སྨན་རྩིས་དྲ་བ། - ཆེད་རྩོམ།

དུག་བཅོས་ཀྱི་མན་ངག་གཽ་རཀྵའི་གསུང་རྒྱུན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.01.2023
ཆེད་རྩོམ། >>

 

༄༅། །དུག་བཅོས་ཀྱི་མན་ངག་གོོ་རཀྵའི་གསུང་རྒྱུན་ཟུར་འདེབས་

དངུལ་དཀར་དྭངས་པའི་ཨཱ་དརྴ་

ཞེས་བྱ་བ་བཞུགས་སོ།།

 

-          དཔལ་དབང་ཆེན་དགྱེས་རབ་རྡོ་རྗེ།

 

 

༄༅། །ཁྱབ་བདག་རིག་སྟོང་སྒྱུ་འཕྲུལ་རྡོ་རྗེའི་གར།།

མཚན་དཔེའི་དཔྱིད་དུ་ཉེར་བཞེངས་སྨན་གྱི་བླ།།

གྲུབ་པའི་འཁོར་ལོའི་བསྒྱུར་རྒྱལ་གོོ་རཀྵ།།

དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས།།

པུ་རི་སྐྲ་བཅིང་མན་ངག་མེ་ལོང་དུ།།

ལག་ལེན་སྣང་བརྙན་རི་མོ་བཀྲ་བའི་སླད།།

ཟུར་འདེབས་ཡིག་ཆུང་དར་གྱི་བྱི་དོར་འདི།།

བློ་གྲོས་འཐག་མཁན་གཞོན་ནུའི་སོར་རྩེས་བསྐྲུན།།

དེ་ལ་དུག་བཅོས་ཀྱི་གདམས་པ་ཟབ་མོ་འདི་ཉམས་སུ་ལེན་པ་ལ། དེ་ཡང་དང་པོ་ཉམས་སུ་ལེན་པ་པོས་ཀྱང་གདམས་པ་འདི་ཉིད་ལྷན་ཐབས་སོགས་དང་སྦྱར་དགོས་སྟབས། མན་ངག་རྒྱུད་དང་བྱེ་བ་རིང་བསྲེལ་སོགས་ནས་འབྱུང་བའི་གསེར་གཟུང་སྙན་བརྒྱུད་སོགས་ནི་དུག་བཅོས་ཀྱི་ཟབ་གནད་ཡིན་པས་འབུམ་ཕྲག་སོགས་བསྙེན་བཟླས་འགྲོ་ངེས་བྱེད། འདིའི་གོང་བསྙེན་བཏང་ན་ལེགས་པས་དེ་བཞིན་བྱེད་ན་བསྙེན་པའི་རིང་ལ་བ་ལང་གི་ཤ་དང་འོ་མ་བསྟེན་པ་སོགས་སྤངས། དྲང་སྲོང་གི་བྲིས་ཐང་དེ་ཉིད་བཤམས་ནས་ངག་བཅད་ནས། ཨོཾ་ན་མོ་སོན་བྷི་དྷི་ཙ་ཧཱུཾ། ཞེས་པ་འདི་ལ་ཁྲི་འགྲོ་ངེས་གསུངས་ཀྱང་འབུམ་སོགས་བཟླ་དགོས་སོ། །དེ་ནས་འདིའི་འཕྲོ་ཡོད་པའི་གཟུངས་རིང་ལའང་ཁྲི་འགྲོ་ངེས་བཟླའོ། །དེས་ནི་གཞན་ལ་བྱེད་དུས་ནུས་པ་ཤིན་ཏུ་ཆེའོ།།

དངོས་གཞི་ནད་པ་ལ་དུག་བཅོས་བྱེད་དུས། ནད་པའི་མཐོང་ས་དེར་བྲིས་སྐུ་ཐང་ཀ་དེ་ཉིད་མདའ་དར་སྣ་ལྔ་ཞིག་ལ་བཏགས་ནས་ཀ་བ་ལྟ་བུ་ལ་བསྡམས་ནས་བཀྲམ་པ་དེ་ལ་ནད་པས་སེམས་གཏད་ནས་མ་ཡེངས་པར་བྱའོ། །ནད་པའི་འདུག་ཀུ་རྒེ་ཞེས་སྔགས་ལྟར་ཀློག་གོ་མ་སྙམ། ཙེའི་ཞེས་སྨན་པས་ནས་ཕུད། གཏེར། ནས་ལ་ཕུ་རྒྱབ་ནས་གཏོར་མིན་མ་ངེས། འཛའ་ཞེས་པ་མགོ་བོད་ལྟར། དེ་བ་ཞེས་པར་འདེ་བ་ལྟ་བུ། ཀ་པུ་དང་ཕུ་གང་རུང་ལས་ཕལ་ཆེར་བུ་ཞེས་འདོན་འདྲ་འབུ་ཞེས་རྒྱ་ཀློག་ལྟར་ནི་མི་བྱེད་འཇའ་ས་རེ་བོད་ལྟར། སྔགས་འདི་བཏོན་ནས་པུ་རི་སྟེ་རྐང་ལག་རྣ་བ་བཅས་ཀྱི་སྨྱུག་མ་འཇུག་རྒྱུ་འདྲ་ཡང་། འདི་དང་པོ་ནས་བཅུག་སྟེ་བཞག ཡང་སྔགས་འདིས་སྨྱུག་མའི་ནུས་པ་འབྱིན་བྱེད་ཡིན་སྙམ། སྔགས་འདིས་སྨྱུག་མར་ཕུ་རྒྱག་པ་སོགས་ནི་མི་བྱེད་འདུག དེ་རྗེས་ཀྱི་སྔགས་བི་འོང་ཟེར་བ་འབི་འོང་ལྟ་བུ་ཟེར་བ་འདྲ། རོ་དྷ་འདོག་དང་། རོ་སྡ་འདོག་གང་ཟེར་ལས་ཕལ་ཆེར་སྔ་མ་ལྟར་འདྲ། ལྟ་ཏམ་བྷ་ནྟུ་སོགས་ལ་དད་ཏ་མི་ཕྲལ་བོད་བཞིན་འདོན་འདྲ། འཇོ་ཡི་རྐང་སྟེ་ཅེས་འདོན། མ་བྷ་ཡང་བོད་ལྟར། བྷི་ཤ་རྟ་ཡང་ར་མ་ཕྲལ་བོད་བཞིན། གོང་འདིར་སྨུག་དྷུ་བྷ་སོང་། ཤམ་དུ་བྷ་སེ་ཟེར་བ། པེ་མ་དག་རང་བསམ། གྱུར་གྱིས་བོད་ལྟར། བྷུ་ཎེ་ལྔ་ལྡེ་ཟེར་འདྲ་ལ། ལྔ་ལྡེ་ཞེས་བོད་ལྟར་འབོད་སྣང་། ཀུར་རྐོར་བོད་བཞིན་འཇབས་པ་རི་འདི། འཇབ་མིན་ནམ་ཐེ་ཚོམ། གང་ལྟར་ཡང་རྫབ་ལྟ་བུ། འཛབ་ལྟ་བུ་དབྱེ་བ་མི་ཕྱེད་གཅིག་འདོན་འདུག། སོན་ཏི་སི་ལྟི་ཞིས་ལ་དགོས་ལ་ཡང་སྦྱོར་རམ་སེམས། བླ་རེ་སེ་བྷེ་གོ་ཟེར་འདྲ་དེ། སླར་དེ་ཡིན་ཞེས་འབོད་ལུགས་བོད་ལྟར། ལ་རྟ་རེ་ཞེས་ཚག་ཡང་གླིང་བུ་འབུད་པ་དང་རོལ་མོ་དཀྲོལ་བ་སོགས་སྔགས་མི་འཚོར་བ་དང་སེམས་ཡེངས་ཐབས་དགོས་སོ། །དེ་ནས་སྨན་པས་ཆོག་ནས་བཟུང་། ཨོཾ་ཀཾ་ཀ་རི་སོགས་སྔར་སྐད་གསང་མཐོན་པོས་བརྗོད་པ་དང་མཉམ་དུ་སྟོང་སྐུད་སྣ་ལྔས་སྐྲ་ནས་འཐེན་པ་སོགས་བྱ། ས་ཆུ་མེ་རླུང་དུག་ཤིང་ཁྲོ་ལྕགས་ཀྱི་དུམ་བུ་རྣམས་ཀྱང་རང་རང་གི་འདོན་ཚིག་དང་བསྟུན་ནས་ཐང་ཀའི་ནང་གི་སྲོག་ཆགས་སོ་སོའི་གཟུགས་རིས་ཀྱི་སྟེང་དུ་བཞག འབར་རྒྱག་ཞེས་པ་རས་དཀར་པོ་དྲི་མ་མེད་པ་ཞིག་ལ་སྦྱར་བའི་རྨ་བྱའི་སྒྲོ་མདོངས་ཚོན་བཀྲ་བ་ཆེ་བ་ཞིག་སྨན་པས་ལག་གཉིས་ཀྱིས་འཕྱར་སྟབས་སུ་བཟུང་བ་ནད་པའི་པང་དུ་ཤུགས་ཆེན་པོས་བཀབ་པས་ནད་པ་ལ་སྐྲག་དངངས་སྐྱེ་བ་ཞིག་དགོས་པ་མན་ངག་གི་གཙོ་བོ་ཡིན། ཏམ་བུར་ཞེས་པའི་དུས་སྒྲ་སྙན་བཏང་བ་ཡིན། སྒྲ་སྙན་ནད་པས་ཐོས་པ་ལས་མི་མཐོང་བར་བྱའོ། །དད་ཀ་རི་སོགས་ཀྱི་དུས་སྐྲ་འཐེན་སོགས་བྱས་ནས། རྗེས་ཀྱི་ན་མོ་བྷ་གར་ཞེས་འདོན་པ་དང་ལྷན་ཅིག་ཏུ་སྨན་པས་པང་ཁེབས་ཀྱི་རས་རྨ་བྱའི་སྒྲོ་ཅན་དེ་ལག་པ་གཉིས་ཀྱིས་ཡར་འཕྱར་སྟབས་སུ་བཟུང་ནས་བརྡེག་ཙམ་རེ་བྱེད་པ་ཡིན་ལ། ར་ལོ་སོགས་ཀྱི་སྔགས་འདི་འདོན་དུས་ནད་པའི་སྤྱི་བོའི་སྐྲ་ནས་འཐེན་པ་ལན་གསུམ་རེ་བྱེད། དེ་ཕྱིན་གྱི་སྔགས་རྣམས་མ་རྫོགས་པར་ཆེན་པོ་བྱ་རྒྱུ་མེད། དེ་ཡང་ནད་པ་ལ་བྱེད་ཐང་རེར་སྔགས་མང་བ་དེ་ལན་བརྒྱད་རེ་བཟླ་ཞིང་ནས་གཏོར། བུ་རི་འབར་རྒྱག་སོགས་ལན་དང་པོ་ལ་རིམ་པར་བྱེད་པ་དེ་མ་གཏོགས་ཚར་གཉིས་པ་ནས་སྔགས་འདོན་ཁོ་ན་ལས་གཞན་གང་ཡང་བྱེད་མི་དགོས།   དེ་ལྟར་བྱས་པས་རྟགས་འབྱུང་ལ། རྟགས་བྱུང་ནས་ཀྱང་དུག་མེད་ཐག་ཆོད་ཀྱི་བར་བྱ་དགོས་པས། ཚར་རེ་རེ་བཞིན་སྔགས་ཀྱང་བརྒྱད་རེ་རྒྱས་པར་འདོན། ཡང་སྔགས་བསྡུས་པ་འདི་བྱེད་ན་ཡང་དང་པོ་སྔགས་རྒྱས་པ། ཀཾ་ཀ་རི་ནས་ཁྱེལ་ཀར་ཞེས་པའི་བར་འདོན་པས་ནས་འཐོར། སུ་རི་འབར་རྒྱག་སྐྲ་འཐེན་རྣམས་གོང་བཞིན་བྱས། དེ་ནས་ཨོར་གྷུ་སོགས་དེ་འཕྲོ་བོར་ཏི་སྔགས་ཉུང་བ། ན་མོ་བྷ་གྷ་དི་པུ་པེ་ཧ་སོགས་འདོན། སྔགས་འདི་ལན་བརྒྱད་འདོན་འདི་ལ་བྱ་རྒྱུ་ཅང་མེད། སྔགས་མང་ཉུང་གཉིས་ལ་མང་བ་དེ་ལེགས་པར་བྱེད། ཉུང་བ་ཡང་རྟགས་ཡོང་ལུགས་མང་བ་དང་འདྲ། དེ་ལྟར་བྱས་པས་རིན་པོ་ཆེའི་དུག་ཡིན་ན། ཆུ་སྟེང་དུ་འཇའ་དང་། གཏིང་དུ་མཐིང་མ་བརྟུལ་བ་ལྟ་བུའི་གཡའ་ཞིག་འོང་། སྦྱར་དུག་གཞན་ལ་ཡང་སྟེང་དུ་འཇའ་ཆུ་ནག་པོ་སོགས་འོང་ཟེར། རིན་པོ་ཆེའི་དབྱིག་དུག་ལ་གཡའ་སེར་པོ་འོང་ཞེས་ཀྱང་ཟེར། བད་སྨུག་ལ་རྡུལ་དང་ལྗན་ལྗིན་ལྟ་བུ་འོང་ཟེར། སྤྱིར་ཐབས་འདིས་དུག་ནད་ལ་སྨན་གཏོང་མི་དགོས་པར་ཐོན། གཞན་ཡང་བད་ཀན་སྨུག་པོ། ལྷག་པར་སྨུག་པོར་བྱེར་བ། མཁྲིས་པ་བྱེར་བ། ཚ་བ་བྱེར་བ་འགའ་རེ་ལ་འདི་འགའ་རེ་བྱས། དེ་ནས་སྨན་བཏང་བ་ན་སྨན་སྐྱེད་ལེན་པ་ཡོང་ཟེར། རླུང་ནད་དང་རྩ་སྐྱོན་བྱུང་བ་སོགས་ལ་ནི་མི་ཕན་ཞེས་ཟེར་སྐད། རླུང་བྱེར་བ་ལ་གནོད་པས་བྱ་མི་རུང་ངོ་། །ཆོ་ག་འདི་ལན་བརྒྱད་བྱས་པས་ཆུ་ནང་དུ་གཡའ་སོགས་གང་ཡང་མ་བྱུང་ན་སང་གནངས་གཉིས་པོར་རེ་རེ་སྟེ་ལན་གསུམ་བྱེད། དེ་དག་ལའང་རྟགས་གང་ཡང་མ་བྱུང་ན་དུག་མིན་པའི་རྟགས་ཡིན། གཞན་ཡང་ནད་གསར་བ་ཚོ་ལ་ཐོག་མའི་ཉིན་གཡའ་འོང། ནད་རྙིང་པར་ཉིན་གཉིས་པ་དང་གསུམ་པ་མ་གཏོགས་གཡའ་འོང་དཀའོ། །ཉིན་གསུམ་པོ་གང་རུང་ལ་གཡའ་དང་འཇའ་ཚོན་སོགས་ཤར་ན་དེ་ནས་བརྩམས་གཡའ་ཡོང་རྒྱུ་མེད་པ་ལ་ཐུག་གི་བར་བྱེད་དགོས། དེ་ཡང་ཞག་བདུན་རེ་ཙམ་ལ་བྱེད་གསུངས་ཀྱང་གཡའ་བྱུང་ནས་གཡའ་དག་མ་སོང་གི་བར་དུ་ཉིན་རེ་བཞིན་བྱེད་དགོས་སོ། །དེ་ལྟར་བྱས་པའི་ནད་པ་ལ་འཕྲལ་དུ་རླུང་ལངས་ན་རྩི་བུར་རི་སྤང་མའི་ཕྱིའི་དུད་པ་གཏོང་། བཅོས་ཀ་བྱས་པའི་སྟབས་ཀྱིས་རླུང་ཆེ་བར་འོང་ན་རུས་གསར་གྱི་ཐུག་པའམ། ཟན་སྐམ་གྱི་ཐུག་པ་གཏོང་བར་གསུངས་སོ། །སྔགས་འདི་འདྲའི་རིགས་ཀྱི་ག་དང་ད་ཕལ་ལ་འགའ་དང་མདའ་དང་ཟེར་བ་འདུག །འདུ་སྟེ་སོགས་ཀྱང་བོད་བཞིན་དྷ་ཀི་ནི། དྷ་ཀ་སྡོམ་པ་ཧོ་ས་ཡང་བོད་བཞིན། མུ་རྒུར་དང་མུར་རྒེ་ཡང་བོད་ལྟར། རི་ཀི་སོགས་ཀྱང་ལ་ཏ་མ་ཕྲལ་བར་འོང་བཞིན་འདོན་ནམ་ཆོད་ཆོད་གྷུ་རུ་ཟེར་བ་རྣམས། སྒུར་རུ་ལྟ་བུར་ཆོག་ལག་པ་དག་པར་བཀྲུ། སེན་མོའི་བར་ཚུན་ཆད་ཀྱི་ནག་དྲི་མེད་པར་བྱའོ།     ། སྨྱུག་སྦུབས་ནི་དངུལ་ལས་བརྡུང་བའི་ཕྲ་མོའམ། སྨྱུག་སྦུབས་ཕྲ་སེ་བ་ཞིག་དགོས་ཏེ་སོར་མོའི་བར་བཅུག་དུས་སྨྱུག་སྦུབས་ཁོ་རང་སོར་མོའི་བར་ནས་མངོན་ཐུབ་ཙམ་ལས་ཧ་ཅང་སྦོམ་པོ་མིན་ན་དགའ་ཞེས་བཤད་དོ། །ཟངས་སྦུབས་སོགས་མི་རུང་ཞིང་སྨུག་སྦུབས་ཀྱང་མགོ་མཇུག་ཆུ་རྒྱུན་དང་བསྟུན་ན་ལེགས། དེ་ཡང་སྦུབས་ཀྱི་ཡ་མཐའ་དེ་སོར་མོའི་བར་གྱི་ཤ་ལ་ཐུག་ན་ལེགས། རྣ་བའི་ཐུ་རུ་ནི་རྣ་བའི་བུ་གའི་ནང་དུ་ཚུད་ཙམ་མ་མཏོགས་རྣ་སྦུབས་ཕྲ་སར་སླེབས་པ་མི་དགོས། རྐང་པ་གཉིས་ཀྱི་སོར་མོའི་བར་རྣམས་སུ་སྨྱུག་སྦུགས་བཅུག་རྗེས་ཅི་བདེ་བར་ལྷོད་དེ་ཆུ་སྣོད་ཀྱི་ནང་དུ་སྨྱུག་སྦུབས་རྣམས་བཅུག་ནས་འཇོག  འདི་སྣོད་ཀ་ཏོར་ལྟ་བུར་དྭངས་བ་བྱི་དོར་བྱས་པའི་ནང་ཆུ་གཙང་རས་ཚགས་ལ་བཙག་པ་རྡུལ་སོགས་ལྗན་ལྗིན་གཏན་ནས་ཡོད་མི་ཉན། དེ་དག་ཡོད་ན་ཕྱི་ནས་ནད་རླུང་དང་བད་ཀན་སྙིགས་མ་སོགས་མི་འབྱེད་དོ། །དེ་ནས་ནད་པ་དང་སྨན་པ་ཁ་སྤྲོད་དུ་བསྡད་ནས། ནད་པའི་ལག་པ་ཆུ་ནང་དུ་བཅུག་པའི་རྗེས་ཆུ་སྣོད་ལག་པ་དང་བཅས་པའི་སེང་རས་དཀར་པོ་ཞིག་གིས་མི་མཐོང་བར་བཀབ། ནད་པའི་འཁྲིས་སུ་མི་ཞིག་གིས་ལི་ཏིང་སྐད་ཤིན་ཏུ་ཆེན་པོ་ཞིག་སྔགས་འདོན་པ་མི་ཚོར་བར་རྡུང་དགོས། དེའི་སྒྲ་ལ་ནད་པའི་སེམས་ཡེངས་པས་ནད་ལ་ཐོན་ཁྱད་ཡོད། གཞན་མེད་ཀྱང་སོ་སོར་འདོན་དགོས་འདྲ། འ་ཛ་དྷ་ནུ་ཞེས་པ་རྣམས་སོ་སོར་འདོན་དགོས་འདྲ་བ་བསམ་མོ།། སྔགས་རྗེས་མ་ཉུང་ངུ་བ་ཁོ་ན་བྱེད་ན། ཚར་གཅིག་བརྗོད་ལ་ནས་གཏོར། གཉིས་པ་བརྗོད་ནས་འབར་རྒྱག་ཞེས་པ་རས་ཀྱི་སེང་ཁེབས་དེ་རྒྱག་དོན་ཡིན། གསུམ་པ་བརྐོ་བ་ལྟ་བུ་བྱེད། བཞི་པའི་ཚེ་རས་སྐུད་ཀྱིས་སྐྲ་བཅིང་། ལྔ་པས་དུག་འདོན་ནུས། དྲུག་པའི་ཚེ་སྨྱུག་སྦུགས་རྐང་ལག་ལ་འཛུག་ཟེར་ཀྱང་གོ་རིམ་ནོར་བ་འདྲ། བདུན་པ་དོན་ཟེར། ཟེར་བ་ཡང་ཚར་བདུན་པའི་དུས་དུག་འདོན་འགྲོ་ཞེས་ཟེར་རམ་སྙམ། ཚར་བརྒྱད་པ་རྫོགས་ནས་བསྔོ་བ་སྨོན་ལམ་བྱའོ།།

སྨྲས་པ། དཔལ་ལྡན་དྲང་སྲོང་བླ་མའི་ཞལ་སྒོ་ལས། །ཐོན་པའི་མན་ངག་ཟབ་མོའི་ལག་ལེན་འགའ། །སྐལ་ལྡན་ལས་ཅན་དག་གིས་གསོས་སྨན་དུ། །བསམ་ནས་ཡི་གེར་བཀོད་པའི་དོན་ཡོད་བྱོས།།

ཞེས་ཟིན་བྲིས་འདི་ཉིད་ཀྱང་དུག་བཅོས་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་ལ་གལ་ཆེ་བའི་གནད་ཀྱིས་རྭག་ཉག་ཁམས་འཇོ་གྲུབ་ཆེན་གྱི་གདུང་སྲས་འཚོ་བྱེད་པ་ཆེན་པོ། གསང་བདག་ལྕགས་རྭ་སྤྲུལ་པའི་སྐུ་རིན་པོ་ཆེའི་བླ་སྨན་པ་རིག་སྔགས་འཆང་བ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བསྐུལ་ཞིང་། གམ་ཅར་ཚེ་ཡི་རིག་བྱེད་པ་ཆེན་པོ་འགྲོ་ཕན་གྱི་འཕྲིན་ལས་རབ་ཏུ་དཀར་བ་མདོག་ཚང་སྨན་རམས་པ་ཆེན་པོ་ཡི་ཤེས་བློ་བཟང་ནས་བསྐུལ་བའི་ངོར༧བོད་ཀྱི་སྔགས་སྨྱོན་གར་གྱི་དབང་པོས་བྲིས་པ་ཛ་ཡནྟུ། དགེའོ།། སརྦ་མངྒལཾ།།

 

 

མཐའ་མའི་འདོན་ཐེངས་།: 04.01.2023 ཉིན། 2:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།