་དགུན་དུ་གཅིག་པར་འདོད་པའི་ལུགས་ཤིག ལྔ་པ། གྲུ་ཆགས་མའི་ལུགས་ཞེས་པ་འདི་འཕྱུགས་པར་འདོད་པའི་ལུགས་ནང་གསེས་གླིང་བཞི་དུས་བཞི་འཁོར་བར་འདོད་པའི་ལུགས་དེ་ལའང་མཁའ་ལ་ཁྱིམ་དང་སར་དུས་བཞི་གཉིས་ཀ་གཡོན་སྐོར་དུ་འདོད་པ་དང་། དུས་གཡོན་ཁྱིམ་གཡས་དང་། གཉིས་ཀ་གཡས་སྐོར་དུ་འདོད་པ་བཅས་གསུམ་ལ་སོགས་པ་བཞེད་ཚུལ་མང་ངོ། །
ཁྱིམ་ནི་རཱ་ཤིའི་སྒྲ་ལས་ཚོགས་པའམ་ཕུང་བའི་དོད་ཅན་ཡིན་པའི་ཕྱིར། འཇམ་དཔལ་རྩ་རྒྱུད་ལས། ཁྱིམ་སོ་དྲུག་ཏུ་ཕན་གནོད་དངོས་སུ་སྟོན་པའི་ཁྱིམ་ནི་བཅུ་གཉིས་ཏེ། ལུག་གླང་འཁྲིག་པ་ཀརྐཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་ནི། །གཟའ་རྣམས་རྒྱུ་བའི་ལམ་ཡིན་པས། །ཁྱིམ་ནི་བཅུ་གཉིས་ཞེས་སུ་གྲགས། །ཞེས་སོགས་མིང་དེ་ལྟར་བཏགས་པའི་རྒྱུ་མཚན་ནི། རིའི་རྒྱལ་བོ་རི་རབ་ལ་གཞུ་དང་། ཆུ་སྲིན་དང་། བུམ་པ་དང་། ཉ་དང་། ལུག་དང་། གླང་ལ་སོགས་པའི་གདོང་དབྱིབས་དང་འདྲ་བའི་ཐད་ཀར་ཉི་མ་གནས་ཚེ་དེ་ལྟར་མིང་འདོགས་ལུགས་གཅིག་དང་། ཡང་འཛམ་བུའི་གླིང་ན། གཞུ་སྲ་བའི་དུས་དང་། ཆུ་སྲིན་གྱི་ཁ་ཉི་མར་བསྟན་ནས་འདུག་པའི་དུས་དང་། བུམ་པའི་ནང་གི་ཆང་རོ་ནུས་དང་ལྡན་པའི་དུས་དང་། ཉ་རྣམས་ཆུ་ལ་རྒྱུ་བའི་དུས་དང་། ལུ་གུ་སྐྱེ་བའི་དུས་དང་། གླང་རྣམས་ཞིང་རྨོ་བའི་དུས་དང་། དུད་འགྲོ་རྣམས་འདོད་ཆགས་ལངས་པའི་དུས་དང་། །ཀརྐཊ་ནི་སྦལ་བ་ཡིན་པས་སྦལ་བས་སྐད་འབྱིན་པའི་དུས་དང་། སེངྒེས་ཆགས་པ་སྤྱོད་པའི་དུས་དང་། བུ་མོ་རྣམས་མདངས་བཟང་བའི་དུས་དང་། སྲང་ངམ་ཉག་ག་ལ་ཇ་མར་འདེགས་པའི་དུས་དང་། སྡིག་པ་རྣམས་ཁུང་དུ་འགྲོ་བའི་དུས་དང་། ཁ་ཅིག་འདི་དུད་འགྲོ་གསོད་པའི་སྡིག་པའི་དུས་ཡང་ཟེར་རོ། །དེ་ལྟ་བུའི་ཁྱིམ་གཅིག་གི་རྒྱ་ཁྱོན་ལ་རྒྱུ་སྐར་གཅིག་གི་ས་ཁྱོན་ཆ་བཞིར་བཏང་བའི་ཆ་དགུ་ཡིན། དེ་ལ་རྒྱུ་སྐར་རྐང་བ་དགུ་ཡང་ཟེར་ཏེ་ཡུལ་གྱི་ཆུ་ཚོད་བརྒྱ་དང་སོ་ལྔ་ཡོད་དོ། །དེ་ལྟ་བུའི་འཁོར་གཞི་ཁྱིམ་ལ་བརྟེན་པའི་སྐར་མ་ནི་མཐའ་ཡས་ཏེ། དེ་ཡང་ཕལ་བའི་སྐར་མ་ལ། །དུང་ཕྱུར་གཉིས་དང་བྱེ་བ་བརྒྱད། །ས་ཡ་ལྔ་དང་བཅས་པ་ཡོད། །ཅེས་དང་གཞན་ཡང་། མངོན་པའི་བཤད་སྒྲོས་ཤིག་ལ། སྟོང་བ་དྲུག་གི་ནམ་མཁའ་ལ། །གདེངས་ཅན་མིག་གི་སྐར་གྲངས་མཐོང་། །ཞེས་བྱེ་བ་ཕྲག་གཉིས་དང་ས་ཡ་བརྒྱད་དུ་འདོད་པ་སོགས་ཡོད་པ་ལས་ཐམས་ཅད་ཀྱི་དབུས་ན་རྒྱུ་སྐར་བརྟན་པ་ཏོག་དང་རི་བྱི་ཤམ་བུའི་ཚུལ་དུ་གནས་པ། དེ་དག་ལས་བླང་དོར་གྱི་འབྲས་བུ་ལུང་སྟོན་པའི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ཏེ། ཐ་སྐར་བྲ་ཉེ་སྨིན་དྲུག་སྣར། །མགོ་ལག་ནབས་སོ་རྒྱལ་སྐག་མཆུ། །གྲེ་དབོ་མེ་བཞི་ནག་ས་རི། །ས་ག་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་རྣམས་ཏེ་ཉེར་བདུན་ནོ། །དེ་ལས་གྲོ་བཞིན་བྱི་བཞིན་གཉིས་སྐར་ཁྱིམ་གཅིག་ཡིན་ཀྱང་རྣམ་པ་སོ་སོར་བགྲང་ན་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཞིང་། མདོར་ན་རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་རྣམས་ཐོག་མར་ཆགས་པ་ཡིན་ནོ། །རྒྱུ་སྐར་རེ་རེར་རྐང་བ་བཞི་བཞི་བྱས་པའི་རྐང་བ་དགུ་རེར་ཁྱིམ་རེར་གནས་པ་སྟེ། ཐ་སྐར་བྲ་ཉེ་སྨིན་དྲུག་གི་རྐང་བ་གཅིག་ལུག་གི་ཁྱིམ་ན་གནས་པ་སོགས་རིམ་པར་གཡས་བསྐོར་ཚུལ་དུ་གནས་ཤིང་ཁྱིམ་རྣམས་ཀྱི་དང་པོ་ནི་ལུག་དང་། རྒྱུ་སྐར་གྱི་ཐོག་མ་ཐ་སྐར་ནས་བརྩམ་པ་ནི་ཉི་མའི་རྟག་ལོངས་ཐོག་མར་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཁྱིམ་དང་རྒྱུ་སྐར་རྣམས་སྔོན་དུ་གྲུབ་ནས་དེ་རྗེས་ནབས་སོའི་རྐང་བ་ཐ་མ་ལ་ཉི་མ། ཐ་སྐར་གྱི་ཐོག་མ་ལ་ཟླ་བ་སོགས་ཁྱིམ་སོ་སོར་གནས་པའི་སྐར་མ་དེ་དག་གི་སྟེང་དུ་གཟའ་རྣམས་སྐྱེས་ནས་ཁྱིམ་དང་རྒྱུ་སྐར་དེ་དག་ལ་བདག་པོར་གྱུར་བའི་ཚུལ་གྱིས་དབང་བྱེད་པ་སྟེ། དེའང་ཉི་ཟླ་མིག་དམར་ལྷག་པ་དང་། །ཕུར་བུ་པ་སངས་སྤེན་པ་དང་། །མཇུག་རིང་སྒྲ་གཅན་དུས་མེ་བཅུ། །ཞེས་པ་རྣམས་ལས་ཉི་མ་ནས་མཇུག་རིང་གི་བར་བརྒྱད་ནི་རི་རབ་ལ་གཡོན་བསྐོར་དང་། སྒྲ་གཅན་དང་དུས་མེ་གཉིས་ནི་གཡས་བསྐོར་གྱི་ཚུལ་གྱིས་རང་འགྲོས་རྩོམ་མོ། །དེ་ལ་ཉི་མ། མིག་དམར། ཕུར་བུ། སྤེན་པ་བཞི་གཡས་གྱི་ཡན་ལག་དུ་བྱུང་བས་དྲག་གཟའ་དང་། ཟླ་བ། ལྷག་པ། པ་སངས། མཇུག་རིང་བཞི་གཡོན་གྱི་ཡན་ལག་ཏུ་བྱུང་བས་ཞི་གཟའ་ཞེས་བྱ། གཡས་གཡོན་ཞེས་པ་ཉི་མའི་གཡས་གཡོན་དུ་འཆར་ནུབ་བྱེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །
བར་གྱི་འབྲེལ་བའི་སྐོར་བཤད་པ།
ད་ནི་སྣོད་བཅུད་ཀྱི་འཇིག་རྟེན་གྲུབ་ནས་དེའི་བར་གྱི་འབྲེལ་བའི་སྐོར་བཤད་པ་ལ། སྤྱིར་ན་ཆོས་ཐམས་ཅད་རྟེན་འབྱུང་དུ་ཁས་ལེན་པས་ན། དེ་ལྟ་བུའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་གཉིས་ཀྱང་ཕན་ཚུན་ལྟོས་གྲུབ་དང་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་པས་གཅིག་གནས་པ་ལ་གཅིག་གིས་རྟེན་བྱེད་པར་མ་ཚད། ཚང་མ་འབྱུང་བཞིའི་ཁམས་ལས་གྲུབ་པ་ཤ་སྟག་ཡིན་པ་ནི། བཻ་དཀར་ལས། ཕྱི་ཡི་སྣོད་ཀྱང་འབྱུང་བ་ལྔ། །ནང་གི་ཕུང་ཁམས་འབྱུང་བ་ལྔ། །དོན་དང་སྣོད་ཀྱང་འབྱུང་བ་ལྔ། །ཞེས་གསུངས་པས། སྐབས་དེར་ཕྱི་ནང་གི་འབྱུང་བ་ཐུན་མིན་སོགས་ཀྱིས་འཇིག་རྟེན་འདིར་ཕན་གནོད་དང་བདེ་སྡུག་འདྲ་མིན་ཞིག་འབྱུང་པ་ནི། འབྱུང་རྩིས་ཟླ་བའི་འོད་ཟེར་ལས། བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །དེ་ཕྱིར་འབྱུང་དུས་ཕུང་བོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡི། །ནད་དང་ཡེ་འབྲོག་གཤེད་བཞིས་སྤྱོད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །དེ་བསལ་ཕྱིར་ན་རྩིས་འདི་གཅེས། །ཞེས་དང་ཡང་འཇམ་དཔལ་རྩ་རྒྱུད་ལས། རྒྱུ་སྐར་མང་བོར་གསུངས་པ་སྟེ། །སྟོང་ཕྲག་དྲུག་ཅུ་རྩ་བཞིའོ། །དུས་ཀྱི་ཐ་མ་འདི་ལ་ནི། །དེ་དག་གིས་ནི་ནུས་པ་ཡོད། །ཅེས་གཟའ་སྐར་གདུག་པ་ཅན་དང་ས་བདག་ངན་པ་དག་གིས་བྱ་བར་ལམ་འགྲོ་མི་ཡོང་བ་དང་། ལུས་ལ་ན་ཚ་དང་ཡིད་ལ་སྡུག་བསྔལ་སོགས་སྟེར་བར་མ་ཟད། ཐ་ན་སྲོག་ཀྱང་འཕྲོག་པར་གསུངས་པས་དེ་དག་གི་བཅོས་ཐབས་ཚེ་རྩིས་དང་ཀེག་རྩིས་སོགས་ཀྱི་འབྲས་བུ་ལས་བསྟན་པ་བཞིན་ཉམས་སུ་བླངས་ན། དུས་མིན་གྱི་འཆི་བ་དང་བར་ཆད་སོགས་ལས་བཟློག་ཐུབ་པར་གདོན་མི་ཟའོ། །རྒྱུ་མཚན་ནི་ང་རང་ཚོ་རྣམ་རྟོག་གི་རྒྱ་ལས་མ་གྲོལ་བ་དང་སངས་རྒྱས་ནི་མི་བསླུ་བ་ཡིན་པས་སོ། །
གཞན་ཡང་། ཕྱི་རོལ་གནམ་གཤིས་དང་དུས་བཞིའི་འགྱུར་བ་ལ་བརྟེན་ནས་ནང་གི་འབྱུང་བཞི་ཆ་མ་སྙོམ་པའི་དབང་གིས་སེམས་པ་སྐྱིད་མ་སྐྱིད་དང་གཟུགས་པོ་བདེ་མིན་སོགས་འབྱུང་བར་མ་ཟད། ཕྱི་རོལ་དུས་ཚུགས་ཀྱི་འཕེལ་རིམ་དང་བསྟུན་ནས་ནང་གི་རྩའི་འཕར་ཚུལ་ལ་འགྱུར་བ་འགྲོ་བཞིན་པ་ནི།
ཕྱི་མ་རྒྱུད་ལས། དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི། །དང་པོ་དུས་དོན་ཁམས་དང་རྩ་རུ་སྦྱར། །མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་བརྩི། །དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ། །དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་བ་དབོ་དང་ནག་པས་ནམ་ཚོད་འཛིན། །བྱེའུ་ཅོ་ག་རང་སྐད་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །དབྱར་ཟླ་གསུམ་ནི་འདབ་རྒྱས་ཆར་གྱི་དུས། །ས་ག་སྣྲོན་དང་ཆུ་སྟོད་ནམ་ཚོད་འཛིན། །བྱ་ཡི་རྒྱལ་བོ་ཁུ་བྱུག་སྐད་འབྱིན་དུས། །བདུན་ཅུ་རྩ་གཉིས་མེ་ཁམས་སྙིང་རྩ་རྒྱུ། །ཁུ་བྱུག་སྐད་ལྟར་སྦོམ་ལ་རིང་བར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །སྟོན་ཟླ་གསུམ་ནི་རྩི་ཐོག་སྨིན་པའི་དུས། །གྲོ་ཞུན་ཁྲུམས་སྟོད་དབྱུག་པས་ནམ་ཚོད་འཛིན། །བྱེའུ་འུར་བ་གཤོག་སྒྲ་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ལྕགས་ཁམས་གློ་རྩ་རྒྱུ། །བྱིད་པོའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས། །སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན། །ཤ་བ་ནག་པོ་ངུ་སྐད་འདོན་པའི་དུས། །བདུན་ཅུ་རྩ་གཉིས་ཆུ་ཁམས་མཁལ་རྩ་རྒྱུ། །མཐིལ་རིལ་སྐད་ལྟར་འཇམ་ལ་དལ་བར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །ཉི་མ་གང་ལྡོག་དབྱར་དགུན་འབྲིང་བོར་བརྩི། །དུས་མཚམས་བཅོ་བརྒྱད་ཕྲག་བཞི་བདུན་ཅུ་གཉིས། །ས་ཁམས་མཆེར་རྩ་དར་ཞིང་རྒྱུ་དུས་དེར། །ནས་ཟན་སྐད་ལྟར་ཐུང་ལ་འཇམ་པར་འཕར། །
ཞེས་སོགས་གསོ་རིག་རང་ལུགས་དཔྱིད་ར་ཧོར་ཟླ་དང་པོ་ནས་བཟུང་ཞིང་། ཟླ་བ་དང་བོ་དང་གཉིས་པ་གཉིས་ཀྱི་ཟླ་བདག་སྟག་ཡོས་གཉིས་ཡིན་པ་དང་དེ་གཉིས་ཀྱི་སྲོག་ཁམས་ཤིང་ཡིན་སྟབས་ཕྱི་རོལ་དུ་ཤིང་ཁམས་འཕེལ་བར་བརྟེན་ཤིང་རྩི་ཁ་འབུས་པ་དང་། ནང་དུ་ཞག་དོན་གཉིས་ལ་ཤིང་ཁམས་མཆིན་པ་དང་མཁྲིས་པའི་རྩ་དར་བས་རྒྱུ་བ་དང་། དེ་བཞིན་ཧོར་ཟླ་གསུམ་པའི་ཟླ་བདག་འབྲུག་དང་དེའི་སྲོག་ས་ཡིན་པས་ཞག་ལྷག་མ་བཅོ་བརྒྱད་ལ་ས་ཁམས་མཆེར་རྩ་རྒྱུ་ཚུལ་དེས་གཞན་དག་ལའང་རིགས་འགྲེས་བྱ་ཞིང་། གོང་གི་འདི་དག་ཚང་མས་ཕྱི་ནང་གི་འབྲེལ་བ་མཚོན་ཡོད་པ་ནི་ང་ཚོས་གསལ་བར་མཐོང་ཐུབ་ལ། གལ་སྲིད་དེ་དག་བར་འབྲེལ་བ་ཅི་ཡང་མེད་ཚེ་གཅིག་གི་འགྱུར་ལྡོག་ལས་གཅིག་ལ་འགྱུར་བ་ཡོང་མི་ཐུབ་པ་ནི་དངོས་གནས་མཐོང་ཆོས་སུ་གྱུར་བ་དེ་ལྟར་ལགས་པས་འགྲེལ་བཤད་ཞུ་མ་དགོས་ཤིང་། འདི་དག་ནི་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས་བྱུང་བ་རྣམས་དམ་པ་གོང་མ་ཚོས་འགྲེལ་བ་ཇི་བཞིན་ངོ་སྤྲོད་ཙམ་ཞུས་པ་རེ་ཞིག་རྫོགས་སོ།། །།
འདི་ནི་སྤྱི་ལོ་༡༩༩༨ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་བཞི་པ།》ནང་བཞུགས་ཡོད་པ་དེ་ནས་ཟུར་དུ་བཏོན་པའོ།།
མཐའ་མའི་འདོན་ཐེངས་།: 11.12.2013 ཉིན། 2:11 PM
<< སྔ་མ།