དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་འཚོགས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.10.2021 |
དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་སྲུང་བརྩི་ཞུས།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༧ ཉིན་སྨན་རྩིས་ཁང་གི་ཚོགས་ཁང་ནང་དུ། ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ ཧྲིལ་པོ་དངོས་སུ་འཁོར་བའི་ཉིན་དང་། དེ་བསྟུན་འདི་ལོ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༥ འཁོར་བ། དེ་བཞིན་བྱེས་སུ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་གསུམ་འཛོམས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་སྲུང་བརྩི་ཞུས་གནང་སོང་།
ཉིན་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མི་རྗེ་སྐུ་ངོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་ཏེ་ཀརྨ་དགྲ་འདུལ་མཆོག་དང་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་འགན་འཛིན་རྣམ་པ། དེ་བཞིན་གསར་འགོད་པ་དང་། སྨན་རྩིས་ཁང་གི་འགོ་ལས་དང་དགེ་སློབ་བཅས་ཚོགས་བཅར་བ་བརྒྱ་སྐོར་ལྷག་ལྷན་འཛོམས་གནང་ཡོད།
ཐོག་མར་ཕྱག་ཚོད་ ༡༠་༣༠ ཙམ་ལ་མགྲོན་གྱི་གཙོ་བོ་རྣམ་གཉིས་ནས་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་སྣང་གསལ་སྒྲོན་མེ་ཞལ་ཁ་འབྱེད་གནང་བ་དང་། དེ་ནས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
མཛད་སྒོའི་ཐོག་མར་སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་གསུང་བཤད་ནང་དུ་སྨན་རྩིས་ཁང་གི་ལས་འགན་གཙོ་བོའི་སྐོར་དང་། ལས་བྱེད་ལས་མི་དང་དགེ་སློབ་གྲངས་འབོར། དེ་བཞིན་སྨན་སྦྱིན་ཞབས་ཞུ་དང་། སྨན་དང་ཐོན་སྐྱེད་ཀྱི་སྤུས་ཚད་སྟངས་འཛིན་སྐོར། སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དང་འབྲེལ་བའི་གཏམ་བཟང་སྐོར། བོད་སྨན་གྱི་ཡར་རྒྱས་དང་ཉེན་ཁར་གདོང་ལེན་བྱེད་ཐབས། དུས་སྐབས་འགྱུར་འགྲོས་དང་བསྟུན་སྨན་པ་གསར་པར་ལས་འགན་སྤྲད་དགོས་པའི་སྐོར་དང་། སྨན་རྩིས་མི་སྣ་གསོ་སྐྱོང་ལ་ཕྱག་རོགས་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་བ་ཟུར་དུ་བཀོད་ཡོད་པ་དེར་གསན་པའམ་ལྟ་ཀློག་ཡོང་བར་ཞུ།
དེ་ནས་སྨན་རྩིས་མཐོ་སློབ་ཁང་གི་བོད་རིགས་སློབ་མ་ཚོས་མདོ་སྨད་བླ་བྲང་གི་སྐོར་བྲོ་དང་ལུག་རྫིའི་བུ་མོ་ཞེས་པའི་གཞས་སྣ་གཉིས་འཁྲབ་སྟོན་དང་། སྐབས་དང་པོའི་རྒྱལ་སྤྱིའི་སློབ་མ་རྣམས་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བསྟོད་པ་སེམས་ཀྱི་མཆོད་སྤྲིན་ཞེས་པ་སྤྱན་བསྟར་ཞུས་གནང་སོང་།
དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་མཆོག་ནས་སྨན་རྩིས་ཁང་གིས་དཔེ་དེབ་གསར་པ་ཁག་གཅིག་གྱེར་འདོན་དབུ་འབྱེད་གནང་། དཔེ་དེབ་དེ་དག་ནི། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེབ་ཕྲེང་ ༡༡༣ དཔར་བསྐྲུན་འདོན་འཆར་ཁོངས་ནས་ཨིན་ཡིག་ཐོག་ལུས་བདེ་སེམས་སྐྱིད་ཀྱི་བརྗོད་གཞིའི་དེབ་ཕྲེང་ ༦ ནས་ ༡༤ བར་ཕྱོགས་བསྡེབ་དང་། དར་མོ་སྨན་རམས་པས་མཛད་པའི་མེས་པོའི་ཞལ་ལུང་། སྨད་ཆ། ལྟ་བདེ་ནང་དོན་འཚོལ་སླའི་ཁྱད་ཆོས་ལྡན་པའི་སྡེ་སྲིད་མན་ངག་ལྷན་ཐབས། ཤེས་རབ་ཆོས་འཕེལ་གྱིས་བྱས་པའི་མཧཱ་ཙི་ནའི་རྩིས་གཞུང་འཇམ་དཔལ་དགྱེས་པའི་མཆོད་སྤྲིན། མཁྱེན་རབ་ནོར་བུའི་སྔོ་ཁྲོག་སྨན་གྱི་འཁྲུངས་དཔེ་བསྡུས་པ་སོགས་དང་། སྨན་རམས་པ་ཐུབ་བསྟན་རྒྱལ་མཚན་གྱིས་རྩོམ་སྒྲིག་ཞུས་པའི་བསྟན་འགྱུར་གསོ་རིག་གཞུང་ཚན་འགའ་ཞིག་གི་དཔྱད་གཞི་ཕྱོགས་བསྒྲིགས། སྨན་རམས་པ་ཚེ་རིང་ནོར་བུ་ལགས་ནས་ཕྱོགས་སྒྲིག་བགྱིས་པ་སྨན་མིང་ཚིག་མཛོད། བོད་ཨིན་སྨན་རྩིས་དུས་དེབ་ཁག་གཉིས། ཨིན་སྐད་དུ་བསྒྱུར་བའི་ནད་རིགས་སྔོན་འགོག་གི་གྲུམ་བུའི་ནད། ཅོན་ཏ་ར་རྒྱ་ཡིག་སྡེ་ཚན་ནས་རྩོམ་སྒྲིག་ཞུས་པ་སྨན་དང་གསོ་རིག་ཐོན་དངོས་ཀྱི་ཕན་ཡོན་ཞེས་པ་བོད་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བ། ཉམས་ཞིབ་སྡེ་ཚན་ནས་ཏོག་དབྱིབས་ ༡༩ གཉན་རིམས་དང་འབྲེལ་བའི་གཅུས་བཀྲིས་ཅན་གྱི་སྙན་ཐོའི་དེབ་རིགས་གཉིས། གཞན་ཡང་། Comparative database of Medicinal Plants used in Traditional system of medicines Part-1, Compiled by DSRSR. Allegorical tree of the Four Tantras by Dr. Yeshi Tsering Trelsar. བཅས་ཡིན།
དེ་བཞིན་མུ་མཐུད་དམིགས་བསལ་སྐུ་མགྲོན་མཆོག་གིས་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་ནས་གསར་བཟོ་ཞུས་པའི་སྨན་གུ་ཡུ་བདུན་སྦྱོར་ཡང་དབུ་འབྱེད་གནང་སོང་།
དེ་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་༢༠ དང་ ༢༡། དེ་བཞིན་རྩིས་སློབ་སྐབས་ ༡༡ གསུམ་གྱི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པ་དང་པོ་གསུམ་ལ་བྱ་དགའ་དང་ལག་འཁྱེར་གསོལ་བསྩལ་དང་། སྨན་རྩིས་སློབ་མའི་སྤྱི་ཁྱབ་རྒན་བདག་གཉིས་ལ་ཐུགས་རྗེ་ལེགས་གསོལ་གནང་།
དམིགས་བསལ་སྐུ་མགྲོན་མཆོག་གི་གསུང་བཤད་གནང་དོན་ལ། “སྨན་རྩིས་ཁང་འདི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ སྔོན་དུ་ཕུགས་རྒྱང་རིང་པོའི་གཟིགས་བསྐྱངས་དང་། སྐབས་དེའི་ཚེ་དེའི་དུས་ཀྱི་ང་ཚོའི་མི་རབས་རྒན་པ་ཚོས་ྋགོང་ས་མཆོག་གི་མཛུབ་མོ་གང་སྟོན་ལ་ཤར་བསྐྱོད་བྱས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བའི་སྨན་རྩིས་ཁང་འདི་བཙན་བྱོལ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ནང་འབུར་དུ་ཐོན་པའི་སྨན་རྩིས་རིག་གཞུང་བསྟི་གནང་ཁང་ཞིག་ཆགས་ཡོད། དེ་ནི་ཕྱི་མི་རྣམས་དང་ལྷག་པར་ང་ཚོར་མ་དགའ་མཁན་རྣམས་ཀྱིས་ཀྱང་ངོས་ལེན་གནང་བཞིན་པ་ཡོངས་གྲགས་སུ་གྱུར་ཡོད།” དེ་བཞིན་ཁོང་གི་མུ་མཐུད་ནས་གསུངས་དོན། “སྨན་རྩིས་ཁང་ལྟ་བུ་གཞི་རྒྱ་ཆེ་བའི་ལས་གཞི་སྤེལ་བའི་སྐབས་བསམ་བློ་མ་མཐུན་པ་ཡོང་སྲིད་ཀྱང་། དེ་ནི་སྤྱི་ཚོགས་ལ་ཕན་པའི་བསམ་བློ་མ་མཐུན་པ་ཞིག་ཡིན་ན་དེ་ནི་གལ་ཆེ་ཞིང་ཡང་དག་པ་ཡིན། རང་གཙོ་བོར་བཟུང་སྟེ་གཅིག་གི་མངོན་འདོད་མ་སྒྲུབ་པ་ལ་བརྟེན་ནས་འབྱུང་བ་ཡིན་ན་དེ་ནི་ཐབས་སྐྱོ་པོ་ཡིན། མཚམས་རེ་སྒྲིག་འཛུགས་འདི་ནས་སློབ་སྦྱོང་ཚང་མ་ཐོན་རྗེས་སྒྲིག་འཛུགས་དེ་ཉིད་ལ་སྐུ་ངལ་བཟོ་མཁན་ཡོང་བསྡད་པ་དེ་ནི་དྲིན་ལན་ལོག་མཇལ་ཟེར་བ་ཡིན་ལ་མི་རིགས་སུ་ཡིན་ཡང་སྒྲིག་འཛུགས་དེ་ཉིད་ཀྱི་བཀའ་དྲིན་ངེས་པར་དྲན་དགོས་པ་ཡིན་”ཞེས་སོགས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྨན་རྩིས་ཁང་གི་རྒྱ་གར་ནང་གསོ་རིག་ཐོན་དངོས་ཚོང་འགྲེམས་ཀྱི་དྲ་རྒྱ་ https://product.men-tsee-khang.org དབུ་འབྱེད་གནང་བ་དང་། གཞན་ཡང་སྨན་རྩིས་ཁང་དུ་ཕྱག་ལས་གནང་ནས་ཞབས་ལོ་ ༣༠ སོན་པ་ལས་བྱེད་གྲངས་ ༨ དང་། ཞབས་ལོ་ ༢༠ སོན་པ་ལས་བྱེད་གྲངས་ ༡༤ ལ་ཐུགས་རྗེ་ལེགས་གསོལ་དང་ལག་འཁྱེར་གསོལ་བསྩལ་གནང་།
དེ་བཞིན་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་ནས་བདུད་རྩི་བཅུད་ཀྱི་རྒྱལ་པོ་རིན་ཆེན་ཀུན་གྱི་གཞི་མ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཐེངས་བརྒྱད་པ་དེ་བཞིན་འདུལ་སྦྱོང་རྐང་འཛིན་སྨན་པ་འཇམ་དབྱངས་བཀྲིས་ལགས་དང་། རྒྱུན་ཞུགས་སྨན་པ་སྤེན་པ་ལགས་དང་། སྨན་པ་ངག་དབང་ཆོས་གྲགས་ལགས། སྨན་པ་ཚེ་དབང་རིག་འཛིན་ལགས། སྨན་པ་བསྟན་འཛིན་ཀུན་དགའ་ལགས། སྨན་པ་ཀརྨ་ལགས། སྨན་པ་རྡོ་རྗེ་ཚེ་རིང་ལགས། སྨན་པ་བསོད་ནམས་ཚེ་རིང་ལགས་དང་། གཞན་ཡང་སྨན་སྦྱོར་ཁང་གི་ལས་བྱེད་དང་ལས་མི་བཅས་ཁྱོན་མི་གྲངས་ ༣༣ ཡོད་པ། ད་ཐེངས་བཙོ་ཐལ་ཀི་ལོ་ ༡༢༧ དང་གྷ་རམ་ ༥༧༠ (127.570gm) ཙམ་ལམ་ལྷོངས་ལྡན་པའི་ངང་ལེགས་གྲུབ་བྱུང་བའི་ལས་བསྡོམས་སྙིང་བསྡུས་སྨན་སྦྱོར་ཁང་གི་འགན་འཛིན་སྨན་རམས་པ་སྤེན་པ་ལགས་ནས་སྙན་སྒྲོན་ཞུས་པ་དང་སྦྲགས། རྐང་འཛིན་སྨན་པ་གསུམ་གྱིས་འདུལ་སྦྱོང་ཞུས་པའི་བཙོ་ཐལ་གྷ་རམ་རེ་ཚང་མའི་མིག་སྔར་བཞེས་གནང་སྟེ་བཙོ་ཐལ་འདུལ་སྦྱོང་ཚད་ལྡན་བྱུང་ཡོད་པའི་བདེན་དཔང་ར་སྤྲོད་གནང་ལ། དེ་རྗེས་སྐུ་མགྲོན་གཙོ་བོས་བཙོ་ཐལ་ཐེངས་བརྒྱད་པའི་ཕྱག་ལེན་གནང་མཁན་སྨན་པ་རྣམས་ལ་ཕྱག་འཁྱེར་བསྩལ་སོང་།
དེ་ནས་མི་རྗེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་གསལ། “དེ་རིང་གི་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་འདིར་བཅར་ཐུབ་པ་འདི་མ་བསྒྲིགས་ལྷུན་གྲུབ་ལྟ་བུ་བྱུང་སོང་། གང་ཡིན་བརྗོད་ན་ཐོག་མའི་ཆར་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་གནས་སྟངས་རྒྱུས་ལོན་ཆེད་དུ་འགྲོ་འཆར་ཡོད་ཀྱང་ད་ཆ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནས་ཚུལ་རྣོ་ངར་ཆེན་པོ་ཆགས་པའི་རྒྱུ་མཚན་ལ་བརྟེན། རྒྱ་གར་གཞུང་ལ་ཐུགས་སུན་མ་ཡོང་བའི་ཆེད་དུ་ད་ཐེངས་ཨ་རུ་ཎཱ་ཅལ་ཁུལ་དུ་གནས་སྐབས་བཅར་མི་དགོས་པ་དེའི་ཚབ་ཏུ་ཀ་རྡོར་སྒང་གསུམ་ལ་བཅར་རྒྱུ་ཐག་ཆོད་བྱས་པ་ཡིན་”གསུངས། དེ་བཞིན་སྲིད་སྐྱོང་མཆོག་གི་མུ་མཐུད་གསུངས་དོན། “དེ་རིང་གི་དུས་དྲན་གསུམ་འཛོམས་འདི་ལ་འགྲེལ་བཤད་ཆེར་མི་དགོས་པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་རིགས་ཙམ་མ་ཟད་རྒྱལ་སྤྱི་ཁྱོན་ཡོངས་ལ་བཀའ་དྲིན་ཇི་ཙམ་ཆེ་ཚུལ་དེ་རིང་གི་དུས་དྲན་གསུམ་འཛོམས་ཀྱི་ངོ་བོས་གསལ་སྟོན་ཐུབ།” “ང་ཚོ་བོད་པའི་སྤྱི་ཚོགས་སུ་ནང་ཁུལ་བསམ་ཚུལ་མི་མཐུན་པ་ཕྲན་བུ་རེ་ཡོང་སྲིད་ཀྱང་རྒྱ་ཆེ་ས་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་ཇི་གསུངས་ལ་ཤར་སྐྱོད་ཐུབ་པ་ཡིན་ན་མ་འོངས་འགྱོད་པ་སྐྱེ་མི་དགོས་པ་ཏན་ཏན་ཡོང་རྒྱུ་ཡིན་པ་ཚིག་ཐག་ཆོད་པོས་བཤད་ཐུབ། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ལས་ངན་པ་འགའ་ཞིག་གིས་ང་ཚོར་ཕ་མ་ལས་ཀྱང་བཀའ་དྲིན་ཆེ་བ་ྋསྐྱབས་མགོན་རིན་པོ་ཆེ་ཁོང་ལའང་ཟུར་ཟ་དང་འཕྱ་སྨོད་སོགས་བྱེད་པ་དེ་ནི་ཐབས་སྐྱོ་པོ་རེད། དེ་ནི་ང་ཚོ་ནང་པ་ཡིན་པའི་ཆ་ནས་ལས་རྒྱུ་འབྲས་དང་འགལ་བ། ནང་པ་མ་ཡིན་ཡང་བཀའ་དྲིན་སྐྱོང་མཁན་ལ་བཀའ་དྲིན་ལོག་མཇལ་གྱི་གནས་སྟངས་སུ་གྱུར་ཡོད། དེ་ནི་རྒྱ་ནག་གམ་དོལ་རྒྱལ་བསྟེན་མཁན་རྣམས་བོད་པའི་སྤྱི་ཚོགས་ནང་སིམ་འཛུལ་བྱས་ནས་མ་མཐུན་པ་བཟོ་ཡི་ཡོད་ན་དེ་ཚོ་ང་ཚོས་ངོ་ཤེས་པ་བྱེད་དགོས།”གསུངས། དེ་ནས་སྨན་རྩིས་ཁང་དང་འབྲེལ་བའི་སྐོར་གསུངས་དོན། “འདས་པའི་རབ་བྱུང་གཅིག་གི་སྨན་རྩིས་ཁང་གི་ཡར་རྒྱས་བརྒྱུད་རིམ་གནས་སྟངས་རྣམས་སྐབས་དུས་སོ་སོར་ལས་བྱེད་ཚོ་ལ་ངོ་སྤྲོད་བྱེད་དགོས་རེད་བསམ་གྱི་འདུག སྨན་རྩིས་ཁང་ལ་གལ་ཆེ་དོན་ཆེར་གཟིགས་ཏེ་ྋགོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ཇི་བཞིན་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར་སྒྲིག་འཛུགས་གཅིག་གི་ངོ་བོའི་ཐོག་ནས་འགོ་ལས་ཚང་མས་སྐུ་ངལ་བརྒྱབ་པ་ཞིག་ཡིན། སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་དཀའ་ངལ་འཕྲད་པ་དང་ལྷན་དུ་གོ་སྐབས་ཤིག་ཀྱང་ཡོད། དེ་དམ་འཛིན་བྱེད་དགོས། ད་ལྟ་སྨན་རྩིས་ཁང་ཟེར་དུས་བཙན་བྱོལ་དུ་འབྱོར་རྗེས་སྒྲིག་འཛུགས་ནང་ནས་གཞན་དང་མ་འདྲ་བ། རང་རྐྱ་ཕེར་ལ་རྒྱུན་གནས་ཐུབ་པ། སྨན་རྩིས་ལས་བྱེད་ ༩༡༢ ལྷག་ལ་ལས་ཀ་སྤྲད་ཐུབ་པ་ཙམ་མ་ཟད་བོད་མིའི་སྒྲིག་འཛུགས་ལའང་གཞན་དང་མ་འདྲ་བའི་སྒོ་ནས་བརྒྱ་ཆ་འབུལ་བ་ཡིན། དེ་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་ལ་འགོ་ལས་རྣམས་ཀྱིས་ལག་བསྟར་བྱས་པའི་གྲུབ་འབྲས་ཡིན།” ཞེས་གསུངས། གཞན་ཡང་མུ་མཐུད་གསོངས་དོན། “སྨན་རྩིས་ཁང་འདི་རྒྱ་གར་ཙམ་མ་ཟད་རྒྱལ་སྤྱིའི་ནང་དུའང་ཁྱབ་འཕེལ་འགྲོ་བཞིན་པ་དངོས་ཡོད་ཡིན། ཇི་ཙམ་ཡར་རྒྱས་ཕྱིན་པ་དེ་ཚོད་ཀྱི་སེམས་འཚབ་ཞིག་ཀྱང་ཡོང་བསྡད་པ་ཡིན། འཕེལ་བའི་སྐབས་འཕེལ་ཚད་མེད་པ་འཕེལ་བ་དེ་རྗེས་མ་ཚུར་བསྡུ་དགོས་ན་འབ་སུ་མ་འདུས་པའི་གནས་སྟངས་དེ་འདྲ་ཡོང་མི་སྲིད་པ་མ་ཡིན། དེ་ལྟར་མི་ཡོང་བའི་ཆེད་དུ་སྨན་རྩིས་ཁང་ནང་དུ་སྒྲིག་འཛུགས་འགྲོ་སྟངས་ཐོག་ནས་སྟངས་འཛིན་བྱེད་ཐབས་ཐད་འགྱུར་བ་གང་འདྲ་གཏང་དགོས་མིན་གཟིགས་དགོས་འདུག” ཅེས་གསུངས། དེ་བཞིན་སྲིད་སྐྱོང་མཆོག་གིས་ཁྲིམས་སྒྲིག་གལ་ཆེ་ཚུལ་སྐོར་གསུངས་པ། “འཛིན་སྐྱོང་གི་ལས་ཀ་གང་བྱེད་པ་ཚང་མ་ཁྲིམས་དང་སྒྲིག་གཞི་བཟོས་པ་གཞི་བཟུང་འགྲོ་དགོས་པ་གནད་འགག་ཆེན་པོ་ཡིན། དེ་ལྟར་འགྲོ་ཐུབ་ཀྱི་མེད་པ་ཡིན་ན་ཁྲིམས་སྒྲིག་ལ་འགྱུར་བ་བཏང་དགོས། དེ་དང་ཕྱོགས་མཚུངས་ལས་དོན་གང་བྱེད་པ་འཛིན་སྐྱོང་གི་སྒྲིག་གཞི་དང་། དངུལ་རྩིས་ཀྱི་སྒྲིག་གཞི་གཉིས་དང་མཐུན་མི་མཐུན་བལྟས་རྗེས་ལས་པ་ཡིན་ན་ནོར་ས་མེད། འགན་འཛིན་ལྷན་ཚོགས་ཡིན་པ་ཡིན་ནའང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་མིང་ཞིག་ཁྱེར་ཟིན་རྗེས་སྒྲིག་འཛུགས་དེ་ཉིད་ཀྱི་འགྲོ་སྟངས་འགྲོ་ལུགས་དང་། དཔལ་འབྱོར་གྱི་གནས་བབ་སོགས་ཚ་ཚང་སྟེང་དོ་སྣང་གནང་དགོས།”ཞེས་གསུངས། དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་དེབ་སྐྱེལ་བྱས་པ་དེ་ལས་སྨན་རྩིས་ཁང་ཕྱིར་འཐེན་གནང་བ་དེའི་སྐོར་དང་། ཉམས་ཞིབ་དགོས་པའི་སྐོར། བོད་མིའི་སྒྲིག་འཛུགས་ངོས་ནས་ཨཱཡུཥ་ལྷན་ཁང་དང་ལྷན་དུ་འབྲེལ་ལམ་ཆེ་རུ་གཏོང་དགོས་ཚུལ་སྐོར། ཨཱཡུཥ་སྨན་གྱི་ལྷན་ཚོགས་དེའི་ནང་བོད་རིགས་སྨན་པ་ཤིག་ཀྱང་སླེབ་དགོས་པའི་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་བ་ཆ་ཚང་གཤམ་དུ་སྒྲ་རྐྱང་པ་ཟུར་འདོན་ཞུས་པ་དེ་ནས་གསན་ཐུབ་པ་ཡིན།
མཐའ་མཇུག་ཏུ་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་དུས་དྲན་གསུམ་འཛོམས་སྲུང་བརྩི་མཛད་སྒོ་ལེགས་གྲུབ་ཀྱིས་གྲོལ་སོང་ངོ་།།
འདིར་ནོན་ནས་གསན། སྨན་རྩིས་ཁང་གི་འགན་འཛིན་མཆོག་གི་གསུང་བཤད།
འདིར་ནོན་ནས་གསན། དཔལ་ལྡན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་མཆོག་གི་གསུང་བཤད།
འདིར་ནོན་ནས་གསན། སྨན་སྦྱོར་འགན་འཛིན་སྤེན་པ་མཆོག་གིས་བཙོ་ཐལ་ཕྱག་ལེན་ཐེངས་༨ པའི་ལས་བསྡོམས།
འདིར་ནོན་ནས་གསན། མི་རྗེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད།
མཐའ་མའི་འདོན་ཐེངས་།: 22.10.2021 ཉིན། 9:13 AM
<< སྔ་མ།