སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དབོན་པོ་ནམ་མཁའ་བདེ་ལེགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.02.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

དབོན་པོ་ནམ་མཁའ་བདེ་ལེགས།

- བྱམས་པ་འཕྲིན་ལས།
 

          དབོན་པོ་ནམ་མཁའ་བདེ་ལེགས་ནི།  ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་གྱི་དབོན་པོ་ཡིན་ཞིང་།  དེས《རྒྱུད་བཞིའི་སྤྱི་དོན་ལེགས་བཤད་སྣང་བ་》ཞེས་པ་དང་། 《རྕ་མདོའི་ས་བཅད་བསྡུས་དོན།》 《ཕྱི་རྒྱུད་ཀྱི་ནད་དང་གཉེན་པོ་གསོ་ཐབས་གསུམ་གྱི་དབྱེ་བསྡུ།》མན་ངག་ཐོར་བུ་སྣ་ཚོགས་པའི་སྐོར། 《བདུད་རྩི་ཕྲེང་བ།》 《གཅོང་སྡེ་བཞིའི་ངོས་འཛིན་མཛུབ་ཚུགས་མ་》དང་། དེའི་བཅོས་ཐབས་《རྡོ་རྗེ་ཕ་ལམ་》ལ་སོགས་པ་མཛད།
 

          དེའི་སྲས་དྲང་སྲོང་ཚེ་དབང་རིགས་འཛིན་གྱི་སྐབས་སྡེ་པ་ལྷུན་པོ་རྩེ་པས་སྤོར་ཁ་བ་སྟོད་ལུགས་ཀྱི་ལག་ལེན་སློབ་པ་དང་།  ཚ་རོང་པ་ཚེ་དབང་རིགས་འཛིན་བྱར་པོ་པཎ་ཆེན་གྱི་སར་སྨད་ལུགས་སློབ་པར་བརྫངས་ནས་སྨད་ལུགས་སུ་གྱུར།  འདིས་གསོ་དཔྱད་ལ་ཟུར་མཁར་བའི་ཆོས་འབྱུང་ལྟ་བུའི་སྟེང་སྨད་དུ་བསྣན་ཁ་དང་བཅས་《བསྐལ་བཟང་བགྲོད་པའི་མྱུར་ལམ་》མཛད་ནས།  ཁོང་རང་གི་རྒྱུད་པ་ཚེ་དབང་རྣམ་རྒྱལ་གྱི་བར་ལྷུན་རྩེ་དང་།  གཙང་པ་རྣམས་ཀྱི་བླ་སྨན་གྱི་རྒྱུན་བཟང་སྟེ་སློབ་གྲྭའང་བསྐྱངས་།  བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་དོན་རྒྱུགས་པར་ཉེ་ནས་སློབ་གྲྭ་རྣམས་ཆད་ནའང་། སླང་གོང་ས་ལྔ་པའི་ཆོས་སྲིད་གདུགས་དཀར་གྱིས་ཁྱབ་ནས་སློབ་གྲྭ་མུ་མཐུད་ཀྱི་བདག་རྐྱེན་དང་།  རྗེས་སུ་དེའི་བུ་ཚེ་བརྟན་རྡོ་རྗེས་རྒྱུད་གྲ་ཐང་མའི་ཚིག་རྒྱུགས་ཕུལ་ཞིང་།  བཅའ་ཡིག་ (1) བཀའ་རྩོམ་དང་བཅས་པའི་བདག་རྐྱེན་ཇེ་མཐོ་གནང་བ་དང་།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་ལྕགས་སྤྲེལ་ (སྤྱི་ལོ་ 1680) ལོར་འབྲས་སྤུངས་སུ་ཆིབས་བསྒྱུར་མཛད་དུས་འབེལ་གཏམ་ལན་གཅིག་བགྱིད་བཅུག་པར་ཁོང་རང་ཚང་གི་ཆོས་འབྱུང་ནས་སོང་ཞིང་།  གནང་རིགས་ཀྱི་སྨན་པའི་བཟོ་ཙམ་བགྱིས་ནའང་རྒྱུད་ཚིག་རྒྱུགས་དང་།  ཁོང་རང་གི་ཆོས་འབྱུང་ཙམ་ལས་གསོ་དཔྱད་ལ་གཞིགས་པ་ཆུག་པ་ཞིག་མི་འདུག་རུང་།  ལར་བབས་འཕེར་ཡོངས་འཛོམ་པ་འདུག་པ་བཅས་མིག་རྒྱང་གང་ཆེའི་ཞལ་ཆེ་བ་སོགས་བྱས་ཤིང་།  སློབ་གྲྭའི་མུ་ཡང་སྐྱོང་བཞིན་དུ་ཡབ་ཀྱང་དུས་ལས་འདས།  སློབ་གྲྭ་རྣམས་ལ་དཔེ་འཛིན་ལས་ངོ་སྤྲོད་བཤད་པ་སོགས་བྱེད་མི་མེད་ཁར་དཔེ་འཛིན་དེ་ག་ཡང་བྱེད་དུ་མི་འཇུག་པའི་སྒེར་ལས་སོགས་སྣ་ཚོགས་ལ་བརྟེན་རྫོང་སྡོད་ཕུག་པ་ཚང་བྱིན་གྱི་དུས་ནས་སློབ་གྲྭའི་ས་བཅད་དེ་ཡང་དོར་བ་སྣང་ཞེས་དོན་དུ་ཐོར་ཞིག་ཏུ་སོང་།  དེ་བཞིན་འབྲས་སྤུངས་ཕོ་བྲང་ནུབ་མར་རབ་བྱུང་ཆུ་ལུག་ (སྤྱི་ལོ་ 1643 )ལོ་ཐོག་མར་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དང་།    རྗེས་སུ་བྱང་ངོས་ནང་སོ་དར་རྒྱས་ཀྱིས་དོ་དམ་གནང་བའི་གསོ་རིག་འགྲོ་ཕན་གླིང་།  གཞིས་ཀ་བསམ་གྲུབ་རྕེར་ཚ་རོང་པས་དོ་དམ་བྱས་པའི་དྲང་སྲོང་འདུས་པའི་གླིང་སྟེ་སློབ་གྲྭ་ཁག་གཉིས་དང་།  ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བྱང་ངོས་ནང་སོ་དར་རྒྱས་དང་།  རྗེས་སུ་དར་མོ་སྨན་རམས་པས་བསྐྱངས་པའི་སློབ་གྲྭ་བཅས་ཀྱང་འཐོར་ཞིག་གིས་ལམ་རྒྱུགས་མེད་པར་བརྟེན་ྋརྒྱལ་དབང་ལྔ་པ་ཆེན་པོའི་དགོངས་པ་རྫོགས་ཐབས་སུ་རབ་བྱུང་བཅུ་གཅིག་ཤིང་ཕག་སྤྱི་ལོ་ (1696) ལོ་གསོ་རིག་གཙོ་གྱུར་གྱིས་ལྕགས་རི་བེེཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་གིས་འཛུགས་གནང་མཛད་ནས་བཟུང་ད་བར་གསོ་རིག་འཆད་ཉན་ཟམ་མི་ཆད་པ་བྱུང་བར་མ་ཟད།  དེང་གི་དུས་ཡར་ངོའི་ཟླ་བ་ལྟར་གོང་ཕེལ་འགྲོ་བཞིན་དུ་ཡོད་ལགས།།
 

མཆན་བུ།

(1)       དཔོན་ཚང་ཚ་རོང་པས་བསྐུལ་ངོར་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག་བྲིས་ཞེས་ << ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ >> ལས་གླེགས་བམ་གསུམ་པའི་དཀར་ཆག་ག་(ཤོག་གྲངས་ ༦་བ་༦ ) པར་གསལ།       

 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།


 

 

 

 

མཐའ་མའི་འདོན་ཐེངས་།: 01.02.2017 ཉིན། 2:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།