སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

- བྱམས་པ་འཕྲིན་ལས།
 

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་འཁྲུངས་ཡུལ་ནི་ལྷོ་ཁ་ཡར་ཀླུངས་ཤར་ནུབ་མཐིལ་གསུམ་ལས། ཤར་གྱི་ཆ་ཤམ་པོ་གངས་ཀྱི་ཉེ་ལོགས་གཉན་པ་སའི་གྲོང་ཁྱེར་དར་མོ་ཞེས་པར་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་སུ་རབ་བྱུང་བཅུ་གཅིག་ས་སྟག་སྤྱི་ལོ་ 1638 ལོར་བལྟམས། ཡབ་ཡུམ་གྱི་མཚན་དང་རྣམ་ཐར་ཞིབ་པ་མ་རྙེད། དང་པོའི་ཚེ་སྐྱིད་ཚལ་ཀླུ་སྦུག་གླིང་དུ་བཞུགས་ཤིང་། རྗེས་སུ་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གི་ཐོ་བཙུན་གྱི་གྲས་སུ་ཚུད་རྗེས་སྔ་ཕྱིར་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང་། དྲང་སྲོང་བསྟན་འཛིན་དར་རྒྱས་སོགས་སློབ་དཔོན་བཅུ་ཕྲག་ལྔ་ཙམ་གྱི་ཞབས་ལ་གཏུགས་ཤིང་། གསོ་དཔྱད་ལ་སྦྱང་བརྩོན་མཛད་པས་སྨན་རམས་པའི་མཚན་སྙན་ཐོབ།
 

རྗེས་སུ་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་སྨན་གྱི་སློབ་གྲྭའི་སློབ་དཔོན་དང་། རྒྱལ་བ་ལྔ་པ་ཆེན་པོའི་སྐུའི་བླ་སྨན་གནང་། 《དཱུ་ཀུ་ལའི་གོས་བཟང ་》 དཀར་ཆག་ག་པའི་ (ཤོག་གྲངས་༡༡ )པར། གཙང་སྟོད་དར་མགོན་གྱི་བརྒྱུད་པ་དགེ་སློང་གཞན་ཕན་ལྷུན་གྲུབ་ཅེས་པ་གསོ་རིག་གི་སྦྱངས་སྟོབས་དང་། ཐོས་རྒྱ་ཆེ་བ་ཞིག་བྱུང་བར་བསྟན་རྒྱུན་ལ་བསམས་ནས་དཔོན་ཚང་བྱང་ངོས་པ་སྨན་རྒྱལ་ཚེ་དབང་། དཔོན་ཚང་དཀྱིལ་སྤེ་བ། ཆོས་རྗེ་ན་བཟའ་གླིང་པ། དྲུང་འཚོ་ལྷག་བསམ། དར་མོ་སྨན་རམས་སློབ་མ་དང་བཅས་སུམ་ཅུའི་སྐོར་ལ། 《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།》 དང་ 《ཟིན་ཏིག་གཅེས་བསྡུས།》 《གསེར་བྲེ།》 བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི ་《བཤད་རྒྱུད་ཆེན།》སོགས་ལུང་མན་ངག་དུ་མ་སྤེལ་དུ་བཅུག། ཅེས་པ་དང་། ཡང་དེ་གའི་( ཤོག་གྲངས་༢༤༢)པར། འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ཞེས་པ་གསོ་རིག་གི་ཡན་ལག་དུ་མ་དང་། ཁྱད་པར་མིག་བཅོས་ལ་ཤིན་ཏུ་མཁས་པ་ཞིག་གཡོར་པོ་ཕྱོགས་སུ་བྱུང་ཚུལ་ཐོས་པ་སྒེམ་བུ་ནས་ཀྱིས་དོ་དམ་བྱས་ཏེ་འབྱོར་བྱུང་བར་དར་མོ་སྨན་རམས་པར་སློབ་ཏུ་བཅུག་པ་མང་པོའི་མིག་ཕྱེ་བའི་འགྲོ་ཕན་འཕེལ་བར་གྱུར། ཞེས་འདུག་བས་དར་མོ་སྨན་རམས་པ་མིག་འབྱེད་མཁས་པ་ཞིག་ཡིན་པར་ངེས། དེ་ལ་བརྟེན་ནས་ལྔ་པ་ཆེན་པོ་དགུང་ལོ་ལྔ་བཅུ་ང་དགུ་བཞེས་དུས་སྤྱན་གཡོན་པ་མི་གསལ་བ་དང་། དེ་ནས་རིམ་གྱིས་གཡས་ཀྱང་མི་གསལ་བས་མཐར་སྤྱན་གྱི་འགྲིབ་སྨིན་པར་དར་མོ་སྨན་རམས་པས་གཤེག་བཅོས་གནང་བ་ལེགས་གྲུབ་བྱུང་།
 

ཡང་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩད་རྟོགས་བརྗོད་ཀྱི་ཚུལ་དུ་བརྗོད་པ་《དཱུ་ཀུ་ལའི་གོས་བཟང་》གླེགས་བམ་གསུམ་པའི་(ཤོག་གྲངས་༡༩༠༤) པར་མེ་འབྲུག་ཟླ་ 8 ཚེས་ 14 རྒྱས་དར་བ་འཚོ་བྱེད་སྐལ་བཟང་སོགས། སློབ་མའི་ངོར་ངེད་རང་དང་། དར་མོ་སྨན་རམས་པའི་གསོལ་འདེབས་བརྩམས་ཞེས་གསལ་བས་གཟིགས་བསྐྱངས་ཆེ་བར་སྣང་། སྡེ་སྲིད་རིན་པོ་ཆེས་གསུངས་པར། དར་མོ་སྨན་རམས་པས་ཕན་བདེ་ལེགས་བཤད་གླིང་འདུས་གྲྭ་དང་། སྐུ་གམ་དུ་བཅར་བ་སོགས་དཀྱིལ་འཁོར་རེ་གཉིས་ཀྱི་སྨིན་བྱེད་ཀྱང་བསྩལ་བས་སྐྱབས་མགོན་ཉིད་དང་། ངོས་ཅག་བཅས་པར་དམ་ཚིག་འབྲེལ་ཆེ་ཞིང་ཤིན་ཏུ་ཞིབ། རྗེ་བླ་མའི་གཟིགས་པ་དང་རང་གི་ཀྱང་སྒྱོགས་བསྐུར་གྱི་ཕན་ཆ་དུ་མ་བསྒྲུབས་ཤིང་། ལག་ལེན་གྱི་རིམ་པ་སྟོད་ལུགས་ཤས་ཆེ་བའི་མན་ངག་སྣ་ཚོགས་ལག་ཏུ་བསྟར་བ་ཐུགས་རྗེའི་འཇུག་པས་སྨན་བསོད་ཀྱང་ཆེ་བར་སྣང་ཞེས་དང་།
 

ཡང་གསུངས་དོན་སུམ་དར་གཉིས་ཀ་དང་རང་ལོ་སུམ་ཅུ་ཕན་བྲོ་ནད་ཁ་ཡར་ཐེབས་པའི་དུས་དང་། དེའི་གོང་མཉམ་གཤིབས་བཅས་ཧ་ཅང་འདྲིས་ཆེ་བས་ཞར་བྱུང་གི་ཐོག་ནས་ཞིབ་པར་བྱུང་བ། སྨན་ངོ་དང་། གཞུང་གི་གོ་བ་ལེན་ལུགས་རགས་ཙམ་དུ་མཐོང་ཞིང་། གཞན་པའི་ལྷ་རྗེའི་རིགས་རྣམས། རྗེ་མི་ལའི་གངས་དཀར་ཏི་སིའི་དཔེ་ལྟར་སྙན་གྲགས་ལས། དོན་སྨན་ངོ་། སྡོང་འགྲེམས་ལག་ལེན་དང་གཞུང་དོན་རྒྱས་བཤད་ཀྱི་ཆར་ལུགས་འདིར་སྦྱངས་པའི་རྒན་པོའི་ཁུར་འཛིན་རྣམས་ཀྱང་ལྗགས་ཤིན་ཏུ་ཐུང་། ཞེས་ལྷག་བསམ་མམ་སུམ་དགའ་དང་། དར་མོ་བ་གཉིས་ལ་བསྟོད་བསྔགས། སྨན་པ་གཞན་ལ་སུན་འབྱིན་མཛད།  《ཕྱི་རྒྱུད་བེེ་སྔོན།》(ཤོག་གྲངས་ ༢༤༣ ན་ ༡ ) ནང་། སུམ་དར་རྣམ་གཉིས་ངེད་རང་ཡང་ཁམས་མ་བདེ་དུས་རྩ་བལྟ་དང་། སྨན་སྦྱོར་ཞིང་ཕྱིས་སུ་མ་གཏོགས་མཉམ་གཤིབས་ཀྱིས་གསོ་རིག་སྐོར་གྱི་འཕྲོས་གླེང་ཞར་ཞོར་དུ་ཞིབ་པ་ཞིག་ཡོད་པར་སྐྱབས་མགོན་དམ་པའི་ཐུགས་རྗེ་ཞུགས་པས་གཉིས་ཀ་སྨན་བསོད་དང་བཅས་སྨན་བླ་གཉིས་པ་ལྟ་བུ་ཡིན་འདུག་ ཅེས་གདེང་འཇོག་ཅི་ཆེའི་ཁར་《མན་ངག་ལྷན་ཐབས།》མཇུག་ཏུ་དར་མོ་སྨན་རམས་པ་སོགས་ལྷ་རྗེ་རྒྱུག་ཆེ་བ་རྣམས་ལ་མྱོང་བའི་དྲི་བ་ཞིབ་བརྟགས་མཛད་པ་རྣམས་འཁོད་འདུག་པས་ཐུགས་སྣང་དཀར་བ་གཞིར་བཅས།
 

བརྩམས་ཆོས་ནི་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་ 《དཀའ་གནད་རྡོ་རྗེའི་མདུད་འགྲོལ་》རྣམ་གླིང་པཎ་ཆེན་དང་ཟུང་འབྲེལ་གྱིས་མཛད་པ།  《མན་རྒྱུད་འགྲེལ་པ་ལེགས་བཤད་གསེར་རྒྱན་》 《བཤད་རྒྱུད་སྡོང་འགྲེམས་ལེགས་བཤད་གསེར་གྱི་ཐུར་མ།》 དེ་ལས་རྒྱས་པ་བཤད་རྒྱུད་ཀྱི་སྡོང་འགྲེམས་དང་རྩ་ཚིག་ཟུང་འབྲེལ་ཅན།  《རྣམ་བཀྲ་གསེར་གྱི་གན་མཛོད།》 《མན་ངག་བཀའ་རྒྱ་མ།》 《བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་བསྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད།》 《རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ།》 《ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན།》 《མན་རྒྱུད་ཀྱི་དཀའ་འཕྲེང་མུན་སེལ་སྒྲོན་མེ།》 《བཤད་རྒྱུད་རྐྱང་སེལ་གྱི་འགྲེལ་པ་མེས་པོའི་དགོངས་རྒྱན །》སོགས་སྨན་དཔེ་ཕུལ་བྱུང་མང་དག་མཆིས། ལྷག་པར་གོང་གསལ 《རྣམ་བཀྲ་གན་མཛོད།》ཀྱི་ནང་དུ། བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་སྐབས། རུས་པའི་དུམ་བུ་སུམ་རྒྱ་དྲུག་ཅུའི་སྐོར་ལ་དཔྱད་པ་གནང་ཆེད་ཀླུ་སྦུག་གླིང་ཁའི་ནང་ཕོ་མོ་བཞིའི་ཕུང་པོར་གཤེག་ལས་མཛད་དེ་རུས་པ་རེ་རེ་བཞིན་གཏན་ལ་ཕབ་པ་སོགས་གསོ་དཔྱད་ལ་སྐུ་དྲིན་ཆེ་།
 

    མེ་གླང་( སྤྱི་ལོ 1697 )ལོའི་ཟླ་5 ཚེས་25ཉིན་སྔ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སླར་ཡང་ལྕགས་རི་རིག་བྱེད་གླིང་དུ་ཕེབས་ནས་འདུས་ཚོགས་སུ་རྩ་རྒྱུད་ཀྱི་ལྗགས་ལུང་གནང་ཞིང་། དེའི་སྐབས་སུ་དར་མོ་སྨན་རམས་པ་སློབ་འཁོར་བཅས་མང་པོ་ཡོད། དེ་ཉིན་ཆར་ཟིམ་བུ་བབས་ཤིང་འཇའ་གུར་ཕུབ་པ་སོགས་བྱུང་ཚུལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀཱུ་ལའི་འཕྲོ་མཐུད་《རབ་གསལ་གསེར་གྱི་སྙེ་མ།》གླེགས་བམ་དང་པོའི་(ཤོག་གྲངས ༡༦༣ ན་ ༡ ) ནང་གསལ་པ་དང་། ཡང་དེའི (ཤོག་གྲངས་ ༡༧༨ བ་ ༣ ) ནང་། ཡོངས་རྫོགས་བསྟན་པའི་མངའ་བདག་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ། སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་གྲིབ་ཚོད་ལས་གྲལ་ཁ་སྐོང་ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ། དར་མོ་བ་བློ་བཟང་ཆོས་གྲགས། སྔགས་པ་སློབ་དཔོན་འཇམ་དབྱངས་ཆོས་འཕེལ་རྣམས་ཀྱི་དབུས་སུ་ཚངས་དབྱངས་ཀྱིས་རབ་བྱུང་གི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་ལ་ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་གསོལ་ཞེས་གསལ་བ་སྐབས་དེ་དུས་ཀྱང་སྡེ་སྲིད་རིན་པོ་ཆེས་སྔར་བཞིན་དར་མོ་སྨན་རམས་པར་མཐོང་ཆེན་གནང་བར་མ་ཟད། སྐབས་རེ་དྲུང་འཚོ་དར་མོ་བ་ཞེས་པའི་མཚན་ཡང་གསལ་བ་སྐུ་འཁོར་གཙོ་བོའི་གྲས་སུ་ཡོད་པར་ངེས་སོ།།
 

      མཐའ་མར་དར་མོ་སྨན་རམས་པ་སྐུ་ཚེ་ཇི་ཙམ་བཞུགས་པ་ཡིག་ཆ་མ་རྙེད་ཀྱང་གོང་གསལ། 《བཅུད་ལེན་འཆི་གསོས་བདུད་རྩིའི་ཉིང་ཁུ་འདོད་ལྡན་དགའ་སྐྱེད་མཐོང་བ་འཛུམ་ཤོར་ནོར་བུའི་བང་མཛོད་》ཅེས་པའི་མཇུག་བྱང་ལྟར་དགུང་ལོ་དོན་གསུམ་ལ་ཕེབས་ཞེས་འཁོད་པས་ཕལ་ཆེར་དགུང་ལོ་མཐོ་པོ་བཞུགས་པ་འདྲ་། འོན་ཀྱང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ཕེབས་མཛད་རྗེས་སྐབས་དེའི་ཟིར་སྦུན་གྱིས་དར་མོ་སྨན་རམས་པ་དང་། མི་དབང་སངས་རྒྱས་རྒྱ་མཚོ་རྣམས་གཉིས་དབར་དམ་ཚིག་ཉམས་ཆག་བྱུང་ཚུལ་ཐད་སྨིན་གླིང་ངག་དབང་སངས་རྒྱས་དཔལ་བཟང་གིས་བརྩམས་པའི་ 《མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ།》ཞེས་པའི་མཇུག་ཏུ། སྙིགས་དུས་ནད་ཀུན་གསོ་བྱེད་སྨན་གྱི་ཚོགས། །ལ་ལ་(དར་མོ་སྨན་རམས་པ་སོགས།) འུར་རྒྱང་ཆེན་པོའི་རྗེས་འབྲངས་པས། །རྒྱུད་ཆེན་ཚིག་ལ་ཞེན་ཏེ་ལག་ལེན་རྡུགས། །སྨན་དཔྱད་ཚད་ལས་འདས་པས་ནད་པ་(ཆེ་དགུ་འགའ་) བཀུམས། །ཞེས་དང་། ཡང་འཁོད་པར། སྦྱངས་སྟོབས་བརྩོན་འགྲུས་ཆུང་ལ་སློབ་ཡོན་ལྷག་པར་ཞན། །རང་སྐྱོན་(དར་མོ་བ་སོགས།)རི་ཙམ་མི་མཐོང་གཞན་སྐྱོན་ཆུང་དུའང སྡེ་(སྲིད་རིན་པོ་ཆེའི་)སློང་། །བསྟན་པའི་ནད་ངོ་མི་ཤེས་མ་བསྟན་མངོན་ཤེས་འཆད། །རི་རབ་རྫུན་བརྟེན་སྨན་ཆུང་འདི་རྣམས་སྙིང་རེ་རྗེ། །གསུངས་པ་ཇི་བཞིན་ཐོག་ཏུ་འཁེལ་དུས་སུ། །འདུག་ཕྱིར་འགྲོ་ལ་ཕན་པའི་ལྷག་བསམ་གྱིས། །ངག་དབང་སངས་རྒྱས་དཔལ་བཟང་ཞེས་བྱ་བས། །མི་རྗེད་དེ་ཡི་གསུང་གི་བདུད་རྩིའི་རྒྱུན། །སྦས་པའི་དོན་ཀུན་གསལ་བྱེད་འདི་བཀོད་པས། །འགྲོ་བའི་ནད་རྣམས་ཐམས་ཅད་སེལ་གྱུར་ཅིག །ཅེས་པར་གཞིགས་ན་འགལ་བ་ཡོད་ཚུལ་ཧ་ཅང་གསལ་བ་དང་། སྔོན་ཆད་ཤོད་སྲོལ་ལ་དར་མོ་སྨན་རམས་པ་སོག་ཡུལ་དུ་ཕེབས་དགོས་བྱུང་བ་དང་། འགའ་རེས་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་དང་ལྷན་དུ་ཕེབས་པ་སོགས་ཀྱི་ཟེར་སྒྲོས་འདུག་རུང་ཡིག་ཆ་ཁུངས་ལྡན་མིག་གིས་མཐོང་། དངོས་སློབ་ནང་གི་དྲག་གྲས་སྨན་རམས་པ་བློ་གྲོས་ཆོས་འཕེལ་ཞེས་པ་དེས 《བློ་གསལ་ངག་གི་འདོད་འཇོ་འབེལ་གཏམ་འོད་དཀར་ཕྲེང་རྒྱན།》ཞེས་པ་མཛད་པ་དང་། ད་དུང་གཡུ་ཐོག་གསར་རྙིང་རྣམ་ཐར་པར་བརྐོས་གནང་སྐབས་མ་ཡིག་འབྲི་མཁན་ལ་ར་བ་བློ་བཟང་དོན་ལྡན་དང་། མེར་མོ་བ་བློ་གྲོས་འཕེལ་སོགས་ཡོད། ཞར་བྱུང་དར་མོ་སྨན་རམས་པའི་མཚན་ལ་ར་སྒྲེང་མཁན་པོ་ཞེས་ཀྱང་ཞུ་ཞེས་ཡོད་པས་དེའི་སྐོར་ཡིག་ཆ་མ་མཐོང་ཞིང་མཁྱེན་ལྡན་ཚོས་སླད་ཕྱིན་ཁ་གསབ་གནང་བར་ཞུ།།

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 2:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།