དབྱར་རྩྭ་དགུན་འབུ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011 |
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ། |
དབྱར་རྩྭ་དགུན་འབུ།
དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས།
དབྱར་རྩྭ་དགུན་འབུ་ཞེས་པ་ནི་བོད་ཀྱི་གསོ་བ་རིག་པར་སྨན་རྫས་ལ་སྡེ་ཚན་བརྒྱད་དམ་གསུམ་དུ་དབྱེ་བ་ལས་རྩི་སྨན་གྱི་ཁོངས་སུ་གཏོགས་པའི་སྨན་རྫས་ཆེས་རིན་ཐང་ཆེན་པོ་ཞིག་ཡིན་ཞིང་། དེ་གཙོ་བོ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་སོགས་ཀྱི་སྤང་ལྗོངས་དང་འབྲོག་ས་སོགས་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༤༣༠༠ ནས་ ༥༠༠༠ བར་གྱི་ས་གཤིས་བཟང་སར་སྐྱེ་བཞིན་ཡོད། དབྱར་རྩྭ་དགུན་འབུ་ནི་དོན་དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་གྱི་འབུ་རུ་འགྱུར་འགྲོ་བ་ཞིག་ཡིན་ཅིང་། དེ་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། “ལོ་གཅིག་ལ་སྐྱེ་བའི་རྩྭ་རིགས་ཏེ་ཐོག་མར་དགུན་དུས་འབུ་མེ་ལྕེ་བ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པ་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ལྟ་བ་ལ། ལྟག་པའི་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སྨི༠.༠༥ནས་༠.༠༦ཙམ་ཟིན་པ་སའི་ནང་ཐད་ཀར་ཟུག་པ་དང་། ཟླ་༥ནས་༦པར་ས་ངོས་སུ་སྡོང་པོ་རྗ་སྨུག་གམ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོང་རིང་ཚད་སྨི་༠.༠༣ནས་༠.༠༦ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ་བས་ཕལ་གྱིས་བེའུ་རྭ་ཞེས་ཟེར་ཡང་དོན་དུ་ཤ་མོའི་རིགས་ཡིན། དེ་རིམ་བཞིན་ཆེ་རུ་རྒྱས་པ་དང་། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ཕྱིན་ནས་ཟླ་བ་༧པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་བ”ཡིན།
དབྱར་རྩྭ་དགུན་འབུ་ནི་གནའ་རབས་ནས་བོད་དུ་སྐྱེ་བཞིན་ཡོད་པའི་སྨན་རྩྭ་ཞིག་ཡིན་ལ། དེ་བོད་སྨན་ནང་ཉུང་ངུ་བེད་སྤྱོད་བྱེད་པ་ལས། སྤྱི་ཚོགས་སྟེང་ཚོང་ལས་དཔལ་འབྱོར་གྱི་རིན་ཐང་ལྡན་ཡོད་པ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ལ་ཉོ་ཚོང་བརྗེ་རེས་སོགས་ཀྱི་འབྲེལ་ཤུགས་ཆེར་ཕྱིན་པ་དང་བསྟུན་གཞི་ནས་ཤེས་རྟོགས་དང་དར་སྲོལ་བྱུང་བར་མངོན། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༤ ནས ༧ བར་ལ་བོད་རིགས་ཞིང་འབྲོག་པ་དང་། ཁ་ཆེ། རྒྱ་རིགས་ཆེས་མང་པོས་རྩ་ཆེན་སྨན་རྩྭ་འདི་བརྐོ་བར་རི་ཀླུང་དང་། སྤང་གཤོང་སོགས་ལ་ཉིན་མཚན་བསྒྲིལ་ནས་ཟླ་བ་ཁ་ཤས་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། ཁྱིམ་ཚང་འགའ་ཤས་ཀྱི་ནང་མི་ཡོད་ཚད་བརྐོ་རུ་འགྲོ་མཁན་ཡང་ཡོད།
དབྱར་རྩ་དགུན་འབུའི་ཕན་ཡོན་རྒྱལ་སྤྱིའི་སྟེང་འུད་བསྟོད་ཆེན་པོས་ཁྲོམ་བསྒྲགས་བྱུང་བར་བརྟེན་བརྐོ་མཁན་དང་ཉོ་ཚོང་ལོ་རེ་བཞིན་རྒྱ་ཆེ་རུ་ཕྱིན་ཏེ་ཚོང་པ་འབྱོར་ལྡན་ཆགས་མཁན་ཡང་གང་མང་བྱུང་ཡོད། དབྱར་རྩ་དགུན་འབུ་ནི་བོད་ཀྱི་ས་གཤིས་བཟང་ས་དང་ཐོན་ཁུངས་ཡོད་ས་མང་ཆེ་བར་ཡོད་པ་དང་། འདི་བརྐོ་དུས་སྔོ་ལྗང་གི་སྤང་གཤོང་མང་པོ་ས་དོང་དྲུས་ཏེ་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་སྤང་དང་རྩྭ་ཐང་ཆེས་མང་པོ་ཉམས་རྒུད་འགྲོ་བཞིན་ཡོད། དཔེར་ན་དབྱར་རྩྭ་དགུན་འབུ་རྐང་གཅིག་རྐོ་དགོས་ན་སྤང་ལ་མི་ཊར་གསུམ་ཙམ་བརྐོ་སློག་དགོས་པ་དང་། རྩ་ཆེའི་སྨན་རྩྭ་འདི་རིགས་ཚད་ལས་བརྒལ་བ་སྔོག་འདོན་བྱས་པའི་རྐྱེན་གྱིས་དེང་སྐབས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་དང་། ལྷག་པར་དུ་རྨ་ཆུ་དང་། རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དུ་ཡོད་པའི་དབྱར་རྩྭ་དགུན་འབུ་ནི་ཆེས་ཡག་ཤོས་སུ་བརྩི་བཞིན་ཡོད་ཅིང་། ཆུ་བོ་འདི་གསུམ་གྱི་རྒྱུད་དུ་གནས་པའི་མི་འབུམ་གཅིག་ལྷག་གིས་ལོ་རེར་སྨན་རྩྭ་འདི་སྔོག་འདོན་བྱེད་ཀྱི་ཡོད་པས། ཆུ་བོ་འདི་གསུམ་རྒྱུགས་ཡུལ་གྱི་རྒྱ་ནག་གི་ས་ཁུལ་ནང་ཆུ་ལོག་གི་གནོད་འཚེ་འབྱུང་བའི་གནས་ཚུལ་མང་པོ་ཡོང་སྟེ་འགྲོ་བ་མི་གཙོས་པའི་སེམས་ཅན་མང་པོའི་འཚོ་གནས་ལ་གནོད་འཚེ་ཡང་ཡོང་གི་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཡང་ཡང་བསྒྲགས་བཞིན་ཡོད།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་སྙན་ཐོའི་ནང་གསལ་བ་ལྟར་ན། དབྱར་རྩ་དགུན་འབུ་སྨིན་པའི་དུས་སུ་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྗོང་སྒོ་མེ་གཡུ་ཚ་སྡེ་བའི་མཐའ་འཁོར་དུ་ཧོང་ཡོན་དང་། ཧོང་ཀྲུང་། ཧྭ་ལུང་གི་ཞིང་པ་རྣམས་ཀྱིས་གུར་༦༠༠ ཕུབ་སྟེ་གུར་གཅིག་གི་ནང་ཉུང་མཐར་མི་གྲངས་དྲུག་རེ་ཡོད་པ་དང་། ད་དུང་རྗོང་ཁག་གཞན་ནས་ཡོང་བའི་མི་སོགས་བསྡོམས་ཉིན་རེར་མི་གྲངས་ཆིག་ཁྲི་ལྷག་གིས་སྒོ་མེ་གཡུ་ཚའི་ས་ཐོག་ཏུ་དབྱར་རྩྭ་དགུན་འབུ་བརྐོས་ཏེ་རྩྭ་ཐང་ལ་གཏོར་སྐྱོན་གཏོང་གི་ཡོད་པ་སོགས་གསལ་ཡོད། སྐྱེ་ཁམས་རིག་པ་བ་ཚོས་དབྱར་རྩྭ་དགུན་འབུ་རྐོ་རྒྱུ་ལ་དོ་དམ་མ་བྱས་ན་འབྱུང་འགྱུར་རང་བྱུང་ཁམས་ལ་ད་ལྟ་ལས་ལྷག་པའི་གནས་ཚུལ་ཚབས་ཆེན་ལྷགས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ལྷག་པར་དུ་ས་གནས་བོད་རིགས་ནང་ཁུལ་གྱི་ཡུལ་སྡེ་དང་མི་སྒེར་བཅས་ཀྱི་བར་འཁྲུག་རྩོད་ཀྱི་གནད་དོན་འབྱུང་རྩ་ཞིག་ཀྱང་ཆགས་ཡོད།
དབྱར་རྩྭ་དགུན་འབུ་ནི་གནའ་དུས་བོད་ཀྱི་སྲོལ་རྒྱུན་སྨན་རྫས་ནང་མ་གཏོགས་བེད་སྤྱོད་མེད་ཅིང་། དེང་དུས་ཚན་རིག་ཤེས་བྱ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཕྱི་ལུགས་སྨན་དང་མཛེས་བཅོས་ཤ་གསོས་བྱུག་རྫས་སོགས་ཀྱི་ནང་ཆེས་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཕན་ནུས་ཡང་ཧ་ཅང་ཡག་པོ་ཡོད་པས་ཁྲོམ་རའི་ཐོག་རིན་གོང་ཆེས་ཆེན་པོ་ཆགས་ཏེ་རྒྱ་ནག་དང་། ཐེ་ཝན། ཧོང་ཀོང་། ཕྱི་རྒྱལ་སོགས་ལ་ཕྱི་ཚོང་བྱས་ཏེ་ཀི་ལོ་རེ་ལ་ཨ་སྒོར་༣༥༠༠ནས་༥༠༠༠བར་རག་གི་ཡོད། དབྱར་རྩྭ་དགུན་འབུ་ཡག་ཤོས་གྲངས་༡༨༠༠ཙམ་གྱིས་ཀི་ལོ་གཅིག་ཆགས་ཀྱི་ཡོད་པ་དང་། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ཙམ་ནས་བཟུང་རྒྱ་གཞུང་གིས་བོད་རིགས་མང་ཚོགས་ལ་ཁྲལ་འདེད་ཀྱི་སྒོས་བོད་ཀྱི་རྩ་ཆེན་སྨན་རྩྭ་རིགས་ཆེས་མང་པོ་འཐུ་རྐོ་བྱས་བཅུག་ཡོད་པས། དབྱར་རྩྭ་དགུན་འབུ་ཡང་ཨ་སྒོར་དུང་ཕྱུར་ལྷག་གི་རིན་ཐང་ལྡན་པ་རྒྱ་ནག་ལ་དབོར་འདྲེན་བྱས་ཡོད་པ་བརྗོད་མི་དགོས། འབྱུང་འགྱུར་རྒྱ་ནག་གཞུང་གིས་སྟོངས་ལ་ཉེ་བའི་སྐྱེ་དངོས་རྩི་ཤིང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཞིར་བཟུང་དབྱར་རྩྭ་དགུན་འབུ་སྔོག་འདོན་ལ་བཀག་འགོག་དོ་དམ་བྱེད་དགོས་པའི་རེ་སྐུལ་ཞུ་དགོས་པ་མ་ཟད། ལྷག་པར་བོད་མི་རྣམས་ཀྱིས་ཀྱང་རང་མི་རིགས་ཀྱི་ཆོས་རིག་གོམས་གཤིས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་གྱི་ཐོག་ནས་དབྱར་རྩྭ་དགུན་འབུ་སྔོག་འདོན་ལ་ཚོད་འཛིན་བྱེད་དགོས་པ་དང་། རང་གཞུང་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུ་རན་པའི་དུས་ལ་བབ་ཡོད་པར་བསམ།།
མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:34 PM
<< སྔ་མ།